རྫ་ཙིག་གཏམ་རྒྱུད་ལ་རགས་ཙམ་དཔྱད་པ།

རྫ་ཙིག་གཏམ་རྒྱུད་ལ་རགས་ཙམ་དཔྱད་པ།

༧པཎ་ཆེན་སྐུ་ཕྲེང་བདུན་པའི་ཡོངས་འཛིན་འབྲོང་རྩེ་བ་བློ་བཟང་ཚུལ་ཁྲིམས་ཀྱི་གྲགས་ཅན་བརྩམས་ཆོས་<རྫ་ཙིག་གཏམ་རྒྱུད་>ལ་རགས་ཙམ་དཔྱད་པ། རྩོམ་པ་པོ། ཚེ་རིང་དཔལ་འབྱོར།

 

ངས་ལྗོངས་རིག་གནས་གཏིང་མཐའ་གཞལ་དཀའ་བ། །དབྱར་མཚོ་རྒྱས་མཚུངས་དཔོག་པའི་ནུས་བྲལ་ཡང་། །

ཆ་ཤས་འབོལ་རྩོམ་ཆུ་ཡི་ཟེགས་མ་ཙམ། །བླངས་ནས་ཅུང་ཟད་དཔྱད་པ་བྱེད་ལ་སྤྲོ། །

 

ཞེས་ཚིག་གི་ཕྲེང་བས་མདུན་བསུས་ཏེ《རྫ་ཙིག་གཏམ་རྒྱུད》ཅེས་བྱ་བའི་སྒྲུང་ཐུང་ལ་དཔྱད་གླེང་རགས་ཙམ་ཞུ་རྒྱུ་ཡིན། 《རྫ་ཙིག་གཏམ་རྒྱུད》(གཤམ་དུ《རྫ》སྒྲུང་ཞེས་འབྲི་རྒྱུ)ཀྱི་ནང་དོན་མདོར་བསྡུས་ནི། སྔར་སྒོམ་ཆེན་ཞིག་དབེན་གནས་སུ་དགེ་སྦྱོར་གྱི་རྒྱུན་ལ་གནས་པའི་སྐབས་དེ་སྔ་ཟན་བྲུལ་བྱིན་ཏེ་དྲིན་གྱིས་བསྐྱངས་པའི་རྫ་ར་སེར་སྐྱ་དང་། བྱི་བ་སྨུག་ཆུང་གཉིས་ཀྱིས་ཁོང་གི་མཆོད་གཏོར་ཞལ་ཟས་རྐུ་འཁྱེར་བྱས་པར་བརྟེན་སྒོམ་ཆེན་གྱིས་ཕོར་རྙི་བཙུགས་ཏེ་རྫ་ཙིག་གཉིས་པོ་ལག་ཟིན་བྱུང་བར་ཁྲིམས་ཀྱི་ཆད་པ་བཅད་རུང་དེ་གཉིས་པོས་ངན་པ་གཉའ་རེངས་ཀྱིས་རང་ཉེས་ངོས་མ་བླངས། དེའི་སྐབས་རྫ་ར་བློ་ལྡན་དང་། ལྷ་བྱ་གོང་མོ། སྲེགས་པ་མ་བུ་སོགས་ཀྱིས་སྒོམ་ཆེན་ལ་སེམས་གསོ་དང་། རྫ་ཙིག་གཉིས་ལ་འགྱོད་བཤགས་དགོས་པའི་བསླབ་བྱ་བྱས་ཀྱང་དེ་གཉིས་པོས་མ་དག་ཡུས་ཆེའི་ཁ་གཤགས་བྱེད་པ་མ་ཟད། ཙི་གུ་སྲེག་ཤོར་ལ་སྐྱབས་བཅོལ་ཏེ་སྒོམ་ཆེན་ལ་འཁོན་ལན་སློག་པར་འོངས། དེའི་ཚེ་གློ་བུར་དུ་ཨོག་དཀར་ཞིག་ཡོང་བས་སྲེག་ཤོར་བཟོ་ལྟ་ཤོར་བར་བརྟེན་རྫ་ཙིག་གཉིས་ཀྱང་ཤིན་ཏུ་འཇིགས་ཏེ་རང་ཉེས་ངོས་བླངས། སྒོམ་ཆེན་གྱིས་སླར་དེ་གཉིས་ལ་ཆོས་ཀྱི་གླེང་མོ་དང་སླད་ཕྱིན་རྐུ་མ་བྱ་མི་རུང་བའི་ཁ་ཏ་བྱས་མཐར་ཙི་གུའི་གནོད་ངན་མེད་པར་སྒོམ་ཆེན་དགེ་སྦྱོར་འཕེལ་བར་གྱུར་ཅེས་འཁོད་དོ། ཧད་ཀྱིས་བལྟས་ན་རྩོམ་ཐུང་དེ་ནི་གྲོང་ཚིག་ལས་གྲུབ་ཅིང་ནང་དོན་ཡང་སྟབས་བདེ་ཞིག་ཏུ་མངོན་ནའང་། ཞིབ་མོར་བརྟག་སྐབས་དེ་ལ་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་ལ་བསམ་བློའི་དོན་སྙིང་ཡང་ཟབ་མོ་ལྡན་ཡོད།

《རྫ》སྒྲུང་གི་རྩོམ་པ་པོ་ནི་བློ་བཟང་ཚུལ་ཁྲིམས་ཡིན། དེའི་སྐོར་མཁྱེན་ལྡན་རྣམས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། སྒྲུང་དེའི་མཛད་བྱང་དུ་ལེགས་སྦྱར་གྱི་སྐད་ལས་པ་རི་རྡ་ར་ཏི་ཤི་ལ་ཞེས་འཁོད་པ་ནི་ཞབས་འབྲིང་པ་བློ་བཟང་ཚུལ་ཁྲིམས་ཞེས་པའི་དོན་དང་། ཁོང་ནི་དུས་རབས་བཅོ་བརྒྱད་པའི་ནང་བྱུང་ཞིང་པཎ་ཆེན་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་སློབ་མ་དང་། པཎ་ཆེན་བདུན་པ་བསྟན་པའི་ཉི་མའི་ཡོངས་འཛིན་སྔ་མ་ཡིན། ཁོང་བཀྲས་ལྷུན་དགོན་གྱི་འབྲོང་རྩེ་ཁང་ཚན་དུ་གཏོགས་པས་རྒྱུན་དུ་ཡོངས་འཛིན་འབྲོང་རྩེ་བ་ཞེས་འབོད་པ་དང་། 《རྫ》སྒྲུང་དེ《བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ》དཔེ་རིང་ནང་དུ་བསྒྲིགས་ཡོད། བློ་བཟང་ཚུལ་ཁྲིམས་ཀྱིས་ཅིའི་ཕྱིར་གཏམ་རྒྱུད་འདི་ལྟ་བུ་བརྩམས་སམ་ཞེ་ན། མཁྱེན་ལྡན་རྣམས་ཀྱིས་གསུངས་དོན་ཁོང་ནི་ཤེས་རྒྱ་ཆེ་ལ་ཡིད་གཞུངས་པའི་ཆོས་པ་ཚུལ་ལྡན་ཞིག་ཡིན་ཞིང་། ཁོང་གིས་རྟག་ཏུ“ངས་པཎ་ཆེན་མཆོག་རྗེ་ཙོང་ཁ་པ་ལྟ་བུ་ཞིག་ཏུ་འགྱུར་བ་བྱ་དགོས་བསམ་བྱུང”ཞེས་བརྗོད་དེ་དཔེ་ཁྲིད་ཧ་ཅང་ནན་པོ་བྱེད་པ་དང་། ཕྱོགས་མཚུངས་ཁོང་གིས་ལྐོག་ཟ་ཁོག་རུལ་གྱི་སེར་སྐྱ་དཔོན་རིགས་ལ་ཁོང་ཁྲོ་ཆེན་པོ་བྱེད་ལ་དེ་ཚོར་ཁ་བརྡུང་དྲག་པོའང་གཏོང་གི་ཡོད་པ་དེའི་རྐྱེན་གྱིས་དཔོན་ངན་ཟ་རྔམ་ཅན་དེ་ཚོས་ཁོང་ལ་ཞེ་འཁོན་གཏིང་ནད་བཟུང་སྟེ་མཐའ་འབུད་བཏང་བས་ཁོང་ཡོངས་འཛིན་ལས་གནས་ལས་བྲལ་ཏེ་རི་ཁྲོད་དབེན་པ་ཞིག་ཏུ་མི་ཕེབས་མཐུ་མེད་བྱུང་། དེ་ལྟར་ཁོང་ཡོངས་འཛིན་ཆེན་པོ་ཞིག་ནས་དབེན་གནས་སྒོམ་ཆེན་ཞིག་ཏུ་འགྱུར་ཐོག་ཆབ་སྲིད་ཐོབ་ཐང་ཡང་ཐབས་རྡུགས་ཉམས་ཞན་དུ་སོང་བ་དེས་ཁོང་གི་ཐུགས་སེམས་འཁྲུགས་པ་ནི་སྨོས་ཅི་དགོས། དེའི་དབང་གིས་ཁོང་གིས་རྩོམ་ཡིག་བྲིས་ཏེ་ཁ་གཏད་ཚོར་སུན་འབྱིན་དང་། རང་གི་འདོད་དོན་མ་འགྲུབ་པའི་སྐྱོ་ཤས་མཚོན་པ་བྱ་རྒྱུའི་བསམ་བློ་འཁོར། 《རྫ》སྒྲུང་ནི་གནས་ཚུལ་དེ་འདྲའི་འོག་ཁོང་གིས་གཞིས་རྩེའི་ཤར་ངོས་ཀྱི་ལྕགས་ཐང་བྲག་སྐྱ་ཞེས་པར་མཚམས་ལ་བཞུགས་པའི་སེང་དབར་དུ་བརྩམས་པ་ཡིན།
《རྫ》སྒྲུང་ནང་སྒོམ་ཆེན་གྱིས་མཁའ་ལ་འཕུར་ལྡིང་བྱེད་པའི་བྱ་རྒོད་ཅིག་ལ་སྨྲས་པའི་གཏམ་དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་བསམ་བློའི་མཚོན་ཚུལ་འབའ་ཞིག་ཡིན་པ་འདི་སྐད་དུ“ང་ནི་སྐྱོ་བའི་ངང་ཚུལ་ཅུང་ཟད་ཞུ། ……ཀུན་དང་བསྟུན་ན་དམ་པའི་ཆོས་དང་འཁོན། ཆོས་མཐུན་གནས་ན་ཀུན་གྱིས་བརྙས་སྨོད་བྱེད། ཆོས་ལ་འབུངས་ན་མཐོ་དམན་དགྲ་རུ་ལངས། དམའ་ས་བཟུང་ན་སྙོན་ཆུང་མཐའ་ལ་འབུད། ཕར་ལ་ཕན་བཏགས་ཚུར་ལ་གནོད་ངན་བྱེད།”ཅེས་གསུངས་པ་དེའི་ཐོག་ནས་རྩོམ་པ་པོ་བློ་ཕམ་ཡི་མུག་ཇི་ལྟར་བྱུང་ལུགས་གསལ་བར་བསྟན། ཚུལ་འདིར་གཞིགས་ན་མཁྱེན་ལྡན་རྣམ་པས་གསུངས་པ་ལྟར《རྫ》སྒྲུང་ནང་གི་སྒོམ་ཆེན་ནི་རྩོམ་པ་པོ་རང་ཉིད་དཔེ་རུ་སྦྱར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག འོ་ན་རྫ་ར་སེར་སྐྱ་དང་བྱི་བ་སྨུག་ཆུང་ཞེས་པའི་རྐུན་པོ་དེ་གཉིས་སུ་ཞིག་ལ་ཟེར་བ་དང་། དེ་མིན་སྲོག་ཆགས་རྣམས་ཀྱིས་ཀྱང་སུ་ཞིག་མཚོན་པ་ཡིན་ནམ་ཞེ་ན། སྐབས་འདིར་རྩོམ་པ་པོས་རང་གི་ཁོར་ཡུག་མི་སྣའི་སྣང་ཚུལ་སྣ་ཚོགས་སྲོག་ཆགས་གཞན་གྱིས་གཟུགས་སུ་བཀོད་དེ་བསྐོར་གཏམ་གཏོང་བ་ཞིག་ལས་ཞིབ་ཕྲའི་མི་འདི་དང་འདི་ཞེས་བརྗོད་དུ་མེད་ཀྱང་སྐབས་དེའི་བཀྲས་ལྷུན་བླ་བྲང་ནང་གི་རྫ་ཙིག་ལྟ་བུའི་གཞུང་རྒྱུ་རྐུ་ཟོས་ཀྱི་ལས་ལ་རྔམ་པའི་དཔོན་ངན་དེ་ཚོར་རྣོ་ངར་ཆེ་བའི་ཟུར་ཟ་དང་། དེ་མིན་མི་སྣ་གཞན་དག་གི་རྣམ་འགྱུར་འདྲ་མིན་ཡང་མཚོན་ཐབས་བྱས་པ་དེང་སྐབས་ཀྱི་རྩོམ་རིག་དབྱེ་སྲོལ་ལ་གཞིགས་ན《རྫ》སྒྲུང་ནི་ཟུར་ཟའི་སྲོག་ཆགས་ཀྱི་གཏམ་རྒྱུད་ཅིག་ཏུ་དབྱེ་ཆོག
རྩོམ་པ་པོས་རང་གི་ཀུན་སློང་དེ་ལྟ་བུའི་ཐོག་ནས《རྫ》སྒྲུང་རྩོམ་འབྲི་བྱས་ཤིང་། ཁོང་གིས་དཔོན་རིགས་རྐུན་པོ་རྣམས་ལ་ཁོང་ཁྲོ་སུན་འབྱིན་བྱེད་པའི་རྒྱུ་མཚན་ནི་དེ་ཚོས་བཀྲས་ལྷུན་བླ་བྲང་གི་གཞུང་རྒྱུ་བར་ཟོས་བྱས་པའི་རྐྱེན་ལས་བྱུང་བ་དེ་ནི་དོན་དམ་དུ་བཀྲས་ལྷུན་བླ་བྲང་ལ་ཤ་ཞེན་བྱེད་པ་མཐར་གཏུགས་ནས་བཤད་ན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྙིང་པའི་ཁེ་ཕན་སྲུང་ཐབས་བྱེད་པ་ནི་རྩོམ་པ་པོའི་རང་ངོས་ཀུན་སློང་འབའ་ཞིག་ཡིན་སྲིད་ཀྱང་རྩོམ་རིག་ཐམས་ཅད་ཀྱི་ཆོས་ཉིད་ལྟར་རྩོམ་ནང་རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་འདུས་ཡོད་ལ་རྩོམ་པ་པོ་རང་ཉིད་ཀྱི་འདོད་བློས་སྒྱུར་མི་ཐུབ་པའི་ཕྱི་རོལ་ཡུལ་གྱི་གནས་ཚུལ་ཡང་མངོན་གྱི་ཡོད། དེར་རྟེན《རྫ》སྒྲུང་གིས་སྤྱི་ཚོགས་ནང་གི་གོང་རིམ་དཔོན་ངན་ཟ་རྔམ་ཅན་ལ་བསྐོར་གཏམ་སུན་འབྱིན་བྱས་པ་དེས་རྩོམ་པ་པོ་རང་ཉིད་ཀྱིས་ངོས་འཛིན་ཐུབ་མིན་ལ་ལྟོས་པར་དོན་དངོས་ཐོག་སྐབས་དེའི་དབང་སྒྱུར་གྲལ་རིམ་ཁྲོད་དུ་ལྐོག་ཟ་རྐུ་རྒྱག་གི་སྲོལ་ངན་རྒྱུན་ཆགས་སུ་གྱུར་ཏེ་རུལ་སུངས་ལྟ་ཁུངས་མེད་པ་ཤུགས་ཀྱིས་བསྟན་ཞིང་། དེའི་ཐོག་ནས་དུས་རབས་བཅོ་བརྒྱད་པའི་སྐབས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཉིན་བཞིན་ཉམས་གུད་དུ་འགྲོ་བའི་སྤྱི་ཚོགས་ཀྱི་དོན་གནད་འགངས་ཆེ་དེའང་ཕྱོགས་ཙམ་གསལ་བཤད་བྱུང་ཡོད། དཔོན་ངན་ཟ་རྔམ་ཅན་ཚོ་རྫ་ཙིག་ཚོ་རྫ་ཙིག་གི་གཟུགས་སུ་བཀོད་པ་དེ་སྐབས་དེར་རྒྱ་ཆེའི་མང་ཚོགས་ཀྱིས“རྐུན་མ་གོས་ཆེན་གྱོན་པ། ཉིན་མའི་གུང་ལ་ཡོང་འདུག”ཅེས་ཟེར་བ་དང་འདྲ་པོ་གང་འདྲ་མི་འདུག་གམ། དེའི་ཐོག་ནས《རྫ》སྒྲུང་ནི་ཕྱི་རོལ་ཡུལ་གྱི་བསམ་བློའི་མངོན་ཚུལ་ཐུན་མོང་མ་ཡིན་པ་དུས་མཉམ་པའི་རྩོམ་ཐུང་གཞན་དང་བསྡུར་ན་ཡར་ཐོན་གྱི་ཕྱོགས་ངེས་ཅན་ཞིག་གནས་པ་མཐོང་ཐུབ།
རྐུན་མའི་བྱ་སྤྱོད་ཀྱི་འབྱུང་རྩ་ནི་སྒེར་དབང་ལམ་ལུགས་ཡིན་ལ། དེ་ནི་བཤུ་གཞོགས་གྲལ་རིམ་གྱི་མ་རབས་ཐ་ཤལ་གྱི་རང་ཕན་རིང་ལུགས་ཀྱི་ཐོན་དངོས་ཤིག་ཀྱང་ཡིན། ལམ་ལུགས་རྙིང་པའི་བག་ཆགས་ངན་པའི་དབང་གིས་སྤྱི་ཚོགས་གསར་པའི་ནང་དུའང་ད་དུང་ལྐོག་ཟ་རྐུ་འཁྱེར་གྱི་སྤྱོད་ངན་མུ་མཐུད་གནས་ཡོད་སྟབས་སྤྱི་ཚོགས་ཀུན་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཤུགས་ཆེན་སྤེལ་དགོས་པ་སྨོས་ཅི་དགོས། རྩོམ་རིག་ནི་མིའི་ཀུན་སྤྱོད་དུ་གཏོགས་པའི་བྱ་བ་ཞིག་ཡིན་པ་དེས་མི་ཆོའི་ཀུན་སྤྱོད་ཀྱི་འདུ་ཤེས་སྐུལ་སློང་ཐུབ་པ་དང་། མིའི་གཤིས་རྒྱུད་ལ་ཤུགས་རྐྱེན་ཐེབས་ཏེ་རིམ་བཞིན་འགྱུར་ལྡོག་འགྲོ་བའི་ནུས་པ་ཐོན་གྱི་ཡོད།
《རྫ》སྒྲུང་གིས་བཤུ་གཞོག་གྲལ་རིམ་གྱི་རྐུན་ཇག་གི་སྤྱོད་ངན་ལ་ཁ་བརྡུང་བཏང་ཁར་རྩོམ་རིག་གཟུགས་སྣང་གི་ཐོག་ནས་མ་བྱིན་ལེན་པ་ནི་ཆེས་ཐ་ཤལ་གྱི་སྤྱོད་ལམ་ཞིག་ཡིན་པས་ཅིས་ཀྱང་སྤོང་དགོས་པའི་མི་ཆོས་ཀུན་སྤྱོད་ཀྱི་རྩ་དོན་གསལ་བཤད་དང་། མིའི་སྤྱོད་བཟང་གི་ལྟ་བ་མཚོན་པ་བཅས་ལ་བརྟེན་གཏམ་རྒྱུད་དེའི་གཞི་རྩའི་བསམ་བློ་ནི་ད་ལྟའི་ཆར་ཡང་དམིགས་པའི་རང་བཞིན་ཆེར་ལྡན་ཞིང་། དེའི་དགེ་མཚན་གྱི་ཕྱོགས་རྣམས་ང་ཚོས་བསམ་པའི་དཔལ་ཡོན་དར་རྒྱས་གཏོང་རྒྱུར་བེད་སྤྱོད་བྱས་ཆོག་པ་སྟེ། སྲོག་ཆགས་གཞན་དག་གིས་རྫ་ཙིག་གཉིས་ལ་ཁ་ཏ་བྱས་པ་དེ་རྣམས་དེང་སྐབས་རྐུ་འཕྲོག་ཚུལ་མིན་བྱ་བས་དུས་འདའ་བའི་མི་ཚོར་གོ་བསྐོན་སློབ་གསོ་གཏོང་རྒྱུར་སྤྱད་ཆོག་པ་དང་། སྲོག་ཆགས་མི་འདྲ་བའི་གཏམ་སྣ་ཚོགས་ལས་འཇིག་རྟེན་གྱི་གནས་ལུགས་ཅི་རིགས་ཀྱང་གསལ་ལ་དཔེར་ན། རྫ་ར་བློ་ལྡན་ཞེས་པས་བརྗོད་དོན་དུ“བྱ་བ་ཐམས་ཅད་བརྟག་སྟེ་བྱས་ན་བཟང་། བརྟག་དཔྱད་མེད་པར་བྱས་ན་ཕུགས་ནས་འགྱོད། གཡོ་ཅན་ཁ་ནས་བདེན་བདེན་ཅི་ཡང་ལབ། གཡོ་ཅན་མི་ཡིས་རང་སྐྱོན་སྔོན་ལ་གླེང་། གཡོ་ཆེན་མི་ཡིས་དགྲ་བོ་འཛུམ་གྱིས་བསུ། གཡོ་ཅན་བྱི་ལས་ཉལ་ནས་བྱིའུ་འཛིན། གཡོ་ཅན་རྐུན་མས་གཞན་ནོར་ཐབས་ཀྱིས་རྐུ། ”ཞེས་པ་ལྟ་བུས་ང་ཚོར་མི་དང་བྱ་བའི་བདེན་རྫུན་བླང་དོར་གྱི་གནད་ལ་མི་རྨོངས་པར་ཞིབ་ཕྲའི་དབྱེ་ཞིབ་བྱེད་སྟངས་བསྟན་པ་དང་། ལྷག་དོན་སྒོམ་ཆེན་གྱིས་རྫ་ཙིག་གཉིས་ལ་ཡང་ཡང་གདམས་པའི་སྐད་ཆ་ཚིག་གཉིས་ཏེ། “རང་ནོར་ཆོག་ཤེས་གཞན་ནོར་ཧམ་མ་བྱེད། རང་ལུས་དཔེ་ལོངས་གཞན་ལ་གནོད་མ་བྱེད”ཅེས་པ་ནི་དུས་གང་ཞིག་དང་ཡུལ་གལ་ཞིག་ཏུ་རང་རེ་ཀུན་གྱིས་ལེགས་བཤད་གདམས་ངག་ཏུ་བཟུང་འོས་སོ། 《རྫ》སྒྲུང་གི་རྩོམ་ཚུལ་ལ་རང་ཉིད་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྡན། དེས་ཚིག་སྦྱོར་སྙན་འཇེབས་ཁོ་ན་དམིགས་བཀར་མི་བྱེད་པར་སྤྱི་ཚོགས་འཚོ་བའི་དངོས་དོན་ཟུར་ཟའི་ཐོག་ནས་མཚོན་ཐབས་བྱ་རྒྱུ་དེ་གཏམ་རྒྱུད་བརྩམ་བྱའི་རྨང་གཞིར་འཛིན་ཐོག་གཞན་ཕན་གཙོ་བཟུང་དམངས་ཁྲོད་ཀྱི་སྒྲུང་རྩོམ་སྟངས་དཔྱད་གཞིར་བཟུང་བ་དང་། ངལ་རྩོལ་མི་དམངས་ཀྱི་ངག་རྒྱུན་གཏམ་དཔེ་ཇི་སྙེད་འཚོལ་བསྡུས་ཀྱིས་རྩོམ་འབྲི་ལས་སྣོན་བྱས་པ་བརྒྱུད《རྫ》སྒྲུང་རང་ཉིད་ཀྱི་རྩོམ་ཡིག་རྗོད་ཚིག་གསར་དུ་གཏོད་དེ་སྲོག་ཆགས་ཀྱི་གཟུགས་སུ་བཀོད་པའི་མི་སྣ་སྣ་ཚོགས་ཀྱི་རང་གཤིས་གསལ་འདོན་དང་། ལྷག་པར་དུ་རྫ་ཙིག་གཉིས་པོས་རྐུ་རྒྱག་བྱེད་སྐབས་ལྐོག་ལྐོག་སུད་སུད་དང་། རྫུན་རྐུབ་བརྡོལ་རྗེས་ངན་སྤྱོད་མཁྲེགས་བཟུང་དང་། ཁ་གཤགས་འགྱེད་སྐབས་ངོ་ཚ་ཁྲེལ་གཞུང་བོར་བའི་མ་རུང་རྐུན་བུའི་གདོང་རིས་ཇི་མ་ཇི་བཞིན་དུ་བཀོད་ཡོད།
《རྫ》སྒྲུང་གི་གཞི་རྩའི་བསམ་བློ་དེ་ངལ་རྩོལ་མི་དམངས་ཀྱི་ཀུན་སྤྱོད་དང་། མཛེས་རྩལ་རིག་པ་དང་མཐུན་པ་མ་ཟད་དེས་རྩོམ་ཡིག་ཇི་ཙམ་གོག་དཀའ་བ་དེ་ཙམ་ཡག་པར་བརྩི་བའི་བཟོ་ལྟ་རིང་ལུགས་ཀྱི་རྩོམ་སྲོལ་གྱི་འཆིང་རྒྱ་གཏོར་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་དང་མཐུན་ཕྱིར་འབོལ་རྩོམ་འབྲི་སྟངས་སྤྱད་དེ་གཏམ་རྒྱུད་ཚིག་ཉུང་དོན་ཟབ་དང་ལྟ་ཀློག་བདེ་བ་ཞིག་བྲིས་ཡོད་པས་ད་ཕན་ལོ་ངོ་ཉིས་བརྒྱ་ལྷག་ཙམ་ནང་རང་རེའི་ལྗོངས་སུ་རྒྱ་ཆེར་ཁྱབ་ཅིང(ལྷག་པར་དུ་དབུས་གཙང་ཁུལ་དུ་ཁྱབ་ཆེ)དེའི་ནང་གི་དཔེ་ཚོག་དུ་མ་མང་ཚོགས་ཀྱི་ངག་ལམ་དུའང་འཇགས་ཐོག་མི་སྒེར་གྱི་རྩོམ་རིག་དེ་དམངས་ཁྲོད་ཀྱི་རྩོམ་རིག་གི་རྣམ་པ་ཞིག་ཏུ་གྱུར་ཏོ། །
འོན་ཀྱང་གྲལ་རིམ་དང་ལོ་རྒྱུས་ཀྱི་བཀག་རྒྱའི་རང་བཞིན་ལས《རྫ》སྒྲུང་རྩོམ་པ་པོའི་རང་ངོས་ཀུན་སློང་ནི་ལམ་ལུགས་རྙིང་པའི་ཁེ་ཕན་སྲུང་འཛིན་བྱ་རྒྱུ་དེ་ཡིན་པ་དང་། བོད་ཀྱི་རྩོམ་རིག་སྤྱི་དང་འདྲ་བར་སྒྲུང་གི་འགོ་ནས་མཇུག་བར་ཆོས་ཀྱི་བཤད་ཚུལ་སྟར་ལ་བརྒྱུད་དེ་ཁྱབ་ཡོད་ཅིང་། ད་དུང་བཤུ་གཞོག་གྲལ་རིམ་གྱི་བསམ་པའི་འདུ་ཤེས་འགའ་ཡང་མངོན་པ་བཅས་ནི་རྩོམ་རིག་དེའི་སྙིགས་རོ་ཡིན་པས་ངེས་པར་དུ་མཐའ་དཔྱོད་ནན་ཏན་གྱིས་རྫུན་སྤང་བདེན་སྒྲུག་བྱ་དགོས། ཕྱོགས་མཚུངས་གཏམ་རྒྱུད་ནང་ཁྱབ་ཆུང་བའི་གཙང་ཁུལ་གྱི་ཡུལ་སྐད་འགའ་ཞིག་ཐད་ཀར་བཀོལ་བ་ནི་གཅིག་གྱུར་གྱི་བརྡ་དང་གསལ་འཕྲོད་ཡོང་རྒྱུར་གནོད་པའི་རྒྱུ་ཡིན་ཕྱིར་འབྲི་སྟངས་དེ་རིགས་རང་རེས་བྱར་མེད་དོ། །
སྨྲས་པ། ཛ་རའི་རྐུན་མ་མཚང་འདོན་མཁས་པ་ཡིས། །
ཙིག་གུའི་གནོད་ལ་བག་ཡོད་ཟོན་བྱོས་ཞེས། །
གཏམ་གཅིག་སྐུལ་བ་འཇིག་རྟེན་འདི་ན་དབེན། །
རྒྱུད་ངན་འགོག་ལ་རེམས་ཤིག་སྐྱེ་བོའི་ཚོགས། །

 

༡༩༨༣ ལོའི་བོད་ལྗོངས་ཞིབ་འཇུག་དེབ་དང་པོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།