ལྷ་གདོང་བཅོ་ལྔ་ངོ་སྤྲོད་མདོར་བསྡུས།

ལྷ་གདོང་བཅོ་ལྔ་ངོ་སྤྲོད་མདོར་བསྡུས།
ལྷ་གདོང་བཅོ་ལྔ་ངོ་སྤྲོད་མདོར་བསྡུས།
ལ་སྟོད་ནོར་བུ།
ལྷ་གདོང་བཅོ་ལྔ་ཡང་ན་ལྷ་གདོང་མྱང་མཆོད་ཅེས་པ་ནི་ལ་སྟོད་ལྷོ་དིང་རི་ཁུལ་དུ་གཏོང་སྲོལ་ཆེ་བའི་དུས་ ཆེན་བཟང་པོ་ཞིག་དང་མི་ཚོགས་མང་པོ་འདུ་བའི་དུས་ཤིག་ཀྱང་ཡིན། དེ་ཡང་དུས་ཆེན་དེ་ཡི་བྱུང་རིམ་ནི་ འབྲུག་པ་བཀའ་རྒྱུད་པའི་བླ་མ་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོ་དང་འབྲེལ་བ་ཆགས་ཡོད་པ་ཞིག་ རེད། དེང་གི་དབང་དུ་བྱས་ན་དིང་རི་རྫོང་གད་དམར་ཤང་ནུབ་ལུང་གྲོང་སྡེའི་ཉེ་འདབས་ཀྱི་རེ་བོ་ལྷ་རི་མ་ཞེས་པའི་སྟེང་དུ་བརྗིད་ཅིང་ཆགས་ཞིང་། ལ་སྟོད་ལྷོའི་ཤྭ་རི་དཔལ་གྱི་ལྷ་གདོང་དགོན་པར་སྐུ་ཡི་གདུང་རུས་ སྟོད་བྱ་བ། དུས་རབས་བཅུ་གསུམ་པའི་དཀྱིལ་གྱི་བོད་རབ་བྱུང་བཞི་པའི་ཆུ་བྱ་(སྤྱི་ལོ་1213 1285)ལོར་ཡབ་ལྷ་གདོང་པ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆོས་མཐོང་གཉིས་ཀྱི་སྲས་སུ་སྐུ་བསྟམས་པའི་འབྲུག་པ་བཀའ་རྒྱུད་པའི་བླ་མ་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོའི་འདས་མཆོད་ཡིན། དེ་བཞིན་ལྷན་སྐུ་ཡི་རྩ་བའི་བླ་མ་༧དཔལ་རྒྱལ་བ་རྒོད་ཚང་པའི་འདས་མཆོད་ཀྱང་མཉམ་དུ་འཁེལ་གྱི་ཡོད།

སྒོས་སུ་ ༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོ་ཞལ་བཞུགས་དུས་ལྷ་གདོང་བ་རྣམས་ལ་ཞལ་ཆེམས་སུ།”ཁྱེད་ལྷ་ ༧དཔལ་ གདོང་བ་འཁོར་བཅས་རྣམས་བསོད་ནམས་བསགས་པའི་དུས། བཅུ་དགུ་དང་ཚེས་བརྒྱད་ལ་འབུངས་ ཤིག”ཅེས་ཞལ་ཆེམས་བཞགས་པ་དེ་བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་འཁེལ་གྱི་ཡོད། དེ་བས་ན་བོད་ཟླ་དྲུག་ པའི་ཚེས་བཅོ་ལྔ་ནི་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོ་དང་སྐུ་ཡི་རྩ་བའི་བླ་མ་༧དཔལ་རྒྱལ་བ་རྒོད་ཚང་པ་གཉིས་ཀྱི་འདས་མཆོད་ཡང་ན་མྱང་མཆོད་གཉིས་དུས་གཅིག་ལ་མཉམ་དུ་འཁེལ་བ་དང་། ལྷག་པར་དུ་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོས་ལྷ་གདོང་པ་རྣམས་ལ་བཞགས་པའི་ཞལ་ཆེམས་གསུམ་དུས་གཅིག་ལ་འཁེལ་བའི་སྐལ་བཟང་ཞིག་རེད།
ལར་ནས་དུས་ཆེན་དེར་གད་དམར་ཤང་གི་ཁོངས་སུ་གཏོགས་པའི་ཡུལ་མི་ཆ་ཚང་ལྟ་བུ་དང་དེ་བཞིན་གཡས་གཡོན་དུ་གནས་པའི་དིང་རི་སྒར་དཀར་སོགས་ཡུལ་ལུང་གཞན་གྱི་ཡུལ་མི་ཡང་མཉམ་འཛོམས་བྱེད་ཀྱི་ཡོད། དུས་ཆེན་དེ་ནི་ལ་སྟོད་གད་དམར་ཁུལ་དུ་ཆེས་གྲགས་ཆེ་བའི་དུས་ཆེན་ཞིག་རེད། དུས་ཆེན་དེ་ཡི་སྐབས་སུ་ནང་མི་རྣམས་ངེས་པར་དུ་མཉམ་འཛོམས་ཡོང་བར་བྱེད་སྲོལ་ཡོད། དུས་བཟང་དེ་ལ་ཡུལ་མི་ཚོས་དུས་ཡུན་རིང་པོ་ཞིག་ནས་ལུས་ལ་རྒྱ་ཆ་འདོགས་རྒྱུ་དང་ཁ་ཟས་སྣ་ཚོགས་པ་བཤམས་རྒྱུའི་གྲ་སྒྲིག་ཨང་སར་བྱེད་ཀྱི་ཡོད། དུས་བཟང་དེ་ལ་ཡུལ་མི་རྒན་གཞོན་མེད་པར་ལུས་ལ་རྒྱ་ཆ་མཆོར་པོ་འདོགས་པ་དང་། ཡུལ་མི་ཆེ་འབྲིང་ཆུང་གསུམ་ཀུན་དགའ་ཞིང་སྤྲོ་བོའི་ཐོག་ནས་ཚང་འཛོམས་བྱེད་ཀྱི་ཡོད།
དང་པོ། ཡུལ་མི་ཀུན་ཞོགས་པའི་ཆུ་ཚོད་བདུན་པ་གཡས་གཡོན་དུ་ལུས་ལ་གཟབ་མཆོར་ལེགས་པར་སྤྲད་ནས་༧དཔལ་རྒྱལ་བ་ཡང་དགོན་པའི་བཞུགས་གནས་ལྷ་གདོང་དཔལ་གྱི་དགོན་པར་ཚང་འཛོམས་བྱེད་ཀྱི་ཡོད། དེ་ནས་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་བཅུ་གཉིས་བར་དུ་རྒན་དར་གཞོན་གསུམ་ཀུན་གྱིས་ལག་ཏུ་བྱིན་ཅན་ཕྲེང་བ་རེ་དང་། དེ་བཞིན་ཁྱིམ་ཚང་གི་ཆ་རྐྱེན་ལ་ལྟོས་ནས་་མཆོད་རྫས་སྣ་ཚོགས་པ་ཞིག་འཁྱེར་བའི་ཐོག་ཁ་ནས་མ་ནི་ཡིག་དྲུག་གི་དབྱངས་རྟ་འུར་འུར་འདོན་ཞིང་དགོན་པར་སྐོར་བ་བྱེད་ཀྱི་ཡོད། དེ་བཞིན་ཡུལ་མི་ཚོ་འཚང་ཁ་ཤིག་ཤིག་གིས་༧དཔལ་རྒྱལ་བ་ཡང་དགོན་མའི་སྐུ་བརྙན་བྱིན་ཅན་ལ་ཞལ་མཇལ་ཞུས་པ་དང་ལྷན་རང་གིས་ལག་ཏུ་འཁྱེར་བའི་མཆོད་རྫས་རྣམས་ཕུལ་གྱི་ཡོད།
གཉིས་པ། ཆུ་ཚོད་བཅུ་གཉིས་གཡས་གཡོན་དུ་མཆོད་མཇལ་ཧ་ལམ་ཞུས་ཚར་བས་ཉིན་གུང་གི་ཁ་ལག་རོལ་འགོ་བཙུགས་ཀྱི་ཡོད། གུང་ཟས་ནི་སྣ་ཚོགས་པ་སྟེ། ཡུལ་མི་མང་ཆེ་བས་གུང་ཟས་སྣ་ཚོགས་བཟོས་ནས་འཁྱེར་ཡོང་གི་ཡོད། ཁྱིམ་ཚང་རེ་གཉིས་ཀྱིས་དུས་ཆེན་མ་ཡོང་གོང་ལ་ཉི་མ་གཅིག་གི་སྔ་རོལ་ནས་དགོན་པའི་གཡས་གཡོན་དུ་གུར་བརྒྱབས་ཀྱི་ཡོད་པས་ཁ་ལག་ཀྱང་འདིར་བཟོ་གི་ཡོད། སྤྱིར་དགོན་པ་དང་ཐག་ཉེ་བའི་ཡུལ་མི་ཚོས་དུས་ཆེན་མ་སླེབས་སྔོན་གི་ཉིན་མ་གཅིག་ལ་དགོན་པའི་གཡས་གཡོན་དུ་ཁྱིམ་ཚང་གཉིས་གསུམ་ལྷན་དུ་གུར་བརྒྱབས་ཀྱི་ཡོད། དེ་བཞིན་དུས་ཆེན་དེ་ཡི་སྐབས་སུ་དག་དམར་ཤང་གི་མངའ་འོག་ཏུ་ཡོད་པའི་ཚོང་པ་ཚོ་ཨ་ཅང་ཅང་། ད་དུང་ས་ཕྱོགས་གཞན་གྱི་ཚོང་པ་ཡང་དུ་མ་ཞིག་ཚང་འཛོམས་བྱེད་ཀྱི་ཡོད། ཚོང་པ་ཚོས་རང་གི་ཚོང་རྫས་རྣམས་སར་བཤམས་ཤིང་ཡུལ་མི་ཚོའི་ཡིད་དབང་བཀུག་ཆེད་ལ་སྟོད་ཁུལ་གྱི་གཞས་པ་གཞས་མ་གྲགས་ཆེན་ཚོས་བཏང་བའི་དམངས་གཞས་དག གུར་གྱི་གཡས་གཡོན་དུ་སྒྲ་ སྒམ་ཆེ་པོ་རེ་བཏགས་ནས་སྐད་ཤུགས་པོས་བཏང་གི་ཡོད། གང་ལྟར་ཆུ་ཚོད་བཅུ་གཉིས་ཙམ་ནས་གུང་ཟས་ རོལ་བ་དང་། གུང་ཟས་རོལ་ཚར་རྗེས་ཡུལ་མི་ཚོ་ཧ་ལམ་ཆུ་ཚོད་བཞི་པ་བར་དུ་ཚོང་རྫས་ཉོ་ཚོང་བྱེད་ཀྱི་ཡོད།
གསུམ་པ། ཆུ་ཚོད་བཞི་པ་ཙམ་ནས་དྲུག་པ་བར་དུ་ལོ་ན་རྒན་གཞོན་ལ་མ་ལྟོས་པར་ཡུལ་མི་ཀུན་དགོན་པར་སྐོར་ར་བྱེད་པ་དང་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོ་ཞལ་མཇལ་ཞུ་གི་ཡོད། སྐོར་ར་དང་ཞལ་མཇལ་གྲུབ་རྗེས་ཡུལ་མི་རྒན་གཞོན་དབྱེ་བ་མེད་པར་རྐང་བྲོ་གླུ་གཞས་རོལ་རྒྱུར་འགོ་བཙུགས་ཀྱི་ཡོད། དེ་ཡང་སྔར་གྱི་གཏམ་དཔེ་ལྟར། ལུང་པ་རེ་ལ་སྐད་ལུགས་རེ།། བླ་མ་རེ་ལ་ཆོས་ལུགས་རེ།། ཞེས་པ་ལྟར་ལ་ སྟོད་ཁུལ་སོ་སོར་གཞས་ཀྱི་གདངས་བཀུག་སྟངས་དང་ཞབས་བྲོ་འཁྲབ་སྐབས་ཀྱི་རྐང་པའི་འདེགས་འཇོགས། ལག་པའི་སྟངས་བསྟབས་བར་ལ་ཕྲན་པུ་མི་འདྲ་བས་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་གཞས་དང་ཞབས་ བྲོ་འཁྲབ་ཀྱི་ཡོད། སྐབས་དེ་དུས་ཆེས་སྤྲོ་སྣང་ལྡན་པ་ནི་ཡུལ་ཕྱོགས་མི་འདྲ་བ་གཉིས་ཀྱི་བར་དུ་འཚང་ཁ་ཤིག་ཤིག་གིས་ཞབས་བྲོ་འགྲན་བསྡུར་བྱེད་སྲོལ་ཡོད། གཡས་གཡོན་གྱི་ཡུལ་མི་ཚོའི་ཞལ་ངོར་འཛུམ་གདང་གིས་ཁེངས་ཤིང་། ངར་ཤུགས་ཆེན་པོས་དོ་རའི་ཕྱི་ལོགས་ནས་སྐད་སངས་མཐོ་པོས་གཞས་བཏང་གི་ཡོད། དེ་ནས་ ནས་ཕྱི་དྲོའི་ཆུ་ཚོད་དྲུག་པ་གཡས་གཡོན་ནས་རང་གནས་སུ་སྐད་སངས་མཐོ་པོས་གཞས་སྐད་ལྷང་ལྷང་དང་འུར་ཐིང་ངེར་ལོག་འགྲོ་གི་ཡོད། རང་ཁྱིམ་དྲོད་མོར་སླེབས་ནས་དགོང་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ནས་མཚན་ གྱི་ཆུ་ཚོད་བཅུ་གཉིས་བར་དུ་རང་རང་སོ་སོའི་ཕ་ཡུལ་དུ་རྒན་གཞོན་དབྱེར་མེད་ཀྱིས་གཞས་ཞབས་བྲོ་འཁྲབ་སྲོལ་ཡོད།
མཇུག་གཏམ།
མདོར་བསྡུས་ན་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནི་༧དཔལ་རྒྱལ་བ་ཡང་དགོན་པ་ཆེན་པོ་དང་སྐུ་ཉིད་ཀྱི་ རྩ་བའི་བླ་མ་༧དཔལ་རྒོད་ཚང་པ་གཉིས་ཀྱི་འདས་མཆོད་ཡང་ན་མྱང་མཆོད་ཡིན། དེ་བཞིན་ཡུལ་མི་རྣམས་ ཀྱི་རྣམ་དཀར་དགེ་བའི་བྱ་བར་བཞུགས་པའི་དུས་བཟང་ཞིག་ཏེ་མར་དབུལ་པོར་སྦྱིན་པ་གཏོང་བ་དང་ཡར་ སྐྱབས་གནས་དཀོན་ཅོག་གསུམ་ལ་མཆོད་པ་ཆད་མེད་འབུལ་བའི་ལུགས་སྲོལ་བཟང་པོ་ཞིག་ཡིན་ནོ།། །།
སྤྱི་ལོ། ༢༠༡༧/ བོད་ཟླ། ༦/ བོད་ཚེས། ༡༥ ཉིན།

བརྒྱུད་སྐུལ།

མཆན་སྤེལ།