འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་མཛད་པའི་མའི་དྲིན་ལན་བཤགས་ཐབས་བཞུགས།

འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་མཛད་པའི་མའི་དྲིན་ལན་བཤགས་ཐབས་བཞུགས།

༄༅། །ཆོས་རྗེ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས་མཛད་པའི་མ་འཕྲེང་སྙིང་རྗེའི་རྒྱ་མཚོ་ཞེས་བྱ་བ་བཞུགས།

༈ ཡང་ཉི་མ་ཕྱི་མ། ཚོགས་པ་ལ་མང་ཇ་ཞིག་གནང་ནས། མ་འཕྲེང་སྙིང་རྗེའི་རྒྱ་མཚོ་འདི་གསུངས་སོ།།

ན་མོ་ལོ་ཀེ་ཤྭ་ར་ཡ། བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་རྣམས། །དག་པའི་ཞིང་ཁམས་གང་ན་བཞུགས་ལགས་པ། །བདག་ཀྱང་རབ་གུས་གདུང་བས་གསོལ་འདེབས་ཀྱིས། །ད་ལྟ་ཉིད་དུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཐོག་མེད་དུས་ནས་བདག་ལ་ཕན་བཏགས་པའི། །མ་རྣམས་སྲིད་པའི་རྒྱ་མཚོར་གཏན་འཁྱམས་ཤིང་། །ངན་སོང་གསུམ་གྱི་སྡུག་བསྔལ་དཔག་མེད་མྱོང་། །ཁྱད་པར་ད་ལྟའི་སྐྱེ་བ་འདི་ཉིད་ལའང་། །ལུས་ལ་བཅངས་ཤིང་རོལ་ཁའི་འབུ་ལྟ་བུ། །འགུལ་བསྐྱོད་སྨྲ་བརྗོད་བླང་དོར་ཅང་མི་ཤེས། །མི་གཙང་བ་སྤུ་གཉེར་མའི་བང་རིམ་ཅན། །བདག་གི་བུ་ཞེས་ལུས་ཀྱི་དྲོད་ལ་གཅེར། །བྱམས་པས་བལྟས་ཤིང་སྙན་པའི་མིང་ནས་བོས། །བརྩེ་བའི་སེམས་ཀྱིས་སོར་བཅུའི་རྩེ་ལ་བླངས། །ཤལ་ཤོལ་འཐུངས་ནས་ནུ་ཞོའི་རྒྱུན་གྱིས་བསྐྱངས། །ཁ་ཟས་ལྕེས་སྙོད་གཤང་གཅི་ལགས་པས་ཕྱིས། །སྐྱོན་རྣམས་སྦས་ཤིང་ཡོན་ཏན་ཕྱོགས་བཅུར་བསྒྲགས། །ཉམ་ཐག་ལྷུང་ཡང་བདག་ཉིད་སྙིང་ལ་བཅངས། །ལེགས་པའི་གོས་བསྐོན་མཛེས་པའི་རྒྱན་ཆ་བཏགས། །ཇི་ལྟར་འདུག་ཀྱང་བདག་གི་སེམས་ལས་མེད། །ན་ཡིས་དོགས་ནས་རི་ཀླུངས་རྗེས་ཀྱིས་བཀང་། །ཤི་ཡིས་དོགས་ནས་མཆི་མའི་ཆར་པ་ཕབ། །སྡིག་སྡུག་གཏམ་ངན་མཐའ་དག་ཁྱད་བསད་ནས། །འབད་པས་བསྒྲུབས་པའི་ནོར་རྫས་བདག་ལ་སྦྱིན། །

ཁ་ཟས་སྦྱིན་པ་བསགས་ན་ལྷུན་པོ་ཙམ། །ནུ་ཞོ་བླུད་པ་བསགས་ན་རྒྱ་མཚོ་ཙམ། །བདག་ཕྱིར་ངུས་པའི་མཆི་མ་རོལ་མཚོ་ཙམ། །གོས་ལེགས་ནམ་མཁའི་ཁྱོན་ཙམ་བྱིན་པའི་མ། །རང་ཉིད་ངན་སོང་གཏའ་མར་བཅུག་ནས་ཀྱང་། །བུ་ཁྱོའི་ཕྱིར་དུ་ལས་ངན་སྣ་ཚོགས་བསགས། །བཀྲེས་སྐོམ་ངལ་དུབ་སྡུག་བསྔལ་དང་དུ་བླངས། །ལས་ཀྱི་རྣམ་སྨིན་རང་ཉིད་གཅིག་པུས་མྱོང་། །བདག་ཉིད་མི་ལྟོགས་ཕྲུ་གུར་སྐྱེས་པའི་ཚེ། །རང་ཉིད་གཞན་གྱི་བྲན་ཁོལ་བྱས་ནས་ཀྱང་། །སྨན་དཔྱད་རིམ་གྲོ་རྟེན་འབྲེལ་སྣ་ཚོགས་ཀྱིས། །ད་ལྟ་བདག་ཉིད་མི་ཁྱུར་བཅུག་པའི་མ། །བདག་ཉིད་ཁྱི་ལྟོགས་ཕྲུ་གུར་སྐྱེས་པའི་ཚེ། །ལམ་སྲང་བཞི་མདོར་འཁྱགས་ལྟོགས་གཅེར་མ་ཡིས། །བཤང་གཅི་ཟོས་ནས་ནུ་ཞོ་དཔག་མེད་བསྣུན། །ཁ་རུ་ཁྱེར་ནས་བདེ་བར་བསྐྱལ་བའི་མ། །བདག་ཉིད་རི་དྭགས་ཕྲུ་གུར་སྐྱེས་པའི་ཚེ། །མ་རྗེས་མ་ཟིན་བདག་ལ་གབ་པ་ཡིས། །གཅན་གཟན་གཏུམ་པོས་རང་སྲོག་གཅོད་བཞིན་དུ། །མིག་གིས་བལྟ་ཞིང་ལྕེ་ཡིས་ལྡག་པའི་མ། །བདག་ཉིད་གཅན་གཟན་ཕྲུ་གུར་སྐྱེས་པའི་ཚེ། །ཤ་ཁྲག་དྲོན་མོའི་ཟས་ལ་རྔམ་སེམས་ཅན། །བརྩེ་མེད་གཅན་གཟན་གདུག་པའི་མ་ཡིས་ཀྱང་། །གཞན་སྲོག་བཅད་ནས་ཤ་ཁྲག་རྒྱུན་གྱིས་བསྐྱངས། །བདག་ཉིད་འདབ་ཆགས་ཕྲུ་གུར་སྐྱེས་པའི་ཚེ། །ས་སྟེང་གྲོག་སྦུར་སྲོག་ཆགས་ཕྲ་མོ་དང་། །ནམ་མཁའི་བྱ་སྦྲང་ཀུན་གྱི་སྲོག་བཅད་ནས། །གཡེལ་བ་མེད་པར་བདག་ཉིད་བསྐྱངས་པའི་མ། །བདག་ཉིད་ཡི་དྭགས་ཕྲུ་གུར་སྐྱེས་པའི་ཚེ། །བཀྲེས་སྐོམ་ངལ་དུབ་མཐའ་དག་ཁྱད་བསད་ནས། །ཕྱོགས་རྣམས་བསྐོར་ནས་སྣབས་ལུད་སྐམ་པོ་སོགས། །རྒྱུན་མི་འཆད་པར་བདག་ལ་བསྟབ་པའི་མ། །བདག་ཕྱིར་དཀའ་སྤྱད་སྣ་ཚོགས་བྱས་པའི་མ། །བདག་ཕྱིར་ལས་ངན་དུ་མ་བསགས་པའི་མ། །བདག་ཕྱིར་སྡུག་བསྔལ་དཔག་མེད་མྱོང་བའི་མ། །བདག་ཕྱིར་འཁོར་བར་གཏན་འཁྱམས་བྱས་པའི་མ། །བདག་གི་མ་དེ་ད་ལྟ་གང་ན་ཡོད། །དྲིན་མོ་ཆེ་དེ་ད་ལྟ་གང་ན་ཡོད། །སྡིག་མོ་ཆེ་དེ་ད་ལྟ་གང་ན་ཡོད། །བུ་གདུངས་ཅན་དེ་ད་ལྟ་གང་ན་ཡོད། །ངན་སོང་གནས་ན་སྐྱེ་གནས་ཅི་འདྲ་བཟུང་། །ཚ་གྲང་བཀྲེས་སྐོམ་ཇི་ལྟར་མྱོང་གིན་ཡོད། །མགོན་སྐྱབས་རམ་ཟླ་རྒྱུག་མཁན་སུ་ཞིག་ཡོད། །བཟོད་དཀའི་སྡུག་བསྔལ་ཇི་ལྟར་སྟོན་གྱིན་ཡོད། །དབྱིབས་དང་ཁ་དོག་བྱད་བཞིན་ཇི་འདྲ་ཡོད། །ཉིན་མོའི་སྡུག་ཚེ་ཇི་ལྟར་འབྱིད་ཅིང་ཡོད། །མཚན་མོའི་གནས་སྐབས་ཇི་ལྟར་བྱེད་ཀྱིན་ཡོད། །འཕྲལ་ཕུགས་འདི་བྱེད་བློ་གཏད་ཅི་ཞིག་ཡོད། །ཕ་མ་ངན་སོང་གསུམ་དུ་ལྷུང་ན་ཡང་། །སྙིང་རྗེ་སྐད་ཅིག་ཙམ་ཡང་མི་སྐྱེ་བར། །ལྟོ་འགྲངས་ཙམ་ཞིག་དོན་དུ་གཉེར་བྱེད་པ། །བྱོལ་སོང་ཕྱུགས་དང་ཁྱད་པར་ཅི་འདུག་སོམས། །ཕ་མའི་མདུན་བྱུས་འདི་ལྟར་སོང་ན་ཡང་། །ད་དུང་བདག་སྙིང་ཚལ་པར་མ་གས་པར། །ཡང་ཡེང་ཕྱ་ཕྱོ་ཀུ་རེ་བཞད་གད་དང་། །རྩེད་འཕྱོ་བཟའ་བཏུང་བྱེད་པ་ཁྱོད་དྲན་ནམ། །ཀྱེ་མ་ཀྱི་ཧུད་བདག་གི་སྙིང་སྲན་ལ། །ཕ་མའི་སྡུག་བསྔལ་མཐོང་ཐོས་དྲན་གྱུར་ཀྱང། །ཇི་སྙམ་མི་སེམས་ཡལ་བར་འདོར་བྱེད་པས། །བདག་གི་སྙིང་ནི་ལྕགས་ཀྱི་གར་བུར་ངེས། །བྱས་ཤེས་དྲན་བཟོ་རྒྱུད་ལ་མ་སྐྱེས་སོ། །ཁྲེལ་དང་ངོ་ཚ་རྒྱུད་ལ་མ་སྐྱེས་སོ། །བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་སོ། །མ་རྒན་རྣམས་ཀྱི་རེ་ཐག་ཆད་ལགས་སོ། །དྲིན་ཅན་ཕ་མ་བརྗེད་པའི་བུ་ཚ་ལ། །བྱས་ཤེས་དྲིན་བཟོ་ཇི་ལྟར་བྱས་ན་སྐྱེ། །དེ་ཕྱིར་སྐད་ཅིག་ཙམ་ཡང་མ་ཡེངས་པར། །དྲིན་ཅན་ཕ་མ་དྲན་པར་བྱིན་གྱིས་རློབས། །ཁ་ཙམ་ཚིག་ཙམ་ཟོལ་གྱི་རླང་ངུས་ཀྱིས། །ཕ་མའི་དྲིན་ལན་ཇི་ལྟར་བྱས་ནས་འཁོར། །དེ་ཕྱིརསྙིང་ཁོང་རུས་པའི་གཏིང་ནས་ཀྱང་། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །དྲིན་ཅན་ཕ་མའི་རེ་ཐག་མ་ཆད་ན། །སུ་དང་འབྲེལ་ཐག་ཆད་ནའང་ཆད་དུ་ཆུག །དྲིན་ཅན་ཕ་མའི་རེ་ཐག་ཆད་པ་ན། །འགྲོ་ཀུན་གཉེན་དུ་སོང་ཡང་ཅི་ཞིག་ཕན། །འཐབ་རྩོད་བྱེད་ན་ལས་ངན་སྡིག་སྒྲིབ་འདག །བརྡུང་འཐག་བྱེད་ན་རྐྱེན་ངན་བར་ཆད་སེལ། །བྲན་དུ་བཀོལ་ན་དལ་འབྱོར་སྙིང་པོ་ལོངས། །ཇི་ལྟར་བྱེད་ཀྱང་ཕ་མ་དྲིན་ཆེ་སྟེ། །བརྗེད་དུ་ཕངས་པའི་ཕ་མ་བརྗེད་ལགས་པ། །བརྗེད་ཀྱང་ཆོག་པའི་ལན་ཆགས་བུ་ཚ་དྲན། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་པ། །སྐལ་ངན་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྒྱལ་སྲས་རྣམས་ཀྱི་རྗེས་སུ་སློབ་པ་ལ། །བྱམས་དང་སྙིང་རྗེ་མེད་ཐབས་མེད་ལགས་ཏེ། །བདག་གིས་ཕ་མ་བརྗེད་ནས་ཡུན་རིང་ཐལ། །སྨྱོན་པ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཁྱོད་ལ་ཕ་མ་ནམ་ཡང་མི་དགོས་པས། །ཁྲེལ་མེད་ཁྱོད་རང་ཡིད་ལ་གང་དྲན་གྱིས། །ཁྱོད་ཀྱིས་སྔར་ཡང་འདི་བཞིན་བྱས་པ་ཡིས། །ད་ལྟའི་འདུན་མ་འདི་ལ་གཏུགས་པ་ཡིན། །ཁྱོད་ལ་ཕ་མ་སུས་ཀྱང་ཕན་པ་མེད། །ཡོད་ཀྱང་ཐམས་ཅད་བདེ་ཞིང་སྐྱིད་པར་འདུག །དེ་འདྲའི་སྙིང་སྲན་སྔར་ཡང་བྱས་པ་ཡིན། །ད་ལྟའང་ཕ་མའི་རེ་ཐག་ཆད་པ་ཡིན། །དམ་པ་རྣམས་ཀྱིས་སྙིང་རྗེ་བསྒོམས་པ་ཡིས། །བྱང་ཆུབ་ཐུགས་འབྱོངས་རང་གཞན་དོན་གཉིས་འགྲུབ། །ཁྱོད་ཀྱིས་ཁྲེལ་མེད་འདི་ཀ་བྱས་པ་ཡིས། །ད་ལྟའང་སངས་རྒྱས་སྐལ་བ་ཆད་པ་ཡིན། །ད་དུང་བྱེད་ཚུལ་འདི་ལ་བལྟས་ཙ་ན། །ཕ་མའི་དྲིན་ལན་ནམ་ཡང་འཁོར་དུས་མེད། །འདི་ཀ་བྱས་ཀྱིན་འདི་ཀ་བྱུང་བ་ཡིན། །བྱུང་ཡང་བྱུང་སྟེ་མཁོ་ཡང་མཁོ་བ་ཡིན། །ཕན་བཏགས་ལན་དུ་གནོད་པ་སྐྱེལ་བའི་གཉེན། །བསྐལ་པ་སྟོང་དུ་བསྐྱངས་པའི་བསོད་ནམས་པས། །ཕ་མའི་ཞབས་ཏོག་ཉིན་གཅིག་ཁྱད་པར་འཕགས། །དྲིན་ཅན་ཕ་མ་ད་ལྟ་གང་ན་མཆིས། །ལུས་ཀྱི་བ་སྤུ་གཡོ་བ་གཟིགས་ལགས་སམ། །མིག་ནས་མཆི་འཕྲེང་འཛག་པ་གཟིགས་ལགས་སམ། །ངག་ནས་སྨྲེ་སྔགས་འདོན་པ་གསན་ལགས་སམ། །སེམས་ཀྱིས་མྱ་ངན་གདུང་སེམས་མཁྱེན་ལགས་སམ། །མ་སྨད་ཡུན་རིང་འགྲོགས་པའི་སྐལ་མེད་ཀྱང་། །ཉིན་གཅིག་ཙམ་ཞིག་འཕྲད་ན་དགའ་བ་ལ། །ཁྲེལ་གཞུང་མེད་ཀྱང་དྲིན་ལན་ལྡོན་ལགས་ཏེ། །ངོ་ཚ་མེད་ཀྱང་ཞབས་ཏོག་སྒྲུབ་ལགས་ཏེ། །དབུལ་པོར་གྱུར་ཀྱང་བསྙེན་བཀུར་བགྱིད་ལགས་ཏེ། །ལས་ལ་ངན་ཡང་བྲན་ཁོལ་བགྱིད་ལགས་ཏེ། །སྙིང་སྲན་ཆེ་ཡང་ཡིད་འོང་སྐྱེད་ལགས་ཏེ། །དེ་འདྲའི་སྐལ་བ་བདག་ལ་མ་མཆིས་སོ། །སྙིང་ནས་རང་དུ་སེམས་པའི་སྐྱོ་བ་ལ། །སྙིང་མེད་བདག་གིས་སྔོན་ཆད་ཅི་བྱས་པ། །ད་ནི་ལོང་མེད་སང་འཆི་གནངས་འཆིར་ཐུག །བསམ་མནོ་བཏང་ན་དོན་སྙིང་འགས་པར་གདའོ། །རམ་ཟླ་མཛོད་ཅིག་རྩ་བརྒྱུད་བླ་མ་རྣམས། །ལམ་སྣ་དྲོངས་དང་ཡི་དམ་ལྷ་ཚོགས་རྣམས། །བློ་སྣ་སྒྱུར་དང་དཔའ་བོ་མཁའ་འགྲོ་རྣམས། །བར་ཆད་སོལ་དང་ཆོས་སྐྱོང་སྲུང་མ་རྣམས། །

ཞེས་གསུངས་པས། ཀུན་གྱིས་བཤགས་པ་བྱས་སྨྲེ་སྔགས་འདོན་ཞིང་ཞེ་བཅད་དྲག་པོ་བྱས་སོ།།

བརྒྱུད་སྐུལ།

མཆན་སྤེལ།