གསལ་བཤད། གྲིབ་གཟུགས་བརྗོད་བྱར་བྱས་པའི་སྙན་ངག་རེ་འབྲི་རོགས་མཛོད། འུ་ཅག་གི་ཉེ་འཁོར་གྱི་གཟུགས་ཆུང་ངུ་ཙམ་ལའང་གྲིབ་མ་སྦོམ་ཞིང་རྒྱགས་པ་རེ་མཆིས་ཤིང་། ཉི་འོད་འོག་ཏུ་གྲིབ་མ་དེ་ཚོས། སྐབས་རེ་གཟུགས་ཀྱི་མདུན་ནས་འགྲེང་སྟེ་མདེའུ་རེ་གཉིས་ཀྱང་འགོག་ཀྱིན་ཡོད། འོན་ཀྱང་། གྲིབ་མ་ནི་དམིགས་ཡུལ་ཅན་གྱི་སྲོག་ཆགས་ཤིག་ཡིན་རྐྱེན། ནམ་ཡང་ཁེ་ཕན་གྱི་དོན་དུ་འཚོ་ཞིང་། ཁོས་སྔ་མོ་ཞིག་ནས་ཁེ་ཕན་གྱི་དོན་དུ་ངོ་ཡི་ལྤགས་པའང་དོར་ཟིན།
གྲ་ཚེ་དོན་གྱིས།
དཀར་ཆག
གྲིབ་མ་སྦོམ་པོ། གྲ་ཚེ་དོན།
མགོ་nཅན་གྱི་གྲིབ་མ། གངས་མ་ཆར།
འགྲུལ་བཞུད་ཐེངས་ཤིག གསེར་ནག
གྲིབ་མས་བསྐྱངས་པའི་ཚོར་བ་ཐན་ཐུན། གྲོང་གསེབ་བུ་མོ།
གྲིབ་མ་ནག་པོ། ཨ་ཅེ་འབྲོག་མོ།
གྲིབ་གཟུགས་ཀྱི་ཉམས་སྣང་། སྣེའུ་མཐོང་གྲོལ།
འདྲིས་ཆེ་བའི་ཁྱོད་ཀྱི་རྒྱབ་གཟུགས། དད་སྤྲོ།
ཞྭ་དཀར་པོ། གྲིབ་གཟུགས་ནག་པོ། འདྲུ་བཀྲ་ཤིས་རྒྱལ།
ང་ལ་འོད་ཅིག་མཁོ། ལྷོ་སྨོན།
གྲིབ་མ་ནག་པོ། གཉལ་ཕྲུག་སྤེན་ཚེ།
འཁོར་བའི་གྲིབ་གཟུགས་ཀྱི་སྣང་བརྙན། ཡར་ཀླུང་ལྕང་གསར།
གྲིབ་མ་ཉེས་ཅན། ཡར་འབྲོག་རྟ་གསར།
རྒྱབ་གཟུགས། གངས་སྨྱོན་ཚུལ་ཁྲིམས།
གྲིབ་གཟུགས་ཀྱི་རྒྱལ་ཁམས། ཧན་སི་མ་ཀི་ནུར་ཨིན་ཚི་སེ་པེ་ཀེར་གྱིས་བརྩམས།
ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱིས་འགྱུར་རྩོམ་བྱས།
གྲིབ་གཟུགས། ཡར་ཀླུང་སྨིན་དྲུག
གྲིབ་གཟུགས། ཡར་འབྲོག་འཁྱམ་པོ།
གྲིབ་མ་བརྐུ་མཁན་གྱི་མི། འོན་རྡོ་འབུམ།
རྟེན་འབྲེལ་གྱི་ཆོས་ཉིད་ལས་ཐར་མི་ཐུབ་མོད།
སྣང་བའི་གུ་ཡངས་ཀྱི་ཐུ་འོག་ནས།
སྐད་ཆ་དག་ཧ་ཅང་ཚོན་པོ་རེད།
སྐབས་རེ། འཆི་བ་མེད་པའི་ཚེ་སྲོག་ཅིག་ལྟར།
ཆུ་ཆེན་པོའི་གཞུང་ནས་དཔའ་རྟགས་སྟོན།
མི་ཆེན་པོའི་མདུན་ནས་མདེའུ་འགོག
མེ་ལོང་ནང་གི་མཇུག་མ་རིང་པོ་དེ།
ཁྱོད་ཀྱི་དཔུང་པ་གཡས་པ་རེད།
ཁྱེད་ཁྱེད་དུ་མཚོན་བྱེད་ཀྱི།
ཐུའུ་ཐའང་[༡]གི་རི་མོ་དེའང་རེད།
རྣམ་ཀུན། ང་ལ་ཟུག་འོང་བའི་གྲིབ་མ་དེས།
ང་རང་མུན་པའི་གཏིང་རིམ་ཞིག་ཏུ་འཁྲིད་དེ།
ངའི་གླུ་སྐད་ཀྱི་ངོ་གདོང་བསྒྲིབས།
ཟློས་གར་གྱི་ཕྱི་རོལ་དུ་ཡོད་པའི་ལྷ་དེ།
གྲིབ་གཟུགས་ཀྱི་རྫི་བོར་གྱུར་སོང་།
༢༠༡༩༠༥༡༥
[༡]
གངས་མ་ཆར།
ང་ལ་ཅི་ཡང་མེད་དུས།
མཉམ་དུ་གྲིབ་མ་ཞིག་འཁྲིད་རྒྱུ་ཡོད།
ང་འགྲོ་ན་ཁོའང་བསྐྱོད་ཅིང་།
ང་འདུག་ན་ཁོའང་མི་འགུལ།
ང་ཕ་ཡུལ་བཞག་ནས་འོང་དུས།
ཁོའི་ལུས་པོར་མགོ་གཉིས་གྱེས་འདུག
གཅིག་ཞེན་ཆགས་ཕྲུལ་ལེར།
ཕ་ཡུལ་གྱི་ངོས་སུ་གུག་འདུག
གཅིག་ཐེ་ཚོམ་རོག་གེར།
རྒྱང་རིང་གྱི་ཕྱོགས་ལ་དགྱེད་འདུག
ང་འདུ་འཛི་ཞིག་ལ་རེམ་དུས།
ཁོའི་ལུས་པོར་མགོ་གསུམ་གྱེས་འདུག
གཅིག་འདོད་ཆགས་འཁྱིལ་ལེར།
དཔོན་ཆེན་པོའི་ཕྱོགས་ལ་འཛུམ་འདུག
གཅིག་ཞེ་སྡང་ཟིང་ངེར།
ཉམ་ཆུང་ཚོའི་ངོས་ལ་ལྡིར་འདུག
གཅིག་གཏི་མུག་ལོང་ངེར།
ལྷ་འདྲེ་ཚོའི་ལྐོག་ལ་ཡིབ་འདུག
ང་མེ་ལོང་ངོས་སུ་ཉུལ་དུས།
ཁོའི་ལུས་པོར་མགོ་དགུ་གྱེས་འདུག
ཁ་ཞེ་ཕྱི་སྣང་འདྲེས་མའི་གཟུགས་རེ་ལ།
ཐོབ་ཤོར་རྒྱལ་ཕམ་བསུ་བའི་མགོ་རེ་རེ།
དགའ་སྐྱོ་ཆགས་སྡང་བསྣོལ་མའི་ངོ་རེ་ལ།
བདེན་རྫུན་དཀར་ནག་བསླུ་བའི་འབག་རེ་རེ།
ང་རྒྱུ་འབྲས་ཤིག་དང་ཉེ་སྐབས།
མཉམ་དུ་འཁྲིད་རྒྱུ་ཡོད་པ་གྲིབ་མ་ཞིག
ངལ་དུབ་ཀྱི་ལུས་པོ་སིག་སིག་རྡེབ་སྐབས།
གྲིབ་གཟུགས་ཀྱི་མགོ་བོ་ས་ལ་ཟགས་སོང་།
༢༠༡༩.༤.༢༩ཉིན།
གསེར་ནག
གནམ་སྔོན་པོ་མིག་ར་རུ་ཕབ།
ས་དོག་མོ་གོམ་པ་ཡིས་བཅལ།
སེམས་འཚུབ་མ་གྲུ་གུ་རུ་བསྒྲིལ། ང་འོང་ཡོད།
གསེར་ཆེན་གྱི་ཆབ་ཆར་འོང་ཡོད།
གསེར་ཆེན་གྱི་ཆབ་ཆ་ན། ད་གཟོད་གང་ཡང་ཡོད་ཡོད་འདྲ་བ།
རྒྱ་དུར་ཐང་གི་རྟ་པོའི་རྨིག་སྒྲ་ཡིན་ནམ། ཡང་ན།
ཡུལ་ལྷ་གཞི་བདག་གི་དབུ་འཕང་མཐོན་པོ་རེད།
གོམ་གསུམ་སྤོ་བཞིན་དུས་ཚོད་ཀྱི་རྒྱབ་ལོགས་བསྔོགས་པ་ན།
བཙན་པོ་ཟེར་བའི་མེས་པོའི་རལ་པ།
ངའི་སེམས་ཀྱི་པར་ཆས་སུ་འགོད་པའི་སྤྲོ་བ་འགོག་ཐབས་བྲལ།
དཔའ་བོ་ཟེར་བའི་གནའ་མིའི་གླེན་རྟགས།
ངའི་ཡིད་ཀྱི་མེ་ལོང་མཁའ་རུ་ལང་ལོང་རྒྱུ།
རི་བོ་ཉི་ཟླའི་ཕར་ཚུར།
ཨ་ཅེ་རྒྱ་བཟའ་སྐུ་ལས་ཁག་སོང་ཟེར།
ཁྲི་ཤོར་རྒྱལ་མོའི་ཕྱི་ནང་།
ཁྲི་འབྲིང་བློན་གྱི་གློ་བ་རིང་སོང་ཟེར།
ལོ་རྒྱུས་བྲག་བརྐོས་རི་མོ་མིག་ལ་བཞའ་ཞོར།
དབུས་ཀྱི་བུ་ངས་རྒྱ་སྐད་ཀྱི་རྟ་ལ་བཞོན་མ་ཐུབ།
ཨ་མདོའི་མཁས་པས་གཞན་སྐད་ཀྱི་འཁོར་ལོ་སྐོར། དེ་ལྟར་
ལག་འཇུ་གཏོང་ཞོར་སེམས་ཁྱད་ནི་མཚོ་སྔོན་པོའི་ཕ་རོལ་དང་ཚུར་རོལ།
དེ་ལྟར། བཟའ་བཏུང་བྱེད་ཀྱིན་བློ་རྒྱ་ནི་ཁག་ཁག་སོ་སོ།
སེར་བ་ལྟར་རྒོད་པའི་དུས་ཚོད་ཀྱི་འགྱུར་ལྡོག་ཁྲོད། འདི་ན་ལྷག་པ།
ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་ཙམ།
ཡང་ན། ཆབ་ཆའི་བོད་པ་ཚོའི་སྒོར་བྲོ་ལས།
དཔུང་རྡང་ཤིག་ཤིག་གི་འདྲིས་ཆ་དེ་རིག་དཀའ།
ཕྱོགས་ཕྱོགས་ནས་འོང་བའི་འགྲུལ་པ་བྲེལ་བ་ཅན་ཚོ།
མ་ཎི་འདྲེན་ཞོར། གླུ་ཆུང་ལེན་ཞོར།
མཚོ་སྔོན་པོའི་ངོགས་ནས་པར་རེ་བླངས་ཏེ་ཡུལ་ལ་ཐོན།
ཁྲི་ཤོར་རྒྱལ་མོའི་གསང་བ་བསྔོགས་ཏེ་སྔས་སུ་བྱེད། ད་དུང་
སྐྱོ་གར་གྱི་མེ་ལོང་ཞིག་ཡང་ཡང་འཕྱིད་ཀྱིན།
ཨ་མེས་ལྷ་རི་ཡི་གྲིབ་གཟུགས་ལ་ཕྱག་གྱང་འགྱེལ་འགྱེལ་འཚལ།
བློ་ལ་མ་ཤོང་བའི་གནམ་སའི་མཐའ་ལ་ཕྱིར་མིག་ཡང་ཡང་ལྟ།
ཡོད་ཚད་ལ་བསམས་དུས། ང་རང་མདང་སྐྱེས་ཀྱི་བྱིས་པ་ཞིག་ཡིན་ན་སེམས།
— ང་ལ་ཡང་སིལ་སིལ་གྱི་མཚར་སྣང་མཁོ་བ་ཤེས་ཡོད།
ང་ཡི་སྤྲོ་སིང་སིང་གི་རྨི་ལམ་གཤོག་པ་ཆག་མི་རུང་།
ང་རང་གྲིབ་གཟུགས་ཀྱི་འོད་སྣང་ནང་དུ་འཆི་མི་འདོད།
གྲོང་གསེབ་བུ་མོ།
སེམས་ཧམ་ཆེན་གྱིས་འཇིག་རྟེན་བསྐོར་དུས།
ལུས་གོག་པོ་མུན་པའི་ཀློང་དུ་མྱུལ།
རྒྱགས་ཤིང་ཐང་བའི་ཉི་ཐིག་འོག་གི་གྲིབ་མ།
སྦོམ་དྲགས་ཀྱང་ངའི་འདུག་རོགས་ཡིན།
སེམས་ངལ་གསོ་བཞིན་པའི་དབུགས་རིང་།
ངའི་རྣམ་ཤེས་སུ་འཐིམས་པའི་སྡུག་ཡུས་ཅི་ལ་སྲིད།
དགའ་ཞིང་དགྱེས་པའི་སེམས་ཁོངས་ཀྱི་འཛུམ་མདངས།
སྒྲུང་ཐུང་བཞིན་གྱི་བཅོས་མའི་གར་སྟབས་ཤིག
ཧམ་སེམས་ཀྱིས་བསླུས་པའི་གྲིབ་མ་ནག་པོ།
སོ་དཀར་གྱི་འཛུམ་ཕྲེང་ཁོ་ནས་ཡོད་ཚད་བཏུལ།
ཡོད་ཚད་གྲིབ་གཟུགས་ལ་རེ་ནས་འཚོ་དུས།
ཉི་ཐིག་གི་ངོ་སོའི་ཁྲོད་ན།
གར་སོང་མེད་པའི་གྲིབ་མ་མཇུག་ཐུང་།
ངའི་རྣམ་ཤེས་ལ་འགྲེལ་པ་ཇི་ལྟར་བྱེད།
སྐྱོ་གར་གྱི་རྣམ་ཐར་ལ་རྟོག་བཟོ་དབེན་ཡང་།
ཁྲམ་པས་བསླུས་པའི་གཟུགས་ཕུང་འདིར།
འཁྱོག་བཤད་ཅེས་པའི་མགུར་དབྱངས་རེ་འཐེན་རན།
ཉི་ཟླའི་དབང་ཡོད་ཀྱིས་བཅོམ་པའི་གྲིབ་མ་ནག་པོ།
ཡ་ཟུང་གི་ཆས་གོས་རིང་དུ་ཕུད་ནས།
རིང་ཐུང་གི་འགྲེལ་པ་ལོས་ཡོད།
གང་ལྟར་སྟོང་སང་སང་གི་ནམ་མཁའ་ལྟ་བུའི་ཀློང་ནས།
བདེན་པ་ཅེས་པའི་ཐ་སྙད་ཅིག་འཚོལ་བར་འདོད།
ཨ་ཅེ་འབྲོག་མོ།
གྲིབ་མ་ནག་པོ།
སྣང་བ་ཡི་ལག་འཇུ་ཡོད་པས།
ད་གཟོད། ཁྱོད་ཀྱིས་རང་ཉིད་ཆེ་བར་བརླམས།
རྒྱ་མཚོ་ཧུབ་འཐུང་གི་སྟོང་བསམ་མངའ་བས།
ཁྱོད་རང་གཅམ་གསག་གི་ཟོལ་ཚིག་སྨྲ་མཁས།
གྲིབ་མ་ནག་པོ།
འོད་ཟེར་གྱི་རྒྱབ་རི་ཡོད་པས།
ད་གཟོད། ཁྱོད་ཀྱིས་རང་ཉིད་བཟང་བར་བརླམས།
ནམ་མཁའ་སྦར་འགེབས་ཀྱི་རྔམ་སེམས་ཡོད་པས།
ཁྱོད་རང་བསླུ་བྲིད་ཀྱི་ལྕགས་ཀྱུ་བཀོན་མཁས།
གྲིམ་མ་ནག་པོ།
རྫུ་བག་གི་སྒྱུ་འཁྲུལ་ཡོད་པས།
ད་གཟོད། ཁྱོད་ཀྱིས་རང་ཉིད་མཁས་པར་བརླམས།
སྲ་མཁྲེགས་ངར་ལྕགས་ཀྱི་སྙིང་ཁ་མངའ་བས།
ཁྱོད་རང་གདུག་རྩུབ་ཀྱི་དུག་མདའ་འཕངས་མཁས།
གྲིབ་མ་ནག་པོ།
རྒྱུ་འབྲས་ཀྱི་བློ་མིག་ལྡོག་པས།
ད་གཟོད། ཁྱོད་ཀྱིས་རང་ཉིད་གྲུང་བར་བརླམས།
བྱམས་སེམས་དམར་གསོད་ཀྱི་ཤན་གྲི་མངའ་བས།
ཁྱོད་རང་སྒེར་སེམས་ཀྱི་ཞགས་པ་གཡུགས་མཁས།
གྲིབ་མ་ནག་པོ།
བརྐྱང་བསྐུམ་གྱི་གར་ལ་མཁས་པས།
ད་གཟོད། ཁྱོད་ཀྱིས་རང་ཉིད་འཇོན་པར་བརླམས།
སྦྲང་རྩི་བུ་རམ་གྱི་མཆུ་གྲོས་མངའ་བས།
ཁྱོད་རང་ཟོལ་བསྟོད་ཀྱི་གླུ་དབྱངས་ལེན་མཁས།
གྲིབ་མ་ནག་པོ་ཡཱ། ནག་པོའི་གྲིབ་མ།
རང་དོན་སྣ་འཇུས་མདུན་ནས་འཐེན།
ཆག་སྒོའི་རྦབ་རྡོ་རྒྱབ་ནས་གྲིལ།
སྣེའུ་མཐོང་གྲོལ།
མུན་ནག་གི་གཉེན་པོ་འོད་ཟེར་ཅན་ཁོང་གི་དྲིན་ལས།
ས་མཐོའི་རི་ཀླུང་གང་སར་སོ་སོའི་གྲིབ་གཟུགས་རེ་མཐོང་རྒྱུ་ཡོད།
དེ་ནི་གདོན་འདྲེ་བཞིན་རང་གི་མདུན་དང་རྒྱབ་ལ་འཆར་འོང་ལ།
གཡས་དང་གཡོན་ལའང་འཆར་ནས་རང་དང་མཉམ་དུ་འགྲོགས།
གྲིབ་གཟུགས་ཁོ་ལ་ཉམས་སྣང་ཆེས་ཆེར་ལྡན་པ་ཞིག་སྟེ།
གང་དུ་འཆར་ཡང་དེ་བྱུང་དཀའ་སྡུག་གི་སྨྲེ་ངག་མེད།
ནག་རིལ་རིལ་འཁྱུག་འགྲོ་ལ་གཞན་ལའང་བསྟུན་པར་མཁས།
མུན་ནག་ཁྲོད་ཚེ་སྲོག་དོར་དགོས་ཐུག་ཀྱང་སྐད་ཅིག་ཙམ་ཡང་མི་སྡོད།
ང་ཚོའི་མི་ཚེའི་འགྲོ་ལམ་རིང་མོའི་སྟེང་།
འོད་ཟེར་ཅན་དང་འགྲོགས་སྙམ་བསམ་མཁན་ཡོད་ལས་ཆེ།
འོན་ཀྱང་གྲིབ་གཟུགས་ནང་བཞིན་ཞུམ་པ་མེད་པར་འགྲོགས་མཁན་ཉུང་།
གལ་སྲིད་ཡོད་ནའང་རྒྱུན་ལ་བསྲིང་ཐུབ་མཁན་མེད་པ་ཡི།
ཡང་ན་འཁང་རས་ཁེངས།
ཡང་ན་སྡུག་ཡུས་ཀྱིས་བཅད།
ཡང་ན་ཡི་ཐང་ཆད།
··· ···
གྲིབ་གཟུགས་བཤིབ་ན་མི་བདེ་འགྲོགས་ན་བདེ།
དེ་ཁོའི་ཉམས་སྣང་ངོ་།
ཡར་ཀླུང་ཁྲི་ཐང་ནས་སྤེལ་བ་དགེ་གྱུར་ཅིག་གུ།
༢༠༡༩ལོའི་ཟླ་༤པའི་ཚེས་༢༧ཉིན།
དད་སྤྲོ།
མེས་པོའི་མདུན་བསུའི་གཏམ་ལ་འགྲེལ་པ་མེད།
སྔོན་བྱོན་དམ་པའི་ལུང་བསྟན་རྒྱང་རིང་དུ་ལུས།
ཁྱོད་ཀྱི་འཆར་གཞི་མི་མངོན་པའི་ལམ་ཆུང་སྟེང་གི་རྒྱང་བསྐྱོད།
དམིགས་ཡུལ་མེད་པར་རྒྱུགས་པའི་འབུ་སྲིན་བཞིན།
མུན་ནག་གི་ཁྲོད་ནས་འཛུམ་པ་སུ་ཡིས་མཐོང་ངམ།
ཁྱོད་ཀྱིས་བདེན་གཏམ་ཡོད་ཚད་གཞན་ལ་སྦྱིན།
རྫུན་གྱིས་སྐྱོང་བའི་སྟོང་བསམ་གྱི་འཇའ་ཚོན་ཞིག་འཆར།
འཚོ་བའི་མེ་ལོང་གི་རི་མོར་གསལ་བ་མེ་ཕུང་ཁོ་ན་ཡིན་ནམ།
ཁྱོད་ཀྱིས་ལག་ལེན་གྱི་ཁ་ཕྱོགས་འཛོལ་བའི་སྲི་ཞུར།
རྒྱབ་ལྗོངས་བརྗེས་ནས་ཕྱིར་མིག་མ་འཕངས་རོགས།
སྨུག་སྤྲིན་འོག་ཏུ་མནན་པའི་རྗེས་ཤུལ་རིང་མོ།
རྗེས་ཤུལ་ལྗིད་པོ་ཐེག་པའི་དུས་ཀྱི་རྟ་ཕོ་རྙེད་ཐུབ་བམ།
རེ་ཐག་ཆད་པའི་ཚ་གྲང་རེ་རེ་བརྒལ་དུས།
ཁྱོད་ཀྱི་མི་གཤིས་ལ་ཕོག་ཐུག་མི་ཐེབས་པར།
འཁྲེང་སེམས་ཀྱིས་སྡུག་ཡུས་གྲིབ་ནག་ཏུ་བོར།
བདེ་བགྲོད་ཀྱི་ལམ་ཆུང་ག་ལེར་གསལ་ཡོང་དུས།
ཁྱོད་ཀྱིས་རྒྱང་རིང་ནས་བསྐུར་བའི་ཟོལ་མའི་ཨ་ལན་རུལ་སོང་།
འདྲིས་ཆེ་བའི་ཁྱོད་ཀྱི་རྒྱབ་གཟུགས།
ཡིག་ཐོག་ཏུ་འགོད་པའི་སྟོང་ཆ་མི་འདུག
ཐེ་ཚོམ་དང་རྣམ་རྟོག་ཅི་ཡང་མེད་པར།
སྙིང་གཏམ་ཡོད་ཚད་ཁྱོད་ལ་འདྲི་རྒྱུར་བཞག་ཡོད།
འདྲུ་བཀྲ་ཤིས་རྒྱལ།
དལ་གྱིས་བསམ་ཚེ།
མི་ཚེ་ཧྲིལ་པོ་གྲིབ་གཟུགས་ཤིག་ལ་ཅེར་ནས་སྡོད་པ་ཙམ་ལས།
ངས་ཅི་ཞིག་ཀྱང་བློས་གཏོང་བྱས་མེད།
མགོ་བོ་ཀེར་ཏེ་རྐང་པ་སྤོ་དུས།
རང་ཉིད་ཀྱིས་རང་ཉིད་ལ་མཚར་སྣང་བྱས།
ཞྭ་དཀར་པོ་ཞིག་གྱོན་ཡོད་བཞིན།
གྲིབ་གཟུགས་ནག་པོ་ཞིག་འཆར་བར་མཚར་སྣང་བྱས།
འཇིག་རྟེན་གྱི་བསྡོམས་ཚིག་ཧྲིལ་པོར།
ངས་རང་ཉིད་ཡེ་ནས་མ་བརྗེད།
རང་ཉིད་ཀྱི་མི་ཚེ་དང་མི་ཚེའི་འཚོ་ལམ་ཡེ་ནས་མ་བརྗེད།
སྒམ་ལྷིང་བྱོས།
གྲིབ་གཟུགས་ནི་རླུང་གིས་ཁྱེར་མི་སྲིད་ལ།
འབྱུང་བཞི་གང་གིས་ཀྱང་འཇིགས་མི་སྲིད།
ལྷོ་སྨོན།
ང་ནི་གཏི་མུག་ལ་ཞེན་པའི་བག་ཕེབས་པ་ཞིག
ང་ནི་སྟོང་བསམ་ལ་དགའ་བའི་རྨི་ལམ་བ་ཞིག
ང་ནི་རླུང་གིས་འདེད་པའི་འཁྱམ་པོ་བ་ཞིག
ཀྱེ་མ། ང་ལ་འོད་ཅིག་གནང་རོགས།
ང་ལ་འོད་གཅིག་ཤིན་ཏུ་ནས་མཁོ།
ཉི་འོད་འདྲ་བའི་དྲོད་འཇམ་གྱི་འོད་ཅིག་མཁོ།
ཟླ་འོད་འདྲ་བའི་མུན་སེལ་གྱི་འོད་ཅིག་མཁོ།
སྐར་ཚོགས་འདྲ་བའི་ཕྱོགས་སྟོན་གྱི་འོད་ཅིག་མཁོ།
འོད་འདི་ཡོད་ན།
ཤིན་ཏུ་མཁོ་བའི་འོད་འདི་ཡོད་ན།
ངའི་མུན་ནག་གི་ལུས་ཕོངས་ལ།
དོན་ལྡན་མི་ཚེའི་གྲིབ་མ་ཞིག་འཆར་ངེས།
ངའི་རྨི་ལམ་གྱི་འཇིག་རྟེན་ལ།
རེ་བའི་ས་བོན་གྱི་མྱུ་གུ་ཞིག་འབུད་ངེས།
ངའི་ཁ་ཕྱོགས་བོར་བའི་མིག་ཟུང་ལ།
བྱང་སྐར་སྤུན་བདུན་གྱིས་ལམ་སྣེ་ཞིག་སྟོན་ངེས།
ང་ལ་འོད་ཅིག་མཁོ།
ང་ལ་འོད་ཅིག་ཤིན་ཏུ་ནས་མཁོ།
ཤིན་ཏུ་མཁོ་བའི་འོད་འདི་ཡོད་ན།
ངའི་ཡོད་ཚད་ལ་གྲིབ་གཟུགས་ཤིག་འཁྲུངས་ངེས།
རང་དབང་གི་གྲིབ་གཟུགས་གཙང་མ་ཞིག་འཁྲུངས་ངེས།
གཉལ་ཕྲུག་སྤེན་ཚེ།
སེམས་པ་དམར་ཆུང་སྙིང་ལ་རྗེ་པོ། །
བདེ་འདོད་འདུ་འཛིས་རྡུལ་ནག་འཐུལ་སོང་། །
ལུས་པོར་དཀར་རྩི་ཇི་ལྟར་བྱུག་ཀྱང་། །
གྲིབ་ནག་ས་ཡི་དཀྱིལ་ལ་ཟུག་སོང་། །
ཕ་མེས་ཡང་མེས་ངོམ་སོར་འཕྱར་ཞིང་། །
བཀའ་དང་དགོངས་པ་རྡོག་པས་བརྫིས་ཏེ། །
སྲོལ་བཟང་ཁོག་ནས་ཐལ་རྡུལ་འཚུབ་དུས། །
དམ་ཉམས་གྲིབ་ནག་ཀླད་ནས་འཁྱིལ་འདུག །
བྱམས་པ་ཆེན་པོ་ཁ་ལ་སྒྲོག་ནས། །
མ་ཎི་ཡིག་དྲུག་དབྱངས་ལ་བཀུག་ནས། །
ཕྲེང་བ་རིན་ཆེན་དྲེག་པས་འཚོས་དུས། །
ཕྱི་ཚུལ་གྲིབ་ནག་འཚོ་བར་བྱིང་འདུག །
གླུ་ཆུང་སྙན་མོ་རྣ་བའི་བུ་རམ། །
ཞབས་གཞས་ཉམས་ལྡན་མིག་གི་ལོངས་སྤྱོད། །
སྐྱུར་རྩིའི་ཕོ་བྲང་ནང་མ་ཁང་ནས། །
ནང་དམེའི་གྲིབ་ནག་བར་སྣང་ཁྱབ་སོང། །
བརྡ་ཁྱབ་སྙན་མོ་ས་ཁྱབ་རྡོ་ཁྱབ། །
བསམ་བློ་ཡངས་མོ་བྱ་སྤུ་རླུང་འཁྱེར། །
མི་འདོད་སྡུག་མདའ་མགོ་བོར་ལྷུང་དུས། །
སྣ་གཅུའི་གྲིབ་ནག་དྲན་པར་བརྐོས་གདའ། །
སྐད་ཅིག་བདེ་བར་འགྲམ་ཆུ་ལྡང་བས། །
འགྱོད་གདུང་མྱུ་གུ་མགོ་བོ་འབུར་དུས། །
བདེ་བའི་རྗེས་ཀྱི་སྡུག་བསྔལ་མེ་ལྕེ། །
ཀླད་སྟོང་གྲིབ་ནག་ཡལ་བ་མི་འདུག །
དྲང་པོའི་ལས་ལ་གང་ཐུབ་གཡོལ་ཞིང་། །
རྫུན་ཚིག་གཡོ་གཏམ་ལྷག་ཏུ་བྱང་བས། །
བདེན་དོན་མེ་སྟག་འཆི་ལ་ཉེ་དུས། །
ཁྲེལ་མེད་གྲིབ་ནག་རུས་པར་ཟུག་གདའ། །
དུས་ཀྱི་གོམ་འགྲོས་སྐར་མདར་འགྲན་ཅིང་། །
སྲོལ་གསར་ཚ་རླབས་མཁའ་རུ་འཁྲིགས་ནས། །
གྲིབ་མ་ནག་པོ་སེམས་ལ་ཟུག་དུས། །
ཅི་ཡང་མི་ལྷག་རང་ཡང་བོར་ཉེ། །
ཡར་ཀླུང་ལྕང་གསར།
ཆུ་ཤེལ་དབང་པོ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་ལ།།
ཞེན་པ་གྲིབ་མའི་གཟུགས་ཀྱི་བཀབ་ཅིང་ལུས་སེམས་བཙོན་དུ་བཅུག །
བདེ་ལ་རེ་ཞིང་སྡུག་ལ་མི་འདོད་རང་རྒྱལ་བསམ་པ་ཅན།།
ཅི་ལ་འབད་ཀྱང་བདག་འཛིན་གྲིབ་མས་བཅིངས་པའི་འཁོར་བའི་མགྲོན།།
རྟ་ལྗང་འོད་ཟེར་དུག་སྤྲིན་ཁ་རླངས་ནག་པོས་གྲིབ་པ་བཞིན།།
སྤུན་གྱི་བརྩེ་བ་རྒྱུ་དང་དངུལ་གྱི་གྲིབ་མའི་འོག་ནས་འཁྲུག །
གྲོགས་པོའི་ལ་རྒྱ་ཐོབ་དང་གོ་སའི་གྲིབ་མའི་འོག་ནས་འཁྲུག །
འཁྲུག་རྩོད་ཆེ་བའི་་འཇིག་རྟེན་ལྕགས་སྒྲོག་ལྟ་བུར་ཡིད་རེ་སྐྱོ།།
ཤ་རུས་བསྲེག་སྦྱོར་བྱེད་ལ་འདྲེ་མོར་བལྟ་སྟངས་ངན་པོ་གཅིག །
ལྕགས་བཟོ་མགར་མཁན་རྣམས་ལ་རིགས་ངན་བལྟ་སྟངས་ངན་པོ་གཉིས།།
དབུལ་ཕོངས་ལྕགས་ཕོར་བསྣམས་པ་སྒོ་ཁྱིར་བལྟ་སྟངས་ངན་པོ་གསུམ།།
ང་རྒྱལ་གྲིབ་མའི་གཟུགས་ཀྱི་བཀླུབས་པའི་འུག་པའི་རང་གཟུགས་ཅན།།
དུག་ཐ་འཐེན་པའི་གནོད་འཚེ་བརྐྱལ་ནག་ཁེངས་པའི་བྱ་ངན་གཅིག །
ཆང་རག་བཏུང་བའི་དྲན་བརླག་ཕུ་མདའ་དཀྲུགས་པའི་བྱ་ངན་གཉིས།།
ཤོག་སྦག་འགན་བཙུགས་འོག་གིས་འཕྲོག་བཅོམ་ངན་པའི་བྱ་ལས་གསུམ།།
རིན་ཆེན་དུས་ཚོད་བྱ་ངན་གྲིབ་གཟུགས་འོག་ལ་བརླག་པ་སྐྱོ།།
དྲང་གཏམ་འཁྱོག་རྟགས་འཐེན་ཅིང་རྫུན་པ་བདེན་པའི་དཔང་དུ་བཟུང་།།
དམ་པར་སྐུར་འདེབས་བྱ་ཞིང་བདག་ཉིད་མཁས་རློམ་གཡོ་སྒྱུས་རྒྱན།།
ཕ་མའི་བསླབ་བྱ་བསྐྱུར་ནས་ཁྲམ་པའི་ངོ་བཟུང་གཏམ་ལ་ཉན།།
གཡོ་ཇུས་གྲིབ་མའི་གཟུགས་ལས་འཁྲུངས་པའི་འཇིག་རྟེན་ཝ་མོའི་གར།།
རྣམ་ཏོག་ཞགས་པས་་བཅིངས་པའི་སྒྱུ་མའི་ཟློས་གར་འཁྲབ་གཞུང་ནང་།།
ལས་འབྲས་ཕྱིན་ཅི་ལོག་པའི་ལྟ་ངན་གྲིབ་མའི་ང་རོ་སྒྲོག །
ཉེར་གཅིག་འཕེལ་ཤུགས་གློག་ལྟར་མྱུར་བའི་འགྲན་རྩོད་བྲེལ་འཚུབ་ཁྲོད།།
དོན་ལྡན་མེ་ཚེའི་སྙིང་པོ་དོན་མེད་གྲིབ་མས་ཁུར་བ་སྐྱོ།།
བསིལ་ལྡན་ལྗོངས་ཀྱི་མགོ་ནག་མི་གཟུགས་གར་ལ་བྱོན་པའི་ཚོགས།།
གཡོ་ལས་གྲིབ་མའི་གཟུགས་འོག་ཐམ་མེ་ཐོམ་མེར་མ་བཞུགས་པར།།
བཅུ་ཕྲག་རིག་པའི་གནད་ལ་ཕུགས་བསམ་ལྡན་པའི་བརྩོན་མཛད་ནས།།
ཞི་བདེའི་ལམ་དང་རང་སྲོག་སྐྱོང་བའི་བྱ་བ་གྲུབ་པར་མཛོད།།
ཅེས་པ་འདི་དངོས་མིང་པདྨ་ཆོས་འཕེལ་འབོད་པས་དཔལ་ཡར་ཀླུང་བཀྲ་ཤིས་ཆོས་སྡེ་དགོན་དུ་སྦྱར།
ཡར་འབྲོག་རྟ་གསར།
དཀར་པོ་ལྷ་དང་།
ནག་པོ་བདུད་ཀྱི་མིག་ཟུང་ཁྲ་ཁྲའི་འོག
“ཉེས་ཅན”ཁྱེད་ཡིན་ནམ།
ཁ་སང་། གྲི་གུམ་བཙན་པོ་ས་ལ་ཟགས་སོང་།
རྨུ་ཐག་ཆད་པའི་གྲིབ་མ་དང་ལྷན་དུ།
ད་དུང་། འུ་དུམ་བཙན་པོའི་མངའ་ཐང་ཡང་།
ཞྭ་ནག་དང་བེར་ནག་གྱོན་པའི་མདའ་མོའི་གྲིབ་འོག་ཏུ།
ཚངས་དབྱངས་རྒྱ་མཚོ་འཁོར་བར་བསྐྱིལ་སོང་།
སྲིད་ཀྱི་གྲིབ་མ་རིང་པོ་རིང་པོ་དེ་དང་ལྷན་དུ།
ཉོན་དང་། ཕ་སྐད་ཀྱི་རང་མདངས་ཀྱང་།
སྦྲགས་སྐད་བསྲེས་མའི་གྲིབ་མ་དང་ལྷན་དུ།
དེ་ལྟར།
ཉི་འོད་ཀྱིས་སེར་པོར་མི་འགྱུར།
ཟླ་འོད་ཀྱིས་དཀར་པོར་མི་གྲུབ།
མགོ་ལུས་བཏུམས་པའི་འཇིག་རྟེན་གྱི་གྲིབ་མ་ནག་པོ།
ལས་ཀྱིས་བསྐོན་པའི་རྡོ་ཞྭ་བཙན་པོའི་གཟུགས་བརྙན་དེ་རེད་ཨང་།
༢༠༡༩/༤/༡༨ཀྱི་ཞོགས་ཀར་རང་ཚོར་དང་པོ་ཡི་གེར་ཕབ་བོ།
གངས་སྨྱོན་ཚུལ་ཁྲིམས།
ཕྱག་གཡུགས་ཤིག་གི་དུས་ཡུན་དེ།
རྒྱབ་གཟུགས་ལ་ཁེན་པའི་སེམས་གཅོང་ཡིན་སོང་།
རྣ་ལ་གཟན་པའི་དུང་བརྡ།
དྲན་གདུང་གི་བསླུ་བྲིད་རེད་འདུག
དབྱངས་ཅན་མ། ད་ཕེབས་ཤིག
ལས་དབང་གི་རྒྱུད་སྐུད་ཆད་ཟིན།
བརྩེ་དུང་གི་བུམ་པར་གས་ཆག་ཤོར་ཟིན།
ཕེབས་ཤིག ཕྱི་ལྟས་མེད་པར་་་་་་་་།
མིག་གིས་ཟིན་ཚད་ཀྱི་གྲིབ་མ་དང་ལྷན་དུ།
འབབ་ཚུགས་དེའི་ཁོར་ཡུག་ལྷིང་འཇགས་སུ་གྱུར་སོང་།
ཕེབས་ཤིག སྙིང་རྗེ་མེད་པར་་་་་་་།
ད་ནི་ལས་དབང་གི་བསླུ་བྲིད་ཅིག་ལས་ཐར་ཟིན།
འཆིང་ཐག་གི་ཞགས་པ་ལས་གློད་དཀྲོལ་བྱུང་ལས་ཆེ།
མེ་ཏོག་ཡལ་བའི་ནམ་ཟླ་དེར།
རབ་རིབ་ཀྱི་གྲིབ་གཟུགས་འབའ་ཞིག
ད་གཟོད་ངའི་ཁོར་ཡུག་ཏུ་ཡང་ཡང་འཁོར་ཡོང་།
(འཇར་མན)ཧན་སི་མ་ཀི་ནུར་ཨིན་ཚི་སེ་པེ་ཀེར་གྱིས་བརྩམས།
ཡར་ཀླུང་སྙན་པོ་དབྱངས་གྲོལ་གྱིས་འགྱུར་རྩོམ་བྱས།
སྐབས་འདིར་ངས་ཀྱང་ཡུལ་ཞིག་མཐོང་།
རང་དབང་གི་ཡུལ་ཞིག་མཐོང་།
དེ་ནི་གྲིབ་གཟུགས་ནང་ན་མཆིས།
གྲིབ་གཟུགས་འདི།
འཚོང་ཡས་མ་རེད།
རྒྱ་མཚོས་ཀྱང་།
གྲིབ་གཟུགས་ཞིག་ས་ལ་ཕབ་ཡོང་།
དུས་ཚོད་ཀྱང་ཕལ་ཆེར་དེ་ལྟར་རེད།
གྲིབ་གཟུགས་ཀྱི་དམག་འཁྲུག་ནི་རོལ་རྩེད་ཅིག
དེ་ལ་ཡང་གྲིབ་གཟུགས་མེད།
དེ་ནི་གྲིབ་གཟུགས་ཀྱི་འོད་གཞན་ཞིག་ན་ལངས།
གྲིབ་གཟུགས་ནང་འཚོ་བའི་མི་དེ་དག
ལས་སླ་པོར་གསོད་མི་ཐུབ།
ཡུད་ཙམ་ཞིག་ནས།
ངས་ང་ཡི་གྲིབ་གཟུགས་བརྒལ།
ཡུད་ཙམ་ནས་་་་་་་་
གྲིབ་གཟུགས་མཐོང་འདོད་པའི་མི་དེ་ཚོ།
ངེས་པར་དུ་གྲིབ་གཟུགས་ནང་ཕྱིར་ལོག་བྱེད་དགོས།
གྲིབ་གཟུགས་ཀྱིས།
ཉི་འོད་གཞོགས་སུ་བཞག
དེ་ནི་རང་དབང་གི་གྲིབ་གཟུགས་གྲང་མོའོ།
གྲིབ་གཟུགས་ནང་ཡོངས་སུ་འཐིམས་པས།
ང་ཡི་གྲིབ་གཟུགས་ཡལ་སོང་།
གྲིབ་གཟུགས་ནང་།
སྐབས་འདིར་ཡང་ད་དུང་བར་སྟོང་ཡོད།
2019.4.28 ཉིན་གྱི་ཞོགས་པ་ཆིན་ཧྭ་སློབ་ཆེན་དུ་འགྱུར་རྩོམ་བྱས།
རྩོམ་པ་པོ་ངོ་སྤྲོད། ཧན་སི་མ་ཀི་ནུར་ཨིན་ཚི་སེ་པེ་ཀེར།འཇར་མན་གྱི་སྙན་ངག་པ། ཁོང་ནི་དམག་འཁྲུག་ནང་ཞུགས་མྱོང་ཞིང་། ཁོང་གིས་རྩོམ་པ་པོས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དགོས་པ་དང་། བརྩམས་ཆོས་ཀྱིས་དངོས་ཡོད་ཀྱི་འཚོ་བ་མཚོན་དགོས་ཞེས་གསུངས། སྙན་ངག་གི་བརྩམས་ཆོས་ཚབ་མཚོན་ལ་《དུར་ས》དང་།《(RMS Titanic)ཐའེ་ཐན་ཉི་ཁིའི་རྐྱེན་ངན》སོགས་ཡོད།
ཡར་ཀླུང་སྨིན་དྲུག
འོད་ཟེར་གྱི་ལས་དབང་དབུས་ནས་འཁྲུངས་པའི་ཚེ་ལམ་གི་འདུ་གྲོགས་ཁྱེད།།
ཉིན་མོའི་འགྲོ་རོགས་ཡིན་ལ་མཚན་མོའི་སྐྱོ་རོགས་ཀྱང་ཡིན།
འགྲོ་ན་ཡོད་ཚད་དང་ཡོད་ཚད་མི་འཇོག་དཀའ་མེད་ཡིན་ཡང་།
ཁྱེད་ནི་ངས་འཁྲིད་ཤག་ཤག་དང་ནམ་ཡང་དོར་ཐབས་མེད་པའི་བླ་གཡུ་སྔོ་ཆུང་དེ་རེད་ལ།
བསྡད་ན་ཁྱེད་ནི་ངའི་ལུས་སེམས་དང་སྐར་ཆ་གཅིག་ཡང་བྲལ་ཐབས་མེད་པར།
མཉམ་དུ་ལྷོད་ཤིག་ཤིག་ངང་སྙིང་གཏམ་གང་ཡོད་ཉན་མཁན་མཛའ་གྲོགས་གཅིག་བུ་དེ་ཡིན།
ལ་ལར་ཁྱེད་ང་ཡི་མདུན་ནས་རྫིག་རྫིག་ངང་སྣེ་ཁྲིད་བཞིན་བདག་
ལ་མདུན་བསྐྱོད་ཀྱི་སྟོབས་ཤུགས་འཛད་མེད་སྟེར།།
ལ་ལར་ཁྱེད་ངའི་རྗེས་སུ་བློ་རྩ་བརྟན་པོར་བསྙེགས་ནས་ང་ལ་མཐའ་གཅིག་བརྒྱབ་བསྐྱོར་གནང་།།
ལ་ལར་ང་གཉིས་ལུས་སེམས་གཅིག་ཏུ་འདྲེས་ནས་ཆུ་དང་འོ་མ་སུ་གང་ཡིན་དབྱེ་བར་དཀའ།།
ལ་ལར་ང་གཉིས་ཉིན་གང་ལབ་གླེང་ཅི་ཡང་མེད་ཀྱང་ཡོད་པ་ལས་ལྷག།
ངས་ཟླ་འོད་བསིལ་གྲིབ་འོག་ནས་ཁྱེད་ལ་སྙིང་གཏམ་ཡོད་ཚད་
བཤད་ཆོག་ལ།
ཉི་འོད་ཀྱི་ཚ་གདུངས་འོག་ཁྱེད་ལ་སྡུག་གཏམ་དང་ལན་ཁ་
གང་ཡང་བཏང་ཆོག།།
གང་ལྟར་ལས་འགྲོའི་འོད་དེ་ཇི་སྲིད་བར་གནས་ཀྱང་།
ཁྱེད་ཀྱང་ཇི་སྲིད་བར་ང་ཡི་འགྱུར་མེད་ཚེ་གང་གཏན་གྲོགས་དེ་ཡིན་པར་སྣང་།།
ཡར་འབྲོག་འཁྱམ་པོ།
ཁ་བ་ཡིས་ས་གཞི་གཏུམས་ཤིང་།
རླུང་བུ་ཡིས་བར་སྣང་གཡོ་སྐབས།
ངས་བསམས་པ་ནི་ཁྱེད་ཡིན།
སྨུག་སྤྲིན་གྱིས་འདུན་ས་བསྒྲིབས་ཤིང་།
སྨག་རུམ་གྱིས་ཟླ་ཟེར་འཇོམས་དུས།
ངས་དྲན་པ་ནི་ཁྱེད་ཡིན།
དེ་བས།
ཉིན་བྱེད་ཀྱི་ཟེར་རྒྱ་འཕྲོ་ཞིང་།
བཅོ་ལྔ་ཡི་དུང་ཟླ་ཤར་དུས།
ངས་འགྲོགས་པ་ནི་ཁྱེད་ཡིན་ལ། བརྩེ་བའང་ཁྱེད་ཡིན།
རེད་ཡ།
ཁྱེད་ནི་ངའི་ཚེ་གཅིག་གི་ཆ་ཡ།
ལུས་གཅིག་གི་སྐྱོ་རོགས།
ར་སྨད་འཕྲིན་པ།
མཚམས་ལན་རེར།
ཕལ་ཆེར་ང་ཧ་ཅང་རྒས་དྲག་པའི་ཚོར་བ་ཞིག་གིས།
ང་རང་མུན་ནག་ཏུ་བུད་འོང་བ་ཡིན།
གྲིབ་མ་འདི་ནག་དྲག་པས།
ངས་གྲིབ་མའི་རྗེས་མི་སྙེགས།
ཁ་ཉིན་གྱི་ཉི་མ་ཞིག་ལ།
ཁྱེད་རང་གི་རྒྱབ་ལྗོངས་འཚོལ་བའི་ང་།
ཉི་མའི་མདངས་སུ་བཞད་པའི་མེ་ཏོག་གསར་པ་དེ།
ཁྱེད་ཀྱི་གསུང་དབྱངས་ལ་འབུལ་ན་འདོད་ཀྱང་།
ལན་གཅིག་གི་ཟུར་མིག་དེ་དང་།
སྐབས་དེའི་བརྩེ་བ་ཆག་རོ་དེས།
ང་ལ་རྨི་ལམ་གྱི་གས་རོ་རྙིང་པ་དེ་དྲན་རོགས་བྱས་ཀྱང་།
དམིགས་བསལ་གྱི་ཁ་གཡང་ཅི་ཡང་འབོད་མེད་པས།
སེམས་ཀྱི་འགན་དུ་ཁྱེད་རང་བཞད་འོང་ཡང་།
སེམས་ཀྱི་གཡུ་སྦྲང་ལམ་གྱི་སྒོ་ཁ་ནས་ཐོན་ཚར་བས།
ངས་ཁྱེད་ལ་མུན་ནག་གི་སྤྲིངས་ཡིག་དེ་འཇོག་པ་ལས།
ལས་དབང་གི་ལག་རྡང་འབྲེལ་མ་ནུས་པས།
ཁྱེད་ཀྱི་ང་ལ་ད་དུང་ཐེངས་གཅིག་གི་གོ་སྐབས་མ་ཟེར།
སྒོ་ཁ་ནས་ཕྱིར་ཐོན་མ་ཐག་ནས།
ང་ལ་ཡ་ཡུས་ཀྱི་འབོད་བརྡ་ལན་གཅིག་གཏོང་མཁན་དེ་ཁྱེད་རང་ཡིན་ན།
མི་ཡུལ་གྱི་གྲིབ་མ་ནག་པོ་དེའི་རྒྱབ་ནས།
སེམས་གཏིང་གི་ཨ་ལན་ཐེངས་གཅིག་འབྱིན་མཁན་དེ།
ང་རང་དེ་བས་ཡིན་ཆོག་ཨང་།
མི་ཚེ་ནི་རྨི་ལམ་དང་འདྲ་ཞིང་།
རྨི་ལམ་ནི་གྲིབ་གཟུགས་ཀྱི་དབང་དུ་རྒྱར་བས།
ང་ཚོས་རྒྱབ་གཟུགས་ཀྱི་མཛེས་ལྗོངས་ལ་ལྟད་མོར་ཆས་པ་ནས་ཡུན་རིང་འགོར་ཡང་།
ང་ཚོ་ནམ་ཡང་ལས་དབང་གི་གྲིབ་མ་ནག་པོ་དེ་དང་།
ཐུན་གཅིག་གི་བྲལ་ཐབས་མ་རྙེད་ཙང་།
དུས་དང་བསྐལ་བའི་མཐའ་ནས།
ང་ཚོར་ལས་དབང་གི་གོད་ཆགས་ཆད་མ་མྱོང་།
འོན་ཏེ།
ལས་དབང་གི་གྲིབ་མའི་རུམ།
སྐད་ཅིག་གི་འགྱུར་ལྡོག་དང་།
སེམས་ཀྱི་གད་རོ་ཚང་མ་སྔར་ནས་གཡུག་ཟིན་པས།
ང་ནི་གྲིབ་མས་དེད་པའི་ལས་ཀྱི་ལྷག་མ་ཡིན།
ཚང་མ་མཆོག་ལེགས་སུ་བཀོད་ཡོད་ལ།
མ་ལུས་རང་བདང་གི་ལམ་དུ་ཆས་སུ་རློམ་ཡང་།
དེ་ནི་ཧ་ཅང་གི་སྟབས་བདེ་བ་ཞིག་ག་ལ་ཡིན།
མདོར་ན་དེ་ལ་གྲིབ་གཟུགས་ཀྱི་རྒྱབ་ལྗོངས་དང་།
ལས་དབང་གི་བཀོད་ཐང་མང་དྲག་པས།
ད་གཟོད་ང་ཚོ་ཐམས་ཅད་ལ་འདོད་བླ་མ་ཁེངས་པའི་མི་ཞིག་ཡིན་པ་རེད།
སྙིང་གི་བཅིད་དུ་རུམ་པའི་ཁུ་བ་ནག་པོ།
ངའི་བརྩེ་བས་ཉོས་པའི་དུག་རླངས་ཡིན་ལ།
ངའི་ལས་དབང་དང་གྲིབ་གཟུགས་ཀྱིས་འཐེན་པའི་ཤོག་བུ་ཡིན།
ལས་དབང་ལགས།
ཁྱེད་རང་གྲིབ་གཟུགས་ཀྱི་བཞིན་རས་ལ་ལྟ་བར་ཨེ་འགྲོ །
ངས་ཁྱེད་ལ་གྲིབ་གཟུགས་ཀྱི་རུས་པ་ནག་པོ་དེ་དང་།
ཁྲག་ཁྲོན་དམར་པོ་དེ་རྗེན་པར་བསྟན་ཆོག །
འོན་རྡོ་འབུམ།
ང་ལ་ལྟོས་ནས་འགྱུར་བ་འགྲོ་བཞིན་པའི་ཁྱོད།
སུ་ཞིག་གིས་མངགས་པའི་འོད་ཀྱི་ཕོ་ཉ་ཡིན་ནམ།
ང་ལ་ལྟོས་ནས་ལད་མོ་བྱེད་བཞིན་པའི་ཁྱོད།
སུ་ཞིག་གིས་སྐུལ་བའི་ཆོམ་རྐུན་ནག་པོ་ཡིན་ནམ།
ཁ་བྱང་དང་འགྲེལ་ནས།
ལོ་ངོ་མང་པོ་མི་ཡུལ་གྱི་ས་ཆུ་མེ་རླུང་འཚོ་རྟེན་བྱེད་པའི་ཁྱེད།
ཅི་ཞིག་གི་ཆེད་དུ། འདི་ལྟར་འདོ་མེད་དུ་འཚོ་འམ།
ཁོས་ང་ལ་གཅེར་ནས། ངའི་ཆེད་དུ་ཡིན་ཟེར།
ང་རང་རེ་ཞིག་ཧ་ལས་པར་འགྱུར།
ཁྱོད་དང་ང་ཡི་འབྲེལ་བ་ཅི་ཞིག་རེད།
ཁྱོད་དང་ང་ཡི་སེམས་པ་ཅི་འདྲ་རེད།
ཁྱོད་དང་ང་ཡི་བར་ན་ལེ་བར་ཇི་ཙམ་ཡོད།
ཁྱོད་དང་ང་ཡི་གནས་འབབ་ཅི་འདྲ་རེད།
མེ་ལོང་ཆེན་པོ་ཞིག་བཙལ་ཀྱང་།
ཁྱོད་རང་རང་གཟུགས་དེ་ངས་ངོས་མི་ཟིན།
ད་བར་དུ། ངས་རང་ཉིད་ཅི་ཡིན་མ་ཤེས་རྐྱེན།
ང་གཉིས་ཧ་ཅང་འདྲ་བོར་མཐོང་། ཐབས་སྡུག ཉམས་ཆག
ཡ་མཚན་གྱི་ཁྱེུད། འདི་ལྟར་བློ་དཀར་གྱིས་ང་རང་འདེད་པའམ།
ཡང་ན། ང་རང་གྲིབ་མ་བརྐུ་མཁན་ཞིག་ཏུ་འགྱུར་བ། སུ་ལ་ལན་ནམ།
ཐེངས་འདིའི་གསར་བྱོན་རྩོམ་པ་པོ་ངོ་སྤྲོད།
ཡོང་ཁུངས། རྡོ་འབུམ་སྤྱི་སྟེགས།