རིག་མ་བདེ་མཚོ།

༄༅།། རིག་མ་བདེ་མཚོ།

རྟོགས་སྨྱོན་དང་དཀོན་མཆོག་སྐྱབས། [རྨ་ལྷོ]

གཅིག
གནམ་མཐའ་ན་གྲང་འདར་རྒྱག་པའི་ཐོ་རངས་སྐར་ཆེན་ཡལ་ལ་ཉེ་དུས། གློ་བུར་བའི་འཁར་རྔའི་སྒྲ་ཞིག་གིས་
རིག་མ་བདེ་མཚོ་གཉིད་ལས་བསླངས། ཁོ་མོས་མིག་འབྱེད་ཙམ་བྱས་རྗེས་སླར་ཡང་ལོབས་ཕྱོགས་ལྟར་མིག་བཙུམ་སོང༌།
དེ་ནས་རེ་ཞིག་འགོར་བ་ན་དུང་ཆེན་གྱི་སྒྲ་གྲགས་ཤིང༌། གདངས་ཀྱི་སྤོམ་ཕྲ་མི་མཉམ་པའི་ཀློག་འདོན་གྱི་སྒྲ་དང་
དྲིལ་བུའི་སྒྲ་སོགས་ཀྱིས་ཁུ་སིམ་པའི་རི་ཁུལ་འདི་གཉིད་ལས་བསླངས་ཏེ། དྲོད་འཇམ་གྱི་ཉི་འོད་བསྟན་རྒྱས་གླིང་གི་རྒྱབ་
རིའི་རྩེ་ལ་ཕོག
བྲག་རི་འབའ་འབུར་གྱི་གསེང་གི་དར་ལྕོག་དང་རྨུ་ཐག་རླུང་གིས་སྐྱོད་ཅིང༌། རི་འདབས་སུ་བསྟན་རྒྱས་བཀྲ་ཤིས་
གླིང་འདི་ཆགས་ཡོད། དེ་ཡང་དཀྱིལ་དབུས་སུ་ཀ་བརྒྱད་ཅན་གྱི་འདུ་ཁང་རྔམ་བརྗིད་དང་ལྡན་པར་གནས། དེའི་གཡས་
ན་རྟ་མགྲིན་ལྷ་ཁང༌། གཡོན་ན་དུང་འཁོར་ཁང༌། རྒྱབ་ཕྱོགས་ན་མགོན་ཁང༌། མདུན་ན་གཟིམ་ཁང༌། དེའི་མཐའ་འཁོར་
ཀུན་ན་གྲྭ་ཤག་སོགས་ཁྲ་ལམ་མེར་ཆགས་ཤིང༌། བར་སྣང་ཀུན་ཏུ་ཤུག་དྲི་དང་མར་དྲི། སྤོས་ངད་ཀྱི་དྲི། བསང་རྩམ་གྱི་དྲི་
སོགས་ཁྱབ་ནས་འདུག གུ་དོག་པའི་སྲང་ལམ་ཀྱག་ཀྱོག་ན་གདོང་ཡོངས་ཐལ་རྡུལ་གྱིས་གོས་པའི་བན་ཆུང་ཚོས་འུར་
བརྒྱབ་ནས་ཡར་རྒྱུག་མར་རྒྱུག་བྱས་ཏེ་རྩེད་མོ་རྩེ། གྲྭ་པ་རྒན་པ་ཚོས་བསྟན་བཤིག་འདི་ཚོ་ཟེར་བཞིན་ཡར་འགྲོ་མར་འགྲོ་
བྱེད། ད་རུང་གྲྭ་པ་ཚོའི་བཞེས་འཕྲོ་ལ་སྒུག་པའི་ཁྱི་དང་ཁྱི་མོའི་འཁོར་རྣམས་སྲང་ནས་ཡར་མྱུལ་མར་མྱུལ་བྱེད་ཅིང༌། ཉེ་
འདབས་ཀྱི་མཐའ་བ་ནས་འོངས་པའི་ར་ལུག་ཀྱང་སྲང་ལམ་དང་སྐོར་ལམ་དུ་རང་དགར་འགྲོ་བ་མཐོང་ཐུབ། རྒྱང་ཐག་
ཅུང་རིང་བའི་མདུན་རིའི་ངོས་སུ་ནགས་ཐོ་རེ་བ་སྐྱེས་ཡོད་པ་དེ་ཨ་ལགས་ཐུགས་མཆོག་ཚང་གི་སྐུ་ཕྲེང་སྔོན་མའི་སྔོན་མ།
དེའི་ཡང་སྔོན་མ་ཞིག་གི་དབུ་སྐྲ་འཐོར་བ་ལས་སྐྱེས་ཞེས་ཡུལ་མིའི་ངག་རྒྱུན་ལ་གྲགས། རི་འདབས་ན་ཆུ་ཕྲན་ཞིག་ལྷུང་
ལྷུང་དུ་འབབ་པ་དེ་ནི་དགོན་པ་འདིའི་དགེ་འདུན་པའི་བཏུང་ཆུ་ཡིན་ལ། དབྱར་གཞུང་ཚ་བ་ཆེ་དུས་རིག་མ་བདེ་མཚོས་
ཁྲུས་བྱེད་སའང་རེད།
དགོན་པའི་ཉེ་འདབས་ཀྱི་མཐའ་བ་ན་སོ་ཕག་དམར་པོས་བརྩིགས་པའི་ར་སྐོར་ཞིག་ཡོད་པའི་རྩིག་ལྡེབས་ཀྱི་ངོས་
སུ་བཀྲ་ཤིས་རྟགས་བརྒྱད་སོགས་རི་མོ་སྣ་ཚོགས་ཀྱིས་བརྒྱན་པ་དེ་ནི་ཨ་ལཊ་ཐུགས་མཆོག་ཚང་གི་གཟིམ་ཤག་ཡིན་ལ། དེའི་
མདུན་ན་མེ་ཏོག་ལྡུམ་ར་གྲུ་བཞི་གྲལ་དག་པ་ཞིག་ཀྱང་འདུག སྒེའུ་ཁུང་རྩའི་ཨ་ལགས་ཀྱི་གཟིམ་ཁྲི་ལས་ཅུང་དམའ་སར་
མཐུད་པའི་རྨ་འབྲུག་རིས་ཅན་གྱི་གཟིམ་ཁྲེའི་སྟེང་དུ། རིག་མ་བདེ་མཚོ་ད་དུང་གཟིམས་ནས་ཡོད་ལ་གོས་ཆེན་ལྗང་སེར་
གྱིས་གཡོགས་པའི་གཟིམ་ཐུལ་རྨ་འབྲུག་གི་རིས་ཅན་དེའང་མནབས་ནས་ཡོད། དབུ་སྔས་ན་སྒྲ་འབེབ་འཁོར་ལོ་ཆེན་པོ་
ཞིག་དང༌། འགྲམ་གྱི་ཅོག་ཙེའི་སྟེང་དུ་གཡུ་བྱུར་གྱི་སྐེ་རྒྱན་སོགས་རྒྱན་ཆ་མང་པོ། སྲམ་ཁྲུ་གང་ལོངས་པའི་ཚ་རུ་གོས་ཆེན་
ནག་པོས་གཡོགས་པ་ཞིག་ཕུད་ནས་བཞག་འདུག མཐའ་བཞིའི་གྱང་ངོར་ཞལ་ཐང་མང་པོ་བཀལ་ཡོད་ཅིང༌། གཟིམ་ཁྲིའི་
ལོགས་སུ་རྨ་བྱ་དང་འབྲུག་རིས་ཅན་གྱི་ཤིང་སྒམ་མང་པོ་བརྩིགས་འདུག
ཡུད་ཙམ་ནས་རིག་མ་བདེ་མཚོ་ཡར་བཞེངས་ནས་མཛེས་རྒྱན་ལེགས་པར་སྤྲས་ཤིང༌། གནག་སྣུམ་གྱི་ལན་བུ་སུམ་
བསྣོལ་གྱིས་རྒྱབ་ཏུ་དཔྱངས། དངུལ་གྱི་སྐྲ་འཛིན་བྱུ་རུའི་ཕྲ་ཅན་དེས་དཔྲལ་མཚམས་ནས་སོར་བཞིའི་ཚད་དུ་འཕྲེད་ཀྱིས་
བརྒྱན། དབྱེས་ཆེ་བའི་དཔྲལ་བའི་ངོས་སུ་མ་བགད་ན་མི་མངོན་པའི་གཉེར་མ་མང་ཙམ་འདུག་ལ། རྣ་བར་གསེར་གྱི་རྣ་
རྒྱན་འཇོང་འཇོད་ཆ་གཅིག་དཔྱངས་པ་དེ་ཁོ་མོའི་ཅུང་ཟད་ཐུར་དུ་རིང་བའི་ཞལ་དབྱིབས་དང་འཕྲོད་ནས་ཡོད། ད་རུང་
མགུལ་དུ་གཡུ་དང་བྱུ་རུ། གཟི་བཅས་ཀྱི་སྐེ་རྒྱན་སུམ་རྐྱ་ཞིག་བཏགས། དཀར་ལ་མཉེན་པའི་ལག་གཡས་པའི་མཁྲིག་མར་
བ་སོའི་གདུ་བུ་གཉིས་གོན། ལག་པ་གཡོན་པར“ཝ་སི་ཀྲིན་གདོང་ནག་མའི”ཆུ་ཚོད་འཁོར་ལོ་ཞིག་བཏགས་འདུག
དངུལ་གྱི་ཕྲ་བཏབ་པའི་སྐེད་འཆིང་སྟེང་དུ་སོ་གྲི་གཡུ་བྱུར་གྱི་ཕྲ་ཅན་ཞིག་བཏགས་ནས་ཡོད་ལ། རྐང་མགོར་འཇུར་རྟ་
དམར་པོ་ཕྱི་རྟིང་ཅུང་མཐོ་བ་ཞིག་གྱོན་འདུག ཁོ་མོའི་སྐྱེ་གཟུགས་ཕྲ་ལ་རིང་ཞིང་མདའ་ལྟར་དྲང་བས་ན་ཆུང་ནུ་རྒྱས་མ་
ལེ་ལར་ད་དུང་སྐྱེངས་པ་སྟེར་ནུས་པ་ཞིག་འདུག
“བཀྲ་མཚོ། དེ་རིང་གཟིམ་ཚུང་ལ་གཙང་སྦྲ་ཡག་པོ་བྱོས། ཨ་ལགས་ཚང་ཕེབས་ལ་ཉེ།”
“ལགས་སོ།”
བདེ་མཚོས་མེ་ལོང་ལ་ལྟ་བཞིན་ད་ཐེངས་འཇིགས་བྱེད་སྒྲུབ་ཆེན་དང་དཔལ་ཆེན་གྱི་ལབ་ཙེ་བསྟད་པ་སོགས་
ཉུང་རྩིས་བརྒྱབ་ཀྱང་སྒོར་ཁྲི་གསུམ་ཡོད་ངེས་སྙམ་བཞིན་དགའ་སྤྲོ་སྐྱེས།
“བཀྲ་མཚོ། ཨེ་བཀྲ་མཚོ།”
“ཨ—ལགས” བཀྲ་མཚོ་བརྒྱུགས་ནས་འོངས།
“ཨེ། ཆུ་ཞིག་ཁྱེར་ལ་ཤོག་དང་ངའི་རྐང་བ་བཀྲུ་དགོས།”
“ལགས་སོ།”
ཟངས་ཀྱི་ཁྲུས་གཞོང་ཞིག་གི་ནང་ལ་ཆུ་དྲོད་འཇམ་གང་བླུགས་ནས་འོངས། བདེ་མཚོ་ཁྲིའུ་ཅུང་དམའ་བ་ཞིག་ལ་
བསྡད་དེ་བ་སོའི་ཕྲེང་བ་བགྲང་བཞིན་རྐང་བ་བརྐྱངས།
“ད་བྱ་བ་ཅི་ཡོད་ལགས།” རྐང་བ་བཀྲུས་ཚར་རྗེས་བཀྲ་མཚོས་དེ་ལྟར་དྲིས།
“ད་སོང་ལ་ཟ་མ་ཞིག་ལས།”
ཕྱི་དྲོ་ཨ་ལགས་ཐུགས་མཆོག་ཚང་སྐྱ་མི་ལྔ་བཅུ་ཙམ་གྱིས་བསྐོར་ནས་ཕེབས་བྱུང༌། དགོན་པའི་གྲྭ་པ་རྣམས་ཀྱིས་
ཀྱང་སེར་ཕྲེང་བསྒྲིགས་ནས་བསུ་བ་བྱས། དཀོང་མོ་གཟིམ་ཆུང་ན་ཨ་ལགས་དང་རིག་མ་གཉིས་མ་གཏོགས་གཞན་རྣམས་
ཉལ་བར་སོང་ཟིན། བདེ་མཚོ་འཛུམ་དམུལ་དམུལ་གྱིས།
“ཐུགས་མཆོག ད་ཐེངས་འགོར་ཐལ། ངས་ཁྱོད་དྲན་ནས … … ”
“ཧིན། ཁ་ཡག་མ་བཤད།”ཁོང་གིས་ཁོ་མོའི་ཚིག་མཚམས་བཅད་དེ་ཞལ་ངོ་ནག་རོག་གེར་བསྡད།
“ཨ་ཙི། ཁྱོད་སླེབས་མ་ཐག་ནས་ཁྲོ་བར་ཅི་བྱུང༌། 鉋
ཨ་ལགས་ཐུགས་མཆོག་ཚང་གིས་གང་ཡང་མ་གསུངས་པར་གཟིམས། བདེ་མཚོ་ཡང་འགྲམ་དུ་ཉལ། ཡུད་ཙམ་
ནས་བདེ་མཚོས་འཁུན་སྐད་དང་བཅས་ཨ་ལགས་ཀྱི་གཟིམ་ཐུལ་གྱི་སྣེ་ནས་ཡར་བཏེགས་ཤིང་ལག་པ་ཁོང་གི་རུམ་དུ་
བསྲིངས། ཁ་དཔེར། “དམར་ལ་རི་སྤྱང་སུན་པ་སྐྱེས། ཤ་ལ་བྱ་རྒོད་ཞེན་པ་ལོག” ཟེར་བ་བཞིན་ཨ་ལགས་ཐུགས་
མཆོག་ཚང་ཅུང་སུན་སྣང་སྐྱེས་པའི་ཚུལ་གྱིས།
“དེ་རིང་ང་ཐང་ཆད་འདུག ད་ཉལ་རྒྱུ་བྱོས།”ཟེར་མུར་ཞལ་ལྟག་པར་གཅུས་སོང༌། བདེ་མཆོས་ལག་པ་དལ་
བུར་ཕྱིར་ལེན་བཞིན་སེམས་ལ་ཟླ་གཉིས་ཙམ་ལ་ཁྱོད་རང་སྐོམ་མེད་ན་ང་ཡང་ལྟོགས་མེད་སྙམ་བཞིན་གཉིད་དུ་ཡུར།
ཨ་ལགས་ཚང་གིས་ནམ་རྒྱུན་དང་འདྲ་བར་གཟིམ་ཁའི་ཁ་ཏོན་དེ་ཁོག་འདོན་བྱེད་བཞིན་ཁོང་གི་སེམས་གཡུ་ལུང་
སྡེ་བའི་བསོད་རྒྱམ་གྱི་བུ་མོ་ཆོས་སྒྲོན་གྱི་གམ་དུ་ཤོར། ཐེངས་འདིར་ཨ་ལགས་ཚང་གཡུ་ལུང་སྡེ་བར་ཕེབས་ནས་འཇིགས་
བྱེད་སྒྲུབ་ཆེན་བཙུགས་ཏེ་ཟླ་གཉིས་ཙམ་འགོར་ཞིང༌། དེའི་རིང་ལ་ཁོང་གིས་ཆོས་སྒྲོན་ངོ་ཤེས་པར་མ་ཟད། ཆོས་སྒྲོན་དང་
ཁ་བརྡ་ཡང་ཐེངས་མང་བྱས། ཆོས་སྒྲོན་གྱིས་ཀྱང་ཁོང་ལ་རིག་མ་ཅན་གྱི་བླ་མ་ཞིག་ཡིན་ན་སྲས་ཤིག་དགོས་ལུགས་ཀྱི་སྐོར་
ཡང་ཡང་ཞུས། ཡིན་ན་ཡང་བདེ་མཚོ་ལ་བུ་མི་སྐྱེ་བ་ཀུན་ལ་གསལ་བས་ཁོང་གི་སེམས་ནད་དུ་གྱུར། གཉིས
གཡའ་དག་པའི་ནམ་མཁར་སྤྲིན་བྱེའུ་མགོ་ཙམ་ཡང་མེད་ཅིང་ཉི་འོད་རབ་ཏུ་ཚ། མཐའ་མི་མངོན་པའི་དབྱར་
གཞུང་གི་རྩྭ་ཐང་དུ་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་ཅིང་བཟང་དྲུག་སྨན་གྱི་དྲི་ངད་ལྡང༌། རྒྱང་རིང་ན་ཚར་དུ་དངར་
བའི་སྦྲ་གུར་དང་བག་ཕེབས་སུ་གཟས་ལ་བཀྲམ་པའི་ལུག་གི་ཁྱུ་ཚོགས་མཐོང་ཐུབ་ལ་རྐང་རྗེན་དུ་བེའུ་རྫི་བྱེད་པའི་བུ་མོ་
ཚོའི་གཞས་ཆུང་ཡང་ཐོས་ཐུབ།
རིག་མ་བདེ་མཚོ་རྟ་མཆོག་དཀར་པོ་དངོས་གྲུབ་བདེན་པ་ལྟ་བུ་ཞིག་ལ་ཞོན། ཨ་ལགས་ཚང་རྟ་འདོ་བ་རྐྱང་རྒོད་
གཡེར་བ་འདྲ་བ་ཞིག་ལ་བཅིབས་ནས་སྔོན་དུ་བགྲོད། མཆོད་དཔོན་སྦྱིན་པ་དར་རྒྱས་བོང་བུ་ཞིག་ལ་ཞོན་ནས་ཁོང་གཉིས་
ཀྱི་རྗེས་སུ་འབྲངས། གློ་བུར་དུ་ནམ་མཁའ་ནས་མེ་ཏོག་སྣ་ཚོགས་ཚོམ་བུ་ཚོམ་བུར་བཞད་ཅིང་རྩྭ་ཐང་ནས་པདྨའི་སྡོང་
བུ་སོགས་སྐད་ཅིག་སྐད་ཅིག་ལ་མངོན། ཡ་མཚན་བྱི་སྣང་ཚུལ་འདིས་རིག་མ་བདེ་མཚོ་ཧད་པར་གྱུར་ཏེ་སེམས་སུ་སྐྱེས་
ཆེན་དམ་པ་དང་འགྲོགས་ན་ད་གཟོད་འདི་འདྲའི་ངོ་མཚར་གྱི་ལྟད་མོ་མཐོང་འོང་སྙམ། ཡུད་ཙམ་ནས་ནམ་མཁར་ཁེབས་
པའི་མེ་ཏོག་དག་སྤྲིན་ནག་ཏུ་གྱུར་ཅིང་འབྲུག་སྒྲ་དང་བཅས་གློག་དམར་འཁྱུགས་ཤིང༌། སའི་པད་སྡོང་ཡོད་ཚད་ཀྱང་རྩྭ་
སྐྱར་གྱུར་ཏེ་ཕྱོགས་མཚམས་ཀུན་ནས་བསེར་བུ་ལངས། གློ་བུར་དུ་རྒྱབ་ཕྱོགས་ནས་བྱ་རོག་ཆེན་པོ་གཡག་འདྲ་བ་ཞིག་
འཕུར་འོངས་ནས་ཁོ་མོར་གཤོག་ལྕག་གིས་གཞུས་ཏེ་རྟ་ཐོག་ནས་བསྒྱེལ། ཨ་ལགས་ཚང་གིས་ཁོ་མོར་གཟིགས་ཏེ་ཧབ་ཆ་
རྒྱག་བཞིན་བཅིབས་རྟར་ལྕག་གིས་བྲབས་ཏེ་མདུན་ཕྱོགས་སུ་ཕེབས་པ་དང་མཆོད་དཔོན་གྱིས་ཀྱང་བོང་བུར་རྡུང་བཞིན་
ལམ་དུ་ཆས་སོང༌།
རིག་མ་གཉིད་ལས་སད། ཁོ་མོའི་གདོང་ཡོངས་རྔུལ་ཆུས་བརླན་ཏེ་སྙིང་ད་རུང་ལྟིག་ལྟིག་ཏུ་ལྡིང་གིན་འདུག ཁོ་
མོས་ཐུགས་མཆོག་གཉིད་ལས་བསླངས་ཤིང་ད་ཅིའི་རྨི་ལམ་དེ་ཁོང་ལ་ཞུས་པས། སང་ཉིན་ཕྱག་མོ་གཟིགས་ན་ཤེས་ངེས་
ཟེར་མུར་ཨ་ལགས་ཚང་སྔར་བཞིན་མནལ་ལམ་དུ་ཕེབས། ཁོ་མོའི་ཡིད་ལ་སྔ་གཞུག་གི་བྱ་བ་ཐམས་ཅད་འཁོར་ནས་ཞག་
གང་བོར་གཉིད་མ་ཁུགས།
རེད་དེ། ཨ་ལགས་ཚང་གཡུ་ལུང་སྡེ་བར་ཕེབས་རྗེས་ཀྱི་ཉིན་གསུམ་པའི་ཕྱི་དྲོ་རེད། བཀྲ་མཚོས་ཨ་ལགས་ཀྱི་ན་
བཟའ་ཚི་དྲེག་ཅན་འགའ་ཁྲུས་གཞོང་དུ་བཅུག་ནས་འཁྲུད་དུ་འགྲོ་རྩིས་བྱ་དུས་རིག་མ་ཡང་ཁོ་མོར་འགྲོགས་ནས་དབེན་
པའི་ཆུ་ཁུག་དེར་སྐྱོ་བསངས་ལ་ཕྱིན། ཆུ་ཁུག་དེར་མེ་ཏོག་སེར་ཆེན་སེར་ཆིལ་ལེར་སྐྱེས་ཤིང་ལྗོན་ཤིང་གི་གསེབ་ཏུ་བྱ་དང་
བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་ཡང་བར་མེད་དུ་སྒྲོགས། ལྷག་པར་དུ་ཉིན་དེའི་མཁའ་དབུགས་ཤིན་ཏུ་དངས་ཤིང་གཙང་ལ།
ཉི་མའི་ཚ་གདུག་ཀྱང་ཧ་ཅང་ཆེ།
ཡུད་ཙམ་འགོར་རྗེས་རིག་མ་བདེ་མཚོས་རང་གི་ལྭ་བ་དང་རྒྱན་ཆ་སོགས་སྤང་སྟེང་དུ་བཞག་ནས་གཅེར་བུར་ཆུ་
འཁྱིལ་དུ་བབས་ནས་ཁྲུས་བྱས། ཆུ་འཁྱིལ་དེའི་ཟབ་ཚད་ཏག་ཏག་ཁོ་མོའི་ནུ་མའི་ཚད་དུ་ཐོན་འདུག
“བཀྲ་མཚོ། ཁྱོད་ཤོག་ལ་ངའི་རྒྱབ་ཕུར་དང༌།”
鉊ལགས་སོ།”
“ཨ་ཙི། གན་ན་མི་ཞིག”བཀྲ་མཚོས་སྐད་བརྒྱབ་པ་དང་རིག་མ་ཆུ་ནང་དུ་ཡིབ་ཅིང་དངངས་འཚབ་ཀྱིས།
“ལྟོས་དང༌། སུ་ཞིག་རེད”ཟེར།
“གྲྭ་པ་ཞིག་རེད། ཧ་ལམ་སྦྱིན་པ་དར་རྒྱས་ཡིན་པ་འདྲ།”
“མཆོད་དཔོན་ཨེ། ཨ་མ་མ། དམ་ལོག་དེས … … 鉋
ཕྱི་དྲོར། རིག་མ་བདེ་མཚོས་བཀྲ་མཚོ་མངགས་ཏེ་མཆོད་དཔོན་བོས།
“ཁྱིམ་ལ་ཤོག”
“ཡ་ལགས”མཆོད་དཔོན་རྟབ་རྟབ་པོར་ཁྱིམ་དུ་འཛུལ།
“ཡ། དེ་རིང་ལྟད་མོ་ཡག་པ་ཅི་ཞིག་མཐོང༌།”
“ཅང་མ་མཐོང་ལགས།”མཆོད་དཔོན་གྱིས་ལྟག་རིལ་འཕྲུག
“བུད་མེད་གཉིས་ཀྱིས་ཁྲུས་བྱེད་པ་མ་མཐོང་ངམ།”
“མ་རིག རིག་ན་ཨ་ལགས་ཚང་གི་སྐུ།”མཆོད་དཔོན་འཚུབ་ཤ་ལངས།
“ཡ། ཁས་མི་ལེན་ན་ཐུགས་མཆོག་ཕེབས་རྗེས་ངས་ཁོང་ལ་ཞུས་ཆོག”
“རིག་མ་དྲིན་ཆེན་མ།” སྦྱིན་པ་དར་རྒྱས་རྐུབ་སྟེགས་ལས་ལངས་ནས་ལྕང་ལོ་རླུང་གིས་སྐྱོད་པ་བཞིན་འདར་
སིག་སིག་ཏུ་གདོང་ཡོངས་དམར་པོར་གྱུར་ནས་ན་རེ། “ང་ལྐོག་བལྟ་བྱ་རུ་སོང་བ་ངོ་མས་མིན། དེ་གར་ཤུག་པ་ཞིག་འཐུ་
རུ་སོང་བ་དང་ཐུག་པ་རེད … … ”
བདེ་མཚོས་མཆོད་དཔོན་གྱི་དགོད་བྲོ་བའི་རྣམ་འགྱུར་མཐོང་སྟེ་ཅུང་ཟད་སྙིང་རྗེ་བའི་ཉམས་ཀྱིས།
“དངོས་གནས་དེ་འདྲ་ཡིན་ན་སྐྱོན་མི་འདུག ཨིན—ཁྱོད་ཀྱིས་བུད་མེད་སྒྲེན་མོ་ཞིག་མཐོང་བ་ཐེངས་དང་པོ་
ཨེ་ཡིན།” མཆོད་དཔོན་གྱིས་ཅི་ཡང་མི་སྨྲ་བར་མགོ་འཕྲུག་འཕྲུག་ཙམ་བྱས།
“ཨེ་ཡིན།”རིག་མས་བསྐྱར་དུ་དྲིས།
“ཡིན་ལགས།” མཆོད་དཔོན་གྱི་མགོ་བོ་སྨད་སོང༌།
རིག་མས་འཛུམ་དམུལ་དམུལ་གྱིས་མཆོད་དཔོན་ལ་ཞིབ་ཏུ་བལྟས། དཔུང་རྗེན་དུ་ཡོད་པའི་ལག་ངར་དང་དཔུང་
བ་ཤ་སྦྲགས་རུས་སྦྲགས་སུ་ཡོད་ཅིང༌། གནག་ཅིང་སྟུག་པའི་སྨིན་མའི་འོག་གི་མིག་གཉིས་སྒོར་ལ་ཆེ། གདོང་གི་གཞོན་དུས་
ཀྱི་གཟི་མདངས་མ་ཉམས་པར་ཡོད་ལ། ཁ་སྤུ་ཐུང་ཐུང་ཞིག་སྐྱེས་མ་ཐག་པའི་ལོ་ན་ཉི་ཤུའི་ཁྲོད་ཀྱི་གསར་རྒོད་ཅིག་རེད་དེ།
ཁོང་ནི་དགོན་པའི་ནང་གི་གྲྭ་པ་མཛེས་ཤོས་ཡིན་པས་མཆོད་དཔོན་ལ་བསྐོས་པ་རེད།
“ཁྱོད་ཀྱིས་བུད་མེད་སྒྲེན་མོ་ཞིག་འདོད་ན་ལྐོག་བལྟ་བྱེད་དོན་ཅི་ཡོད།” རིག་མ་བདེ་མཚོས་དགོད་མ་འཛུམ་
གྱིས་དེ་ལྟར་བཤད་པས་མཆོད་དཔོན་གྱིས་ཅི་ཡང་མི་སྨྲ་བར་འཛུམ་དམུལ་ཙམ་བྱས།
“ཨ་ལ་ཀུ་རེ་ཡིན།” རིག་མའི་གདོང་གི་འཛུམ་མདངས་བསྡུས་ཏེ“སྦྱིན་པ། སང་ཉིན་བཅོ་ལྔ་རེད། གཟིམ་
ཆུང་ནས་སྟོང་མཆོད་ཅིག་གསུང་དགོས། དོ་དགོང་ཁྱོད་ཀྱིས་འདིར་གཏོར་མ་བཅོས་ཨ།”
“ལགས་སོ།” སྦྱིན་པ་དར་རྒྱས་ཕྱིར་བུད་སོང༌།
“བཀྲ་མཚོ། ཨེ་བཀྲ་མཚོ།”རིག་མ་བདེ་མཚོས་བཀྲ་མཚོའི་ལག་ལ་སྒོར་ཉི་ཤུ་གཏད་ཅིང༌། “ཁྱོད་སོང་ལ་
ཀུང་ཧྲེའི་ནང་ནས་རྡོ་ཀ་ར་ཉོས་ཤོག དོ་དགོང་ཕྱིར་མ་སླེབས་ནའང་ཆོག སང་ཉིན་སྔ་བར་ཤོག”ཟེར
དགོང་མོ་མཆོད་དཔོན་སྦྱིན་པ་དར་རྒྱས་ཁོ་མོའི་གཟིམ་ཤག་ཏུ་འོངས་ཏེ་མགོ་སྒུར་ནས་གཏོར་མ་ལས་ཅི་ཐུབ་
བྱས། རིག་མས་ཁོ་ལ་ཆུང་དུས་སློབ་གྲྭར་ཨེ་སོང་དང་གྲྭ་པ་མ་བྱས་གོང་བུ་མོ་ཚོར་ཐུག་ཨེ་མྱོང་སོགས་སྐད་ཆ་མང་པོ་དྲིས།
ཡུད་ཙམ་ནས་ཁོ་མོས“ང་ཅུང་ཟད་ཁེན་ནས་འདུག་དགོས”ཟེར་ནས་ཉལ་ཆས་བསྒྲིགས། སྨད་གཡོགས་ནང་མ་ལས་
མེད་པར་ཉལ། ནམ་གོང་ལ་ཉེ་དུས་མཆོད་དཔོན་གྱིས་གཏོར་མ་བཅོས་ཚར་ཏེ་འགྲོ་རྩིས་བྱས།
“ད་རུང་སྔ། ཇ་ཐུངས་ཡ། 鉋
“མིན་ལགས། ད་ང་འགྲོ་རན་སོང༌།”
“ཨ་ཙི། ངའི་ཕྲེང་བ་རུམ་ལ་ཐོར་ཐལ། སྦྱིན་པ། ཤོག་ལ་འཐུ་རོགས་གྱིས་དང༌།”རིག་མས་དེ་སྐད་གསུངས་
ཤིང་ཁོ་མོའི་གཟིམ་ཐུལ་གྱི་སྣེ་ནས་ཡར་བཀྱགས་ཏེ་ཕྲེང་ཐག་ཆད་ནས་ཐོར་བའི་རུམ་གྱི་ཕྲེང་རྡོག་དག་སྦྱིན་པ་དར་རྒྱས་
ལ་བསྟན། འོན་ཀྱང༌། མཆོད་དཔོན་གྱིས་མཐོང་པ་ནི་གླང་ཆེན་གྱི་མཆེ་བ་ལྟར་ཟླུམ་པའི་དཀར་འཇམ་གྱི་བརླ་ཤ་དང་ཀུ་
ཤུའི་མགོ་བོ་སྨད་འདྲའི་མྱོས་བུམ། སྐེད་པ་དང་དཔུང་བ་སོགས་རེད། བཤད་དཀའ་བའི་སྣང་བ་ཞིག་གིས་མཆོད་དཔོན་
གྱི་སྤྱི་གཙུག་ནས་རྐང་མཐིལ་བར་སྦྲིད་པར་གྱུར། སྐད་ཀྱང་འདར་བར་གྱུར། ཡུད་ཙམ་ལ་ཁོས་རང་ཉིད་གྲྭ་པ་ཞིག་ཡིན་
པའང་ཡེ་ནས་བརྗེད།
“མི་ཉན། ཨ་ལགས་ཚང་གིས་མཁྱེན་འགྲོ།”མཆོད་དཔོན་གྱིས་ལག་པ་ཕྱིར་གློད།
རིག་མའི་སེམས་ལ་སྔོན་ཆད་ཨ་ལགས་ཚང་གི་ཞལ་ནས“མི་འགྱངས་པར་འོ་ཅག་ལ་རིགས་ཀྱི་མྱུ་གུ་ཞིག་འཁྲུང་
ངེས་ལ། དེ་སྲས་ཤིག་ཡིན་ན་སྤྲུལ་སྐུ་ཞིག་དང་སྲས་མོ་ཞིག་ཡིན་ན་མཁའ་འགྲོ་མ་ཞིག་ཡིན་སྲིད།” ཅེས་པའི་གསུང་དེ་
དྲན་མུར་ན་རེ།
“དོན་འདིའི་རིགས་ཁོང་གིས་མཁྱེན་མི་སྲིད། བཀྲ་མཚོ་ཡང་ཀུང་ཧྲེའི་ནང་ལ་སོང་ཟིན་པས། ད་སུས་ཤེས་རྒྱུ།”
“མིན། རིག་མ་ལགས།”སྦྱིན་པ་དར་རྒྱས་ཀྱིས་སྐད་དམའ་ལ་ཚིག་ཐག་ཆོད་པོས་བཤད།
མཆོད་དཔོན་གྱི་སྐད་ཆ་འདིས་རིག་མ་ངོ་ཚར་གཏད། ཁོ་མོའི་སེམས་ལ་ང་རང་ཟས་རང་འགྲུབ་དང་གོས་རང་
འགྲུབ་ཀྱི་རིག་མ་བྱས་ནས་མི་འདུག་པར་གྲྭ་པ་གཙང་མ་ཞིག་གི་སྡོམ་པ་བླངས་ནས་ཅི་བྱ། ཨ་མ་མ། ཨེན་ཙམ་མིན་ན་ཕྱི་
མའི་ཡུལ་ནས་ཟངས་མ་དམར་པོའི་རྟ་ཞིག་ལ་བསྐྱོན་ཚར་སོང་སྙམ་ནས་བློ་འགྱོད་གཏིང་ནས་སྐྱེས་ཤིང༌། གྲྭ་པ་འདིས་
སྡོམ་ཁྲིམས་སྲོག་བཞིན་སྲུང་བའི་མཛད་པ་མཐོང་ནས་ཡིད་འགུལ་དང་དད་པ་སྐྱེས།
“འོ་ན། ངའི་ཉོན་མོངས་ལ་བཟོད་གསོལ་བྱེད་རོགས།” རིག་མའི་མགོ་བོ་སྨད་དེ། “མི་གཞན་ལ་མི་བཤད་ པར་མཁྱེན།”ཟེར།
“ལགས་སོ།”
“རྗེས་ནས་བཟུང་ང་ལ་ལགས་སོ་ཟེར་མི་དགོས། 鉋
“ལགས་སོ།”
མཆོད་དཔོན་ཕྱིར་པུད་སོང༌།
“རེད་ཡ། མི་དགེ་བའི་བྱ་བ་དེ་མ་བྱས་མོད། འདི་འདྲའི་རྨི་ལམ་ངན་པ་ཞིག་ཅིའི་ཕྱིར་རྨིས་སམ།”རིག་མས་
དེ་ལྟར་འདང་བརྒྱབ།གསུམ
ཞག་གང་བོར་བབས་པའི་ཆར་བ་དེའི་མཚམས་ད་རུང་མ་ཆད། ཚོགས་གྲོལ་རྗེས། ཨ་ལགས་ཐུགས་མཆོག་ཚང་
གིས鉄ཐར་མདོའི鉅 གླེགས་བམ་སྣ་རིང་ཞིག་ཆར་གདུགས་ཀྱི་ཚུལ་དུ་དབུ་ཐོག་ཏུ་བཞག་ནས་གཟིམ་ཤག་ཏུ་ཕེབས།
“ཐུགས་མཆོག དེ་རིང་ཐུགས་འདི་འདྲ་དགའ་དོན་ཅི་ཡིན།”བདེ་མཚོས་གསོལ་ཇ་འདྲེན་བཞིན་དེ་ལྟར་དྲིས།
“འགྲོ་བ་སེམས་ཅན་གྱི་དོན་འདི་བསྒྲུབས་ནས་ཚར་རྒྱུ་མི་འདུག་ཨང༌།”ཨ་ལགས་ཚང་གིས་ཤ་གསོལ་བཞིན་
ན་རེ། “དེ་རིང་གཟི་ལུང་ཀུང་ཧྲེའི་ཧྲེ་ཀྲང་སྟོབས་རྒྱལ་གྱི་ཁ་པར་ཞིག་ཐོན་ཐལ། གཟི་ལུང་ཀུང་ཧྲེ་དང་ཝ་ལུང་ཀུང་ཧྲེའི་
རྩྭ་ས་རྩོད་གླེང་གི་གྱོད་དེ་ངས་འདུམ་དགོས་ཟེར། ཨེ། དཀའ་མོ་རེད།”
“འོ་ན། འབུལ་བ་ག་ཚོད་ཡོད་དམ།”
“སྡེ་ཆེན་གཉིས་ཀྱི་གྱོད་ཁ་བསུམས་ན་འབུལ་བ་ལོས་མང་རེ།”ཨ་ལགས་ཚང་གིས་ཅི་མི་སྙམ་པར་འོ་ཇ་བཞེས།
“ཐུགས་མཆོག མདང་དགོང་གི་རྨི་ལམ་དེ … … ”
“ཨ་ལགས་ཚང༌། མཇལ་བ་ཞིག་འོངས་འདུག་鉋བཀྲ་མཚོས་སྒོ་ཡོལ་གྱི་བར་ནས་སྐེ་བསྲིངས་ནས་དེ་སྐད་ཞུས།
གདོང་ཡོངས་གཉེར་མས་ཁེབས་ཤིང་སྤྱི་གཙུག་གི་རལ་བ་ཐར་ཐོར་དུ་གཟེངས་པའི་ཞིང་པ་རྒད་པོ་དེས་རྙིང་ནས་
སྐྱ་བོར་གྱུར་པའི་རས་ལྭ་ནག་པོ་ཞིག་གྱོན། ལག་ལ་བག་ལེབ་ནག་པོ་སླ་ངའི་ཁ་ལེབ་འདྲ་བ་གཉིས་ཀྱི་སྟེང་ལ་སེང་རས་ཆད་
པོ་ལྟ་བུའི་ཁ་བཏགས་ཤིག་བཞག་འདུག ཁོས་ལག་གཡོན་པས་ནག་པོར་གྱུར་པའི་ལྔ་ཤོག་ཅིག་བག་ལེབ་སྟེང་དུ་བཞག་
ནས་ཨ་ལགས་ལ་ཕུལ། རིག་མ་བདེ་མཚོས་ལྡེམ་མྱུར་འཁྱུག་པའི་ངང་ནས་འབུལ་བ་བླངས་ནས་འགྲམ་གྱི་ཁྲིའུ་ཞིག་གི་སྟེང་
དུ་བཞག
“ཨ་ལགས་ཚང༌། མདང་དགོང་ངེད་ཚང་ལ་ཐོག་བབས་ནས་རྒན་མོ་མ་འཚམས་ཐལ། ཚ་བོ་སྨན་ཁང་དུ་བཞག་
ཡོད།”
“འོ། ཁང་སྐྱ་ལེབ་ཅན་ལ་ཐོག་མི་འབབ་ཟེར་བ་རྫུན་རེད་ལ། འོ་ན།”
“རྒན་མོའི་རྣམ་ཤེས་དང་ཚ་བོའི་ཚེ་སྲོག་ལ་ཁྱེད་ཀྱིས་ཐུགས་རྗེས་གཟིགས་པར་ཞུ།” ཞིང་པ་དེའི་མིག་མཆི་མ་
ཉིལ་ལེར་ཨ་ལགས་ཀྱི་རྐང་མགོར་འཇུས་དུས
“ཡ། སྨན་པས་ཅི་ཟེར།”
“སྨན་པས་ཚ་བོའི་སྲོག་ཀྱང་སྐྱོབ་དཀའ་ཟེར།”
“འོ་ན། དགོན་པའི་ནང་དུ鉄སྒྲོལ་མ鉅ཁྲི་གཅིག་བཅོལ་དགོས། རྒྱུན་དུ鉄སྐྱབས་འགྲོ鉅རེ་འདོན་རོགས།”
“ཡ་ལགས།”
“ད་ཕྱིར་སོང༌།”
“ཡ་ལགས།”
“འདི་འདྲའི་གོ་རེ་ནག་པོ་ཞིག་མི་ཚེ་འདིར་རིག་མ་མྱོང༌། ད་རུང་སྒོར་མོ་བཙོག་པ་འདི … … ”རིག་མ་
བདེ་མཚོས་འབུལ་བ་དེར་མིག་ཟུར་གྱིས་ལྟ་བཞིན་དེ་ལྟར་བཤད།
“རེད་ཡ། ནས་ཕྱེའི་གོ་རེ་འདི་མ་རིག་པར་ལོ་བཅུ་ལྷག་འདས་ཟིན།” ཨ་ལགས་ཚང་གིས་དབུགས་རིང་འབྱིན་
བཞིན་དེ་སྐད་གསུངས།
“གོ་རེ་འདི་བཟའ་རུང་ངམ།”
“ཧིན། སྡུག་མ་བརྒྱུད་ན་སྐྱིད་མི་ཤེས་ཟེར་བ་ངོ་མ་རེད། ང་བརྒྱད་ལོར་གོ་རེ་འདི་འདྲ་ཞིག་བཟའ་འདོད་ཀྱང་
ཟ་ཐུབ་བམ།”ཨ་ལགས་ཚང་གི་ཞལ་ངོ་ནག་རོག་གེར་གྱུར། “རིག་གནས་གསར་བརྗེའི་སྐབས་སུ་ང་བསྒྱུར་བཀོད་ལ་
མངགས་དུས། གོ་རེ་འདི་འདྲ་ཏག་ཏག་ཟོས་པ་ཡིན། རེད་ཡ། ཞིང་པ་གན་ཁ་སྟོད(རི་མ)ཀྱི་ཡིན་རྒྱུ་རེད། སྙིང་རྗེ། འཚོ་བ་
ད་རུང་འདི་འདྲ་ཞིག་སྡུག་པ་རེད།”ཨ་ལགས་ཚང་གིས་སྤྱན་བཙུམ་སྟེ་སླར་ཡང་ན་རེ།
“ཡིན་ན་ཡང་གོ་རེ་གཉིས་ཀྱི་ལན་ལ་རྣམ་ཤེས་གཉིས་འདྲེན་དགོས་ཟེར་ན། ང་ཚ་གྲང་བར་གྱི་སྨན་པས་དཀའ་
མོ་རེད་ཡ”གསུངས།
སྐབས་དེར་སྟོད་ཕྱོགས་ཀྱི་མཇལ་བ་འགའ་སླེབས་བྱུང༌། གཅིག་ནི་ཧ་སག་གི་ལྭ་བ་དམར་སྨུག་ལ་སྐ་རགས་སེར་
པོ་བཅིངས་པའི་འབྲོག་པ་སྐུ་བརྗི་པོ་ཅན་ཞིག་རེད་ལ། གཅིག་ནི་སློག་པ་གཟིག་གོང་ཅན་གྱོན་པའི་འབྲོག་པ་གཟུགས་
རིང་ཞིག་རེད། ཅིག་ཤོས་ནི་འབྲོག་ཕྲུག་ཆུང་ཆུང་ཞིག་སྟེ་ཁོས་ཤ་སྐམ་སྒྲོ་བ་གང་འཁུར་འདུག
“ཨ་ལགས་ཚང་སྐུ་ཁམས་བདེ་འམ།”འབྲོག་པ་སྐུ་བརྗིད་ཅན་དེས་རུམ་ནས་གོས་ཆེན་སེར་པོའི་ཁ་བཏགས་
ཤིག་བླངས་ཏེ་ཤོག་སྒོར་བརྩེགས་མ་གཅིག་ཁ་བཏགས་ཀྱིས་བཏུམ་ནས་ཨ་ལགས་ལ་ཕུལ། ཕར་བལྟས་ཚོད་ཀྱིས་མ་མཐའ་
ཡང་ཁྲི་གཅིག་ཡོད་པ་འདྲ།
“ག་རེ། ཁྱོད་ཚོ་གང་གི་ཡིན་ནམ།”ཨ་ལགས་ཚང་གིས་ཕྱིར་དྲན་བྱེད་པའི་ཚུལ་དུ་དྲིས། “ཨ་ལགས་ཚང་
གིས་མི་མཁྱེན་ནམ། གཞེས་ནིང་ཁྱེད་ཀ་སྟོད་ཕྱོགས་ལ་ཕེབས་དུས་བཅིབས་པའི་རྟ་དེ་ངས་ཕུལ་བ་ཡིན།”
“འོ་རེད་རེད། རུ་གཙོ་སངས་སྐྱབས་རེད་ལ།”
རིག་མ་བདེ་མཚོས་དཀར་ཡོལ་འབྲུག་མ་གསུམ་དུ་ཇ་འདྲེན་བཞིན་དུ“ཁ་སྐད་ལ་ཉན་ན་སྟོད་ཕྱོགས་དངུལ་
ཐང་སྡེ་བའི་རེད་ལ།”
“རིག་མ་ནོར་ཐལ། ང་ཚོ་ཝ་ལུང་གི་ཡིན།”
“འོ་ན་ས་དོན་གྱི་ཆེད་དུ་ཡོང་ངམ།” རིག་མས་དེ་ལྟར་དྲིས།
ཨ་ལགས་ཐུགས་མཆོག་གིས་བདེ་མཚོར་སྡང་མིག་ཅིག་བགྲད་དེ་མཇལ་བ་ཚོར་ཡོང་དོན་དྲིས།
“ཨ་ལགས་ཚང༌། ང་ཚོ་ཝ་ལུང་དང་གཟི་ལུང་གཉིས་ཀྱི་ས་གྱོད་དེ་མི་ཤི་རྟ་འགྱིལ་གྱིས་ལོ་ངོ་གསུམ་ཙམ་འདས།
ད་ལྟ་གོང་སྲིད་གཞུང་དང་འོག་མང་ཚོགས་སུས་བལྟས་ཀྱང་ས་གྱོད་འདིའི་གཟུ་བ་ཁྱེད་རང་ལས་མེད། དེ་བས་མང་ཚོགས་
ཀྱི་བསམ་པ་མཚོན་བྱེད་ལ་དཀར་ཐིག་གི་སྒོར་འདི་ཁྱེར་ནས་ཁྱེད་ཚང་ལ་སྐྱབས་བཅོལ་དུ་འོངས་པ་ཡིན།”སངས་སྐྱབས་
ཀྱིས་དབུགས་ཐེངས་གཅིག་ལ་དེ་སྐད་ཞུས་ཤིང་བསྟུད་མར་ཇ་མངར་མོ་ཧུབ་གསུམ་བཏུངས།
“སྤྱིར་ན”སློག་པ་གཟིག་གོང་ཅན་གྱི་འབྲོག་པ་དེ་ན་རེ། “ཨ་ལགས་ཁྱེད་ཀ་ངེད་ཝ་ལུང་མང་ཚོགས་ལ་སྐུ་
ཚེ་དུ་མའི་རིང་གི་ཆོས་འབྲེལ་ཡོད། ཁྱེད་ཀྱི་སྐུ་སྔོན་མ་ངེད་ཝ་ལུང་ནས་འཁྲུངས། ད་ལྟ་བཤད་ནའང‘ བླ་མར་སྐུ་དྲིན་
ཆེ་ས་དང་ཡོན་བདག་རྒྱུ་དྲིན་ཆེ་ས’གང་ཡང་ཡོད་པས། ས་དོན་འདིའི་སྟེང་ནས་ངེད་ཅག་ལ་ཐུགས་རྗེས་གཟིགས་
དགོས”ཟེར།
鉊རེད་ཡ། གོང་རིམ་ནས་ང་ལ་ཁ་བརྡ་བྱས་ཟིན། སྤྱིར་སྡེ་ཆེན་གཉིས་ཀྱི་གྱོད་ཁ་བསུམ་རྒྱུ་དེ་སླ་མོ་ཞིག་མ་རེད།
འོན་ཀྱང༌། ཁྱོད་ཚོར་དད་པའི་ཨ་ལུང་ཡོད་ན། ང་ལ་འདྲེན་པའི་ལྕགས་ཀྱུ་ཡོད་ལོས་དགོས། དེ་རིང་རྟེན་འབྲེལ་གྱིས་ངས་
ཁྱོད་ཚོར་ལམ་བྲོ་ཞིག་སྟེར། 鉋 ཨ་ལགས་ཚང་གིས་དེ་སྐད་གསུངས་ཤིང་སླར་ཡང་“བདེ་མཚོ། ད་ཅིའི་གོ་རེ་གཉིས་ཀ་
ཁྱེར་ཤོག”གསུངས།
སངས་སྐྱབས་དང་སློག་པ་གཟིག་གོང་ཅན་གྱི་འབྲོག་པ་གཉིས་ཀས་མཆན་ལ་བག་ལེབ་ཆེན་པོ་རེ་ཁྱེར། འབྲོག་
ཕྲུག་དེས་སྒྲོ་སྟོང་ཁུར་ནས་ཨ་ལགས་ཚང་གི་གཟིམ་ཤག་ལས་བུད་ཅིང་རྟར་ཞོན་ནས་ལམ་དུ་ཆས།
“ནས་ཕྱེའི་གོ་རེ་འདི་གཉིས་ལ་རྟེན་འབྲེལ་དཔྱད་རྒྱུ་ཅི་ཡོད་དམ།” འབྲོག་པ་གཟུགས་རིང་དེས་དེ་སྐད་ཟེར།
“ངས་བལྟས་ན་བག་ལེབ་གཉིས་ཀས་ངེད་ཝ་ལུང་དང་གཟི་ལུང་གི་ས་ཆ་མཚོན་ཡོད། གཉིས་ཀ་ང་ཚོར་བྱིན་
པས་ས་ཡོངས་རྫོགས་འོ་ཅག་ལ་འཐོབ་ངེས་ཀྱི་རྟེན་འབྲེལ་རེད།”སངས་སྐྱབས་ཀྱིས་དེ་ལྟར་འགྲེལ་བརྒྱབ།
“འོ་ན་ཟ་ཡ།” འབྲོག་ཕྲུག་གིས་བཤད།
“ཟ།”
“མདོག་ངན་ཡངཟོས་ན་ཞིམ་ག”
“ཞིམ་རྒྱུ་མེད་ཀ”
… …
鉊རྩིས་ཚར་སོང་ངམ། 鉋 ཨ་ལགས་ཀྱིས་དྲིས།
“ཚར་སོང༌། དུ་ཡོད་པ་ཁྱོད་ཀྱིས་མཁྱེན་ནམ།”
“ཁྲི་གཅིག་ལྷག”
“ཁྲི་གཅིག་དང་སྟོང་ལྔ་ཡོད་ལགས།”
“འོ་ན་སྐེ་རྒྱན་ཞིག་བསམ་རྒྱུ་མེད་ཀ”
ཧ་ཧ། ཧེ་ཧེ … …
“ཨ་ལགས་ཚང༌། ཡང་མཇལ་བ་གཉིས་ཐོན་ཐལ།”བཀྲ་མཚོས་ཡར་ཞུ་བྱས།
སྐྲ་རིང་བོ་བཞག་ལ་ཤེལ་མིག་དཀར་པོ་བཏགས་པའི་གསར་བུ་དེའི་མགུལ་དུ་པར་ལེན་འཕྲུལ་ཆས་ཤིག་དཔྱངས་
འདུག ཕྱིང་ཞྭའི་དབྱིབས་ཀྱི་ཞྭ་མོ་དཀར་པོ་གྱོན། གདོང་ཡོངས་སྨ་རས་ཁེབས་པའི་གསར་བུ་དེས་ཆ་མི་འགྲིག་པའི་ལྭ་བ་
བཙོག་པོ་ཞིག་གྱོན།
“ཡ། ཁྱོད་གཉིས་ཀ་གང་གི་ཡིན”
“ངེད་གཉིས་ཀྱི་ཕ་ཡུལ་སྟོད་ཕྱོགས་འབྲོག་གི་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭར་ཡོད། ང་དངོས་ལུགས་
ཚན་ཁག་གི་ཡིན། ཁོ་རྫས་འགྱུར་ཚན་ཁག་གི་རེད། གསར་བུ་མིག་ཤེལ་ཅན་དེས་དེ་སྐད་ཞུས།
“འོ། དེས་ན།”
“ཟླ་གཉིས་ཀྱི་གཞུག་ནས་ངེད་གཉིས་མཐར་ཕྱིན་ན་ཕྱིར་ཕ་ཡུལ་དུ་ལོག་ནས་སློབ་གྲྭ་ཞིག་འཛུགས་གྲབས་ཡོད།
ད་རུང་ཚན་ཁག་གཞན་པའི་སློབ་གྲོགས་རེའང་གདན་འདྲེན་བྱེད་རྩིས་ཡོད། འོན་ཀྱང་མ་དངུལ་མེད་པས་ཁུལ་དང་རྫོང་
རིམ་པའི་སྲིད་གཞུང་ལ་ཡར་ཞུའི་ཡི་གེ་ཞིག་སྤྲད་ཟིན། ཁྱེད་ཚང་ལ་ཡང鉄སློང་མོ་ཞུ་ཡིག鉅འདི་འབུལ་རྩིས་ཡིན།”སྨ་ར་
ཅན་གྱི་གསར་བུས鉄སློང་མོ་ཞུ་ཡིག鉅ཨ་ལགས་ལ་ཕུལ།
ཨ་ལགས་ཀྱིས་དེར་ལྟ་ཙམ་བྱས་ནས་ན་རེ།
“རང་ཁུལ་ན་སློབ་གྲྭ་ཆུང་འབྲིང་དེ་འདྲ་མང་པོ་ཞིག་ཡོད། ཁྱོད་ཚོས་སློབ་གྲྭ་བསྒྲུབས་ནས་ཅི་བྱེད།”
“ཨ་ལགས་ཚང༌། ད་ལྟ་མི་རིགས་ས་ཁུལ་དུ་མཁོ་བ་ནི་བོད་མི་རིགས་རང་གི་དཔལ་འབྱོར་དོ་དམ་གྱི་མི་སྣ་དང༌།
དངོས་ལུགས་དང་རྫས་འགྱུར་སོགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་རེད། འོན་ཀྱང༌། རང་ཁུལ་ན་འདིའི་སྐོར་གྱི་སློབ་གྲྭ་
གཅིག་ཀྱང་མེད་ཁར་ད་ཡོད་སློབ་གྲྭ་དག་ནའང་འདིར་གཙིགས་འཛིན་བྱེད་ཀི་མི་འདུག”
“ཅི་ཞིག དཔལ་འབྱོར་དོ་དམ། དངོས་ལུགས། རྫས་འགྱུར་འདི་དག་རིག་གནས་བཅུའི་གང་ལ་གཏོགས། 鉋
ཨ་ལགས་ཀྱི་དྲི་བ་འདི་ལ་གཞོན་ནུ་གཉིས་ཁ་གྲག་རྒྱུ་མེད་པར་བཏང༌། ཡང་མུ་མཐུད་དུ“ད་ལྟ་རང་ཁུལ་ན་བོད་ཡིག་
གི་སློབ་གྲྭ་མང་ཁར་དགོན་པ་ཆེ་ཆུང་ཡང་དགུ་བཅུར་ཉེ་བ་ཞིག་ཡོད། འདི་དག་ན་བོད་ཀྱི་ཤེས་རིག་རྒྱུད་འཛིན་དང་དར་
སྤེལ་གཏོང་གིན་ཡོད། ཇི་འདྲ་བཟང༌། ཁྱོད་ཚོས་སློབ་གྲྭ་དེ་བསྒྲུབས་ན་ཕན་པ་ཅི་ཡོད། ཧེ་ཧེ། ཁྱོད་ཚོ་གསར་བུ་མགོ་ཡང་
འདི་ཚོ།”
གསར་བུ་མིག་ཤེལ་ཅནདེས་ཅུང་ཟད་མ་བཟོད་པའི་ཚུལ་དུ“ཨ་ལགས་ཚང༌། ངེད་གཉིས་ཀྱིས་སློབ་གྲྭ་དེ་
བཙུགས་ན་མ་མཐའ་ཡང་བོད་ལ་སྐྲ་བཞར་ཤེས་ལ། འབར་ཞུན་བཟོ་ཤེས་པའི་ལག་ཤེས་བཟོ་ལས་པ་རེ་སྐྱེད་སྲིང་བྱེད་
ཐུབ།”
“ཅི། སྐྲ་བཞར་ཤེས་པ། ཧ་ཧ། སྐྲ་བཞར་མི་ཤེས་པའི་མི་སུ་ཡོད། འབར་ཞུན་ཚོང་ཁང་ན་མང་ག དེ་ལས་ཤེས་
ནས་ཅི་བྱེད། ཧ་ཧ།” ཨ་ལགས་ཚང་བཞད་བཞིན་ན་རེ། “ཡིན་ནའང༌། ཁྱོད་གཉིས་ཀའི་བསམ་པ་རྣམ་དག་རེད།
སྒོར་མོ་འགའ་ལོས་སྟེར།” ཟེར་བཞིན་སྒོར་ལྔ་བཅུ་ཐམ་པ་སྤྲད།
གསར་བུ་སྨ་ར་ཅན་དེས་འབྱོར་ཡིག་གི་ཤོག་བྱང་ཞིག་ཨ་ལགས་ལ་ཕུལ་ཞིང༌། འབྲི་དེབ་ཅིག་ཁོའི་མདུན་ལ་བཞག་
སྟེ་ཨ་ལགས་ལ་མཚན་འབྲི་དགོས་ཚུལ་ཞུས། རིག་མ་བདེ་མཚོས་ངས་བྲིས་ཆོག་ཟེར་བཞིན་འབྲི་དེབ་དེ་བླངས་ནས
“བསྟན་རྒྱས་བཀྲ་ཤིས་གླིང་གི་ཐུགས་མཆོག་ཚང་ནས་སློབ་གྲྭ་བསྒྲུབ་པར་སྒོར་ལྔ་བཅུ་ཐམ་པ་གནང༌།” ཞེས་པའི་
ཡི་གེ་ཀྱ་མ་ཀྱོག་ཏུ་བྲིས།
གསར་བུ་གཉིས་ཀ་གཟིམ་ཤག་ནས་བུད་དེ་ཉག་གའི་ལམ་ཕྲན་དེའི་ཕྱོགས་ལ་ཕྱིན།
“ཨ་ཕའི་རོ། ལུག་རྫི་ཞིག་ལ་བསླངས་ཀྱང་སྒོར་ལྔ་བཅུ་ཐམ་པ་ལོས་སྟེར།” གསར་བུ་སྨ་ར་ཅན་དེས་དེ་སྐད་
ཟེར།
“རེད་ཡ། ཨ་ལགས་གན་ཀླད་པ་མཐུག་པ་དང་སེར་སྣ་ཡང་དེ་ཆེ།” གསར་བུ་མིག་ཤེལ་ཅན་དེས་བཤད་
རྒྱུར། “འོ་གཉིས་ཀས་དགོན་པ་ཞིག་འཛུགས་རྒྱུ་ཟེར་ན་སྒོར་མང་ཙམ་སྟེར་རམ།”
鉊སུས་ཤེས་རྒྱུ། མང་ཚོགས་སྙིང་མ་རྗེ་ཨང༌།”
“རེད་ཡ། རང་ཁུལ་ལ་ཨ་ལགས་ལྔ་བཅུ་ལྷག་ཡོད། མི་རེས་ལྔ་བཅུ་བྱིན་ན་སྟོང་གཉིས་དང་ལྔ་བརྒྱ་ཙམ་རེད།
སློབ་གྲྭ་ཞིག་ཇི་ལྟར་སྒྲུབ་རྒྱུ།”
“ … … ”
“གནའ་ཤི་བོ། ལག་ན་ཁ་བཏགས་ཙམ་ཡང་མེད་པར་ཚུར་སློང་མོར་ཡོང་བའི་མཇལ་བ་ཞིག་ད་རེག་བར་
མཐོང་མ་མྱོང༌།” རིག་མ་བདེ་མཚོས་དེ་སྐད་ཟེར།
“རེད་ཡ། དེང་སང་གི་མི་འདི་རྣམ་པ་སྣ་ཚོགས་རེད།” ཨ་ལགས་ཚང་གིས་དབུགས་རིང་ཞིག་བཏོན།
བཞི
སྟོན་མཇུག་གི་སྡོང་ལོ་ཕྱོགས་དང་ཕྱོགས་མཚམས་སུ་ཐོར། ལྡུམ་རའི་མེ་ཏོག་ཀྱང་རྙིད་པར་གྱུར། བཀྲ་མཚོས་
ནངས་སྔ་མོ་ནས་ར་སྐོར་ལ་གཙང་སྦྲ་བྱས། མཚམས་དེར། ཝ་ཞྭ་དམར་པོ་གྱོན་པའི་འབྲོག་པ་ཞིག་སྒོ་ཆེན་ནས་འཛུལ་
འོངས་ཏེ། ཁོ་ཅིས་ཀྱང་ཨ་ལགས་ཐུགས་མཆོག་ཚང་ལ་མཇལ་དགོས་ཟེར། མ་གཞི་ཁོ་ནི་གཡུ་ལུང་སྡེ་བའི་ཆོས་སྒྲོན་གྱི་
ནུ་བོ་བསྟན་རྒྱམ་རེད།
“ཡ། བསྟན་རྒྱམ། ནངས་འཁྱག་སྔ་མོ་འདིར་བརྒྱུགས་འོངས་དོན་ཅི་ཡིན།”
“ཨ་ཅེ་ཆོས་སྒྲོན་ལ་ཁེ་ཉིན་དགོང་མོར་བུ་ཞིག་སྐྱེས། ཁོ་མོའི་རེ་བར་ཅི་ནས་ཀྱང་ཁྱེད་ཀས་མིང་ཞིག་གནང་
དགོས་ཟེར། ད་རུང་འཕྲིན་ཆུང་འདི་ཁྱེད་ཚང་ལ་ངོས་འབུལ་ཞུ་དགོས་ཟེར་པས། བརྒྱུགས་ཡོང་བ་ཡིན།”
“འོ”གློ་བུར་དུ་ཨ་ལགས་ཀྱི་ཡིད་ལ་གཡུ་ལུང་སྡེ་བར་འཇིགས་བྱེད་སྒྲུབ་ཆེན་དང་དཔལ་ཆེན་གྱི་ལབ་ཙེ་
བསྟོད་དུ་སོང་དུས་ཟླ་གཉིས་ཙམ་ལ་མཉམ་འདྲིས་བྱུང་བའི་བུ་མོ་ཆོས་སྒྲོན་དྲན།
“ཟླ་འདིར་མཚན་མ་མ་བབས་པས་བུ་འཁོར་བ་མིན་ནམ། ཨེ། མོ་དམན་ང་འདྲ་བར་ཁྱེད་དང་འབྲེལ་འདྲིས་
བྱུང་པའི་བསོད་ནམས་འདི་ལས་བུ་ཞིག་འཁོར་བའི་བསོད་ནམས་གང་ན་ཡོད།”
“གལ་སྲིད་སྲས་ཤིག་ཆགས་ཡོད་ན་སྤྲུལ་སྐུ་ཞིག་ཡིན་སྲིད། སྲས་མོ་ཞིག་ཡིན་ཡང་མཁའ་འགྲོ་མ་ཞིག་ཡིན་ངེས་
པས། དུས་ལྟར་ང་སར་བརྡ་སྤྲོད་དགོས། དེ་ལྟར་བྱུང་ན་ངས་ཁྱོད་རིག་མར་བསུ་ངེས་ཡིན།”
“ངོ་མ་ཡིན་ནམ། མནའ་བཞེས་དང༌།”
“མནའ་བསྐྱལ་དགོས་དོན་ཅི་ཡོད། ཁྱོད་ཀྱིས་བཤད་པ་བདེན་ན་བདེ་མཚོ་ལ་སྲས་མི་སྦྲུམ་པས་ནམ་ཞིག་
འཐོར་དགོས་རྒྱུ་རེད།” ཅེས་པ་ལ་སོགས་པའི་ཁ་བརྡ་དག་ཡིད་ལ་འཁོར།
“བཀའ་དྲིན་གཞལ་དུ་མེད་པའི་ཐུགས་མཆོག་རིན་པོ་ཆེ་ལ། ཁྱེད་ཀྱི་སྐུ་དྲིན་ལ་ང་ལ་བུ་གཅིག་སྐྱེས་པས་མིང་
ཞིག་བསྩལ་དུ་གསོལ། ཁྱེད་དང་བྲལ་རྫེས་མི་ངོ་གཞན་ལ་མ་བལྟས་པར་ཡོད་དེ། སྟབས་འགྲིག་ན་ཁྱེད་ཀྱི་ཇ་མ་བྱེད་པར་
གསོལ་པ་འདེབས་བཞིན་ཡོད་ཅེས་ཆོས་སྒྲོན་ནས།”
“འཕྲིན་ཡིག་འདི་སུ་ཞིག་ལ་འབྲི་རུ་བཅུག་གམ།”ཨ་ལགས་ཀྱིས་དེ་ལྟར་དྲིས།
“སློབགྲྭར་འགྲོ་བཞིན་པའི་ཁོ་མོའི་ཚ་མོས་བྲིས་པ་འདྲ།”
“ཡ།”ཨ་ལགས་ཐུགས་མཆོག་ཚང་གིས་ཁོག་རྩིས་ཇི་ལྟར་བྱས་ཀྱང་བུ་དེ་ཁོའི་མིན་ན་འགྲོ་ས་མེད།
“འོ་ན། བུ་དེ་སྐྱེས་དུས་རྟགས་ཡ་མཚན་ཅན་འདྲ་ཨེ་བྱུང༌།”
“ཉིན་དེའི་དགོང་མོར་ངེད་ཚང་གི་འབྲི་མོ་མདངས་ཅན་ཞིག་ལ་བེའུ་ཞིག་བཙས།”
“ཡག་པོ་འདུག གཞན་པའི་རྟགས་ཅི་ཡོད།”
“ཕྱི་ཉིན་ཁྱི་རྒན་ཤི་སོང༌།” བསྟན་རྒྱམ་གྱིས་དྲང་མོར་ཞུས།
“ཁྱི་རྒན་ཤི་སོང༌། ཧ་ཧ། ཡག་པོ་འདུག”ཨ་ལགས་ཚང་བཞད་བཞིན་ན་རེ། “ཁྱེད་ཀྱི་ཚ་བོ་དེ་མི་རང་ག་བ་
ཞིག་མ་རེད། མིང་ལ་འཇིགས་མེད་ཆོས་འཕགས་ཐོགས། ཕྱིར་ལམ་ཁྱོད་ཆོས་འཁོར་དགོན་པར་སོང་ལ鉄བསམ་དོན་ཀུན་
འགྲུབ鉅འབུམ་གཅིག་བཅོལ་དགོས། བྱིས་པ་དེ་གཙང་སྦྲ་གང་ལེགས་བྱས་ནས་གཉོར་དགོས་པ་ལས་བུད་མེད་ཀྱི་གྱོན་པ་
སོགས་འགེབས་མི་ཉན།”
“ལགས་སོ།”
“སང་ལོའི་སྨྱུང་ཆེན་གྱི་སྐབས་སུ་ཆོས་སྒྲོན་མ་བུ་གཉིས་ཀ་ངའི་དགོན་པའི་ནང་དུ་ཟླ་འགའི་རིང་ལ་ཕྱག་སྐོར་
བྱེད་དུ་ཆུགས། ཁྱོད་ཀྱི་ཚ་བོ་དེ་སྤྲུལ་སྐུ་ཞིག་རེད། གཞན་ལའང་དེ་ལྟར་བཤད་ཆོག”
“ལགས་སོ།”བསྟན་རྒྱམ་གྱིས་ཚ་བོ་སྤྲུལ་སྐུ་ཞིག་ཡིན་པ་ཤེས་འཕྲལ་དགའ་བ་སྙིང་ནས་སྐྱེས་ཤིང་ཝ་ཞྭའང་
བརྗེད་དེ་ཕྱིར་བརྒྱུགས་སོང༌།
ལྔ
གཟིམ་ཁའི་མར་མེ་དང་འདྲ་བའི་ཁྲི་གདུགས་ཉིན་བྱེད་དེ་ནུབ་རིའི་ཏོག་ལྟར་མཛེས་ལ། དགོན་འདབས་ཀྱི་དུད་
ཁྱིམ་དག་ནས་འཕྱུར་བའི་དུ་བ་ཀྱ་མ་ཀྱོག་དེ་དལ་བུར་མཁའ་རུ་འཕྱུར།
ཨ་ལགས་ཐུགས་མཆོག་ཚང་གིས་དགོང་ཟས་བཞེས་རྗེས་འབོལ་ཁྲིར་བཞུགས་ནས“ནམ་མཁའི་བླ་མ་དཀོན་
མཆོག ། མི་ཚེའི་ཐོག་ལ་གཟིགས་དང༌། ། ལྷ་ཆོས་སྙིང་དུ་བཅོལ་ཡང༌། ། དཀོན་མཆོག་མཇལ་རྒྱུ་མི་འདུག །”ཅེས་པའི་
ཟླ་གཞོན་སྙན་དབྱངས་ལ་ཉན། ཡུད་ཙམ་ནས་ཁོས་བདེ་མཚོ་ལ།
“ཁྱོད་ཀྱི་སྔོན་ཆད་ཀྱི་རྨི་ལམ་ངན་པ་དེར་བརྟགས་ན། ཁྱོད་ཀྱིས་ལོ་འདི་འགར་ང་ལ་དོན་དག་ཅིག་གསང་
འདུག་པ་འདྲ།” ཨ་ལགས་ཚང་གི་ཅུང་ཟད་དམར་ཤ་འདྲེས་ཤིང་ཟུར་གསུམ་དུ་ཡོད་པའི་མིག་གཉིས་བདེ་མཚོའི་
དཔྲལ་བར་གཏད། བདེ་མཚོའི་ཡིད་ལ་གློ་བུར་དུ་སྦྱིན་པ་དར་རྒྱས་ཤར་ཞིང་དེ་མུར་འཚུབ་ཆ་ལངས།
“མེད། ངས་ཁྱོད་ལ་གསང་ནས་བྱ་ངན་ཅི་ཡང་མ་བྱས།”
ཨ་ལགས་ཚང་གི་ཞལ་ངོ་ཆར་དུས་ཀྱི་ནམ་མཁའ་བཞིན་གནག་པར་གྱུར་ཏེ་ན་རེ། “ཁྱོད་ལ་བུ་མི་ཆགས་པའི་
རྒྱུ་མཚན་དེ་གསང་བ་མིན་ནམ།”ཟེར།
བསམ་ཡུལ་ལས་འདས་པའི་སྐད་ཆ་འདིས་བདེ་མཚོའི་ངག་སྒོ་བཅད། སྐྲག་སྣང༌། དད་པ། འགྱོད་གདུང་གི་སེམས་
པས་ཁོ་མོའི་ཡ་ཁོག་ལྗིད་ཏིག་གེར་སོང༌།
རེད་ཡ། ལོ་བརྒྱད་ཀྱི་སྔོན་རེད།
གཟའ་སྤེན་པའི་ཉིན་ཞིག་གི་ཕྱི་དྲོར། བདེ་མཚོ་གློག་བརྙན་ལ་བལྟ་རུ་འགྲོ་རྩིས་ཀྱིས་སློབ་གྲྭའི་སྒོར་བུད་ཚེ། དེ་
གར་དམག་ལྭ་སྔོན་པོ་གྱོན་པའི་གསར་ཡག་ཅིག་ཡར་ལངས་ཏེ་ལྦུ་ཆང་འཐུང་བཞིན་འདུག ཡུད་ཙམ་ནས་གསར་བུ་
དེའང་ཁོ་མོའི་རྗེས་ལ་རིང་འདེད་བྱས་ནས་ཡོང༌།
“ཨ་རོག གང་ལ་འགྲོ་རྒྱུ།”
“གློག་བརྙན་ལ་བལྟ་རུ་འགྲོ་རྒྱུ།”
“འོ་ན་འུ་གཉིས་མཉམ་དུ་འགྲོ་ཡ།”
鉊མཉམ་དུ་སོང་ནས་ཅི་བྱེད།” ཁོ་མོས་དེ་ལྟར་དྲིས།
“མཉམ་དུ་སོང་ན་ཅིག་བྱེད་དགོས་དོན་ཅི་ཡོད།” གསར་བུ་དེས་དེ་ལྟར་བཤད་ཅིང་སླར་ཡང་ན་རེ། “ཨེ།
ཁྱོད་ཀྱི་མིང་ལ་ཅི་ཟེར། ལས་བྱེད་པ་ཡིན་ནམ།”
“ངའི་མིང་གིས་ཅི་བྱེད། ཨ་ལ་ངའི་མིང་ལ་བདེ་མཚོ་ཟེར། རྫོང་སློབ་འབྲིང་གི་སློབ་མ་ཡིན།”བདེ་མཚོས་རྟབ་
རྟབ་པོར་དེ་ལྟར་བཤད། འོ་ན“ཁྱོད།”ཅེས་དྲིས།
“ང་ཁྲལ་སྡུད་ཁང་གི་ལས་བྱེད་པ་ཡིན། མིང་ལ་རིག་བཟང་ཟེར།
བདེ་མཚོ་དང་རིག་བཟང་གི་ཐོག་མའི་ཁ་ཚིག་འདི་ལྟར་འདྲིས་ཤིང་མཉམ་དུ་གློག་བརྙན་ཁང་དུ་ཕྱིན།
“ཨ་ཅེ་བདེ་མཚོ། ཁྱོད་ཀྱི་ཡི་གེ”ཉིན་ཞིག་འཛིན་གྲྭ་དང་པོར་ཡོད་པའི་ཀུན་སྐྱིད་བརྒྱུགས་འོངས་ནས་ཁོ་མོར་
ཡི་གེ་ཞིག་བྱིན། ཁོ་མོས་ཕུ་བོ་རིག་བཟང་གིས་བསྐུར་བ་ཡིན་ཟེར།
སྐྲག་སྣང་དང་དགའ་བ་མཉམ་སྐྱེས་ཀྱི་སྙིང་ཆུང་དྲག་ཏུ་ལྡིང་བས་བདེ་མཚོ་འདར་མ་འཚབ་ཀྱིས་འཕྲིན་ཡིག་ལ་
བལྟ་དགོས་པ་ཞིག་བྱུང༌།
“ནགས་རྒྱ་རྫོང་ཡག་གི་དོ་ར་ན། འབྲས་འདབ་ལོ་རྒྱས་པའི་ཨ་གར་ལྗོན། དྲི་ཞིམ་པོ་ཕྱོགས་བཅུར་འཐུལ་བའི་
རྩེར། རྩལ་འདབ་ལག་རྫོགས་པའི་ཁུ་བྱུག་བྱ། འབབ་འདོད་པའི་གཤོག་རྩལ་གར་ལ་བྲེལ། ཤིང་ལྗོན་ལོ་འབབ་ཡུལ་ཨེ་ཉན་
ལགས།”ཞེས་དང༌། ཡང“སྨན་ན་ཆུང་ཚོགས་པའི་གཞི་དཀྱིལ་ན། ལུས་ལང་ཚོ་སྨིན་པའི་ཡིད་འོང་མ། ལྕེ་དར་མའི་
མདུད་པ་གྲོལ་བ་ལས། ངག་སྙན་མོས་ཡིད་དབང་བཀུག་པ་ལ། བདག་གཞོན་ཆུང་ལྷན་ཅིག་རྩེ་དགའ་རུ། རོལ་འདོད་པ་
གཟུགས་ཅན་བཞིན་དུ་གྲུབ། སྨན་ན་ཆུང་རྩེ་རོགས་ཨེ་ཉན་ལགས།” ཞེས་བྲིས་འདུག་པས་ཁོ་མོར་དགའ་བ་འགོག་
ཐབས་མེད་པ་ཞིག་སྐྱེས་མོད། དེ་འདྲ་དགའ་གི་མེད་པའི་ཟོལ་གྱིས་ཁོ་ཚོའི་འཛིན་གྲྭའི་ནང་གི་རྩོམ་ཡིག་ཡག་པོ་འབྲི་ཤེས་
པའི་བུ་མོ་དེ་དང་བསྡོངས་ནས་འཕྲིན་ལན་ཕུལ་བ་ལ།
“རྒོད་ཐང་དཀར་དམར་ལ་དགའ་ན་ཡང༌། ཤ་དམར་པོའི་མཐའ་རུ་རྙི་ཡིས་བསྐོར། རྙི་གཅོད་པའི་ཐབས་ཤེས་
ཐང་དཀར་ལ། ཡོད་གྱུར་ན་དམར་ཟས་རྒོད་ཀྱི་ཡིན།” ཞེས་དང“ཁྱོད་ཕོ་གསར་རྩེད་འཇོར་དགའ་ན་ཡང༌། སྨན་
བུ་མོ་འགྲིག་ལམ་འོག་ཏུ་ཚུད། འགྲིག་གཏོར་བའི་ཐབས་ཤེས་གཞོན་ཆུང་ལ། ཡོད་གྱུར་ན་སྨན་ཆུང་ཁྱོད་ཀྱི་ཡིན།” ཞེས་
བྲིས་ཏེ་བསྐུར་བས། ཉིན་འགའི་རྗེས་སླར་ཡང་འཕྲིན་ལན་ཞིག་འབྱོར་བར།
“ངས་བསྒུག་གི་རྟེའུ་ནག་སྒྲོག་འགྲོས། སེམས་བསམ་པས་སྔོ་ལྗང་སྤང་ལ། རྒྱུག་འདོད་པ་ཁ་ཙམ་མིན་ན། སྒྲོག་
ཕྲ་མོ་དུམས་སེ་གཅོད་པའི། རྣོ་ངར་མའི་རལ་གྲི་ང་ཡིན།”ཞེས་དང་ཡང་“ངས་འདོད་པའི་སྨན་ཤར་བུ་མོ། སེམས་
བསམ་ཕས་འགྲོགས་འདོད་ཡོད་ན། འགྲིག་ཆེན་པོའི་ཁྲིམས་སྒོ་ཕྱེ་བའི། ཐབས་མཁས་པའི་ལྡེ་མིག་ང་ཡིན།” ཞེས་དང་
མཇུག་མཐར། “གཟའ་སྤེན་པའི་ཉིན་གློག་བརྙན་ཁང་དུ་སླར་ཐུག་པར་ཞུ།”ཞེས་བྲིས་འདུག
ཉིན་དེར། ཁོ་མོས་རང་ཚོད་ཀྱི་ལྭ་བ་ལེགས་པོ་ཞིག་གྱོན། ཁ་ལག་ཡང་ཡང་བཀྲུས་རྗེས་དུས་ཆད་ལྟར་གློག་བརྙན་
ཁང་དུ་ཕྱིན། རིག་བཟང་གི་ངར་ཆེ་ལ་བདེ་དྲོད་འབར་བའི་ལག་པ་དེ་ཁོ་མོའི་བརླ་ཐོག་ཏུ་བཞག་པས་ཁོ་མོ་བཟི་སྣང་ཕྲ་
མོས་བཟུང་སྟེ་གློག་བརྙན་མཚམས་གང་ལ་ཐོན་པའང་མ་ཚོར།
“བདེ་མཚོ། གློག་བརྙན་ཡག་རྒྱུ་མི་འདུག་ངའི་ཁང་བའི་ནང་དུ་སོང་ནས་ཁ་བརྡ་བྱས་ན།”
“ཆོག་གི།” སེང་རས་དཀར་པོའི་ཡོལ་བ་འཐེན་པའི་མལ་ཁྲི་གྲལ་དག་པོ་ཞིག་འདུག མདུན་ཅོག་སྟེང་དུ
鉄དག་ཡིག་གསར་བསྒྲིགས鉅དང鉄རྒྱ་བོད་ཤན་སྦྱར鉅ལ་སོགས་པའི་དཔེ་ཆ་འགའ་དང་སྒྲ་འབེབ་སྡུད་འཁོར་ལོ་ཆུང་
ཆུང་ཞིག་བཞག་འདུག གྱང་ངོར་གློག་བརྙན་འཁྲབ་པའི་མཛེས་མ་མང་པོའི་འདྲ་པར་བཀལ་འདུག་ཅིང༌། ཁྱིམ་དཀྱིལ་ན་
ལྕགས་ཐབ་ཅིག་དང་གྱང་རྩར་ཁྲུས་གཞོང་ཞིག་སྟེ་འདི་ནི་རིག་བཟང་གི་ཁྱིམ་གཞི་རེད།
“བདེ་མཚོ། ཁྱོད་ཀྱིས་རྩོམ་བྲིས་པ་ཡག་པོ་འདུག་
བདེ་མཚོ་ཁ་སྐྱེངས་ཏེ་མིན་པའི་བརྡ་ལ་མགོ་འཕྲེད་དུ་གཡུགས།
“ང་ཡང་རྩོམ་འབྲི་རྒྱུར་དགའ”རིག་བཟང་ན་རེ། “ད་ལོའི鉄སྦྲང་ཆར鉅དེབ་དང་པོར་ངས་བྲིས་པའི་
སྙན་ངག鉄གངས་ཅན་ཡུལ་ལ་བསྔགས་པ་གངས་སེང་དཀར་མོའི་གད་རྒྱངས鉅ཞེས་པ་དེ་བཀོད་ཡོད། ཁྱོད་ཀྱིས་ཨེ་
རིག”
“མ་རིག”
“འདི་ན་ཡོད།” རིག་བཟང་གིས་སྔས་ཞབས་སུ་མནན་པའི鉄སྦྲང་ཆར鉅དེ་བླངས་ནས་བདེ་མཚོའི་ལག་ཏུ་
གཏད། དམག་ལྭ་སྔོན་པོ་གྱོན་ཞིང་རྩོམ་ཡིག་ཀྱང་འབྲི་ཤེས་པའི་གསར་བུ་འདིས་ཁོ་མོའི་སེམས་དབང་མེད་དུ་བཀུག
“རིག་བཟང༌། ད་གློག་བརྙན་གྲོལ་ལ་ཉེ་བས་ང་སློབ་གྲྭར་འགྲོ་རན།”
“ཁྱོད་ངོ་མས་ང་ལ་དགའ་ན་དེ་རིང་མངག་རྒྱུ་མིན།”
… …
བསམ་ཡུལ་ལས་འདས་པའི་བྱིས་པ་དེའི་དབང་གིས་ཁོ་མོའི་ལས་དབང་རིག་བཟང་དང་དམ་པོར་སྦྲེལ། ཁོ་མོ་མུ་
མཐུད་དུ་སློབ་གྲྭར་འགྲོ་བ་དང་མ་འོངས་པར་ལས་བྱེད་པ་ཞིག་བྱེད་རྒྱུའི་མདུན་ལམ་ཡང་མཇུག་བསྒྲིལ་སོང༌། མོ་ཆུང་
དུས་ནས་ད་ཕྲུག་ཏུ་ལུས་ཤིང་ཨ་ཞང་གཅིག་པོ་ལས་གཉེན་ཉི་ཡང་མེད། ད་ལྟ་རིག་བཟང་གཅིག་པུའི་ཟླ་ཕོགས་ལ་བརྟེན་
དགོས་ཤིང་བྱིས་པ་གཉིས་ཀྱང་བཙས་པས་འཚོ་བ་བཟང་རྒྱུ་མེད། དེ་བས། བཟའ་ཟླ་གཉིས་གྲོས་མཐུན་གྱིས་བྱིས་པ་མི་
ཆགས་པའི་གཤག་བཅོས་བྱས་མོད། མེད་དང་མུ་གེའི་དབང་གིས་འཁོན་འཛིང་རྒྱུན་མ་ཆད།
ཉིན་ཞིག རིག་བཟང་གིས་གུས་གུས་ཞུམ་ཞུམ་གྱིས་མགྲོན་པོ་ཞིག་བསུས་ནས་ཡོང༌། གོས་ཆེན་དམར་སྨུག་གིས་
གཡོགས་པའི་ཚ་རུ་ལ་སྐ་རགས་སེར་པོ་བཅིངས་ཤིང༌། རྨ་འབྲུག་རིས་ཅན་གྱི་སྟོད་གོས་ངུར་སེར་གྱོན་པའི་མི་སྐུ་བརྗིད་
ཅན་དེ་བལྟས་པ་ཙམ་གྱིས་བླ་མ་ཞིག་ལོས་ཡིན་སྙམ།
“བདེ་མཚོ། ཁྱོད་ཀྱིས་ཨ་ལགས་ལ་བཞེས་པ་གཙང་མ་ཞིག་ལས།” རིག་བཟང་གིས་དེ་ལྟར་བཤད་ཅིང་
གསོལ་ཇ་དྲངས།
ཁོང་ནི་ལོ་བཞི་བཅུ་རྩ་སྟོད་ཀྱི་བླ་མ་སྐུ་བརྗིད་ཅན་ཞིག་རེད་ལ། དཔྲལ་ཟུར་གྱི་དབུ་སྐྲ་ཅུང་བྱི་ནས་ཡོད་ཅིང༌།
སྨིན་མ་སྟུག་ཅིང་སྤྱན་ཟུང་ཟླུམ། ཤངས་ཀྱི་གཟེངས་མཐོ་ལ་ཐུར་དུ་རིང་བ་དང་མ་ནེ་ཐུང་ལ་ཉིས་རྩེག་གི་ཚུལ་དུ་ཡོད།
རིག་བཟང་ལ་ཆོས་དད་ཆེ་ཞིང་ལྷག་པར་དུ་ཨ་ལགས་ཐུགས་མཆོག་ཚང་ལ་དད་པ་ཆེ་བས། ཨ་ལགས་ཚང་ཡར་ཕེབས་
མར་ཕེབས་བྱེད་དུས་རྒྱུན་པར་ཁོང་ཚང་ནས་ཞག་བཞུགས་གནང་གི་ཡོད།
ཐེངས་ཤིག་རིག་བཟང་ཟླ་འགའ་ལ་སློབ་སྦྱོང་དུ་སོང་བའི་ཤུལ་དུ་ཨ་ལགས་ཕེབས་ཏེ་ཁོང་ཚང་ནས་བཞུགས།
བདེ་མཚོས་བཞེས་པ་གཙང་མ་ཞིག་ཕུལ་རྗེས་ཨ་ལགས་ཚང་མལ་ཁྲིའི་སྟེང་དུ་གཟིམ་དུ་བཅུག་རྗེས་རང་ཉིད་ཐང་ནས་
ཉལ། ཡུན་རིང་བོར་བདེ་མཚོར་གཉིད་མ་ཁུགས་ཤིང་ཨ་ལགས་ཀྱང་གཟིམ་མ་ཐུབ། དབུགས་ཀྱི་རྒྱུ་བའི་ཁྲོད་ནས་ཕན་
ཚུན་ལ་ཟུར་བརྡ་ཞིག་བཏང་ནས་གྲོས་འཆམས་བྱུང་བ་ལྟར། ཅི་ཡིན་འདི་ཡིན་མ་ཤེས་པར་ཨ་ལགས་ཚང་ཁོ་མོའི་སར་
ཕེབས་ཏེ་གསང་བའི་བདེ་ཆེན་ཞིག་བསྐུར། ཉིན་དེ་ནས་བཟུང་རིག་བཟང་ཕྱིར་མ་ཐོན་གྱི་བར་ཨ་ལགས་་ཚང་གིས་བདེ་
མཚོར་སྐོར་མང་པོ་བརྒྱབ། ཁ་དཔེར“ཁྲེལ་ཕྱི་ཐག་རིང་བའི་གྲོགས་པོ་དཀོན། ཚོང་དྲང་མོར་གཏམ་པའི་ཁེ་བ་དཀོན།”
ཟེར་བ་ལྟར་བདེ་མཚོ་ཡང་ཐུགས་མཆོག་ཚང་གི་རྒྱུ་ལ་ཆགས་ནས་མོ་རིག་བཟང་དང་མཉམ་དུ་འདུག་འདོད་མེད་པ་སོགས་
ཀྱི་ཚིག་ཟུར་མང་པོ་བསྟན་ཅིང༌། ཨ་ལགས་ཀྱིས་ཀྱང་ཁོ་མོ་རིག་བཟང་དང་འཐོར་ཐུབ་ན་རིག་མར་བསུས་ཆོག་ཅེས་བཤད་
པས“རྟ་ཤོར་བར་འཛིན་རྒྱུ་ཡོད་ཀྱང༌། ཚིག་ཤོར་བར་འཛིན་རྒྱུ་མེད”པའི་དཔེ་རུ་སོང༌།
རིག་བཟང་ཕྱིར་ལོག་པའི་ཉིན་དེར། བདེ་མཚོས་ངོ་དཀར་པོ་ཞིག་གཏན་ནས་མ་བསྟན། “བདེ་མཚོ། ཁྱོད་ལ་
ཅི་བྱུང༌། དེ་འདྲ་བྱས་ནས་ཅི་བྱེད།”
“ང་ལ་ཅི་ཡང་བྱུང་མེད།”
“མེད་ན་ཁྱོད་ཀྱི་རྣམ་འགྱུར་དང༌། གདུག་རྩུབ་དེ་ཅི་ཡིན། འཐོར་འདོད་པ་ཡིན་ནམ།”རིག་བཟང་གིས་
བཙན་གཏམ་བཤད། འོན་ཀྱང༌། བདེ་མཚོའི་ཁོག་ན་ལྡིང་བའི་བསམ་ཚུལ་དེ་ཁོའི་ཁ་ནས་ཕུད་པ་ཙམ་པོ་རེད།
ཁ་དཔེར“ཁྱོད་བྲེ་སེར་འབྲོང་མོའི་རྭ་ནག་ན། ང་ཞེ་སྡང་སྦྲུལ་གྱི་ལྕེ་ལོས་ནག”ཟེར་བ་བཞིན་བདེ་མཚོ་ན་རེ།
“འཐོར་ན་འཐོར། ད་འཐོར།”
“ངོ་མ་ཡིན་ནམ། བདེ་མཚོ།”
“མིན་ན་ཤི་ཡུལ་གྱི་ཕ་མ་གཉིས་ཀའི་ཤ”
འདི་ལྟར་འཁོན་འཛིང་ཡ་ང་བ་ཞིག་བྱས་པས། དོན་འདི་ཇེ་ཆེ་ཇེ་མང་ལ་སོང་སྟེ་མཐར་ཁྲིམས་ཁང་ནས་འཐོར་
ཡིག་བླངས། བྱིས་པ་གཉིས་རིག་བཟང་གིས་གསོ་རྒྱུ་བྱས་ཏེ་ཁ་ཁར་གྱེས་པས་བདེ་མཚོ་ལ་མཚོན་ན་བསམ་ཐོག་ཏུ་རྟ་
བརྒྱུགས་པ་རེད།
“བལྟས་བལྟས་དགུང་སྔོན་གནམ་ལ་བལྟས། ཉན་ཉན་འབྲུག་ཆུང་སྐད་ལ་ཉན།”ཟེར་བ་ལྟར། དེ་ནས་བཟུང་
བདེ་མཚོ་རྒྱུན་པར་བསྟན་རྒྱས་དགོན་པར་ཕྱག་སྐོར་ལ་འགྲོ་བའི་ཟོལ་གྱིས་ཨ་ལགས་ཚང་ལ་ཐུག་ཅི་ཐུབ་བྱས་ཤིང༌། ཨ་
ལགས་ཚང་གིས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོར་ཐུག་འཕྲད་གནང༌།
“བདེ་མཚོ། ད་རུང་ཅུང་ཟད་སྡོད་དང་མྱུར་ན་ཁ་རྨསཕོག་ཡོང༌། དེའི་བར་འདིས་འཚོ་བ་རོལ་སྤྱད་གྱིས།”
ཞེས་སྒོར་སྟོང་ལྔ་གནང༌།
“ཐུགས་རྗེ་ཆེ།”བདེ་མཚོ་ལ་སེམས་འགུལ་ཐེབས་མུར། “འོན་ཀྱང་འགོར་དྲགས་ན”ཟེར།
“ཅི་རེད། མྱུར་དུ་བུ་ཞིག་བཙས་ན་འདོད་པ་ཨེ་ཡིན།”ཨ་ལགས་ཚང་གིས་ཀུ་རེའི་ཚུལ་དུ་དེ་སྐད་གསུངས་
ཤིང༌། སླར་ཡང“རྗེས་ནས་འོ་ཅག་ལ་སྲས་ཤིག་ཡོད་ན་སྤྲུལ་སྐུ་ཞིག་དང༌། སྲས་མོ་ཞིག་ཡོད་ན་མཁའ་འགྲོ་མ་ཞིག་ཡིན་
ངེས།”ཞེས་གསུངས།
རེད་ཡ། དེ་དུས་ཀྱང་ངས་ཨ་ལགས་ལ་གཤག་བཅོས་བྱས་ཚུལ་ཞུ་མ་ནུས། དེ་རིང་གཞི་ནས་ཨ་ལགས་ཀྱིས་མཁྱེན་
སོང༌། ད་ཅི་བྱའམ།
དྲུག།
ཨ་ལགས་ཐུགས་མཆོག་ཚང་ཚོགས་ལ་ཕེབས་ཤུལ་དུ། བདེ་མཚོས་ཧོས་ཧོས་ཚོང་པ་ཞིག་གི་ལག་ནས་སྲམ་ཆེན་པོ་
གཉིས་ཉོས་ནས་རང་གི་བྱིས་པ་གཉིས་ལ་སྲམ་སྐྱ་རེ་སྟེར་དགོས་སྙམ།
“དེ་རིང་ངས་སྲམ་ཡག་པ་གཉིས་ཉོས།”ཁོ་མོས་ཨ་ལགས་ལ་གསོལ་ཇ་འདྲེན་བཞིན་དེ་ལྟར་ཞུས།
“ཨ། དུ་བྱིན།”
“སྟོང་གཅིག”
“འདྲེ་མོ། ཁྱོད་ལ་དབང་ཆེ་ག”ཨ་ལགས་ཚང་གིས“ཁ་གཡོར་ས་ཁ་དཀར་རྐྱང་དང༌། མདའ་འཕེན་ས་བྲེ་
སེར་འབྲོང༌།”ཟེར་བ་ལྟར། ཐུགས་ཤིན་ཏུ་ཁྲོས་པའི་ཟོལ་གྱིས་བདེ་མཚོ་ལ་འགྲམ་ལྕག་ཚ་ནན་པ་ཞིག་གཞུས།
“ཨ་ཚ། ངས་བྱིས་པ་གཉིས་ལ་སྲམ་ཞིག་སྟེར་བའི་དབང་ཡང་མེད་དམ།” བདེ་མཚོས་ངུ་འབོད་བྱས།
“སྤྲང་མོ། ཁྱོད་ལ་སྐྱག་པའི་དབང༌། ད་བར་དུ་གཤག་བཅོས་བྱས་པ་ང་ལ་གསང་དོན་ཅི་ཡིན།”
“ཅི་རེད། ང་ལ་སྤྲུལ་སྐུ་ཞིག་གམ་མཁའ་འགྲོ་མ་ཞིག་སྦྲུམ་ངེས་ཡིན་ཞེས་པ་ཁྱོད་ཀྱི་ལུང་བསྟན་མིན་ནམ། མཁྱེན་
པ་མེད་ན་ཁ་ལབ་བརྒྱབ་ནས་ཅི་བྱེད། རྫུན་རྐྱལ།”
“ཨ—འདྲེ་མོ”ད་ཐེངས་ཨ་ལགས་ཚང་དངོས་གནས་ཐུགས་ཁྲོས་པས་བདེ་མཚོ་ལ“གོམ་གསུམ་སྤོ་དབང་
དང༌། ཚིག་གསུམ་བཤད་དབང”མ་བྱིན་པར་སྐྲ་ནས་འཇུས་ཏེ་ཡར་འདྲུད་མར་འདྲུད་ཀྱིས་རྡུང་རྡེག་བྱས་ཏེ། “ད་
སོང༌། ཁྱོད་ད་སོང༌། དི་རིང་ནས་ཁྱོད་དང་མཉམ་དུ་འདུག་ན་དཀོན་མཆོག་གསུམ་པོ།”ཞེས་གསུངས་ཤིང་ཁོ་མོའི་གཡུ་
བྱུར་གྱི་སྐེ་རྒྱན་སུམ་རྐྱ་བོ་དེའང་བཙན་གྱིས་གསིག་འཐེན་བྱས་ནས་བཅད་དེ“ད་སོང༌།” ཟེར་ནས་སྒོར་ཕུད།
“ཁྲེལ་མེད་ཁྱོད། ངོ་ཚ་མེད་པའི་ཁྱི། ཁྱི།” ཞེས་བདེ་མཚོས་སྡིགས་མོ་བྱེད་བཞིན་ཕྱིར་བརྒྱུགས་སོང༌།
“རིག་མ་བྲོས་ཐལ། རིག་མ་བྲོས་ཐལ།” ནང་འཁོར་རྣམས་ཀྱིས་གཅིག་གིས་གཅིག་ལ་བཤད་དེ། བན་ཆུང་
འགའ་ཡར་རྒྱུག་མར་རྒྱུག་བྱས། གཉེར་བ་དང་གྲྭ་རྒན་ཚོས་ཤེས་འཕྲལ་ཁོ་ཚོ་རྗེས་སུ་རྒྱུག་རྩིས་བྱས་ཚེ་ཨ་ལགས་ཐུགས་
མཆོག་ཚང་གིས་“འདྲེ་མོའི་རྗེས་ལ་འགྲོ་མཁན་ཡོད་ན་དེ་དམ་ལོག་ཡིན།”ཞེས་སྐད་བརྒྱབ་པས་སུའང་འགྲོ་མ་
ཕོད།
“སྟོད་ལེ་སོང་ནས་ཁ་མ་སོས། སྨད་ལ་སོང་ནས་དོན་མ་གྲུབ།”ཟེར་བ་ལྟར། བདེ་མཚོ་གཅིག་པུ་གར་འགྲོ་
འདིར་འགྲོ་མེད་པར་དགོན་འདབས་ཀྱི་ལམ་ཕྲན་དེ་དེད་ནས་སོང༌། ལམ་ཐོར་ནས་བརྒྱུད་པའི་སྡེ་བ་འདིའི་མི་སེར་དང་
ར་ལུག བོང་བུ། ཁྱི་ལ་སོགས་པའི་གདོང་ལ་ཐལ་རྡུལ་གྱིས་གོས་ཤིང་ཡིད་སྐྱོ་བའི་མིག་ཟུང་གིས་བདེ་མཚོར་ཅེར་འདུག
དད་ལྡན་འགའ་རེས“རིག་མ་གང་ལ་ཕེབས་རྒྱུ།”དང་ཡང་ན“རིག་མ་ངེད་ཚང་ལ་ཕེབས་ནས་གསོལ་ཇ་བཞེས་
རོགས།” ཞེས་ཞུས་པས་ཁོ་མོར་སྔར་ཡོད་མ་མྱོང་བའི་ངོ་ཚ་སྐྱེས་ཤིང༌། རང་ཉིད་ཨ་ལགས་དང་བྲལ་ན་མི་ཕལ་བའི་ཡང་
ཕལ་བ་ཞིག་ཡིན་པ་གཞི་ནས་ཚོར། ཉག་གའི་ཁར་སླེབས་པ་དང་ཁོ་མོ་གསོམ་སྡོང་ཞིག་གི་གྲིབ་བསིལ་འོག་ཏུ་བསྡད་ནས་
དགོན་པའི་ཕྱོགས་སུ་རེ་བལྟ་བྱས། ཨ་ལགས་ཚང་གིས་གཉེར་བའམ་བཀྲ་མཚོ་མངགས་ནས་ཁོ་མོ་ཕྱིར་བོས་ན་ཅི་མ་རུང་
སྙམ། འོན་ཀྱང༌། ཉི་མ་ནུབ་ལ་ཉེ་ཡང་འབོད་མཁན་མ་བྱུང༌།
ཡ། ད་ཇོ་མོ་ཞིག་མ་བྱས་ན་ཁ་མི་སོས་སྙམ་ནས་ཁོ་མོས་དབུགས་རིང་ཞིག་འཐེན་ཞིང་ལམ་དུ་ཆས་པར་རྩོམ་དུས།
ནུབ་ཁའི་ཉི་ཟེར་འོག་ན་གྲྭ་པ་ཞིག་བྲེལ་སྟབས་ཀྱིས་ཁོ་མོའི་ཕྱོགས་ལ་ཡོང་བཞིན་པ་མཐོང༌།
“སུ་ཡིན་ནམ།” རིག་མ་བདེ་མཚོའི་ལུས་ཡོངས་ཀྱི་ཁྲག་རྩའི་དྲོད་ཁོལ་སྔར་བཞིན་སོས་ལ། རེ་བའི་མིག་ལ་
བཀྲག་མདངས་འཚེར།

བརྒྱུད་སྐུལ།

མཆན་སྤེལ།