ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་མཁས་པའི་འཇུག་ངོགས།

ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་མཁས་པའི་འཇུག་ངོགས།
 

ཆོས་རྗེ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་བས་མཛད།

 ན་མོ་གུ་རུ་ཝེ། ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་ལྡན་བླ་མ་དམ་པ་རིགས་ལྡན་རྒྱལ་བ་རྣམས་ཀྱི་སྤྲུལ་པའི་སྐུ་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ལ་བསྟོད་པ་མཁས་པའི་འཇུག་ངོགས་ཞེས་བྱ་བ། རྣམ་པ་ཀུན་བྲལ་ཀུན་འགྲོའི་ཡེ་ཤེས་ཟླ་བའི་འོད་ཅན་དགའ་བའི་གཟུགས་ཀྱི་རྣམ་གྲོལ་བ།། རྣམ་པ་ཀུན་གཟིགས་གདོད་ནས་རྣམ་དག་བཅོམ་ལྡན་སྐྱེ་དགུའི་སྒྲོན་གཅིག་མཐའ་ཡས་འགྲོ་བའི་མིག། རྣམ་པ་ཀུན་ཏུ་མི་བསླུའི་སྐྱབས་གཅིག་དུས་གསུམ་དུས་མེད་དུས་ཀྱི་འཁོར་ལོས་བདག་ལ་སྐྱོངས།། ཐུགས་མཆོག་རིགས་ལྡན་གཙུག་གི་རྒྱན་གྱུར་ཀུན་ནས་དགའ་བའི་གཙུག་གི་ནོར་བུས་མཆོད་འོས་པ།།དཔལ་ལྡན་བླ་མ་མཛད་པ་རྨད་བྱུང་རྒྱལ་བ་ཀུན་གྱི་མཛད་པ་བསྒྲུབ་མཛད་དེ་ལ་འདུད།། གང་ཞིག་རྒྱལ་བའི་སྲས་ཀྱི་ཐུ་བོ་སྐྱོབ་པ་རྣམས་ཀྱི་ལྷག་པའི་ལྷ།། ལྷ་ཆེན་གཙུག་རྒྱན་ཟླ་བའི་དཔལ་འཛིན་མདའ་ལྔ་ལྡན་པའི་ཡིད་རབ་གདུངས།། གདུང་བ་ཀུན་འཇོམས་གསུང་གི་བདུད་རྩི་རྣ་བའི་དབང་པོའི་དཔལ་གཏེར་བ།། དཔལ་ལྡན་སྨྲ་མཁས་ཚིག་གི་རྗེ་ཡིས་བདག་ལ་ཡུན་དུ་གསལ་བར་མཛད།།

དམིགས་མེད་སྙིང་རྗེ་མི་འགྱུར་བདེ་བའི་རིན་ཆེན་མཆོག་གིས་རབ་གང་བ།། ཀུན་ནས་རབ་དང་སྲིད་པའི་མཚོ་གཞན་གཏིང་མཐའ་དབེན་ཞིང་ཞི་བའི་དབུས།། གང་གིས་རབ་བརྙེས་རྣམ་ལྔའི་ཡེ་ཤེས་གདེངས་ཀའི་དཔལ་རབ་མངོན་གསལ་བ།། སྐྱེས་མཆོག་ཀླུ་དབང་བླ་མ་མཆོག་དེའི་བསྔགས་པ་ཆ་ཙམ་འདིར་བརྗོད་ཀྱི།། དཔལ་ལྡན་འཆི་མེད་བདུད་རྩིའི་སྣོད་ཡངས་ཡོན་ཏན་དུ་མའི་གཏེར་གྱུར་བ།། འཇིག་རྟེན་མཚམས་ལས་ཤིན་ཏུ་འདས་ཀྱང་ཀུན་གྱི་བལྟར་འོས་ཁྱོད་ཀྱི་སྐུ།། རྒྱུ་དང་རྐྱེན་བྲལ་ནམ་མཁའ་ལས་བྱུང་ནམ་མཁའི་རང་བཞིན་མི་འདོར་ལ།། ཚོགས་གཉིས་རྒྱུན་ཅན་བརྡ་ཡི་སྐུར་ཡང་འགྲོ་ལ་སྟོན་མཛད་ངོ་མཚར་ཆེ།། དཔེ་བྱད་མཛེས་པའི་མེ་ཏོག་མདངས་བཀྲ་མཚན་བཟང་ཡལ་གའི་ཁྱོན་ཡངས་ཤིང༌།། རྣམ་དག་ཚུལ་ཁྲིམས་ཕུང་པོ་དྲི་ལྡན་ཡོངས་འདུའི་དཔལ་ཡང་རྣམ་གནོན་པ།། གང་སྐུ་ལུས་ཅན་ཀུན་གྱི་ཡིད་འཕྲོག་ཕན་དང་བདེ་བའི་འབྲས་སྟེར་ཏེ།། ལམ་རིང་ཀྱིས་དུབ་འགྲོ་བའི་དཔལ་དུ་ཡུན་རིང་བསྐལ་བར་བརྟན་གྱུར་ཅིག། ཟབ་ཡངས་མཁྱེན་བརྩེའི་ཆུ་གཏེར་ལས་འོངས་ཆོས་སྤྲིན་རྒྱ་མཚོའི་སྒྲ་དབྱངས་ཀྱིས།། འགྲོ་རྣམས་མ་རིག་གཉིད་ལས་སློངས་མཛད་འགྲོ་བའི་ཡབ་གཅིག་ཉིད་ཀྱིས་གསུངས།།   མིང་ཚིག་རྣམ་བྲལ་གཞོམ་དུ་མེད་པ་ནཱ་དའི་རང་བཞིན་མི་འདོར་ལ།། སྣ་ཚོགས་ཁམས་ཅན་མོས་པའི་སྣོད་བཞིན་གཞན་ལ་རྣམ་པར་རིག་བྱེད་ལགས།། གང་གིས་དབྱངས་སྙན་རྣ་བའི་བདུད་རྩི་དྲི་ཟའི་དབང་པོའི་གླུ་དབྱངས་དང༌།། བློ་ལྡན་རྣམས་ཀྱི་ཡིད་གཉིས་མུན་སེལ་རྟ་བདུན་དབང་པོའི་འོད་ཟེར་གྱིས།། སྐྱེ་དགུའི་ཡིད་རབ་ཚིམ་པར་མཛད་ཕྱིར་རྒྱུ་སྐར་དབང་པོ་རྗེས་འགྲོ་དེས།། འཇིག་རྟེན་མུན་པའི་ལམ་དུ་ཞུགས་རྣམས་ངན་འགྲོའི་གཡང་ལས་བསྲུང་བར་མཛོད།། ཚུལ་ཁྲིམས་ཏིང་འཛིན་རྣམ་གྲོལ་ཤེས་རབ་འཕགས་པའི་འབྱོར་པ་ཕུན་ཚོགས་ཀུན།། ཟབ་ཡངས་ཡོན་ཏན་དུ་མའི་གཏེར་མཛོད་ཁྱོད་ཀྱི་ཐུགས་ལས་བསྡུས་པ་ཡིས།། སྐྱེ་དགུ་འདི་རྣམས་དབུལ་བར་དགོངས་ནས་ཉིད་ཀྱི་ལེགས་བྱས་ཕུང་པོ་ཡང༌།། འགྲོ་ལ་སྩོལ་ཞིང་བུ་ལྟར་བརྩེ་བའི་ཐུགས་རྗེ་མངའ་བ་ཅི་སླད་མེད།།འོ ན་ཏེ་རྗེར་གྱུར་ཡབ་གཅིག་ཉིད་ཀྱི་དགེ་ཚོགས་འབྱོར་པ་དཔག་ཡས་རྣམས།། སྔོན་དུས་ཉིད་དུ་ལྷུག་པར་བསྩལ་ཡང་ད་དུང་ཕོངས་ལས་ཐར་མེད་པ།། ཀྱེ་མ་མི་བཟད་ལས་ལ་སྤྱོད་གྱུར་ཤིན་ཏུ་སྐལ་དམན་འཇིག་རྟེན་འདི།། སྣ་ཚོགས་ཐབས་ཚུལ་འདོད་དགུའི་དཔལ་གྱིས་རྒུད་པ་ཀུན་ལས་རབ་བསྲུངས་ཤིང༌།། ཁྱོད་ཞབས་ཆུ་སྐྱེས་སྡོང་བུ་ལ་བརྟེན་ཡོན་ཏན་བསྔགས་པའི་འདབ་འཕྲེང་ཡང༌།། དཔེ་རྣམས་ཀུན་གྱིས་མཚོན་བྱ་མིན་ན་མ་ལུས་ཡོན་ཏན་ཇི་འདྲར་འགྱུར།། དེ་ལྟ་བུ་ཉིད་སེམས་དཔའི་དབང་གིས་བདག་གི་བློ་གྲོས་ལ་གྱུར་ན།། དཔག་ཡས་ཡོན་ཏན་བསྟན་པའི་འཕྲེང་བ་མངོན་པར་བརྗོད་ལའང་བརྩོན་པ་ཅི།། སླར་ཡང་འདི་ལྟར་ནམ་མཁའི་དབྱིངས་ལྟར་ཆོས་ཀྱི་རང་བཞིན་མཐའ་ཡས་ཤིང༌།། ཐུབ་པ་རྣམས་ཀྱི་མ་འདྲེས་ཡོན་ཏན་ཆོས་ཀྱི་དབྱིངས་ལྟར་མཐའ་ཡས་པ།། རྒྱལ་བའི་ཡོན་ཏན་བགྲང་ཡས་ཉིད་བཞིན་རྒྱལ་སྲས་མཆོག་གི་འང་ཡོན་ཏན་རྣམས།། གཞན་དུ་མེད་ཅེས་གང་གི་ཡོན་ཏན་ཆ་ཙམ་བརྗོད་པའང་མངོན་ཕྱོགས་འགྱུར།། རང་བཞིན་འོད་གསལ་རྒྱལ་བའི་སྙིང་པོ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།། དཔལ་གྱི་འབྱུང་གནས་གྲགས་པའི་དཔལ་དེ་འཛིན་མའི་གཞི་དེར་དཔེར་བྱའི་སླད།། རྣམ་དག་འཕྲིན་ལས་འོད་ཟེར་སྟོང་གི་ཆོས་ཀྱི་ཉིན་མོར་བྱེད་པའི་མགོན།། འཇིག་རྟེན་པད་མོའི་གཉེན་གཅིག་ཁྱོད་ནི་ཐུབ་མཆོག་རྣམས་ཀྱིས་བསྟན་པར་ངེས།། དེ་ཚེ་ལུས་ཅན་སྙིང་གི་ཕུག་ཞུགས་མི་ཤེས་མུན་པའི་དྲྭ་བ་རྣམས།། འཆར་ནུས་རྣམ་བྲལ་སྔོན་མེད་ནམ་མཁའི་ནོར་བུ་འདི་ཡིས་གསལ་ལོ་ཞེས།། རྣམ་པར་དགོངས་ཏེ་གསུང་གི་དབང་ཕྱུག་ཡེ་ཤེས་སྒྲོན་མེ་གསལ་བའི་སྐུ།། ཞི་བའི་དབྱིངས་སུ་མཆོག་བདེའི་དཔལ་ལ་སྙོམས་པར་ཞུགས་པས་གཡོ་མེད་བཞིན།། སྡུག་བསྔལ་རླབས་འཁྲུགས་སྲིད་པའི་ཆུ་གཏེར་འཇིགས་རུང་འདི་ལས་འགྲོ་བ་རྣམས།།   འཕྲིན་ལས་གྲུ་འཛིན་ཐུགས་རྗེའི་སྐུ་ཅན་དེད་དཔོན་ཁྱོད་ཀྱིས་གྲོལ་གྱུར་པས།། ཐུགས་རྗེས་རློན་པའི་པད་དཀར་ཅན་ཡང་དཔལ་ལྡན་གྲུ་འཛིན་ཉམས་དགའི་རྩེར།། མཛད་པའི་ཁུར་ཆེན་བཏང་སྙོམས་མཛད་ནས་ཐུགས་ལ་ཆུང་ངུར་གཞོལ་བ་སྙམ།། ཐུན་མོང་པ་དང་ཕུལ་དུ་བྱུང་བའི་དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར།།སྐྱོབ་པ་ཀུན་གྱིས་གསང་བའི་མཚོ་ཆེན་ཉིད་ཀྱི་ཐུགས་ལས་བསྡུས་པ་ཡིས།། མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་དཔལ་ལྡན་རྡོ་རྗེ་འཛིན་པ་ནི།། མཛད་པ་མཐའ་ཡས་མཉམ་དུ་བསྒྲུབ་ཕྱིར་ཁྱེད་ལ་ནན་གྱིས་ཞུགས་པ་འདྲ།། གང་ཞིག་མཐའ་ཡས་སྲིད་པ་རྒྱ་མཚོའི་ཕྱི་མཐར་ཐུག་གི་བར་དུ་ཡང༌།།སེམས་ཅན་དོན་ཕྱིར་སྤྱད་པ་སྤྱོད་ཅིང་སངས་རྒྱས་བདེ་ལའང་ཆགས་མི་མཛད།། དེ་ལྟའི་དགོངས་སྤྱོད་ཤིན་ཏུ་དཔེ་མེད་ཕུལ་བྱུང་བློ་ལས་འདས་པའི་དོན།། བཀའ་དྲིན་འོད་ཀྱིས་འགྲོ་ལ་གསལ་མཛད་ཁྱོད་ནི་སྙིགས་དུས་མཚན་མོའི་མགོན།།དེང་འདིར་ཁྱེད་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་སྟོང་དུ་བསྐོར་བ་ཡིས།། འཁོར་ལོ་ཅན་བཞིན་བདུད་སྡེའི་དཔུང་དང་ལྷན་ཅིག་ཀླ་ཀློའི་ཆོས་མཐར་མཛད།། ཐུགས་རྗེའི་སྤྲིན་ལས་བདུད་རྩིའི་ཆབ་ཆུན་རྣམ་པ་སྟོང་དུ་ཕབ་པ་ཡིས།། ཞིང་འདི་ཡང་ནི་རྫོགས་ལྡན་དུས་བཞིན་ཕན་བདེའི་ལོ་འབྲས་ལྡན་པར་མཛད།། དེ་ཚེ་ལྷ་མིན་དོགས་པ་མེད་ཅེས་ལྷ་རྣམས་དགའ་བའི་ཚུལ་ཞུགས་ནས།། སིལ་སྙན་མང་ལྡན་འཆི་མེད་བུ་མོ་སྙན་པའི་གླུ་དབྱངས་ལེན་བྱེད་ཅིང༌།། ཐུགས་རྗེ་ལྡན་འདིས་འབད་པ་མེད་པར་བདག་ཅག་འཆི་ལས་དཀྲོལ་འགྱུར་ཞེས།། སྐྱེ་དགུ་འདི་རྣམས་སྲིད་པའི་བཙོན་རར་འཇིགས་མེད་དགའ་མགུར་སྤྱོད་པ་རྣམས།། མདོར་ན་དཔལ་ལྡན་ཁྱོད་ཀྱི་མཁྱེན་རབ་རྒྱལ་བ་ཀུན་གྱི་ཡེ་ཤེས་ཏེ།། སྐྱོབ་པ་རྣམས་ཀྱིས་ཚད་མེད་ཐུགས་རྗེའང་མགོན་པོ་ཁྱོད་ཀྱིས་བརྩེ་བ་ཉིད།། དེ་སླད་ཁྱོད་དང་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་གཉིས་སུ་མ་མཆིས་པས།། གཅིག་ཉིད་ཡིན་ཡང་དུ་མའི་སྐུ་ཅན་དཔེ་མེད་ཁྱོད་ལ་སྐྱབས་སུ་མཆིའོ།། རྒྱུ་དང་རྐྱེན་བྲལ་གང་གི་མཆོག་བདེ་ལྷན་ཅིག་སྐྱེས་སྐུ་རྡོ་རྗེ་འཛིན།། གདོད་ནས་ཡོངས་དག་གང་གིས་ཡེ་ཤེས་མ་ལུས་ཆོས་ཀྱི་སྐུ་ཅན་ཉིད།། སྐྱེ་མཆེད་ཀུན་བྲལ་གང་གི་དབང་པོ་བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས།།གཏན་གྱི་སྐྱབས་གསུམ་དམ་པའི་སྐྱབས་གཅིག་དཔལ་ལྡན་བླ་མ་ལ་ཕྱག་འཚལ།། རབ་འབྱམས་ཞིང་ན་ཡིད་འོང་མཆོད་སྤྲིན་བདག་གིར་མ་བཟུང་གང་མཆིས་དང༌།། མོས་པས་བཀོད་པའི་ཞིང་ཁམས་རྒྱ་མཚོའི་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་ཤིང༌།། བསླབ་གསུམ་དྲི་མེད་པད་མོའི་འཕྲེང་བ་སྒྲུབ་པའི་མཆོད་པ་བླ་མེད་ཀྱིས།། མི་རྟོག་དབྱིངས་ལས་གཡོ་བ་མེད་བཞིན་ཡོན་གནས་མཆོག་ཁྱོད་མཆོད་པར་བགྱི།། ལས་དང་ཉོན་མོངས་བདུད་ཀྱི་དབང་སོང་བདག་གིས་ཉེས་པ་ཅི་བགྱིས་ཀུན།། བསམ་པ་ཐག་པས་བླ་མ་དང་ནི་འཕགས་པའི་ཚོགས་ཀྱི་སྤྱན་སྔར་བཤགས།། མགོན་པོ་ཁྱོད་ཀྱིས་རྣམ་མང་དགེ་ཚོགས་སྟོན་ཟླའི་འོད་ལྟར་དཀར་བ་དང༌།། དཔག་མེད་སྐྱོབ་པ་སྲས་བཅས་རྣམས་ཀྱིས་བསྐྲུན་པའི་དགེ་ལ་རྗེས་ཡི་རང༌།། ཐུབ་པའི་བསྟན་པ་རང་བཞིན་འོད་གསལ་འཇིག་རྟེན་གསུམ་གྱི་རིན་ཆེན་སྒྲོན།། སྡིག་པའི་བློ་ཅན་ཆོམ་རྐུན་རྣམས་ཀྱིས་རྣམ་པ་སྟོང་དུ་སྒྲིབ་ལ་བརྩོན།། ལྟ་ངན་མུན་པའི་ཁོང་དུ་རབ་ཞུགས་སྐྱེ་བོ་འདི་རྣམས་རང་དགར་སྤྱོད།། ཨེ་མ་ཧོ་ཀུན་གཟིགས་ཐུགས་རྗེ་ལྡན་པའི་ཆོས་ཀྱི་སྒྲོན་ཆེན་སྦར་དུ་གསོལ།། བློ་མིག་ཟིམ་གྱུར་དམུས་ལོང་ལྟ་བུའི་འཇིག་རྟེན་མ་ལུས་དྲང་བའི་སླད།། མགོན་པོ་གྲངས་མེད་བསྐལ་བའི་བར་དུ་མྱ་ངན་མི་འདའ་བཞུགས་གསོལ་ཞིང༌།། ཀུན་ད་ལྟ་བུར་རྣམ་པར་དཀར་བའི་རང་བཞིན་དགེ་བ་ཇི་སྙེད་རྣམས།། ལུས་ཅན་ཀུན་གྱི་མཆོག་བདེའི་གོ་འཕང་མཁའ་འདྲའི་ཡེ་ཤེས་ཐོབ་ཕྱིར་བསྔོ།། ཟབ་ཡངས་ཡོན་ཏན་ཆུ་བོའི་གཏེར་ཆེན་དཔལ་ལྡན་བླ་མ་ཡིད་བཞིན་འཚོ།། བདག་ཀྱང་བསྟོད་པའི་ཀླུ་[གླུ]རྒྱུན་སྙན་ཚིག་ལྷུང་ལྷུང་སྒྲ་འདིས་བསྟོད་པ་ཡིས།། ཉོན་མོངས་བརྒྱ་ཕྲག་ཚ་གྲང་སྟོང་གིས་ཀུན་ནས་གདུངས་པའི་འགྲོ་བ་རྣམས།།བདེ་གཤེགས་སྙིང་པོ་སྲིད་མཚོ་དཔག་ཡས་དྲི་བྲལ་དབྱིངས་སུ་འཇུག་པར་ཤོག།བདག་ཀྱང་དེང་ནས་སྐྱེ་བ་ཀུན་ཏུ་འཕགས་པ་དགྱེས་པའི་ཚུལ་ལྡན་ཏིང་འཛིན་མཆོག་གིས་ཉེར་འཚོ་ཞིང༌།། བློ་གྲོས་ལྗོན་ཤིང་མང་དུ་ཐོས་པའི་འབྲས་ལྡན་ཕན་བདེའི་གྲིབ་བསིལ་བརྟན་གྱུར་ཀུན་གྱི་བསྟི་གནས་དང༌།། དཔལ་ལྡན་བླ་མ་མཐའ་ཡས་མཆོད་སྤྲིན་བསྟོད་པའི་ཆུ་རྒྱུན་རྒྱུན་མང་རླབས་ལྡན་སྟོང་གིས་མཉེས་བྱེད་ཅིང༌།། འཇམ་པའི་རྡོ་རྗེ་ཉིད་བཞིན་རྒྱལ་བའི་ཞིང་སྤྱོད་ཐུབ་པ་རྣམས་ཀྱི་བསྟན་པ་རིན་ཆེན་འཛིན་གྱུར་ཅིག།  ཅེས་པ་འདི་ནི་མང་དུ་ཐོས་པའི་བློའི་ནོར་ཅན་བཤེས་གཉེན་དམ་པ་རྣམས་ཀྱིས་ཉེ་བར་བཟུང་ཞིང༌། ཁྱད་པར་ཡང་མཁྱེན་རབ་དང་ཐུགས་རྗེའི་ཡོན་ཏན་དཔག་ཏུ་མེད་པས།ཉེ་བར་སྤྲས་པ། དཔལ་ལྡན་བླ་མ་ཀུན་མཁྱེན་ཆོས་ཀྱི་རྗེའི་གསུང་གི་ཉིན་མོར་བྱེད་པས།བློ་གྲོས་ཀྱི་པད་མོ་ཅུང་ཟད་ཁ་ཕྱེ་བས་འཆད་པ་དང༌།། རྩོད་པ་དང༌། རྩོམ་པ་དང༌།སྒོམ་པའི་ཚུལ་ལ་སྤོབས་པ་མི་དམན་པ།ཤཱཀྱའི་དགེ་སློང་མངའ་རིས་པ་ཕྱོགས་ལས་རྣམ་རྒྱལ་གྱིས་ཉེ་བར་སྦྱར་བའོ།།      །།མངྒ་ལཾ།བྷ་ཝན་ཏུ།ཤུ་བྷཾ།

 

བརྒྱུད་སྐུལ།

མཆན་སྤེལ།