མི་རབས་གསུམ་གྱི་ལྷ་ས།

མི་རབས་གསུམ་གྱི་ལྷ་ས།

◎འདབ་ཡངས།【རིག་གཞུང་སློབ་གླིང་། སློབ་ཐོན་སློབ་མ།】

 

        —-ཡང་ན་དཔེ་དེབ་ཅིག་བཀླགས་པའི་མོད་ལ་ལྷ་ས་མཇལ་བ།

ད་ལོ་སྟེ། ༢༠༡༨ལོའི་དགུན་སྨད་ལ་སྟབས་འཁེལ་ཞིག་གམ། ཡང་ན་ངས་ནན་གྱིས་བསྐུལ་བ་དང་ཨ་ཕས་ཀྱང་ད་ཐེངས་ལྷ་སར་ཕྱིན་ན་ཡག་རབས་བཤད་པས། ད་གཟོད་རྨོ་བོས་ཁྱིམ་གྱི་ཚར་རྒྱུ་མེད་པའི་ལས་ཀ་ཙག་ཙིག་དག་རེ་ཞིག་བསྐྱུར་ནས་ང་དང་མཉམ་དུ་དབུས་ལྷ་སར་ཡོང་རྒྱུར་ཁས་བླངས། རྨོ་བོ་ནི་ལོ་བརྒྱད་ཅུ་ལ་ཉེ་བར་བཅར་ཞིང་། དེང་གི་ཆར་བརྒྱ་སྒྲོག་སྟོང་སྒྲོག་བྱེད་པའི་བོད་གསར་རྙིང་གཉི་ག་བརྒྱུད་མྱོང་བ་ཞིག་རེད། གཟུགས་པོ་གཅོང་ནད་ཅིག་གིས་ཡུན་རིང་མནར་བཞིན་ཡོད་ཅིང་ལྷག་ཏུ་ཉེ་ཆར་ནད་གཞི་ལྕི་རུ་ཕྱིན་ཡོད་པས་ད་ཐེངས་ལྷ་སར་ཕྱིན་ཏེ་ཁྱིམ་མི་རྣམས་ཀྱིས་གཙོ་བོ་ནད་གཞི་དྲག་བསྐྱེད་ཡོང་བའི་རེ་བ་བྱེད། འོན་ཏེ། རྨོ་བོ་དང་ལྷག་ཏུ་ངའི་ཨ་ཕའི་བསམ་ཚུལ་ནི་དེ་འདྲ་ཞིག་མ་ཡིན་པ་འདྲ། ལྷ་སར་འབྱོར་ནས་དོན་དག་གལ་ཆེ་ཤོས་ཤིག་ཡོད་པ་ནི་ཨ་ཕས་རྨོ་བོ་འཁྲིད་དེ་ཇོ་ཤཱཀྱ་རྣམ་གསུམ་དང་། གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་བཅས་ཀྱི་གཙོ་བྱས་པའི་ཉེ་འཁོར་གྱི་དགོན་པ་དག་ཏུ་ཆོས་མཇལ་ལ་འགྲོ་རྒྱུ་བྱུང་ན། གཞི་ནས་ལྷ་སར་སླེབས་པའི་སླེབས་གོ་ཆོད་པ་དང་བསམ་པ་རྫོགས་པ་ཡིན།

ད་དུང་རྨོ་བོ་ལ་འདུན་པ་གཞན་ཞིག་ཡོད་པ་ནི་ཟླ་བ་ཁ་ཤས་ལས་མ་ལོན་པའི་ཚ་བོ་འཁྲིད་དེ་ཇོ་བོའི་ཞལ་མཇལ་རྒྱུ་དེ་ཡིན། ནམ་རྒྱུན་རྨོ་བོས་ཚ་བོ་ཆུང་ཆུང་དེའི་མགོ་བོ་མཆོད་ཁང་ནང་གི་སྐུ་གསུང་ཐུགས་རྟེན་ལ་བཏུགས་ནས་མེས་པོ་དམ་པ་གང་ཞིག་གི་བྱིན་རླབས་འཇུག་ན་སྙམ་པ་ལྟ་བུར་བྱེད། ཨ་ཕ་དང་མཉམ་དུ་ལྷ་སར་ཕྱིན་ཚེ་ང་ལ་མཚོན་ན་གཡོལ་དུ་མེད་པའི་ཁྲལ་ལྕི་མོ་ཞིག་ཡོད་པ་ནི། ཞོགས་སྔ་མོ་ནས་མལ་ལས་ལངས་ཏེ་ཨ་ཕ་དང་མཉམ་དུ་ལྷ་སའི་དགོན་སྡེ་ཁག་ལ་ཆོས་མཇལ་དུ་འགྲོ་དགོས། ཐེངས་མང་པོ་ཨ་ཕ་དང་མཉམ་དུ་ཕྱིན་པས་ན། རྗེས་སུ་ང་རང་གཅིག་པུ་ཡིན་ཡང་དབུས་ལྷ་སར་འབྱོར་བ་དང་ངེས་པར་དུ་ཉེ་འཁོར་གྱི་དགོན་སྡེའམ་གནའ་ཤུལ་གང་རུང་གཅིག་ལ་སེམས་ཞིབ་མོས་མཇལ་དུ་འགྲོ་དགོས། ད་གཟོད་ང་རང་དབུས་ལྷ་ལྡན་དུ་སླེབས་པ་ཚོར་ཞིང་ངའི་སེམས་ལ་ལྷག་ཏུ་སྤོབས་པ་ཞིག་གིས་གང་བར་བྱེད།

         ཨ་ཕ་དང་ཐོག་དབུས་ལྷ་སར་སླེབས་དུས་ཕོ་ལོ་ཉི་ཤུ་རྩ་གྲངས་ཤིག་ལ་ཡིན་ཟེར། དེ་དུས་སྡེ་པའི་ནང་ཐོ་ལཱ་(拖拉机)གཅིག་ཡོད་པ་དེའི་ཟླ་ལ་རྒྱལ་རྩེ་ནས་གམ་པ་ལ་བརྒྱུད་དེ་དབུས་ལྷ་སར་འབྱོར། ལམ་བར་དུ་ཉིན་གཉིས་དང་མཚན་གཅིག་འགོར་རབས་བཤད། ངས་སྐབས་རེ་ཨ་ཕར་དེ་དུས་ཀྱི་ལྷ་ས་ནི་ཅི་འདྲ་ཞིག་ཡིན་པ་དང་ཨ་ཕ་རང་ལ་མྱོང་བ་གང་འདྲ་བྱུང་ངམ་ཞེས་འདྲི་བར་བྱེད། ཨ་ཕས་གློག་སྒྲོན་དང་འཁོར་རིགས་དག་གིས་སེམས་ལ་ཡ་མཚན་པར་བྱེད་ཅིང་། ད་དུང་ལྷིང་འཇགས་ངང་སྨུག་ཤིག་གེར་འགྱིང་བའི་ཕོ་བྲང་པོ་ཏ་ལ་ཐོག་མར་མཇལ་བྱུང་ཟེར། དེ་དུས་ཨ་ཕ་དཔལ་ལྡན་འབྲས་སྤུངས་དགོན་པར་ཆོས་མཇལ་དུ་ཕྱིན་པས་ཚོགས་ཆེན་འདུ་ཁང་གི་ནང་དུ་བཀའ་ཆོས་གནང་བཞིན་འདུག་པ་ལ། བླ་མས་དལ་འབྱོར་རྙེད་དཀའ་ཞེས་ཡང་ཡང་གསུང་གིན་པ་ད་ལྟ་ཡང་ཡིད་ལ་ལྷང་ངེར་དྲན་ཟེར། སྐབས་དེ་དུས་བཀའ་ཆོས་གནང་མཁན་གྱི་བླ་མ་ནི་ལམ་རིམ་བླ་མ་རིན་པོ་ཆེ་ཡིན་པར་འདུག ནམ་རྒྱུན་ངས་གུང་གསེང་དང་སློབ་ཞོར་ལ་ཁྱིམ་དུ་ལོག་སྐབས་དབུས་ལྷ་ས་ནས་ཕ་ཡུལ་བར་ཆུ་ཚོད་ཁ་ཤས་ནང་བརྟོལ་གྱི་ཡོད། དེ་ལྟར་ལོག་ཐེངས་རེ་རེར་རྨོ་བོས་ཧ་ལས་མདོག་གིས་སྔོན་མ་ཕ་ཡུལ་ནས་ལྷ་སར་ཕྱིན་ན་ཟླ་བ་འགོར་གྱིན་ཡོད་ཅིང་། ད་ནི་ཉིན་གཅིག་ཀྱང་མི་འགོར་བར་འདུག་ཟེར། སྡེ་པའི་རྒན་རབས་རྣམས་ཀྱི་ལབ་གླེང་གི་ཟུར་དུ་ངས་འདི་ལྟར་གོ་མྱོང་སྟེ། བདེ་བ་ཅན་གྱི་ཞིང་ཁམས་དང་བྱང་ཤམ་བྷ་ལ་ཟེར་བ་ཡང་ལྷ་ས་ལས་ལོགས་སུ་མེད་པ་དང་དབུས་ཀྱི་ཆོས་འཁོར་ལྷ་ས་ཞེས་མིག་ཟུམ་ཟུམ་བྱེད། ལབ་གླེང་རེ་རེའི་ཞོར་དུ་ང་རང་ཡང་བསམ་གཞིག་ལྕི་མོ་ཞིག་གིས་བསྣན་འོང་སྟེ། ལྷ་ས་དང་ཕ་ཡུལ་བར་གྱི་རྒྱང་ཐག་ནི་ཟླ་བ་ནས་ཉིན་དང་། ཉིན་ནས་ཆུ་ཚོད་བཅས་ཉེ་རུ་ནས་ཉེ་རུ་འགྲོ་བཞིན་ཡོད་ཅིང་། དེ་བཞིན་ཆུ་ཚོད་ཁ་ཤས་ནང་ཕ་ཡུལ་ནས་ལྷ་སར་སླེབས་ཀྱི་ཡོད་པས། སྐབས་རེ་ང་རང་ལྷ་སར་སླེབས་ཟིན་ཀྱང་ད་དུང་ལྷ་ས་ཞེས་འདི་ལས་ལོགས་སུ་དགར་བ་ཞིག་ཡོད་སྙམ་དུ་སེམས་ལ་བྱེད། དེ་ལྟ་བུའི་འདུ་ཤེས་ནི་ལྷ་ས་ག་ཚོད་ཞིབ་མོར་མཇལ་ན་དེ་བས་ཀྱང་ལྕི་རུ་འགྲོ་བ་ལྟ་བུར་འདུག

སྤྱི་ལོ་ ༦༣༣ ལོར་བོད་རྒྱལ་སྲོང་བཙན་སྒམ་པོས་ས་འདིའི་དགེ་མཚན་དུ་མ་ལ་གཟིགས་ནས་སྐྱིད་ཤོད་དམར་པོ་རི་ལ་ཕོ་བྲང་དང་འདབས་སུ་གཙུག་ལག་ཁང་རྣམ་གཉིས་བཅས་བཞེངས། དེ་དུས་ལྷ་ས་ལ་ལྷ་ས་རུ་མི་འབོད་པར་ར་ས་ཞེས་འབོད་པ་བསམ་ཡས་རྡོ་རིང་དུ་འཁོད། ལྷ་ལྡན་གཙུག་ལག་ཁང་བཞེངས་སྐབས་ས་ར་མ་དཀར་པོས་དྲངས་ཏེ་འོ་ཐང་མཚོ་བསུབས་པས་དེ་ལྟར་དུ་འབོད་སྐད། བོད་རྒྱལ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་བདུན་པ་༨༢༡ལོར་བཞེངས་པའི་ལྷ་ལྡན་གཙུག་ལག་ཁང་གི་རྡོ་རིང་གི་ངོས་སུ་ལྷ་ས་ཞེས་འཁོད་ཡོད། སྐབས་དེ་དུས་ར་ས་དང་ལྷ་ས་ཞེས་པ་ཡང་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འཁོར་ཁོ་ན་ལ་བྱེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་དུ་དཔལ་གྱི་ཆོས་འཁོར་ལྷ་ས་ཞེས་གསུངས། དུས་དེ་ཤེད་ཅིག་ནས་བཟུང་ལྷ་ས་ནི་མི་རིགས་འདིའི་དར་རྒུད་ཀྱི་ལོ་ཟླ་རིང་མོ་མཚོན་བྱེད་ཀྱི་མེ་ལོང་ལྟ་བུར་གྱུར། ཕྱིས་སུ་བཀའ་གདམས་པའི་དགེ་བཤེས་ཁྱུང་པོ་གྲགས་སེ་བྱ་བས་པོ་ཏ་ལར་ཚད་མའི་འཆད་ཉན་བཙུགས་ཤིང་། མཚུར་ཕུ་ཀརྨ་པ་དང་རྗེ་ཙོང་ཁ་པ་སོགས་ཀྱིས་ཀྱང་ཆོས་ཀྱི་འཆད་ཉན་གནང་བས་རིམ་བཞིན་ཕོ་བྲང་ནས་ལྷ་ཁང་གི་རྣམ་པ་ལྟ་བུར་ཆགས། ཕོ་བྲང་ལྷ་ཁང་གི་རྣམ་པར་ཆགས་ལུགས་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་གཅིག་གྱུར་གྱི་ཐབས་ཤིག་ཡིན་པ་དེང་གི་ཆར་སྐྱེས་བུ་འགའ་རེས་བརྗོད། རྗེ་ཙོང་ཁ་པ་དང་ཁོང་གི་རིང་ལུགས་འཛིན་པའི་དངོས་བརྒྱུད་ཀྱི་སློབ་མ་རྣམས་ཀྱིས་ལྷ་སའི་ཉེ་འཁོར་དུ་དགོན་སྡེ་མང་པོ་བཞེངས་པ་དང་། སོག་དམག་གིས་གཙང་པ་རྒྱལ་པོ་ཕམ་པར་བྱས་རྗེས། ༡༦༤༢ལོར་རྗེ་ཙོང་ཁ་པ་དང་ཆོས་བརྒྱུད་གཅིག་པ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཀྱི་སྲིད་དབང་གི་འགན་བཞེས་ཤིང་། པོ་ཏ་ལ་འཛུགས་བསྐྲུན་རྒྱ་བསྐྱེད་མཛད་པ་དང་བོད་ཀྱི་ཆེས་མཐའ་མའི་སྲིད་གཞུང་དགའ་ལྡན་ཕོ་བྲང་ཡང་པོ་ཏ་ལར་སྤོས། དེ་བས་ལྷ་ས་ནི་གང་གིས་ཀྱང་ཚབ་བྱེད་དུ་མེད་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར། མདའ་མོ་གཅིག་གིས་མཐོ་བོད་བཙན་པོའི་རྒྱལ་རབས་མཇུག་བསྒྲིལ་ན་ཡང་ལྷ་ས་ནི་བོད་ཀྱི་ཆོས་ཚིགས་དང་ས་ཚིགས་གང་གི་ཆ་ནས་ཀྱང་དབུས་སུ་གྱུར་ཡོད་པས། ལྷ་སའི་གལ་ཆེའི་གནས་འབབ་ལ་ནམ་ཡང་འགྱུར་བ་བྱུང་མེད།  དེར་བརྟེན་དགའ་ལྡན་ཕོ་བྲང་ནི་བོད་སིལ་བུར་ཐོར་རྗེས་གནས་ཡུན་རིང་ཤོས་ཀྱི་སྲིད་གཞུང་དེ་ཡིན་པར་སྲིད་ཀྱི་ལྟེ་བ་ལྷ་ས་ཡིན་པ་དེས་མཐུན་རྐྱེན་ངེས་ཅན་བསྐྲུན་ཡོད།  དེ་ལྟར་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་མགོ་མ་འདི་ནས་ཚུགས་ཤིང་ཡིད་སྐྱོ་ལ་བློ་ཕངས་པའི་མཇུག་ཀྱང་འདི་ནས་བསྡོགས་དགོས་བྱུང་བ་རེད།

མྱུར་བགྲོད་གཞུང་ལམ་བརྒྱུད་དེ་སྣེའུ་ཞིབ་བཤེར་ས་ཚིགས་ཞེས་པར་སླེབས་རྗེས། ཅུང་མ་འགོར་བར་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་དུ་བ་དང་ཐོག་བརྩེགས་ཅན་གྱི་ཁང་ཆེན་དག་གི་གསེབ་ནས་རབ་རིབ་ངང་ཕོ་བྲང་པོ་ཏ་ལ་མཇལ་བས་ཨ་ཕས་མྱུར་བར་ཞྭ་ཕུད་བཞིན“ཨ་མ། མགྱོགས་པོ་ལྟོས་དང་རྩེ་ཕོ་བྲང་མཇལ་སོང”ཞེས་ཟེར། རྨོ་བོས་བློ་ནན་ཏན་དང་སེམས་ལ་དགའ་སྐྱོ་འདྲེས་མ་ཞིག་གིས་ལག་ཟུང་ཐལ་མོ་སྦྱར་ཏེ། ཡུན་རིང་པོར་སྨོན་ལམ་གང་ཞིག་འདེབས་པར་བྱེད། མཚམས་དེར་ངའི་སེམས་ལ་དེ་སྔོན་གང་ནས་གོ་མྱོང་བའི་གཏམ་འདི་འདྲ་ཞིག་དྲན་འོང་སྟེ། སྔོན་མ་ལྷ་སར་སླེབས་སོང་ད་ཞྭ་ཕུད་ཟེར་བ་དང་། དེང་སང་ལྷ་སར་སླེབས་སོང་ད་ཞྭ་ཡར་གྱོན་དགོས་ཞེས་ཟེར། གཏམ་དེ་དགོད་བྲོ་ཡང་བདེན་པར་འདུག་སེམས། དེ་ལྟར་བྲེལ་འཚུབ་ལ་བར་ཆད་རྒྱུ་མེད་པའི་རླངས་འཁོར་དང་ས་ནས་ཨུ་ཚུགས་ཀྱིས་འཚང་ཁ་ཤིག་ཤིག་ངང་འགྱིང་ཡོང་བའི་ལྕགས་དང་ཨར་འདམ་ལས་གྲུབ་པའི་ཁང་ཆེན་དག་བརྒྱུད་དེ་ང་ཚོས་ལྷ་སའི་ས་ག་གེ་མོ་ཞིག་ཏུ་གནས་གཡར་ནས་བསྡད།

ལྷ་སར་སླེབས་པའི་ཉིན་གཉིས་པར་ང་ཚོས་ཞོགས་སྔ་མོ་ནས་ལངས་ཏེ་ལྷ་ལྡན་གཙུག་ལག་ཁང་དུ་ལྷ་གཅིག་ཇོ་བོའི་གསེར་ཞལ་མཇལ་དུ་ཕྱིན། ཟང་ཟིང་ཆེ་བའི་ཀླུ་སྒུག་སྲང་ལམ་བརྒྱུད་དེ་ཞིབ་བཤེར་ས་ཚིགས་ནས་རང་རང་སོ་སོའི་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་ནན་པོ་བྱས་རྗེས་གཞི་ནས་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་སླེབས། ཀླུ་སྒུག་ཞེས་པ་ཡང་སྔར་གྱི་ཆ་ལ་ལྷ་ལྡན་གཙུག་ལག་ཁང་ནས་བྲག་ལྷ་སྒུག་བར་ལ་ཟེར་ཞིང་། དུས་རབས་བཅུ་བདུན་པའི་སྐབས་སུ་བཞེངས་པའི་ཀླུ་སྒུག་ནོར་འཛིན་སྐྱེད་ཚལ་ཞེས་པ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལྷ་སར་ཕེབས་དུས་ཀྱི་བཞུགས་གནས་ཡིན། རྨོ་བོས་ལོ་ཟླས་གཙེས་པའི་སྐྲའི་ལན་བུ་རྒྱབ་ཏུ་གཡུགས་རྗེས་གཙུག་ལག་ཁང་གི་གཡོན་ངོས་ནས་རུ་ལྟར་སྒྲིག་པའི་མི་ཚོགས་ཀྱི་རྗེས་སུ་མཐུད་ཅིང་བསྡད། ང་དང་ཨ་ཕས་བར་བསྐོར་ལ་ཐེངས་རེ་གཉིས་སོང་རྗེས་གཞི་ནས་རྨོ་བོ་དང་མཉམ་དུ་རུ་བསྟར་བསྒྲིགས་ནས་བསྡད། བར་བསྐོར་བརྒྱུད་དུ་སྣང་རྩེ་ཤག་དང་། ཁྲོམ་གཟིགས་སྒང་། སྤོམ་མདའ་ཚང་། མ་ཎི་ལྷ་ཁང་ད་དུང་གཟིམ་ཤག་ཁག་སོགས་ལོ་རྒྱུས་ལྡན་པའི་གནའ་ཤུལ་མང་པོ་ཡོད། དེ་དག་ལས་མང་ཆེ་བ་ནི་ད་ལྟ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལྟེ་བར་ཆགས་འདུག སྐབས་རེ་ངས་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་ཆེན་དག་གི་གསེབ་ན་མངོན་ཆུང་དུ་གབ་པའི་གནའ་ཤུལ་དེ་དག་མཇལ་སྐབས་གོམ་པ་གློ་བུར་དུ་སྤོ་མཚམས་བཞག་སྟེ། ངས་ཅི་ཞིག་བོར་སོང་སྙམ་པའི་ཕྱིར་བལྟས་ཡང་ཡང་སློག་དགོས་བྱུང་ཞིང་། འདོད་ཆགས་ཀྱི་ཆུ་མོ་ལྷོག་ལྷོག་ཏུ་འཁོལ་བའི་གྲོང་ཁྱེར་ཞེས་པའི་གྲུ་ཟུར་ཞིག་ན། ངས་སྣང་མེད་ངང་བརྗོད་བདེ་མོས་གཞན་སྐད་ཀྱི་ཚིག་འབྲུ་རེ་རེ་ངག་ནས་འདོན་པའི་མོད་ལ། དེ་མ་ཐག་ཏུ་བསམ་གཞིག་ཅིག་གི་ཀློང་དུ་ཚུད་དེ་ངའི་གཟུགས་པོའི་སྟོད་སྨད་བར་གསུམ་ལ་གྲང་རླུང་ཞིག་ལྡང་བར་བྱེད། འཚོ་གནས་དང་འཚོ་གནས་ཀྱི་ཆེད་དུ་བར་ཆད་མེད་པར་རྒྱུ་བའི་རླངས་འཁོར་དང་མི་ཚོགས་ཀྱི་ཁྲོད་ན། རབ་རིབ་ངང་ངའི་མིག་གི་མཐོང་སྣང་ནས་ནམ་ཡང་མི་ཡལ་བ་ནི་རྔམ་ཞིང་བརྗིད་པའི་བཙན་པོའི་སྐྱ་དམག་གིས་སྤོབས་པའི་དར་ཆེན་བསྒྲེངས་ཤིང་རྨིག་པས་ས་ཆེན་བརྫིས་ཏེ།  མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུ་བའི་གཡུལ་གྱི་གྲབས་བཤམས་ཤིང་ནམ་མཁའ་རྡུལ་གྱིས་སྒྲིབ་པར་བྱེད་པའི་རྣམ་པ་དང་། ཐག་རིང་ནས་རྟ་པོ་དབུགས་ཧལ་ཧལ་གྱིས་ལྷ་བཙན་པོ་ལ་ཕྱག་བྱས་ཤིང་ལེགས་སྐྱེས་འབུལ་དུ་ཡོང་བའི་ཕོ་ཉ། ཉི་ཟེར་གྱིས་ལྷ་སའི་སྐྱེ་འགྲོ་ཡོངས་རྫོགས་དམ་ལ་བཏགས་ཏེ་ལྷིང་འཇགས་གེར་གནས་པ་ན། དགེ་འདུན་གྱི་སྡེ་ཆེན་པོ་འདུས་ཏེ་ཆོས་ཀྱི་བགྲོ་གླེང་སྣ་ཚོགས་མཛད་ཅིང་ཡོད་པ་ངའི་རྨི་ལམ་ནས་ནམ་ཡང་ཡལ་མ་མྱོང་བ་འདྲ།

ཡོད་ཚད་ལ་པར་རྒྱག་རྒྱུར་དགའ་བའི་ཡུལ་སྐོར་བ་དག་གིས་ང་ཚོར་ཅི་ཞིག་དྲན་སྐུལ་བྱེད་ཀྱི་ཡོད། ཁོ་ཚོས་ང་ཚོའི་མི་རིགས་འདིའི་མི་རབས་མང་པོའི་ཆེས་རྒྱུན་གཏན་གྱི་འཚོ་བའི་ངོས་རེ་རེ་འཕྲུལ་གྱི་སྒམ་ཆུང་དེའི་ནང་བླུགས་པར་བྱེད་དེ། འཛམ་གླིང་ཐོག་ཆེས་ཆེ་བའི་བཤམས་སྟོན་ཁང་ཞིག་བཞེངས་འདོད་པ་ཡིན་ནམ། ངག་ནས་ཚམ་ཚོམ་མེད་པར་ཤར་རེར་གཞན་སྐད་ཀྱི་ཚིག་འབྲུ་རེ་རེ་འདོན་པའི་བྱིས་པ་ཆུང་ཆུང་དག་མཐོང་དུས་གཤོང་ས་དང་རྒྱ་མཚོའི་མཐའ་ནས་ཡོང་མཁན་ཚོས་མཐོ་སྒང་གི་མི་ལ་ལྐོག་ལབ་གང་ཞིག་བྱེད་ཀྱི་ཡོད་དམ་སྙམ་དུ་ངས་ཡང་ཡང་བསམ་མྱོང་ཞིང་།  སྐབས་རེ་ངས་རྣ་བ་ལྷུག་པོར་བཞག་ཏེ་ཁོ་ཚོའི་རྗེས་སུ་གོམ་པ་རེ་གཉིས་དབང་མེད་དུ་འབྲངས་བར་བྱེད་ལ།  ཡང་ངས་ཁོ་ཚོར་སོག་པོའི་གཞས་པ་ཞིག་གིས་བཏང་བའི”ང་ཡང་མཐོ་སྒང་གི་བུ་ཕྲུག་ཡིན”ཞེས་པའི་གཞས་དེ་ཐེངས་གཅིག་ལེན་པར་འདོད།

རོང་འབྲོག་གཉི་གར་མཚོན་ན་དགུན་དུས་ནི་ཅུང་དལ་བ་དང་ཡུལ་གཞན་ནས་ཡོང་མཁན་གྱི་ཡུལ་སྐོར་བ་ཡང་དེ་ཙམ་མང་པོ་མེད་རྐྱེན། འདིར་ཡོང་མཁན་གྱི་མི་མང་ཆེ་བ་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དད་ལྡན་མང་ཚོགས་རེད། ང་རང་ནི་རོང་གྲོང་ནས་འཚར་ལོངས་བྱུང་བ་ཞིག་ཡིན། རོང་གྲོང་ལ་མཚོན་ན་དགུན་དུས་ནི་ལོ་གཅིག་དུས་གཅིག་གི་འབྲས་བུ་བསྡུ་བའི་སྟོན་གྱི་དུས་མཇུག་སྒྲིལ་མ་ཐག་པས། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉི་ག་ངལ་གྱིས་དུབ་ནས་ལྷིང་འཇགས་གེར་གནས་པར་བྱེད། འདི་ནི་ཁོ་ཚོར་མཚོན་ན་གཟའ་མཇུག་ལྟ་བུ་ཞིག་ཡིན། གནས་སྐོར་དང་ཆོས་མཇལ་ལ་འགྲོ་བ་ནི་བོད་ཡུལ་གྱི་རོང་འབྲོག་མང་ཚོགས་ཚོར་མཚོན་ན་སེམས་ངལ་གསོ་སྟངས་ཤིག་སྟེ། ལོ་གཅིག་དུས་གཅིག་གི་ཁོ་ཚོའི་སེམས་ཀྱི་ཁྲེས་པོ་ཕབ་པར་བྱས་ཆོག་ལ། དེ་བས་སླར་ཡང་དཔྱིད་ཀ་བསུ་བའི་སེམས་ཀྱི་སྟ་གོན་ཞིག་ཀྱང་རེད། ང་ཚོ་རིམ་བཞིན་གཙུག་ལག་ཁང་ནང་དུ་བསྐྱོད་ཅིང་། ངའི་ལག་པ་གྲང་ལྷང་ལྷང་གི་རྩིག་ངོས་སུ་རེག་པའི་མོད་ལ་ང་རང་སླར་ཡང་བསམ་གཞིག་ལྕི་མོ་ཞིག་གི་ཀློང་དུ་ཚུད། འདིར་ཡོང་ཐེངས་རེར་ཁོར་ཡུག་འདི་དག་ང་རང་ལ་རྒྱུས་མངའ་ཡོད་པ་ལྟ་བུར་སྣང་ཡང་ཞིབ་ཏུ་བསམ་ཚེ་ཅི་ཡང་རྒྱུས་མངའ་མེད་པ་ལྟ་བུར་གྱུར། དེ་ལྟར་གློ་བུར་དུ་ངའི་སེམས་ལ་ཅི་ཞིག་དྲན་པས་མདུན་དུ་འགྲོ་བཞིན་པའི་རྨོ་བོ་དང་ཨ་ཕར་བཤད་འདོད་པ་ན། ཁོ་གཉིས་ནི་ངའི་མིག་གི་མཐོང་ལམ་ནས་ཡལ་འདུག་པས་ཕལ་ཆེར་ཤར་རེར་མདུན་དུ་བསྐྱོད་པ་འདྲ། གང་ཡིན་མི་ཤེས་པར་དེ་མ་ཐག་ངའི་སེམས་ལ་དངངས་བ་དང་འཇིགས་པས་ཁེངས་ཤིང་། ནར་མ་ལོན་པའི་བྱིས་པ་ཞིག་ཨ་མས་མྱ་ངམ་ཐང་དུ་བོར་བ་ལྟ་བུའི་བློ་ཞིག་སྐྱེས། དུས་དེ་ནས་བཟུང་ངའི་བློ་ཡུལ་དུ་དེ་ཉིན་ང་རང་དེ་ལྟར་དུ་དངངས་བ་དང་འཇིགས་སྐྲག་གིས་མནན་དོན་ཅི་ཞིག་ཡིན་སྙམ་དུ་ཡང་དང་བསྐྱར་དུ་བསམ་དགོས་བྱུང་། །

                                       ༢༠༡༨ ལོའི་ཟླ་ ༨ པའི་ཚེས་ ༢༥ དགོང་མོར་ལྷ་ལྡན་དུ་མཇུག་རྫོགས་པར་བྲིས།
ཡོང་ཁུངས། མཐོ་སྒང་གི་རྫི་གླུའི་རྩོམ་རིག་སྤྱི་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།