མཻ་ཏྲི་པ་དང་། རྡོ་རྗེ་གདན་པ། ཨཱ་བྷ་ཡཱ་ཀ་ར། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་བཅས་ཀྱི་གསོལ་འདེབས།

མཻ་ཏྲི་པ་དང་། རྡོ་རྗེ་གདན་པ། ཨཱ་བྷ་ཡཱ་ཀ་ར། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་བཅས་ཀྱི་གསོལ་འདེབས།

ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱམས་པའི་སྒྲ་དབྱངས་ལས[1]། ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྙན་པའི་གྲགས་པས་འཕགས་བོད་ཀུན་ཏུ་ཁྱབ། །ཕྱག་རྒྱ་ཆེ་བརྙེས་ཇོ་བོ་མཻ་ཏྲི་པ། །གཉིས་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བྲམ་ཟེའི་རིགས་ལས་མུ་སྟེགས་པཎྜི་ཏ། །ནཱ་རོ་ཏཱ་པ་མཇལ་ཏེ་ནང་པར་གྱུར། །དབང་དང་གདམས་ངག་ཅི་རིགས་གསན་པ་ཡིས། །སྔོན་སྦྱངས་ལས་འཕྲོ་སད་ལ་གསོལ་བ་འདེབས། །ན་ལེནྡ་རུ་བསྟན་ལ་རབ་ཏུ་བྱུང༌། །རྩོད་དུས་ཀུན་མཁྱེན་རིན་འབྱུང་ཞི་བ་སོགས། །མཁས་གྲུབ་མང་བསྟེན་རྩོད་བྲལ་པཎ་ཆེན་དུ། །གྲགས་པའི་བ་དན་བསྒྲེངས་ལ་གསོལ་བ་འདེབས། །རྣམ་གནོན་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས། །བཤད་སྒྲུབ་སྤེལ་མར་མཛད་ཚེ་རྒྱལ་བའི་ཡུམ། །རྡོ་རྗེ་རྣལ་འབྱོར་མ་ཡིས་ཞལ་གཟིགས་ཤིང༌། །ལུང་བསྟན་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །ཏིང་འཛིན་གྲོགས་སུ་འགྲོ་བའི་དུས་མཁྱེན་ནས། །ནང་གི་ཀུན་སྤྱོད་གསང་ཞིང་སྤྱད་པ་ལ། །གླགས་ལྟའི་སྣང་ངོར་ཆང་དང་བུད་མེད་དག །འོ་མ་དྲིལ་བུར་བསྒྱུར་ལ་གསོལ་བ་འདེབས། །

དགེ་འདུན་རྣམས་ཀྱིས་གནས་ནས་དབྱུང་བའི་ཚེ། །ཆུ་བོ་གངྒཱར་ལྤགས་གདན་བཏིང་ནས་བཞུད། །གཞན་ཡང་ཐུན་མོང་ཐུན་མོང་མ་ཡིན་པའི། །ནུས་པ་དཔག་མེད་བརྙེས་ལ་གསོལ་བ་འདེབས། །ད་རུང་དེ་ཁོ་ན་ཉིད་མ་རྟོགས་པས། །ཡི་དམ་ལུང་བཞིན་དཔལ་གྱི་རི་བོའི་ངོགས། །རྒྱལ་བུ་ས་ཀ་ར་དང་ལྷན་ཅིག་ཏུ། །གྲུབ་བརྙེས་བླ་མ་ཚོལ་ལ་གསོལ་བ་འདེབས། །ངལ་དུབ་ཐང་ཆད་ཉོན་མོངས་ཉམ་ཐག་ཀྱང༌། །ཡིད་ཀྱི་རེ་བ་རྫོགས་པར་མ་གྱུར་ནས། །ཟླ་བ་དྲུག་ཏུ་རྩེ་གཅིག་གསོལ་བཏབ་པས། །འདོད་པའི་དོན་གྲུབ་གྱུར་ལ་གསོལ་བ་འདེབས། །བཙུན་མོ་ཟུང་གིས་ཞབས་བརྟེན་རི་ཁྲོད་མགོན། །མངོན་སུམ་མཇལ་ནས་ཟབ་མོའི་བརྡའ་བསྟན་ཅིང༌། །དབང་དང་གདམས་པས་རྗེས་བཟུང་གནས་ལུགས་དོན། །འཆད་པར་རྗེས་སུ་གནང་ལ་གསོལ་བ་འདེབས། །དོན་དམ་ཇི་བཞིན་གཟིགས་པའི་ཡེ་ཤེས་སྐྱེས། །དཔའ་བོ་མཁའ་འགྲོ་མཐའ་ཡས་གཙོ་བོར་གྱུར། །དབུས་འགྱུར་འཆང་དུ་ཡིད་ལ་མི་བྱེད་པ། །རྒྱ་ཆེར་འཆད་ཅིང་སྤེལ་ལ་གསོལ་བ་འདེབས། །བསིལ་བ་ཚལ་དུ་གྲོང་འཇུག་རོལ་རྩེད་སྒྱུར། །ནག་པོ་ཆེན་པོས་བཞེད་པ་མཐའ་དག་སྒྲུབ། །ལྟ་སྟངས་གྲུབ་ཅིང་སྐུ་ལུས་སྣ་ཚོགས་སྤྲུལ། །བས་མཐའ་ནགས་ཁྲོད་འཛིན་ལ་གསོལ་བ་འདེབས། །གངྒཱ་དྷ་རི་རཏྣ་དེ་བཱི་དང༌། །སློབ་དཔོན་ཆེ་བཞི་ལ་སོགས་རྒྱ་བོད་ཀྱི། །གདུལ་བྱ་སྐལ་ལྡན་དུ་མ་སྨིན་མཛད་ནས། །ཟག་མེད་དབྱིངས་སུ་གཤེགས་ལ་གསོལ་བ་འདེབས། །བར་དོར་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་ཅིང༌། །ཡེ་ཤེས་སྐུ་མཆོག་མཁའ་ཁྱབ་ཉིད་དུ་བཞུགས། །བྱང་ཕྱོགས་རྒྱུད་དུ་སྙིང་པོའི་ཕྲིན་ལས་རྒྱུན། །ཐུབ་བསྟན་ཇི་སྲིད་འབབས་ལ་གསོལ་བ་འདེབས། །མངའ་བདག་རྒྱལ་སྲས་མཻ་ཏྲི་གུཔྟ་ཡིས། །མོས་པའི་བུ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །བསམ་གྱིས་མི་ཁྱབ་ལྷན་སྐྱེས་ཕྱག་རྒྱ་ཆེ། །གཉུག་མའི་དེ་ཉིད་རྟོགས་པར་བྱིན་གྱིས་རློབས། །

 

ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་དཔལ་རྡོ་རྗེ་གདན་པ་ཆེན་པོ་ལ་གསོལ་བ་འདེབས་པ་རང་བྱུང་སྒྲ་དབྱངས་ཞེས་བྱ་བ[2]། །ཉི་མ་ལྟ་བུ་འགྲོ་བློའི་མུན་པ་སེལ། །ཟླ་བ་ལྟ་བུ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །ཐུབ་བསྟན་མངའ་བདག་རྡོ་རྗེ་གདན་པ་ཆེ། །བསོད་ནམས་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །སྟོབས་འབྱོར་ཕུལ་བྱུང་འཕགས་ཡུལ་མ་ལ་བར། །མི་དགེའི་ལས་དང་ངང་གིས་མི་འགྲོགས་ཤིང༌། །གཙང་སྦྲའི་ཀུན་སྤྱོད་ལྷུར་ལེན་བྲམ་ཟེའི་ཁྱིམ། །བྱིན་རླབས་དགེ་མཚན་ཤར་ལ་གསོལ་བ་འདེབས། །བསྟན་པའི་དཔལ་དུ་བསམ་བཞིན་སྲིད་པ་བཟུང༌། །རིགས་གཟུགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །མ་ཆགས་སྐྱེ་བས་ཐོབ་པའི་བློ་གྲོས་ནི། །དོན་གཉིས་བསྒྲུབ་པར་ཕྱོགས་ལ་གསོལ་བ་འདེབས། །སྲིད་པའི་བདེ་འབྱོར་རྨི་ལམ་ལྟར་གཟིགས་ནས། །ངེས་འབྱུང་བློ་ཤུགས་དུས་མཐའི་མེ་ལྟར་འབར། །ན་ལནྡ་རུ་བསྟན་ལ་རབ་ཏུ་བྱུང༌། །ལེགས་པའི་དོན་ཀུན་གྲུབ་ལ་གསོལ་བ་འདེབས། །སྔོན་སྦྱངས་སྟོབས་ཀྱིས་རང་བཞིན་ཉེས་པའི་དྲི། །གཏན་ནས་བྲལ་བས་བཅས་པའི་ལྟུང་བ་དང༌། །རྨི་ལམ་དུ་ཡང་འགྲོགས་པར་མི་མཛད་པ། །དོན་གྱི་དགྲ་བཅོམ་ཆེན་པོར་གསོལ་བ་འདེབས། །འཕགས་ཡུལ་ཤར་ནུབ་དབུས་ཀྱི་པཎྜི་ཏ། །གྲུབ་པ་རྣལ་འབྱོར་ཚོགས་ཀྱི་ཐུགས་བཅུད་བཞེས། །ཐོས་པའི་རྒྱ་མཚོར་རྣམ་དཔྱོད་ནོར་བུས་གཏམས། །དགོས་དགུའི་འབྱུང་གནས་གྱུར་ལ་གསོལ་བ་འདེབས། །བཅུ་ཕྲག་རིག་པའི་གནས་ལ་འགྲན་ཟླ་བྲལ། །ཁྱད་པར་གསང་སྔགས་ཕྱི་ནང་ཆོས་ཚུལ་ལ། །ཆགས་ཐོགས་ཀུན་སྤངས་ཐམས་ཅད་གཟིགས་པ་བརྙེས། །མཁྱེན་རབ་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས། །སྐལ་བཟང་བྱེ་བས་ཕ་ཕོག་ཐོབ་གྱུར་ཀྱང༌། །གཏིང་མཐའ་མི་མངོན་གདམས་ངག་ནོར་བུའི་མཛོད། །མཁས་གྲུབ་ཀླུ་དབང་ཀུན་ལས་བསྡུས་པ་བཞིན། །གཞན་ཕྱིར་འཛིན་པར་མཛད་ལ་གསོལ་བ་འདེབས། །སྐལ་བཟང་རྒྱལ་བའི་འབྱུང་གནས་མ་ག་དྷར། །ཐུབ་བསྟན་འཛིན་མཛད་རིག་གྲོལ་སྤོབས་པ་ཅན། །རྒྱུ་སྐར་དབུས་སུ་ཟླ་བའི་དཀྱིལ་འཁོར་བཞིན། །ཚོགས་ཀྱི་འདྲེན་པར་གྱུར་ལ་གསོལ་བ་འདེབས། །སྙིང་པོ་བྱང་ཆུབ་ཆེན་པོའི་སེངྒེའི་ཁྲིར། །འཇིགས་མེད་ཆོས་ཀྱི་དབང་ཕྱུག་གོ་འཕང་བརྙེས། །རྒྱལ་བས་ལུང་བསྟན་རྡོ་རྗེ་གདན་པ་ཞེས། །གྲགས་པས་འཇིག་རྟེན་ཁྱབ་ལ་གསོལ་བ་འདེབས། །རྒྱལ་བ་སྲས་དང་བཅས་པའི་བགྲོད་གཅིག་ལམ། །བྱང་ཆུབ་ཐུགས་མཆོག་ལྷུན་པོ་ལྟར་བརྟན་ཅིང༌། །བསིལ་ཟེར་བཞིན་དུ་ཕྱོགས་རིས་མེད་ཁྱབ་པས། །རྒྱལ་སྲས་ཐུ་བོར་གྱུར་ལ་གསོལ་བ་འདེབས། །རིན་ཆེན་རྒྱ་མཚོ་ལ་སོགས་ཐུན་མིན་དང༌། །ཐུན་མོང་གསང་བའི་མཛོད་ལ་མངའ་བརྙེས་པས། །གྲུབ་གཉིས་ནོར་བུའི་དཔལ་ལ་རང་དབང་སྒྱུར། །རྡོ་རྗེ་འཛིན་རྒྱལ་ཁྱེད་ལ་གསོལ་བ་འདེབས། །མཉམ་མེད་བྱང་ཆུབ་སེམས་ཀྱི་འཕྲིན་ལས་ཀྱིས། །ཕྱོགས་རིས་མེད་པའི་གདུལ་བྱ་ཡོངས་སུ་འདུལ། །བཞུགས་ཡུལ་སྣོད་བཅུད་ཤིན་ཏུ་བཀྲ་ཤིས་མཛད། །མཐོང་ཐོས་དད་པའི་ས་ལ་བཀོད་པ་ཡི། །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས། །ཐུབ་དབང་རྒྱལ་སར་ཐུབ་པའི་མཛད་པ་སྐྱོང༌། །འཕགས་བོད་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །འཇིག་རྟེན་ལྷ་དང་བཅས་པས་ཕྱག་བྱས་པ། །མི་ཡི་སེང་གེ་ཁྱེད་ལ་གསོལ་བ་འདེབས། །བདག་ཀྱང་ཚུལ་གནས་ཐོས་བསམ་སྒོམ་མཐར་སོན། །བྱང་ཆུབ་སེམས་འབྱོངས་འགྲོ་དོན་ཕྱོགས་མེད་འགྲུབ། །ཐུབ་པའི་བསྟན་པ་ཉིན་མོར་བྱེད་ནུས་པ། །སྐྱེས་མཆོག་རྣམས་ཀྱི་རྣམ་ཐར་མྱུར་འགྲུབ་ཤོག།  །།

 

 

ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨཱ་བྷ་ཡཱ་ཀ་ར་གུཔྟ་ལ་གསོལ་བ་འདེབས་པ་ཞི་བའི་སྒྲ་དབྱངས་ཞེས་བྱ་བ།[3] ཛམྦུའི་གླིང་དུ་ཉི་ཟླ་ལྟ་བུར་གྲགས། །རྡོ་རྗེ་གདན་དུ་སངས་རྒྱས་འཕྲིན་ལས་མཛད། །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག །འཇིགས་མེད་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ལྷོ་ཕྱོགས་ཛ་རི་ཁཎྜར་རྒྱལ་རིགས་སུ། །སྐུ་འཁྲུངས་གཞོན་ནུའི་དུས་ནས་སྒྲ་ཚད་དང༌། །རིག་བྱེད་ཡན་ལག་དང་བཅས་མུར་འདུག་གི །རྒྱུད་གཞུང་ཕ་རོལ་སོན་ལ་གསོལ་བ་འདེབས། །སྐྱེད་མོས་ཚལ་དུ་རྡོ་རྗེ་རྣལ་འབྱོར་མ། །མཛེས་མའི་གཟུགས་ཀྱིས་བསྐུལ་ཏེ་བྷངྒ་ལར། །བྱོན་ནས་མདོ་སྔགས་ཀུན་ལ་མཁས་པར་སྦྱངས། །སྡེ་སྣོད་འཛིན་པར་གྱུར་ལ་གསོལ་བ་འདེབས། །རབ་ཏུ་བྱུང་སྟེ་འདུལ་འཛིན་སློབ་དཔོན་མཛད། །དབང་དང་གདམས་ངག་འཕགས་ཡུལ་ཀུན་ཏུ་བཙལ། །ཆོས་ཚུལ་ཀུན་དང་ཁྱད་པར་སྔགས་རྒྱུད་ལ། །མཁྱེན་རབ་ཤིན་ཏུ་རྒྱས་དེར་གསོལ་བ་འདེབས། །དཔལ་ལྡན་སཽའི་པ་ཡིས་རྗེས་སུ་བཟུང༌། །རྡོ་རྗེ་ཕག་མོས་འཆད་རྩོམ་མཛད་པར་བསྐུལ། །དུར་ཁྲོད་ཀུན་ཏུ་བསྒོམས་པས་ཏིང་འཛིན་བརྙེས། །བྱང་སེམས་ནུས་པ་ཅན་ལ་གསོལ་བ་འདེབས། །རྒྱུད་ནས་བཤད་པའི་ལས་ཚོགས་རབ་འབྱམས་དང༌། །བདེན་སྟོབས་གྲུབ་ཅིང་བརྟག་པའི་རིག་པ་ཡིས། །དབུལ་པོའི་ཟབ་ཀྱི་འོག་ནས་གཏེར་འདོན་སོགས། །ངོ་མཚར་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །རྡོ་རྗེ་གདན་དང་དཔལ་གྱི་ན་ལེནྡྲ། །ཀྲ་མ་ཤཱི་ལ་རྣམས་སུ་མཁན་པོ་མཛད། །ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ཡིས། །རིགས་ཅན་གདུལ་བྱ་འདུལ་བར་གསོལ་བ་འདེབས། །བརྒྱད་སྟོང་འགྲེལ་པ་རྩོམ་ཚེ་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་ཀྱིས་མགྲིན་གཅིག་ཤེས་པ་བརྗོད། །རྡོར་ཕྲེང་རྩོམ་ཚེ་མེ་ཏོག་ཆར་ཆེན་ཕབ། །ཕག་མོ་སྐུ་ལ་ཞུགས་དེར་གསོལ་བ་འདེབས། །སྙེ་མ་རྩོམ་ཚེ་ཐོག་མཐའ་བར་གསུམ་དུ། །བདེ་དགྱེས་དུས་འཁོར་གསུམ་གྱིས་བཀྲ་ཤིས་སྩལ། །དེ་བཞིན་དོན་ལྡན་ལེགས་པར་བཤད་པའི་གཏེར། །བསྟན་བཅོས་མཐའ་ཡས་བརྩམས་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བ་རྣམས་ཀྱི་དགོངས་ཟབ་དོན། །ཕྱི་རབས་འགྲོ་ལ་ངག་ལོན་བཞག་པ་བཞིན། །ཕྱིན་ཆད་བསྟན་ལ་འབྱུང་བར་དཀར་བས་ན། །ལུང་བསྟན་དོན་ཡོད་མཛད་ལ་གསོལ་བ་འདེབས། །ནུབ་ཕྱོགས་ཡུལ་དུ་གཙུག་ལག་ཁང་བཞེངས་ཚེ། །ལྷུང་བཟེད་ནམ་མཁར་བཟེད་པ་བཟའ་བཏུང་གིས། །གང་ཞིང་མཐུན་རྐྱེན་གནོད་གནས་དབང་པོས་སྦྱར། །བཞེད་རྒུ་བསམ་པས་འགྲུབ་ལ་གསོལ་བ་འདེབས། །ཐེག་ཆེན་པ་རྣམས་གཙུག་གི་ནོར་བུ་སྟེ། །ཉན་ཐོས་པས་ཀྱང་འདུལ་འཛིན་ཆེ་ཞེས་བསྔགས། །རྒྱལ་བའི་བསྟན་ལ་དག་ཐེར་ཆེན་མོ་མཛད། །སྙན་གྲགས་ཕྱོགས་བཅུར་ཁྱབ་ལ་གསོལ་བ་འདེབས། །མཁྱེན་རབ་ཐུགས་རྗེ་དབང་ཕྱུག་ནུས་པའི་མཐུ། །ཕུན་སུམ་ཚོགས་པས་ཡོངས་རྫོགས་ཐུབ་པའི་བསྟན། །འཛིན་སྐྱོང་སྤེལ་ལ་འཛམ་གླིང་རྒྱན་རྣམས་དང༌། །རྣམ་ཐར་མཚུངས་པར་གྱུར་ལ་གསོལ་བ་འདེབས། །དུས་སྐབས་དེ་ཡི་རྒྱ་བོད་མཁས་གྲུབ་ཚོགས། །སློབ་མར་གྱུར་སོགས་མཛད་པ་མཐར་ཕྱིན་ནས། །ཞི་བའི་གནས་གཤེགས་བར་དོར་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། གསོལ་བཏབ་དགེ་བས་ཁྱོད་འདྲའི་བཤེས་གཉེན་གྱིས། །སྐྱེ་ཀུན་རྗེས་བཟུང་སྤངས་རྟོགས་ནོར་བུའི་མཛོད། །རང་དབང་སྤྱོད་ནས་ཐུབ་བསྟན་རིན་པོ་ཆེ། །དར་རྒྱས་ཡུན་རིང་གནས་པའི་བྱེད་པོར་ཤོག།  །།

 

ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་ལ་གསོལ་བ་འདེབས་པ་རིན་ཆེན་སྒྲ་དབྱངས་ཞེས་བྱ་བ།[4] ཚོགས་གསུམ་རིན་ཆེན་རྡུལ་མང་བརྩེགས་པ་ལས། །ཡོན་ཏན་ལྷུན་པོ་གླིང་བཞིའི་དབུས་ན་མཐོ། །གྲུབ་པ་ལྷ་མཆོག་བྱེ་བས་བསྟེན་གྱུར་པ། །སྒྲ་གཅན་འཛིན་སྦས་ཞབས་ལ་གསོལ་བ་འདེབས། །འཕགས་པའི་ལྷོ་ཕྱོགས་ཨེ་ལ་བྷི་ཤའི་ཡུལ། །རྡོ་རྗེ་མཁའ་འགྲོའི་ས་གཞི་ཁྱད་པར་ཅན། །གྲོང་ཁྱེར་བྷི་ར་ཛི་རུ་རྒྱལ་རིགས་ནི། །སཱ་ལ་ལྟ་བུར་འཁྲུངས་ལ་གསོལ་བ་འདེབས། །དེ་ཚེ་འོད་དང་སྒྲ་སྙན་དྲི་བཟང་བཅས། །སྤྲུལ་པའི་ལྷ་བཞིས་ཡེ་ཤེས་སྣང་བ་བསྟན། །ངོ་མཚར་དགེ་བའི་མཚན་མ་ལས་བརྩམས་ཏེ། །དེ་བ་ས་ཏྭར་གྲགས་ལ་གསོལ་བ་འདེབས། །དགུང་ལོ་ཉི་ཤུའི་བར་དུ་དམ་ཆོས་སྦྱངས། །ཉེར་གཅིག་དུས་སུ་རྡོ་རྗེ་ཚེར་མ་ཡི། །ཟུག་རྔུས་གདུང་ཚེ་རྣལ་འབྱོར་དབང་ཕྱུག་དང༌། །ལྷ་བཞིས་བྱིན་བརླབས་སྔོན་གྱི་ལས་ངན་རྣམས། །བསྙུན་གྱིས་ཟད་ནས་ཚེ་འདིར་མཁའ་སྤྱོད་དུ། །འགྲོ་བའི་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །རང་བྱུང་སྒྲོལ་མའི་སྤྱན་སྔར་ཞག་ལྔའི་བར། །སྨྱུང་བར་གནས་ཚེ་ཕ་མས་ལྕགས་སུ་གཅུག །རྡོ་རྗེ་རྣལ་འབྱོར་མ་ཡིས་ལེགས་བཀྲོལ་ནས། །ལུང་བསྟན་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །རྣམ་གནོན་ཚུལ་གྱིས་བསྔགས་པའི་གཙུག་ལག་ཏུ། །ཡོངས་རྫོགས་ཐུབ་པའི་བསླབ་གཞི་ལེགས་པར་བླངས། །པཎྜི་ཏ་དང་གྲུབ་ཐོབ་དུ་མ་ལས། །མདོ་རྒྱུད་རྫོགས་པར་གསན་ལ་གསོལ་བ་འདེབས། །ཟབ་མོ་སྔགས་ཀྱི་དོན་ལ་མཉམ་གཞག་ཚེ། །བླ་མས་ཨ་བ་དྷཱུ་ཏིའི་སྤྱོད་པ་ལ། །གནས་པར་བསྐུལ་ཡང་མཁས་པའི་བསྙེམས་པ་ཡིས། །རེ་ཞིག་བཤོལ་བས་ཕྱིས་སུ་རྩེ་གཅིག་ཏུ། །བསྒྲུབས་ཀྱང་མ་གྲུབ་གུཎ་ཨཱ་ཀ་རའི། །བཀའ་བཞིན་ལྗགས་དང་ཡན་ལག་སྤུ་གྲི་ཡིས། །བཅད་པའི་མོད་ལ་ལྷ་བཞིས་ཞལ་གཟིགས་ཤིང༌། །སྐུ་ལུས་སོར་ཆུད་གྱུར་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་རྡོ་རྗེ་རྣལ་འབྱོར་མ། །རྗེ་བཙུན་སྒྲོལ་མ་མྱུར་མཛད་ཡེ་ཤེས་མགོན། །ནམ་བཞེད་དུས་ན་དངོས་སུ་ཆོས་གསུང་ཞིང༌། །བྱིན་རླབས་དངོས་གྲུབ་སྩལ་ལ་གསོལ་བ་འདེབས། །ཛྙཱ་ན་སཱ་ག་ར་ཡི་བཀའ་བཞིན་དུ། །ཞག་བདུན་ཆུར་བྱིང་སྲིན་བུ་པད་པ་ཡིས། །སྐུ་ཡི་ཁྲག་འཇིབ་གྲོང་ལ་ཉེ་བ་ཡིས། །ལས་སྒྲིབ་རྩད་ནས་ཟད་ལ་གསོལ་བ་འདེབས། །གྲུབ་ཐོབ་རྣལ་འབྱོར་རྣམས་ཀྱི་བཀས་བསྐུལ་ཏེ། །རྫུ་འཕྲུལ་མཐུ་ཡིས་གངས་ཅན་ལྗོངས་སུ་ཕེབས། །མཁས་གྲུབ་ཁྱུང་པོའི་སྤྱན་སྔར་ཡ་མཚན་པའི། །ཆོ་འཕྲུལ་ཐོག་དྲངས་བྱིན་རླབས་ལྷ་བཞི་སོགས། །ཟབ་མོའི་གདམས་ངག་བཀའ་དང་ལག་ལེན་བཅས། །དུ་མ་སྩལ་ཞིང་སྤྲུལ་པའི་དཀྱིལ་འཁོར་དུ། །སྐལ་ལྡན་འགའ་ཞིག་བཅུག་ནས་འཕགས་ཡུལ་དུ། །ཡུད་ཀྱིས་གཤགས་པར་མཛད་ལ་གསོལ་བ་འདེབས། །ལྷོ་ཕྱོགས་རབ་བརྟན་རྡོ་རྗེའི་ས་གཞི་རུ། །གཡེངས་སྤངས་སྒྲུབ་པའི་ས་སྡེ་བཙུགས་པ་ཡིས། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང༌། །འཆི་མེད་རིག་འཛིན་བརྙེས་ལ་གསོལ་བ་འདེབས། །རི་བོ་ནག་པོ་ཞེས་གྲགས་ཤཱིང་གི་རིའི། །ཁོང་གསེང་ཉིད་དུ་འཇའ་ལུས་རྡོ་རྗེར་བཞུགས། །སྦྱངས་པའི་མཐར་སོན་ངོ་མཚར་རྨད་བྱུང་བ། །གྲུབ་པའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །བདག་ཀྱང་སྒྲིབ་གཉིས་དྲི་མ་ཀུན་ཟད་ནས། །ཡེ་ཤེས་ཉི་མ་ཁོང་ནས་ཤར་བ་ཡིས། །གློ་བུར་མ་རིག་འཁྲུལ་བའི་མུན་ཁང་བཅོམ། །རྡོ་རྗེའི་རིག་འཛིན་ཚེ་འདིར་འགྲུབ་གྱུར་ཅིག།  །།

 

[1] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༥ན༢

[2] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༥བ༥

[3] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༦བ༢

[4] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༧ན༦

བརྒྱུད་སྐུལ།

མཆན་སྤེལ།