༄༅། །གཙང་གི་ཁ་བྱང་གཅིག་པའི་སྙན་ངག་སྤེལ་ཐེངས་ཞེ་གསུམ་པ།

༄༅། །གཙང་གི་ཁ་བྱང་གཅིག་པའི་སྙན་ངག་སྤེལ་ཐེངས་ཞེ་གསུམ་པ།

༄༅། །གཙང་གི་ཁ་བྱང་གཅིག་པའི་སྙན་ངག་སྤེལ་ཐེངས་ཞེ་གསུམ་པ།

ཁ་བྱང་འདོན་མཁན། འདྲུ་བཀྲ་ཤིས་རྒྱལ།
ཁ་བྱང་འདོན་མཁན་གྱི་གླེང་བརྗོད་གཏམ།
རང་བྱུང་གི་ཁམས་ཆེན་པོའི་འཕེལ་འགྲིབ་ལས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་འགྱུར་ལྡོག་ཡོང་བཞིན་ཡོད་པས་ན་མི་དང་རང་བྱུང་གི་ཁམས་ཆེན་པོའི་བར་དུ་འབྲེལ་བ་ཚགས་དམ་པོ་ཞིག་གྲུབ་ཡོད། ད་ལྟའི་ཆར་ཀུན་གྱིས་ཀྱང་རང་བྱུང་གི་ཁམས་ལ་གཅེས་སྤྲས་ལྷད་མེད་བྱེད་བཞིན་མཆིས་མོད་དེ་ལྟར་བདག་གཅེས་བྱེད་དགོས་པའི་རྒྱུ་མཚན་མི་ཤེས་པ་སོགས་ཀྱང་ཤིན་ཏུ་ནས་མང་། དེས་ན་ངེད་ཅག་གིས་ལྗང་མདོག་གི་གནས་མལ་ལ་གཞི་བཅོལ་ཏེ་རང་བྱུང་ཁམས་ཀྱི་བྱེད་ནུས་དང་དེ་ལ་བདག་གཅེས་བྱེད་དགོས་པའི་རྒྱུ་མཚན། ཡང་ན་རང་བྱུང་གི་ཁམས་ལས་བསྐྱེད་པའི་ཚོར་འདུ་དག་ཡིག་རིས་སུ་ཕབ་གང་ཐུབ་བྱས་ཏེ་མི་ཞིག་གི་རང་བྱུང་གི་ཁམས་ལ་མཚོན་པའི་བརྩེ་བ་དག་བཤམས་སྟོན་བྱས་ཡོད། གཞི་རིམ་ལས་འཕྲོས་ནའང་ཐེངས་འདིའི་རྩོམ་ཡིག་ལས་རྩོམ་པ་པོའི་ནང་སེམས་ཀྱི་འབེལ་གཏམ་ལྷུག་གེར་བརྗོད་པར་བྱས་པ་དང་རྗོད་ཚིག་དག་ཀྱང་ཟོར་ཡང་ལ་བརྗོད་པ་བདེ་བ་ལྟ་བུར་བསྒྲུབས་ཡོད།

༄༅། །ལྗང་མདོག་གི་གནས་མལ།

བུ་ཚེ་རིང་རྒན་པ། གྲོ་མོ་རྫོང་།
ལྗང་གུ་ནི་སྐྱེས་སྟོབས་ཀྱི་རྟགས་སུ་གྲུབ་པའི་ཁ་དོག་མཚར་པོ་ཞིག་རེད།
ལྗང་གུ་ནི་ས་ཆེན་གྱི་མངལ་དུ་སྦྲུམ་པའི་ཚེ་སྲོག་གི་འཛུམ་དགོད་དེ་རེད།
ལྗང་མདོག་ནི་ཚེ་སྲོག་གི་གནས་མལ་འཇམ་པོ་དེ་ཡིན་པས།
ལྗམ་མདོག་གི་གཞིས་ཁྱིམ་དེ་ནས།
བྱིས་པའི་དགོད་སྒྲ་དང་།
དར་མའི་མཛའ་གླུ།
རྒད་པོའི་གཏམ་རྒྱུད་ཐོས་ཐུབ།
ལྗང་མདོག་ནི་མེས་པོས་ང་ཚོའི་ལག་ཏུ་བཞག་པའི།
ཁྱིམ་བརྒྱུད་ཀྱི་ནོར་བུ་དང་ཚེ་སྲོག་གི་གོས་རྒྱན་རེད།
དགུན་ལྟར་ལྗང་མདོག་གི་མཛེས་པ་ཡལ་གྱིན་པའི་ནམ་དུས་འདི་ལ།
ང་ཚོར་མཁོ་བ་ཨར་འདམ་གྱིས་བརྩེགས་པའི་ནམས་ཚལ་དང་།
བཅོས་མའི་ངོ་མཚོན་ལྟ་བུའི་ལྗང་མདོག་ག་ལ་ཡིན།
ཚེ་སྲོག་གི་གསོན་ཤུགས་ལྡན་པའི་ལྗང་མདོག་གི་གཞིས་ཁྱིམ་དུ།
གཡང་དཀར་གྱི་འབའ་སྒྲ་དང་། 
ནོར་ནག་གི་ངུར་སྒྲ། 
རྟ་ཕོའི་འཚེར་སྐད།   
ད་དུང་ཕ་མེས་ཀྱི་གཏམ་རྒྱུད་སྙན་མོ་དང་། 
ཨ་མའི་མ་ཎི་ཐོས་ཐུབ་ལ།
དྲན་ཤིང་ལྟ་བུའི། 
རྣམ་ཤེས་ལྟ་བུའི་སྦྲ་ནག་གྲུ་བཞིའང་མཐོང་ཐུབ་པས།
ཨ་མའི་པང་ཁ་ལྟ་བུའི་ལྗང་མདོག་གི་གནས་མལ་དེ་རུ།
དྲན་ཤེས་ལས་ཡལ་གྱིན་པའི་གཞིས་ཁྱིམ་དེའིི་རྣམ་ཤེས་གང་དུ་ཆགས།
ན་ཟུག་གིས་སླངས་པའི་རྒད་པོའི་དྲན་པ་ལྟ་བུའི།  
མཛུམ་དགོད་འཁྱིལ་བའི་བྱིས་པའི་རྩེད་ར་ལྟ་བུའི།
ལྗང་མདོག་གི་གནས་མལ་དེ་རུ།
ཤ་ཆང་དང་མར་ཟན་ལ་རོལ་བའི་རྒད་པོ་དེ་དག
མེ་ཏོག་དང་ཨབ་ཙིག་ལ་རྩེན་བཞིན་པའི་བྱིས་པ་དེ་དག
ནམ་དུས་འདི་ལ་རྨི་ལམ་བཞིན་དུ་རྒྱང་ཐག་རིང་བས།
རྩེད་འཕྲུལ་དང་ཁ་པར་གྱི་རོལ་རྩེད་ལ་གཡེང་བཞིན་པའི།
གྲོང་ཁྱེར་གྱི་པང་ན་འཚོ་བའི་དེང་དུས་བྱིས་པའི་བློ་ངོར།
ཁ་སང་གི་ལྷ་སྒྲུང་དང་མདང་ནུབ་ཀྱི་རྨི་ལམ་བཞིན་ཡིད་ཆེས་བློ་གཏད་དཀོན།
       
གྲོང་ཁྱེར་གྱི་སོ་ཁ་ན་རྡོར་བཞིན་པ། 
ལྗང་མདོག་གི་གནས་མལ་དང་། ལྗང་མདོག་དྲན་ཤེས།
ད་དུང་ཡང་ཚེ་སྲོག་གི་རུམ་ལ་བཞད་པའི་ལྗང་མདོག་གི་རྨི་ལམ་ཡིན་པས།
ས་ཆེན་གྱི་རྒྱན་དུ་མཛེས་པའི་ངོ་མཚར་གྱི་ལྗང་མདོག
མིའི་རིགས་ཆགས་འཇིགས་དང་ལས་དབང་གི་ཁ་དོག་དུ་ཤེས་ནས།
ཚེ་སྲོག་བཞིན་དུ་སྲུང་ཞིང་མིག་འབྲས་བཞིན་དུ་གཅེས་དགོས་ཨང་།

 ༄༅། །ལྗང་མདོག་གི་གནས་མལ།

སྨྱུག་སྨྱོན། ས་སྐྱ་རྫོང་།

ངས་གྲོང་ཁྱེར་གྱི་སྐྱ་ཟུར་དང་སྐམ་ཤེད་ཀྱི་གྲུ་ཁ་ནས།

ཕ་ཡུལ་གྱི་ས་གཞི་དང་རྩི་ཤིང་ལ་དྲན་སེམས་ཀྱི་ལྷན་པ་གླན།

ངས་ཕ་ཡུལ་གྱི་འབྱུང་ཁམས་ལ་ཐིམ་པའི་བྲན་གཤིས་ལས།

འཚོ་བ་གྲོང་ཁྱེར་ལ་ཕྱོགས་ཀྱང་།

སེམས་པ་སྔར་བཞིན་ཕ་ཡུལ་ལ་འཁྲེང་།

གྲོང་ཁྱེར་ན་ངའི་གནས་མལ་དང་འཚོ་ཚིས་ཀྱི་པགས་པ་ཡོད་ཀྱང་།

དེ་དག་གིས་ང་ལ་བརྩེ་བའི་གཡབ་མོ་དང་གཏང་རག་གི་མཆོད་པ་མ་བཤམས།

ཐ་ན་བཟའ་ཟླ་དང་བུ་ཕྲུག་ཡོད་ཀྱང་ང་རང་ཁེར་ཧྲེང་དུ་ལུས།

ལུང་ཀྱོག་གི་ས་རྡོ་དང་རྩི་ཤིང་རེ་རེ།

སྐྱེས་པ་ནས་འཆི་བའི་བར།

ཚོན་མདོག་དང་ངོ་བོ་འགྱུར་མེད་གཅིག་ཏུ་ངེས།

གྲོང་ཁྱེར་ན་ཐོགས་རྩེག་ཅན་གྱི་ཁང་པ་མང་ཞིང་།

རླངས་འཁོར་དང་མི་ཚོགས་ཀྱིས་དབུགས་ལམ་འགག

ཕ་ཡུལ་གྱི་པང་དུ་ལྗང་མདོག་གི་ས་ཞིང་དང་རི་ཆུ།

ངོ་གདོང་དང་སེམས་པ་དམར་བའི་ཡུལ་མི་ཡོད།

ད་དུང་། མར་དང་རྩམ་པ།

རྩམ་པ་དང་མར།

ང་རང་ལྷ་སར་དགའ་ལ་གཞིས་རྩེར་གཅེས།

གང་ལགས་ཤེ་ན།

ལྷ་ས་དང་གཞིས་རྩེ—ངའི་བྱིས་དུས་ཀྱི་ལྟ་ན་སྡུག་ཅིང་ངོ་མཚར་ཆེ་བའི་མཛེས་ལྗོངས་ཁོ་ན་ཡིན།

འོན་ཏེ། གྱུར་དང་འགྱུར་བཞིན་པའི་གྲོང་ཁྱེར་གྱི་ཡོད་ཚད་ཀྱིས།

ངའི་ཡིད་སེམས་གཏིང་རུམ་གྱི་ལྗང་མདོག་གི་འཇིག་རྟེན་དེ།

ཆག་གྲུམ་གྱིས་གཙེས་པའི་ལུང་ཀྱོག་གི་ཕ་ཡུལ་ཁོ་ནར་ཕྱོགས།

༄༅། །ལྗང་མདོག་གི་གནས་མལ།

རིག་ཞེན་སྲི་ཐར། ས་སྐྱ་རྫོང་།

རྨི་ལམ་དུ། གནམ་སྔོན་མོ་ལུས་ལ་གྱོན་པ་རྨིས།
སྤང་རྩྭ་ཐང་གདན་དུ་འདིང་བ་རྨིས།
གཉིད་ལས་དུས།
དཔྱིད་རླུང་བསིལ་བསིལ་གྱིས།
འབྲོག་མོའི་སྐྲ་ལོར་ཚོན་རྩི་བྱུགས་པ་ཚོར།
གློ་བུར་དུ།
ཇོ་མོ་གླང་མ་དྲན་བྱུང་།
ས་གཙང་ཆུ་གཙང་གི་ལུང་བ་ཞིག་དྲན་བྱུང་།
ལུང་བ་དེའི་འབྱུང་བ་ཡོད་ཚད།
འགྱིག་གིས་བཏུམ་མེད།
རྡུལ་དང་འདྲེས་མེད།
༄༅། །ལྗང་མདོག་གི་གནས་མལ།
ཞིམ་མྱོས། ངམ་རིང་རྫོང་།

ངའི་མིང་ལ་ས་གཞི་རིལ་མོ་ཟེར།

ང་ནི་སྐྱེ་འགྲོ་ཡོད་དོ་ཅོག་གི་ཕ་ཁྱིམ་ཡིན།

ང་ལ་བགྲངས་སུ་མི་ལངས་བའི་བུ་ཕྲུག་ཡོད།

ངའི་ཐོག་མའི་རང་མདངས་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན།

དྲོ་ཞིང་འཇམ་པའི་ཉི་འོད།

དྭངས་ཤིང་གཙང་བའི་ཆུ་མོ།

ཚང་ཚིང་གཡུ་ལོ་རྒྱས་པའི་ནགས་ཚལ།

དྭངས་སོས་ཀྱི་མཁའ་དབུགས་སོགས་ཀྱིས།

ངའི་པང་དུ་འཚོ་ཞིང་གནས་པའི་སྐྱེ་འགྲོ་ཚང་མར།

འཚོ་གནས་ཀྱི་ཁོར་ཡུག་མང་དག་ཅིག་བསྐྲུན་ཡོད།

ངས་ལྷག་བསམ་གྱི་བརྩེ་བ་དྲོན་མོ་ཞིག་བཅངས་ནས།

ཡོད་ཚད་སྐྱེ་འགྲོའི་འཚོ་གནས་ཀྱི་དོན་དུ་ལེགས་སྐྱེས་སུ་ཕུལ་ཡོད།

ད་དུང་ཡང་སྔར་མུས་བཞིན།

བློས་གཏོང་གི་བསམ་བློར་གཡོ་འགུལ་སྤུ་ཙམ་མེད་པའི་ངང་ནས།

སྐྱེ་འགྲོའི་འཚོ་གནས་ཀྱི་དོན་དུ་ཞབས་ཞུ་སྒྲུབ་པར་གཞོལ་ངེས་ཡིན།

འོན་ཀྱང་ཁྱེད་ཚོས། མིག་མདུན་གྱི་ཁེ་ཕན་ཕྲན་ཙམ་དེའི་དོན་དུ།

རྒྱང་རིང་རྒྱང་རིང་ཞིག་གི་ལས་དབང་ལ་མནོ་བསམ་བཞེས་མྱོང་ངམ།

ཐམས་ཅད་ཆོག་ཤེས་བྲལ་ལ་སྒེར་སེམས་ཀྱི་ལམ་ལ་མ་འཇུག་རོགས།

ཁྱེད་ཚོས་མི་རབས་འདིའི་བདེ་སྐྱིད་ཁོ་ནར་རྔམས་པ་ལས།

ཕྱི་རབས་པ་རྣམས་ཀྱི་འཚོ་གནས་ལ་ཐུགས་འགན་བཞེས་མྱོང་ངམ།

སྦགས་བཙོག་གི་དྲི་ངན་དེས་ངའི་དབུགས་ཀྱི་འབྱིན་རྔུབ་འགག་སོང་།

གཏེར་ཁའི་རྔོག་འདོན་མང་པོ་དེས་ངའི་དོན་ལྔ་སྣོད་དྲུག་ཡོད་ཚད་སྟོང་སོང་།

ཆུ་མོ་ལ་གྲོན་ཆུང་མི་འདུག  བཙོག་སྐྱོན་ངོ་ཚ་མེད་པས།

ངའི་ཟུངས་ཁྲག་རྫོགས་ལ་ཉེ་སོང་།

ད་ནི་ངའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་འདུག

རྒས་ཤིང་འཁོགས་པའི་ལུས་པོ་འདི་ཡང་འགྱེལ་ལ་ཉེ་འདུག

ནམ་ཞིག་ངའི་འབྱུང་བ་ཉམས། རྐྱེན་ངན་གྱི་བར་ཆད་འཕྲད་དུས།

ཁྱེད་ཚོ་བདེ་སྐྱིད་ངང་འཚོ་གནས་ཐུབ་རྒྱུར་སྟོང་བསམ་མ་གཏོང་རོགས།

རྒྱུ་མཚན་ནི་ང་ཚོའི་ལས་དབང་གཅིག་ཏུ་སྦྲེལ་ཡོད།

ད་ཆ་ང་ལ་རེ་བ་ཆུང་ཆུང་གཅིག་རང་ལས་མེད་པ་དེ།

ཁྱེད་ཚོས་ངེས་པར་དུ་ཁས་ལེན་གནང་རོགས།

ང་ཚོ་ཚང་མའི་འཚོ་གནས་ཀྱི་དོན་དུ།

རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་གནང་རོགས།

༄༅། །ལྗང་མདོག་གི་གནས་མལ།

ཁ་བ་རྐང་གླིང་། དིང་རི་རྫོང་།

མཚན་མོར་ས་གཞིའི་བུ་མོའི་ཇུས་བཀོད་ལས།
རང་ཉིད་ཀྱི་སྒལ་གཞུང་ལ་ལྗང་མདོག་གི་ལྗོན་པ་བཙུགས།
ཁྱོད་ཀྱི་སྒལ་གཞུང་ན་དགད་པའི་མེ་ཏོག་གིས།
འཇིག་རྟེན་གྱི་མིག་འབྲས་རྐུས་འགྲོ
ཟམ་ཟིམ་དུ་འབབ་པའི་ཆར་པས།
ལྗོན་པའི་རྐེད་སྐབས་བརླན་ཤིག་ཤིག་ཏུ་བཟོ།
ས་གཞིའི་གདོང་གི་ཐལ་བ་དག་ཀྱང་གཙང་ཐིང་ངེར་བཀྲུས།
དཔྱིད་ཆར་དྭངས་མས།
དགུན་ཁའི་ཁྱགས་གྲང་གི་ནད་པ་ལྟ་བུའི་འཇིག་རྟེན།
ཡང་ན། མིའི་རིགས་ཀྱི་དངངས་ཤིང་སྐྲག་པའི་སྣང་བ།
ཡོངས་སུ་དག་སྟེ་བརླན་ཤེར་གྱི་ས་ནག་དྲི་ཞིམ་འཐུལ།

༄༅། །ལྗང་མདོག་གི་གནས་མལ།

གངས་ཕྲུག་རྒྱལ། མཐོང་སྨོན་རྫོང་།

དཀར་ནག་ཅིག་གི་བར་མཚམས་ན། །

འཇིག་རྟེན་ཐམས་ཅད་གཡོ་ཞིང་སྐྱོམ། །

རྒུད་དང་འཕེལ་བ་དེ་དག་ཀྱང་། །

དཀར་ནག་ཅིག་གིས་སྐུལ་བ་ཡིན། །

འོད་ལ་སྨོན་པའི་གང་ཟག་གི །

མུན་པ་མཐོང་ན་འཇིགས་པ་སྐྱེ། །

མུན་ཁྲོད་གནས་པ་ཡུན་རིང་བས། །

འོད་སྣང་འཚོལ་ཕྱིར་དཀའ་སྤྱད་སྤྱོད། །

མེ་ཏོག་ཚལ་ནི་མཛེས་པ་ན། །

བུང་བ་རྟག་ཏུ་འཁོར་བ་ཡང་། །

མཛེས་པའི་གཟུགས་ལ་ཆགས་པའི་ཕྱིར། །

དེ་ཉིད་ཁྱིམ་གྱི་ནང་དུ་དྲངས། །

འོད་དང་མེ་ཏོག་ཇི་ལྟར་ཡང་། །

སེམས་ཀྱི་འདོད་སྡང་ཙམ་གྱི་ཕྱིར། །

དེ་ཕྱིར་སེམས་པའི་གནས་མལ་ཡང་། །

འོད་དང་མེ་ཏོག་འདོད་པ་བཞིན། །

ཐལ་བའི་རྡུལ་གྱིས་གོས་པ་ཡི། །

དགུན་གྱི་དུས་ནི་མི་སྡུག་པ། །

དཔྱིད་ཀྱི་ཉི་མའི་གཉེར་སྐྱོང་འོག །

ལྗང་མདོག་འཇིག་རྟེན་ལྷམ་མེར་བཀྲ། །

དཔྱིད་ཀྱི་དཔལ་ཡོན་ཇི་བཞིན་དུ། །

གནས་མལ་བཟང་བའི་བདེ་སྐྱིད་ཀྱང་། །

ལྗང་མདོག་དག་གི་མཛེས་པ་དང་། །

འོད་དང་མེ་ཏོག་བཀྲ་བར་འདོད། །

གྲི་དང་རྡུང་གིས་གཙེས་པའི་གནས། །

ལུས་དང་སེམས་ལ་མནར་གཅོད་པས། །

དེ་ཕྱིར་ཞི་ཞིང་བདེ་བ་ཡིས། །

ལྗང་མདོག་གནས་མལ་འདོད་པ་བཞིན། །

ཆེན་པོའི་ཞབས་ཀྱིས་མནན་པའི་ཚེ། །

མགོ་བོ་མཁྲེགས་པོར་གནས་བྱས་ཏེ། །

ཀི་ཞིག་ཙམ་ལས་མ་བྱུང་ཡང་།  །

འདེབས་འདོད་གནས་མལ་འདོད་པ་བཞིན། །

རང་དབང་ཐམས་ཅད་བདེ་བ་ཡིན། །

དེ་ཡང་གནས་མལ་བདེ་ཕྱིར་ཏེ། །

གཞན་དབང་སྡུག་བསྔལ་ཆེ་བའི་ཕྱིར། །

གནས་མལ་ངན་པ་སྤང་འདོད་ཙམ། །

   

༄༅། །ལྗང་མདོག་གི་གནས་མལ།

ཁུང་ལུང་ཕུར་རྒྱལ། ངམ་རིང་རྫོང་།

རིན་ཆེན་གསེར་དངུལ་ཟངས་ཀྱིས་མི་ཁུག་ཅིང་། །

དཔག་ཡས་ཀུན་གསལ་ལམ་གྱི་མི་ཚབ་པའི། །

ལྗང་མདོག་གཞིས་ཁྱིམ་བསྐྲུན་པའི་འགན་ཁྲི་དེ། །

ང་དང་ཁྱེད་ཀྱི་ཚེ་སྲོག་འཚོ་གནས་ཆེད་དུ་ཡིན། །

སྲོལ་རྒྱུན་རྙིང་པའི་ལམ་དུ་མི་འགྲོ་བར། །

གོས་ཧྲུལ་རྙིང་པ་རི་ངོར་མི་གཡུག་ཅིང་། །

ཤོག་རོ་གད་སྙིགས་གང་སར་མི་གཏོར་བར། །

ལྗང་མདོག་གཞིས་ཁྱིམ་བསྐྲུན་པ་ཀུན་གྱི་ཆེད། །

དྭངས་གཙང་ཁོར་ཡུག་མིག་གི་ལམ་དུ་མཛེས། །

དེ་རུ་འཚོ་མི་དེ་བས་ལུས་སེམས་བདེ། །

འུ་ཅག་འཚོ་བའི་ཁོར་ཡུག་ཆུང་ཆུང་དེར། །

དང་དོད་གཙང་སྦྲའི་འགན་ཁྲི་ཀུན་གྱིས་སྐྱོངས། །

  

༄༅། །ལྗང་མདོག་གི་གནས་མལ།

ཀརྨ་ཤེས་རབ། མཐོང་སྨོན་རྫོང་།

ལྗང་མདོག་གི་གནས་མལ་རྐུན་མས་མ་བརྐུས།

ལྗང་མདོག་གི་གནས་མལ་ཇག་པས་མ་བཅོམ།

ལྗང་མདོག་གི་གནས་མལ་འུ་ཅག་གིས་བཅོམ་འདུག

ལུས་པོ་ཡི་བྱ་སྤྱོད་གཙང་ན།

ངག་སྒོ་ཡི་ཡར་སྐུལ་བདེན་ན།

ཡིད་སེམས་ཀྱི་འདུ་ཤེས་འདྲོང་ན།

ལྗང་མདོག་གི་གནས་མལ་འུ་ཅག་གི་གམ་ན་ཡོད།

རི་མཐོ་དང་ས་གཙང་རང་བྱུང་གི་བྱང་ཁོག་ཡིན་ན།

ས་ཆེན་གྱི་བྱང་ཁོག་འུ་ཚོས་སྲུང་དགོས།

བསིལ་རླུང་དང་གཙང་ཆུ་རང་བྱུང་གི་ཁྲག་རྒྱུན་ཡིན་ན།

གནས་མལ་གྱི་ཆུ་ཀླུང་འུ་ཚོས་སྐྱོང་དགོས།

འབྱུང་བ་དང་སྒོ་གསུམ་དོ་སྙོམ་ནས་དོ་བསྙམས་ན།

ད་གཟོད། བདེ་ཐང་དང་བདེ་སྐྱིད་ཟེར་བ་འུ་ཚོའི་རེད།

  

༄༅། །ལྗང་མདོག་གི་གནས་མལ།

འདྲུ་བཀྲ་ཤིས་རྒྱལ། མཐོང་སྨོན་རྫོང་།

གཡུ་ལོ་རབ་ཏུ་རྒྱས། པད་འདབ་རྣམ་པར་གྲོལ། འདབ་ཆགས་ཀྱི་ཚོགས་ཀྱང་ངང་གིས་འཁོར། ལྷབ་ལྷུབ་ཏུ་གཡོ་བའི་རང་བྱུང་གི་ཁམས། བརྗེད་པར་མི་བཏུབ་པའི་ལྗང་མདོག་གི་གནས་མལ་ཉག་གཅིག །

གངས་དཀར་གྱི་རི་བོ། སྨུག་སྤྲིན་གྱི་རུམ་ན་ཤེལ་གྱི་མཆོད་རྟེན་ཇི་བཞིན་ལྷམ་མེར་འཁྱིལ། གངས་ཆབ་བསིལ་མ་དག་ནི་རྫ་ཆུའི་ཀློང་ནས་རིམ་པར་བཞུར། བག་ཡངས་སུ་རྒྱུ་བའི་རི་དྭགས་ཚོགས་ཀྱང་། ཆུ་མོའི་འགྲོས་བཞིན་དལ་གྱིས་རྒྱུ། ལྷག་ཏུ། མིའི་རིགས་ཀྱི་སེམས་ཁམས་གསོ་བའི་གཡང་རླུང་། གཏན་གྱི་གནས་མལ་ལྟ་བུའི་རང་བྱུང་གི་གཤིས།

གཡུ་གཞོང་གི་ས་གཞི་ཆེན་པོར། རྩི་ཤིང་གི་ངོ་མཚར་རབ་ཏུ་བཞད་དེ། ཉི་ཆར་གྱི་དབུས་ན་འཕྲོ་བའི་འཇའ་ཚོན་ཞིག་དང་ཧ་ཅང་འདྲ། མི་རྣམས་ཀྱང་གདོད་ནས་དག་པའི་རང་བྱུང་ལ་རྣམ་པར་མོས་ཤིང་། དེ་ནི་རང་ཉིད་ཀྱི་གནས་མལ་ཞིག་ཏུ་སེམས་བཞིན་ཡོད། ཆུ་ཐིགས་གཙང་མ་ཞིག་ལས་མེད་ཀྱང་། དེ་ནི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཅིག །
བརྗོད་པ་ལས་འདས་པའི་དག་ཞིང་སྟེ། ངོ་མཚར་གྱི་སྣེ་མོ་རེ་རེས་ཀྱང་མིའི་རིགས་ཀྱི་ཡིད་ཁམས་སྦྲིད།  འབག་ལྷད་མེད་པའི་ས་གཞི་གཤིན་པས།  རེ་བ་ལྷོད་མ་མྱོང་པར་ངེད་ཅག་གི་གནས་མལ་བྱས། གཞན་ཡང་ལུས་ཀྱི་དྲོ་གྲང་བསྙམས། ངག་གི་གྲེ་བ་བསངས། ཡིད་ཀྱི་དང་བ་དྲངས།
ཉིན་དང་ཟླ་བར། ལོ་དང་ལོ་འཁོར་དུ། རང་བྱུང་གི་གཤིས་ནི་སྐྱེ་འགྲོ་ཀུན་དང་མཉམ་གནས་བྱེད། སྔོ་ལྗང་སེར་སྐྱའི་གོས་མདོག་གི་བར་ནས། མི་དང་རང་བྱུང་གི་ཁམས་གཉིས་ཧ་ཅང་ནས་མཐུན། འགྲོ་བའི་ཕུན་ཚོགས་ཀྱི་དཔལ་དུ། རང་བྱུང་གི་ཁམས་ཏེ་ལྗང་མདོག་གི་གནས་མལ་ཡངས་པོ། ངོ་མཚར་གྱི་འགྱུར་བག་རེ་རེ་ནས་མིའི་རིགས་ཀྱི་སྐལ་བཟང་གི་དུས་ཚིགས་རིམ་པར་འཁོར།
༄༅། །ལྗང་མདོག་གི་གནས་མལ།
སྐལ་ཚེ། ངམ་རིང་རྫོང་།

ཚེ་སྲོག་ཡོད་དོ་ཅོག་གི་ཕ་ཁྱིམ་དྲོ་མོ་ས་གོ་ལ་ཆེན་མོ་དེ་སྤྱི་བོ་གནམ་གཏད་ཀྱི་མི་ཁོ་ནས་དབང་འགྱུར་བྱས་ནས་གཏོར་བརླག་དང་འབག་བཙོག་བཟོས་ན་ཅིས་ཀྱང་ག་ལ་རུང་།

རང་བྱུང་ཁོར་ཡུག་དང་འགྲོ་བ་སེམས་ཅན་ཚང་མར་འདྲ་མཉམ་འདུ་ཤེས་དགོས་པ་ལས་དབང་གཤེད་བཙན་འཛུལ་གྱིས་འདྲ་མཉམ་འདུ་ཤེས་ཀྱི་རྩ་བ་བརླག་ན་ད་གཟོད་བདེ་སྐྱིད་ཀྱི་རྩ་བར་འཆམ་མཐུན་གྱི་འདབ་ལོ་བཞད་ཐབས་འབྲལ།

ང་ཚོ་སོལ་དལ་བག་ཕེབས་ཀྱི་འཚོ་བར་རོལ་འདོད་ན་ཁོར་ཡུག་སྲུང་།

རང་བྱུང་གནོད་ཚེའི་འཇིག་པ་ལས་འགྲོལ་དགོས་ན་ཁོར་ཡུག་སྲུང་།

རང་བྱུང་ཁམས་དང་འགྲོ་བ་སེམས་ཅན་གཅིག་ལ་གཅིག་བརྟེན་ཡིན།

ཁྱེད་ཇི་སྲིད་མ་གཏོང་བར་དུ་ང་ཚོ་དེ་སྲིད་གནས་ཐུབ།

ཁྱེད་ཀྱི་མཐུ་འོག་ན་འཚར་ལོངས་བྱུང་བའི་འགྲོ་བའི་བདེ་སྡུག་ཡོད་ཚད་ཁྱེད་དང་དམ་དུ་འབྲེལ།

མི་འདོད་ཐོག་ཏུ་འབབ་པའི་ནད་ཡམས་དང་གནོད་འཚེ།

འདོད་པ་བཙལ་ཡང་མི་རྙེད་པའི་དལ་ལྷོད་འཚོ་བའི་སྤྲོ་སྣང་།

ཡོད་ཚད་མི་ཡིས་བཟོས་པའི་ལེན་པ།

དུས་དེ་རིང་ནས་བཟུང་སྤྱི་བོ་གནམ་གཏད་ཀྱི་མི་རྣམས་ལ་ཚེ་སྲོག་འདྲ་མཉམ་དང་ཁོར་ཡུག་སྲུང་སྐྱོང་གིས་འདུ་ཤེས་ཕྲ་མོ་ཙམ་ཞིག་ཡོད་ན་དགའ་བ་ལ། ཕྱི་སྣོད་རང་བྱུང་ཁོར་ཡུག་གི་རྣམ་པ་མཛེས་ལ་ནང་བཅུད་སེམས་ཅན་བདེ་ཞིང་སྐྱིད་པ་བྱུང་ན་ཅི་མ་རུང་སྙམ།

ལྗང་མདོག་གི་རྩྭ་ཐང་འགྲོ་བ་ཡི་གནས་མལ། །

ལྗང་མདོག་གི་རྩྭ་ཐང་ཕྱི་སྣོད་ཀྱི་བཀོད་པ། །

ལྗང་མདོག་གི་རྩྭ་ཐང་འདྲེན་བྱེད་ཀྱི་མཛེས་པ། །

ལྗང་མདོག་གི་རྩྭ་ཐང་ནང་སེམས་ཀྱི་འཇིག་རྟེན། །

ལྗང་མདོག་གི་རྩྭ་ཐང་སྙན་ངག་གི་བརྗོད་བྱ། །

 

 

ཡོང་ཁུངས། ས་ལོ་འཕྲིན་སྟེགས།

 

བརྒྱུད་སྐུལ།

མཆན་སྤེལ།