བླ་མའི་གསུང་བཀའ་དྲིན་དྲན་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་ཞེས་བྱ་བ།

བླ་མའི་གསུང་བཀའ་དྲིན་དྲན་པའི་རབ་ཏུ་བྱེད་པ་སུམ་ཅུ་པ་ཞེས་བྱ་བ།

 

ཆག་ལོ་ཙྰ་བ་ཆོས་རྗེ་དཔལ་གྱིས་མཛད། 

 

བླ་མ་ཡང་དག་པ་དགེ་བའི་བཤེས་མཉེན་ལ་གུས་པས་ཕྱག་འཚལ་ལོ། །

དཔལ་ལྡན་བསྟན་པ་ཆོས་རྗེ་རྩོད་དུས་ཀྱི། །

སྐྱེ་དགུའི་དཔལ་དུ་སྒྲ་བསྒྱུར་ཚུལ་འཛིན་ཅིང་། །

བདག་འདྲ་ཆོས་རྗེ་དཔལ་དུ་རྗེས་བཟུང་བ། །

ཆོས་རྗེ་ཆེན་པོ་དེ་ལ་ཕྱག་འཚལ་ཏེ། །

སྒྲ་བསྒྱུར་ཆེན་པོ་ཆོས་རྗེ་ཆེན་པོ་ནི།

ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་བདག་ལ། །

འདི་དང་ཕྱི་མར་གནས་སྐབས་མཐར་ཐུག་ཏུ། །

སྐུ་དྲིན་ཆེ་བ་ཅུང་ཟད་ཡི་གེར་བཀོད། །

རེ་ཞིག་མི་རུ་སྐྱེས་ཀྱང་ཐོག་མ་ནས། །

སྦྱིན་ཤུགས་ཆུང་བས་དབུལ་ཡང་གཞན་གྱི་སྒོར། །

རྫ་སྣོད་ཐོགས་ནས་ཕྱིན་པ་མ་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཆེན་པོའི་རིགས་སུ་སྐྱེས་ཀྱང་གོ་ཆ་ཆུང་། །

སྤོབས་པ་གཞན་པས་དམན་ཡང་མི་འོས་པའི། །

ཡུལ་སྡོམས་ལ་སོགས་དྲིན་ནོད་མ་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

བསྟན་ལ་འཇུག་པར་གྱུར་ཀྱང་རང་ཉིད་ལ། །

རྒྱུ་རྐྱེན་ཕུན་ཚོགས་མེད་ཀྱང་མཐུན་པའི་རྐྱེན། །

ཕུན་སུམ་ཚོགས་པས་བསྙེན་པར་རྫོགས་གྱུར་ཀྱང་། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཞབས་དྲུང་ལོ་ཤས་བསྟེན་ཀྱང་ཉན་བཤད་ལ། །

མ་སྦྱངས་འདོད་འདུན་ཆུང་ཡང་གྲོགས་ཕལ་པས། །

ཞལ་སྔས་སྐུ་དྲིན་ཆུང་ངུ་མ་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

དབུས་ནས་རྒྱ་གར་སྐོར་ཡང་གཡོག་མེད་ཅིང་། །

རྩོད་དུས་མི་རྒོད་མང་ཡང་ལམ་དུ་ཡང་། །

ནམ་ཡང་ཆོམ་པོས་བཅོམ་པ་མ་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

གྲྭ་སར་རང་ཉིད་འཚོ་ཡང་ཅིར་དབུལ་ཞིང་། །

འཇུངས་པས་ཐ་ག་ཆུང་ཡང་བསླབ་སྦྱོངས་ལ། །

འབད་པས་དོན་གྲུབ་བླ་མ་མཉེས་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

བསྲུང་བ་ཉམས་སུ་ལེན་ཡང་སྔོན་ལས་ཀྱིས། །

རིམས་ནད་ཆེན་པོས་ཟིན་ཀྱང་བཤེས་གཉེན་གྱིས། །

བསྐྱངས་པས་ཚེ་ཡི་འདུ་བྱེད་མ་འགགས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

རིག་གནས་བསླབ་ཚེ་སླར་ཡང་འཕོངས་པའི་རྒྱུས། །

རྫས་ཀྱི་བསྙེན་བཀུར་ཆུང་ཡང་བླ་མ་ཡིས། །

ཆོས་བསྐོར་རྫོགས་པར་གནང་བ་གང་ཡིན་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

རྒྱ་གར་བལ་པོ་ཟབས་ཀྱང་ཡུལ་དུབས་ཀྱིས། །

ཚད་ནད་དྲག་པོས་ཐེབས་ཀྱང་དབང་པོ་ཡི། །

གཙོ་བོ་སྲོག་གི་བར་ཆད་མ་བྱས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ལམ་བགྲོད་གྲོགས་མང་བྱས་ཀྱང་གར་ལོག་དང་། །

ནགས་ཀྱི་མ་ཧེས་ཉེན་ཡང་རྣམ་འཕྲུལ་གྱི། །

རྡོ་རྗེ་གདན་མཐོང་གེགས་སུ་མ་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ལེགས་སྦྱར་སློབ་བླ་ལྡན་ཡང་གཟུགས་གོས་ངན། །

རྒྱུ་དེ་ཕལ་པས་བརྙས་ཀྱང་མཁས་གྲུབ་རྣམས། །

བརྩེ་བས་ཐུགས་ལ་འདོགས་པ་གང་ཡིན་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

མི་ཆེན་ཐ་སྙད་ཐབ་ཀྱང་ཡུལ་པ་རྣམས། །

ཞེས་པས་འདུད་པ་མེད་ནའང་སྡེ་དགོན་དང་། །

ཡོན་བདག་ཆེད་དུ་སྒྲུབས་ན་གང་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཆོས་རྗེ་དཔལ་མིང་གནང་ཡང་འགོག་ལམ་ལ། །

དབང་འབྱོར་བདག་པོ་མིན་ཡང་མིང་གི་མཐུས། །

ལུང་སྟོན་གླེགས་བམ་དཔལ་འབྱོར་ལྡན་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཆེན་པོའི་བརྒྱུད་དུ་སྐྱེས་ཀྱང་རང་ཉིད་ལ། །

ཆེ་སྤྱོད་ཆེ་ཆོས་མེད་ཀྱང་བླ་མ་ནི། །

ཆེ་ཞིང་ཆེ་བ་རྣམས་ཀྱི་ཞབས་ལ་གཏུབས། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

སྡེ་པའི་དཔོན་པོ་བྱེད་ཀྱང་བསྟན་པ་དང་། །

འགལ་བའི་བྱ་བ་བྱེད་པ་མ་མཆིས་པས། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཐོས་པས་ལུང་ན་བསྔགས་ཀྱང་ཁོ་བོ་ལ། །

ནོར་རྫས་རང་མགོ་མེད་ཀྱང་དེང་སང་གིས། །

མང་དུ་ཐོས་པའི་ཁོངས་སུ་ཆུད་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

དེ་ལྟར་མང་དུ་ཐོས་ཀྱང་བྱ་བས་གཡེངས། །

ཐ་སྙད་བསྐྱང་ལོང་མེད་ཀྱང་བརྗོད་བྱའི་དོན། །

བློ་ལ་སྣང་བ་ཉམས་པར་མ་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

སྒྲུབ་པ་སྙིང་པོར་ཤེས་པའི་དབེན་གནས་སུ། །

གཅིག་པུར་སྡོད་མ་ནུས་ཀྱང་བརྩེ་བའི་སེམས། །

མཐའ་བྲལ་དང་ཡང་སྦྱོར་བའི་བློ་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཚུལ་ཁྲིམས་བསྲུང་བར་འདོད་ཀྱང་ཉེས་སྤྱོད་ལ། །

གོམས་པས་རྣམ་དག་དཀའ་ཡང་ཕྱི་མ་ལ། །

སྔོན་ལས་མ་གཏོགས་མངོན་ཐོ་གྲུབ་མཉམ་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

སྦྱིན་སོགས་སླ་བྱར་ཤེས་ཀྱང་སེར་སྣ་སོགས། །

གོམས་པ་ཆེར་མ་གྲུབ་ཀྱང་ཅུང་ཟད་གང་། །

སྒྲུབ་པའི་འབྲས་བུ་སྤྱད་ཀྱང་མི་ཟད་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

གཞན་བདེའི་འབྱུང་གཞི་ཡོད་ཀྱང་རྐྱེན་དབང་གིས། །

ཁ་ཅིག་རང་བདེ་སྒྲུབ་ཀྱང་བདག་གིས་གང་། །

དགེ་སྤྱད་གཞན་ལ་ཕན་པའི་རྒྱུར་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཚུལ་ཆེན་བསྲུང་བློ་བྱས་ཀྱང་འདོད་ཡོན་ལ། །

ཞེན་པས་བསླུ་བར་མང་ཡང་དགོས་པའི་དོན། །

ཅུང་ཟད་རིག་ཅིང་གློད་པར་མ་གྱུར་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ལ་ལ་སྒྲུབ་ལ་བརྩོན་ཡང་ཕྱོགས་རེར་ཞེན། །

ཡང་དག་མཐར་གནས་ཉུང་ཡང་བྱང་ཆུབ་སེམས། །

ཀུན་རྫོབ་དོན་དམ་ཐབས་མང་བཅས་མོས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཚེ་འདི་སངས་རྒྱས་འདོད་ཀྱང་བརྩོན་འགྲུས་ཆུང་། །

ལམ་གྱིས་སྒྲུབ་པ་ཞན་ཡང་དེ་ཡི་ལམ། །

སྒྲུབ་ལ་མོས་ཤིང་འདུན་པ་གང་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

མདོར་ན་མི་ལུས་ཐོབ་ནས་བསྟན་པ་ལ། །

དང་པོ་ཞུགས་པ་ནས་བརྩམས་ད་ལྟའི་བར། །

དགེ་བདེའི་རྣམ་པ་བདག་ལ་ཅི་མཆིས་པ། །

དེ་ཡང་མཁན་པོ་ཆོས་རྗེ་ཆེན་པོའི་དྲིན། །

ཇི་སྙེད་བརྗོད་ན་ལོ་བརྒྱར་མི་རྫོགས་ཤིང་། །

བྲིས་ན་གླང་ཆེན་ཁལ་ཡང་དུ་མ་མཆིས། །

དེ་ཡང་སྐུ་དྲིན་ཕྱོགས་ཙམ་རྗེས་སྙེག་གི། །

ཚིག་རྒྱན་རྗེས་བསྔགས་དང་བཅས་བྲིས་པ་ལ། །

དཔལ་ལྡན་བླ་མའི་བཀའ་དྲིན་ཆ་ཤས་ཙམ། །

དྲན་ཞིང་བྲིས་པས་དགེ་བ་གང་ཐོབ་པ། །

དེ་ཡིས་འགྲོ་ཀུན་བླ་མ་ལ་གུས་པས། །

གསུང་བཞིན་རབ་བྱེད་སངས་རྒྱས་ཐོབ་པར་ཤོག །

བླ་མའི་བཀའ་དྲིན་དྲན་པ་ཚིགས་སུ་བཅད་པ་སུམ་ཅུ་པ་ཞེས་བྱ་བ།  ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཆོས་རྗེ་དཔལ་གྱིས་གསལ་བར་བྱས་པ་རྫོགས་སོ།། །།

 

བརྒྱུད་སྐུལ།

མཆན་སྤེལ།