ཡིད་སེམས་ཀྱི་ཆེས་ཟབ་ས་རུ་འོད་དུ་འཚེར་བའི་ཉི་མ་ལྷ་ས། རྨི་ལམ་ལས་བསྐྱར་ལོག་བྱ་ཐབས་བྲལ་བའི་ཉི་མ་ལྷ་ས། སློང་མོ་བའི་ཞིང་ཁམས་དང་དད་ལྡན་པའི་མཆོད་སྦྱིན་བྱ་ཡུལ་འདི་ནས། ཆང་རག་དཀར་ཡོལ་འགའ་ལས་གྲོགས་པོ་དང་ལ་རྒྱ་བཙལ་ཆོག་ཆོག་ཡིན། འདི་ན། གཞོན་ནུ་མ་ཚོས་ནང་མའི་དབུས་ན་ཨོང་བ་གཡུག་པ་ནི་ལང་ཚོའི་གཟི་དཔལ་ངོམས་སྟངས་ཤིག་ཡིན་ལ། གཞོན་པ་ཚོས་རྙིད་ཟིན་པའི་ལང་ཚོར་དུ་ཆང་གི་གསོས་སྨན་བཏབ་ཏེ་སླར་ཡང་འཕྱོར་མོ་ཚོའི་རྐང་རྗེས་བསྙེགས་པ་ནི་ཁོ་ཚོའི་བདེ་སྐྱིད་འཚོལ་སྟངས་ཤིག་རེད།
རྒྱན་གོས་དང་ཉམས་བཟང་གི་མཐའ་མི་མངོན་པའི་ཡུལ་སྐོར་བའི་དབུས་ན་མཐེ་བོང་གནམ་དུ་བསྒྲེངས་པའི་སློང་མོ་བ་དེ་ངའི་སྤུན་ཟླ་ཨེ་རེད། ཤེས་ཡོན་གྱི་འགྲན་རྩོད་མདུང་རྩེ་བཞིན་གཟེངས་པའི་དུས་རབས་འདིའི་དབུས་ན་ཕྱུགས་ཀྱི་རྨིག་རྗེས་ལས་མི་ཚེ་བྲིད་འགྲོ་བའི་རྒན་པོ་དེ་ངའི་ཕ་མ་ཨེ་ཡིན། རྒྱ་རྡོ་དང་སོ་ཕག་གིས་བ་གམ་དུ་བརྩིགས་པའི་གྲོང་མཐའ་ན་ཐལ་དཀྱིལ་དུ་རྩེད་པའི་བྱིས་པ་སྣབ་ལུགས་དེ་ངའི་ཚ་བོ་ཨེ་རེད། ད་དུང་དངུལ་ཁུག་གི་ཡང་ལྕི་ལས་གྲོགས་པོའི་འདུ་ཤེས་འཚོལ་མཁན་དང་། སྦི་རག་གི་བཟི་ཁ་ལས་ལ་རྒྱའི་ཁ་གཡང་སྒྲོག་མཁན་་་་་།
ང་ཚོ་ནི་རྗེས་ལུས་སུ་གྱུར་བའི་མི་རིགས་ཤིག་རེད། རང་བརྩི་དང་ཡིད་ཆེས་མེད་པའི་མི་རིགས་ཤིག་རེད། ང་ཚོ་ནི་རྗེས་ལུས་སུ་གྱུར་བའི་མི་རིགས་ཤིག་རེད། རང་ཚུགས་དང་སྒལ་ཚིགས་མེད་པའི་མི་རིགས་ཤིག་རེད། ང་ཚོ་ནི་རྗེས་ལུས་སུ་གྱུར་བའི་མི་རིགས་རེད། འདུ་ཤེས་དང་ངོ་ཚ་མེད་པའི་མི་རིགས་ཤིག་རེད། འཕྲལ་བདེ་དང་ངོ་དགའ་ཙམ་ལས་ཕུགས་འདུན་དོར་ཞིང་། ཇ་ཆང་དང་གླུ་གར་ཀློང་ནས་མི་ཚེ་རྫོགས་འགྲོ་བའི་དུས་རབས་ཀྱི་ལོ་མ་སེར་པོ་དེ་རེད།
ངས་མིག་ཆུ་ཧུབ་གང་ཁོག་ཏུ་མིད་རྗེས། གྲུབ་མཐའི་ཞེན་གོག་དང་ལུང་པའི་ཆགས་སྡང་རེ་རེ་བཞིན་མེ་ལ་བསྲེག་ན་འདོད། ངས་ཚུལ་ཆོས་དང་གཏམ་འདོད་ཀྱི་མགོ་བོ་མར་ལ་གུག་སྟེ། རང་ཞེན་དང་རྨོངས་མུན་གྱི་འདུ་ཤེས་ནག་པོ་རླུང་ལ་སྤུར་ན་བསམ། པོ་ཏ་ལའི་གཟི་འོད་ལས་རང་ལུས་ལ་འོད་སྣང་འཕྲོ་ཐབས་བྱེད་ཅིང་། སྲོང་བཙན་དང་ཁྲི་སྲོང་ལས་རང་ཉིད་ལ་གྲགས་པ་འབར་ཐབས་བྱེད་པའི་གནའ་མི་འདི་དག་ནི། དུས་རབས་ཀྱིས་བོར་ལ་ཁད་དུ་གྱུར་བའི་ཆེས་མཇུག་མཐའི་འཕེལ་འགྱུར་ཁྲོད་ཀྱི་སྤྲ་མི་དག་ཡིན།
ངས་དབུགས་རིང་དང་མནོ་བསམ་ཇི་ཙམ་བཏང་རུང་། རལ་པ་སྟོད་དུ་འཁྱིལ་བའི་གནའ་མི་ལྷག་མ་ཚོ་དང་བོད་སྐད་མི་ཤེས་པའི་གྲོང་ཁྱེར་བའི་བྱིས་པ་ཚོ་རིགས་རུས་གཅིག་ཡིན་པའི་འདུ་ཤེས་ཚུགས་མ་ཐུབ། ཤོ་སྦག་དང་ཆང་རག ལེ་ལོ་དང་རྨོངས་ཞེན། འདུ་འཛི་དང་བག་མེད་ཀྱིས་ཁྱོད་ཀྱི་ལུས་སེམས་ལ་སྦྲིད་པ་སྨན་བཏབ་པས། ད་ནི་ཁྱོད་ཀྱི་མགོ་ཐོག་ན་ལྕགས་བྱས་འུར་སྒྲ་སྒྲོག་ཅིང་། ཁྱོད་ཀྱི་རྣ་ལམ་དུ་མེ་འཁོར་གྱི་དུང་བརྡས་བསྐུལ་ཡང་། ཁྱོད་ཀྱི་སྒོ་ལྔའི་ཞེན་ཡུལ་ནི་ཆང་རག་དང་གླུ་གར་ཙམ་ལས་མི་ཚེའི་རིན་ཐང་འཚོལ་ཞིང་། ཟོལ་གཏམ་དང་སྒྱུ་འཕྲུལ་ཙམ་ལས་རང་ཉིད་ལ་ངོ་སོ་སྣོན་རྒྱུ་དེ་རེད་ཨང་།
སུ་ཞིག་ལ་སྔོན་ཐོན་དང་རེ་བ་ཡོད་དུས་དགྲ་བོ་དང་བདུད་རྒན་དུ་འབོད་བའི་སྲོལ་ངན་དེས། དགེ་འདུན་ཆོས་འཕེལ་སོགས་རིགས་ཀྱི་མཁས་པ་ཐ་དག་ལ། གཟུགས་མེད་པའི་ལྕགས་ཐག་ནག་པོ་ཞིག་བཏབ་སྟེ་འཇིག་རྟེན་ལས་ཕུད་པས། ད་ནི། གཞན་གྱིས་ལས་སླ་པོར་བཟོས་པའི་ཅ་ལག་དག་ཀྱང་ང་ཚོས་བེད་སྤྱོད་མི་ཤེས་པར་ཆེད་དུ་སློབ་སྦྱོང་བྱ་དགོས་དུས། ད་ནི་ང་ཚོ་དང་མིའི་རིགས་ཀྱི་བར་དུ་དུས་རབས་མང་པོའི་བར་ཐག་འཐེན་ཡོད་པ་མི་ཚོར་རམ།
དཔེ་ཆ་གང་མང་ཞིག་ལས་བོད་རིགས་ནི་ལས་ལ་བརྩོན་ཞིང་བློ་དཀར་གཞུང་དྲངས་དང་ལྡན་པར་སྨྲ་བའི་ངོ་སོ་དང་ཆེ་བསྟོད་ཡོད་པའི་བསླུ་བྲིད་ཀྱི་ཤོག་ལྷེབ་དེ་འཕྲལ་མར་མེ་ལ་བསྲེག་ན་བསམ། ལོ་རྒྱུས་གང་མང་ཞིག་ལས་བོད་རིགས་ནི་མཛངས་ཤིང་སྲན་ཚུགས་ལ། བཟང་ཞིང་རྟུལ་ཕོད་པའི་མཆོག་གྱུར་གྱི་མི་རིགས་སུ་སྨྲ་བའི་ངོ་དགའ་ཅན་གྱི་གླེང་མོལ་དེ་ཆུ་ལ་གཤམས་ན་འདོད། རང་ཚུགས་དང་སྒལ་ཚིགས་མེད་པ་འདི་དག་གིས། འཕྲལ་ཕུགས་དང་བླངས་དོར་འཛོལ་བ་འདི་དག་གིས། ཚུལ་ཆོས་དང་གཏམ་འདོད་ཚ་བ་འདི་དག་གིས། ལྷ་སའི་སྙིང་ཁམས་ཀྱི་དྲོད་ཁོལ་རིམ་གྱིས་ཡལ་མི་འགྲོ་བར་སྨོན།
དུས་རབས་ཀྱི་འཁོར་ལོའི་འོག་ན་བཙིར་བའི་ཉི་མ་ལྷ་ས་ཨང་། ཁྱོད་ཀྱི་པང་སྟེང་ན་ད་དུང་ཡང་ཁྱོད་ལ་“ཕ་མ”ཞེས་འབོད་མཁན་གྱི་བྱིས་པ་སྙིང་རྗེ་པོ་དེ་ཙམ་ཡོད་པས། ད་ནི་ཁྱོད་ཀྱི་ངོ་གདོང་ལ་བཀལ་བའི་སྦི་རག་དང་མཱ་ཅང་གི་བརྡ་སྦྱོར་ནག་པོ་དེ་བཙན་གྱིས་བཤུས་དང་། འདུ་འཛི་དང་བག་མེད་ཀྱི་སྒྲིབ་གཡོགས་མཐུག་པོ་དེ་ཤེད་ཀྱིས་ཕྱེས་དང་། ཉི་ཟེར་ནི་ད་དུང་ཡང་ཁྱོད་ཀྱི་མགོ་ཐོག་ནས་འཕྲོས་ཤིང་། ཉིན་མཚན་དང་དུས་བཞི་ད་དུང་ཡང་ཁྱོད་ཀྱི་ཆེད་དུ་རེས་སུ་འཁོར་གྱིན་འདུག་པས། ཁྱོད་ཀྱིས་རང་སྙིང་ལ་ལག་སྙོབས་བྱས་ཏེ་གསོན་པོར་འཚོ་བའི་དོན་སྙིང་རྙེད་པར་བྱོས་དང་།
༢༠༢༠.༥.༡༥