༸རྒྱལ་བ་དགེ་འདུན་གྲུབ་པའི་འདུལ་བའི་གླེགས་འབུམ་ཆེན་མོ།

༸རྒྱལ་བ་དགེ་འདུན་གྲུབ་པའི་འདུལ་བའི་གླེགས་འབུམ་ཆེན་མོ།

༄༅། །ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ། ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ། །

 

 

མཛད་པ་པོ། ༸རྒྱལ་བ་སྐུ་ཕྲེང་དང་པོ། རྗེ་དགེ་འདུན་གྲུབ་པ་མཆོག

 

དཀར་ཆག

ཀ༽ མཆོད་བརྗོད། 1

དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས།

ཀ༽ བསྙེན་པར་རྫོགས་པའི་དབྱེ་བ་བཤད་པ། 4
༡༽ ལྔ་སྡེ་ངེས་པ་ལ་འཇུག་པས་བསྙེན་པར་རྫོགས་པ། 6
༢༽ འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་ཚུལ། 20
༣༽ དྲི་བས་མཉེས་པས་བསྙེན་པར་རྫོགས་པ། 49
༤༽ ཚུར་ཤོག་གིས་བསྙེན་པར་རྫོགས་པ། 49

༥༽ སྐྱབས་འགྲོ་ལན་གསུམ་བྱས་པས་བསྙེན་པར་རྫོགས་པ། 81
༦༽ ལྕི་བའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ། 82
༧༽ འཕྲིན་གྱིས་བསྙེན་པར་རྫོགས་པ། 85
ཁ༽ སྔོན་གྱི་ཆོ་ག་བཤད་པ། 91
ག༽ ད་ལྟར་གྱི་ཆོ་ག་བྱེ་བྲག་ཏུ་བཤད་པ། 91
༡༽ ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ། 128
༢༽ ད་ཆོག་ཞུ་བ་ཕལ་ཆེར་སྐབས། 196

གཉིས་པ། སྡོམ་པ་ཐོབ་པ་མི་ཉམས་པར་སྲུང་བའི་ཐབས།

ཀ༽ གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། 197
ཁ༽ རང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བ། 197
ག༽ མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། 197
༡༽ ཕམ་པའི་སྡེ་བཞི་ལས།
1) མི་ཚངས་སྤྱོད་ཀྱི་ཕམ་པ། 198
2) མ་བྱིན་པར་ལེན་པའི་ཕམ་པ། 244
3) སྲོག་གཅོད་པའི་ཕམ་པ་ལ་བཞི། 285
4) བརྫུན་དུ་སྨྲ་བའི་ཕམ་པ། 319
༢༽ ལྷག་མའི་སྡེ་ལས།
1) ལྷག་མ་བཅུ་གསུམ། 341
2) མ་ངེས་པ་གཉིས། 394
༣༽ ལྟུང་བྱེད་ཀྱི་སྡེར་སྤང་ལྟུང་ལ་བཅུ་ཚན་གསུམ་ལས།
བཅུ་ཚན་དང་པོ། 396
བཅུ་ཚན་གཉིས་པ། 445
བཅུ་ཚན་གསུམ་པ། 464
༤༽ ལྟུང་བྱེད་འབའ་ཞིག་པ་ལ་བཅུ་ཚན་དགུ་ལས།
བཅུ་ཚན་དང་པོ། 494
བཅུ་ཚན་གཉིས་པ། 527
བཅུ་ཚན་གསུམ་པ། 551
བཅུ་ཚན་བཞི་པ། 586
བཅུ་ཚན་ལྔ་པ། 621

༡༽ པར་བྱང་སྨོན་ཚིག 639

 

 

 

༄༅། །ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་
གླེང་གཞི་དང་རྟོགས་པ་བརྗོད་པ། ལུང་སྡེ་བཞི་
ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་
ཅེས་བྱ་བ་བཞུགས་
སོ། །

མཆོད་བརྗོད།

ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བའི་གླེང་གཞི་དང་རྟོགས་པ་བརྗོད་པ། ལུང་སྡེ་བཞི་ཀུན་ལས་བཏུས་པ་རིན་པོ་ཆེའི་མཛོད་ཅེས་བྱ་བ། ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །གཅིག་ཏུ་དཀར་བའི་ལྷག་བསམ་ལན་གཅིག་མིན་པར་གོམས་མཛད་འགྲོ་ཀུན་བུ་གཅིག་ལྟར་དགོངས་ཐུགས་རྗེ་ཅན། །གཅིག་དང་དུ་མའི་ཆོས་ཀུན་གཅིག་དང་དུ་མ་དང་བྲལ་ཆོས་དབྱིངས་ངང་དུ་རོ་གཅིག་ཉིད་དགོངས་ཏེ། །སྐད་ཅིག་གཅིག་ཀྱང་གཡེལ་བ་མེད་པར་རྩེ་གཅིག་ཉིད་དུ་མཉམ་པར་བཞག་པས་སྲུང་བ་གཅིག་པུ་བ། །བདུད་དཔུང་གཅིག་ཏུ་མཐར་མཛད་ཉག་གཅིག་དཔའ་བ་མཚུངས་མེད་སྟོན་པ་གཅིག་པུ་དེ་ལ་འདུད། །བདེན་གཉིས་ནམ་མཁའི་ངོས་ལ་ཐབས་ཤེས་གཤོག་གཉིས་རབ་ཡངས་ཆེར་བསྐྱོད་མཐའ་གཉིས་གཡང་སས་མི་འཇིགས་ཤིང༌། །ལུང་དང་རིགས་པའི་མིག་གཉིས་དྲི་མེད་འབར་བས་ཐུབ་པ་གཉིས་སྐྱེས་གཉིས་སྐྱེས་(༢ན)གཞན་དག་ཟིལ་གྱིས་མནན། །སྒྲིབ་གཉིས་ལྟོ་འགྲོའི་སྲོག་ནི་ངེས་པར་བཅོམ་ནས་སྲིད་ཞི་གཉིས་ཀྱི་རྒྱ་མཚོའི་ཕ་རོལ་འཕུར་ལྡིང་རོལ། །རྐང་གཉིས་གཙོ་བོ་གཉིས་སྐྱེས་དབང་པོ་ལག་གཉིས་སྤྱི་བོར་ཐལ་སྦྱར་མགོ་འཛིན་དམའ་བས་ཕྱག་འཚལ་ལོ། །དུག་གསུམ་མེ་དཔུང་རབ་བསིལ་བསླབ་གསུམ་གངས་རིའི་སྤོ་ལ་སྡེ་སྣོད་གསུམ་གྱི་རལ་ཁུར་ཅི་ཡང་འཛིན། །གནས་གསུམ་ཤེས་བྱའི་ལམ་ནས་རིག་པ་གསུམ་གྱི་གད་རྒྱངས་རྒྱ་ཆེར་རབ་བསྒྲགས་སྐབས་གསུམ་དབང་པོ་དང༌། །མིག་གསུམ་པ་དང་གོམས་གསུམ་གནོན་སོགས་དྲེགས་པའི་ང་རོ་ཅན་གང་ས་གསུམ་ལྷན་ཅིག་འདར་བྱེད་པ། །སྲིད་གསུམ་བླ་མའི་བླ་མ་ཤཱཀྱ་སེངྒེར་སྒོ་གསུམ་གུས་པས་དུས་གསུམ་ཀུན་ཏུ་ཕྱག་བགྱིའོ། །གྲུབ་མཐའ་རྣམ་བཞིའི་གྲུ་ཆེན་རྫུ་འཕྲུལ་རྐང་པཞིའི་དར་གྱིས་རབ་མཛེས་ཡང་དག་སྤོང་བཞིའི་རླུང་གིས་བསྐྱོད། །ཆུ་བཞི་ལས་བརྒལ་རིན་ཆེན་གླིང་མཆོག་གང་དེར་བསམ་གཏན་བཞི་ཡི་རིན་ཆེན་རྩིག་པ་རྣམ་བཀྲ་ཞིང༌། །རྣམ་ཐར་སྒོ་བཞི་དང་ལྡན་སོ་སོར་རིག་བཞིའི་རིན་ཆེན་དྲ་མིག་བདེན་བཞི་རྟོགས་པའི་གྲོང་ཁྱེར་སྤྲུལ། །སླར་ཡང་ཚད་མེད་རྣམ་བཞིའི་ལམ་ནས་བསྡུ་བཞིའི་ནོར་ལྡན་རིགས་བཞིའི་དོན་མཐུན་སྐུ་བཞིར་འཁྲིད་ལ་འདུད། །དུག་ལྔའི་ས་བོན་ལས་བསྐྲུན་ཕུང་པོ་ལྔ་ཡི་ནགས་ཚལ་འཐུག་པོར་སྙིགས་མ་ལྔ་ཡི་གཅན་གཟན་དང༌། །སྒྲིབ་པ་ལྔ་ཡི་དུག་འཛིན་དང་བཅས་ཉམ་ཐག་འཁོར་བའི་འགྲོ་ལྔ་ཐར་ལམ་ལྔ་ལ་རིམ་གྱིས་འཁྲིད། །དབང་པོ་ལྔ་དང་སྟོབས་ལྔའི་སྟོབས་བྱིན་མངོན་ཤེས་ལྔ་དང་སྤྱན་ལྔ་ལ་སོགས་དགེ་ལེགས་ཀུན་སྩོལ་བ། །གནས་ལྔ་(༢བ)མཐར་སོན་ཡེ་ཤེས་ལྔ་ལྡན་ཀུན་མཁྱེན་དེ་ལ་ཡག་ལག་ལྔ་ཡིས་བཏུད་ནས་ཕྱག་འཚལ་ལོ། །ཕྲ་རྒྱས་དྲུག་གི་ཡལ་ག་རབ་འཛིངས་བདུད་དང་སྟོན་པ་དྲུག་སོགས་རྒོལ་བའི་ནགས་ཀུན་གྲུགས་མཛད་ཅིང༌། །ཕྱིན་དྲུག་མཆེ་བ་རབ་དཀར་མངོན་ཤེས་དྲུག་གི་དྲ་བས་རབ་མཛེས་ཤེས་བྱའི་ནགས་ལ་ཐོགས་མེད་རྒྱུ། །རྗེས་དྲན་དྲུག་གི་ལྕགས་ཀྱུས་དབང་པོ་དྲུག་ཐུལ་སྤྱོད་ཡུལ་དྲུག་ལ་མཉམ་པར་མ་བཞག་ཐུགས་མི་མངའ། །འགྲོ་དྲུག་སྒྲོལ་བའི་ཁུར་ཆེན་བསྣམས་ནས་ཕུལ་དུ་བྱུང་བའི་གོམ་སྟབས་མངའ་བ་ཐུབ་དབང་གླང་པོར་འདུད། །ཉིད་ཀྱི་བསོད་ནམས་ཀྱིས་ཐོབ་མཐོ་རིས་ཡོན་ཏན་བདུན་མཛེས་བཙུན་མོའི་འཁོར་སོགས་རིན་ཆེན་བདུན་ལ་དབང༌། །རིན་ཆེན་བདུན་གྱི་རྩིག་པ་རྣམ་བཀྲ་ཕོ་བྲང་ཁང་བརྩེགས་གང་དེའང་རབ་འབར་དམྱལ་བའི་གྲོང་ལྟར་གཟིགས། །སྲིད་པ་བདུན་གྱི་འཇིགས་སེལ་སླད་དུ་མནར་མེད་དུ་ཡང་པད་མཚོར་ངང་པ་ཇི་བཞིན་སྤྲོ་བས་ཞུགས། །འཕགས་ནོར་བདུན་དང་བྱང་ཆུབ་ཡན་ལག་བདུན་ལ་འགྲོ་ཀུན་སྦྱོར་མཛད་ཐུབ་དབང་སྙིང་རྗེའི་གཏེར་ལ་འདུད། །ཐོག་མར་ཚ་དམྱལ་བརྒྱད་སོགས་མི་ཁོམ་བརྒྱད་སྤངས་དལ་བརྒྱད་ཚང་བའི་རྟེན་ལ་འགྲོ་བ་ཀུན་བཀོད་ཅིང༌། །སླར་ཡང་སྡུག་བསྔལ་བརྒྱད་ཀྱི་སྡུག་བསྔལ་ཞི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་ཀྱི་དམ་ཆོས་ལེགས་གསུངས་ཏེ། །བརྒྱད་པ་ལ་སོགས་འཕགས་པའི་གང་ཟག་བརྒྱད་དང་རང་རྒྱལ་ལ་སྦྱར་གཞན་དག་ཐེག་པ་མཆོག་ལ་བཀོད། །རྣམ་ཐར་བརྒྱད་དང་ཟིལ་གནོན་བརྒྱད་སོགས་ཡོན་ཏན་ཀུན་གྱི་དབང་ཕྱུག་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །སྲིད་པའི་ཕུན་ཚོགས་ཆུ་ཤིང་ལྟར་དགོངས་ས་དགུའི་ལམ་གྱིས་དགུ་ཕྲག་དགུ་ཡི་ཉོན་མོངས་དྲུངས་ཕྱུང་ཞིང༌། །སྙོམས་འཇུག་དགུ་སོགས་ཏིང་འཛིན་ཀུན་ལ་འདོད་དགུར་དབང་བསྒྱུར་སྐྱེ་དགུས་མཆོད་འོས་ཉན་ཐོས་རང་རྒྱལ་དང༌། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་གཙོ་བོ་དབང་བཅུ་དག་དང་ཕ་རོལ་ཕྱིན་བཅུའི་མཐར་སོན་པ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་སྟོབས་བཅུ་མངའ་བ་ཕྱོགས་བཅུར་སྙན་གྲགས་ཁྱབ་པ་དེ་ལ་འདུད། །གཏིང་ཟབ་ཕ་རོལ་མི་མངོན་ཞིང༌། །དགག་སྒྲུབ་གནང་བའི་རླབས་ཕྲེང་འཁྲིགས། །འདུལ་བ་སྡེ་བཞིའི་རྒྱ་མཚོ་ལ། །བདག་འདྲས་བརྒལ་བར་ག་ལ་ནུས། །འོན་ཀྱང་མཁས་པའི་དེད་དཔོན་གྱི། །གསུང་གི་གྲུ་ཆེན་ལ་བརྟེན་ནས། །གླེང་གཞི་རྟོགས་པ་བརྗོད་པ་སོགས། །གང་ལ་གང་འོས་ཡིད་བཞིན་བླང༌། །བདག་ནི་གཡེང་མེད་གཅིག་པུར་གནས་ལ་དགའ། །སྙིགས་དུས་སྐྱེ་བོ་བསླབ་ལ་ཤིན་ཏུ་གཡེལ། །དེ་ཕྱིར་གཞན་ལ་ཕན་པར་དཀའ་ན་ཡང༌། །རང་གི་ཡིད་(༣ན)ལ་གོམས་ཕྱིར་ངས་འདི་བྱ། །

དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས།

དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ཀྱིས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ནན་ཏན་དུ་བྱ་དགོས་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ། དེ་ལ་བརྟེན་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །དེས་ན་འདིར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཚུལ་བཞིན་དུ་བླངས་ནས་རྣམ་པར་དག་པ་བྱེད་པ་ལ་གསུམ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་དང༌། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་དང༌། ཉམས་ན་ཕྱིར་འཆོས་པའི་ཐབས་སོ། །དང་པོ་ལ་གསུམ། བསྙེན་པར་རྫོགས་པའི་དབྱེ་བ་དང༌། སྔོན་གྱི་ཆོ་ག་དང༌། ད་ལྟར་གྱི་ཆོ་ག་བྱེ་བྲག་ཏུ་བཤད་པའོ། །

ཀ༽ བསྙེན་པར་རྫོགས་པའི་དབྱེ་བ་བཤད་པ།

དང་པོ་ནི། ལུང་མ་མོ་ལས། བསྙེན་པར་རྫོགས་པར་འོས་པ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང༌། རང་སངས་རྒྱས་སློབ་དཔོན་མེད་པས་བསྙེན་པར་རྫོགས་པ་དང༌། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང༌། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་དང༌། དགེ་སློང་ཚུར་ཤོག་ཅེས་གསུངས་པས་དང༌། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་དང༌། ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔའི་དགེ་འདུན་ལས་དང༌། ཡུལ་དབུས་སུ་བཅུ་འདུས་པའམ། དེ་བས་ལྷག་པ་ལས་དང༌། བླ་མའི་ཆོས་ཁས་བླངས་པས་དང༌། ཕོ་ཉས་དང༌། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ། །ཞེས་དང༌། མཛོད་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་འདུལ་བ་པ་རྣམས་ན་རེ། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་སོགས་པའི་སྒྲ་སྨོས་ཏེ། རང་བྱུང་གིས་ནི་སངས་རྒྱས་དང་རང་སངས་རྒྱས་རྣམས་སོ། །ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་གསུངས་པས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུངས་ཆེན་པོའོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ། །འདུལ་བ་འཛིན་པ་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །བཅུའི་ཚོགས་ཀྱིས་ནི་དབུས་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་ཏེ། དེ་དག་གིས་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ནོ། །ཞེས་བསྙེན་པར་རྫོགས་པ་བཅུ་གསུངས་སོ། །དེ་ལ་སངས་རྒྱས་རང་བྱུང་(༣བ)གིས་བསྙེན་པར་རྫོགས་ཚུལ་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་བཞུགས་ཏེ། ནམ་གྱི་ཐུན་དང་པོ་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པས་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་མཛད། ལྷའི་རྣ་བའི་མངོན་པར་ཤེས་པས་ལྷ་དང་མི་རྣམས་ཀྱི་སྒྲ་ཉེ་རིང་རྣམས་གསན། ནམ་གྱི་གུང་ཐུན་ལ་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པས་གང་ཟག་གཞན་གྱི་རྟོག་དཔྱོད་རྣམས་ཇི་ལྟ་བ་བཞིན་མཁྱེན། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་རང་དང་གཞན་གྱི་ཚེ་རབས་སྔ་མ་རྣམས་ཇི་ལྟ་བ་བཞིན་མཁྱེན། ནམ་གྱི་ཐུན་ཐ་མ་ལ་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་རྣམས་ཇི་ལྟ་བ་བཞིན་མཁྱེན། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པས་བདེན་བཞི་མངོན་སུམ་དུ་མཁྱེན་ནས་མངོན་པར་རྫོགས་པར་སངས་རྒྱས་པས་བསྙེན་པར་རྫོགས་པ་ཡིན་ནོ། །

༡༽ ལྔ་སྡེ་ངེས་པ་ལ་འཇུག་པས་བསྙེན་པར་རྫོགས་པ།

ངེས་པ་མཐོང་ལམ་དང༌། འཇུག་པ་བསྐྱེད་པ་ཡིན་ལ། དེས་བསྙེན་པར་རྫོགས་པ་སྟེ། དེ་ཡང༌། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས། རིམ་གྱིས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལས་ཅི་ཡང་མེད་པའི་སྐྱེ་མཆེད་དང༌། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་རྩེའི་སྐྱེ་མཆེད་མངོན་དུ་མཛད་ནས་གཅིག་པུར་གཤེགས་པ་ན། རྒྱལ་པོ་ཟས་གཙང་གིས་གཞོན་ནུ་རིམ་གྲོ་བ་མེད་པར་འཁྱམ་པ་ཐོས་ནས་རིམ་གྲོ་བྱེད་པ་སུམ་བརྒྱ་བཏང༌། ཤཱཀྱ་ལེགས་པར་རབ་སད་ཀྱིས་ཀྱང་དེ་བཞིན་དུ་ཐོས་ནས་རིམ་གྲོ་བྱེད་པ་ཉིས་བརྒྱ་བཏང༌། དེ་ནས་བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཀྱི་ནགས་གང་བར་སྤྱོད་པས་བདུད་རྩི་འཐོབ་མི་ནུས་པར་དགོངས་ནས་ཡུམ་གྱི་ཕྱོགས་ནས་གཉིས། ཡབ་ཀྱི་ཕྱོགས་ནས་གསུམ་ཁྲིད་དེ་རིམ་གྲོ་པ་ལྔས་བསྐོར་ནས། ཆུ་བོ་ནཻ་རཉྫ་ནའི་དྲུང་དུ་ལོ་དྲུག་དཀའ་བ་སྤྱད་ཀྱང་དེ་ཙམ་གྱིས་བྱང་ཆུབ་མ་ཐོབ་པས། ལུས་ཉམ་ཆུང་བས་བྱང་ཆུབ་བསྒྲུབ་སླ་བ་མིན་པར་དགོངས་ནས། ཞལ་ཟས་རགས་པ་གསོལ་ཞིང་སྐུ་ལ་ཏིལ་མར་དང་མར་གསར་གྱིས་བྱུགས་ནས་ཆུ་འཇམ་པོས་ཁྲུས་མཛད་དོ། །དེ་ནས་རིམ་གྲོ་པ་ལྔ་པོ་འདི་སྙམ་དུ། དགེ་སྦྱོང་གོའུ་ཏ་མ་ནི་སྡོམ་པ་ལྷོད་པ། བྱ་བ་མང་བ། མང་པོས་འཚོ་བ། སྤོང་བ་ཉམས་པ་ཡིན་པས་འདིས་ཅུང་ཟད་ཀྱང་བདུད་རྩི་འཐོབ་པར་མི་ནུས་སོ་སྙམ་ནས་བྱང་ཆུབ་སེམས་དཔའ་བོར་ཏེ། ཝཱ་ར་ཎཱ་སཱིར་ཕྱིན་ནས་སྔ་པོ་དེ་བློ་མཐུན་པར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་གནས་པས་ལྔ་སྡེ་ཞེས་གྲགས། དེ་ནས་བྱང་ཆུབ་སེམས་དཔས་ལུས་ཀྱི་མཐུ་སྟོབས་བསྐྱེད་ནས། སྡེ་ཅན་གྱི་གྲོང་ཁྱེར་དུ་ཁྱིམ་བདག་སྡེ་ཅན་གྱི་བུ་མོ་དགའ་མོ་དང་དགའ་སྟོབས་མ་ལ་བ་སྟོང་གི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པ་(༤ན)བཞེས་ནས། རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐོག་མར་སུ་ལ་ཆོས་བསྟན་སྙམ་དུ་དགོངས་པ་ན། ལྔ་སྡེ་ལ་ཐོག་མར་ཆོས་གསུང་བར་དགོངས་ནས་ཝཱ་ར་ཎཱ་སཱིར་བྱོན་པ་ན། ལྔ་སྡེས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཐོང་ངོ༌། །མཐོང་ནས་ཀྱང་ཕན་ཚུན་ཁྲིམས་སུ་བཅས་པ། དགེ་སྦྱོང་གོའུ་ཏ་མ་ནི་སྡོམ་པ་ལྷོད་པ། བྱ་བ་མང་བ། མང་པོས་འཚོ་བ། སྤོང་བ་ཉམས་པ་སོགས་ཡིན་པ་དེ་འོང་གིས། དེ་འོངས་པ་ན། དེ་ལ་སྨྲ་བ་དང༌། ཕྱག་དང༌། ལྡང་བ་དང༌། སྟན་བསྟབ་པར་མི་བྱའོ་ཞེས་བཅས་སོ། །དེ་ནས་བཅོམ་ལྡན་འདས་ཉེ་བར་བྱོན་པ་ན། བཅོམ་ལྡན་འདས་ཀྱི་གཟི་བརྗིད་དང་དཔལ་མ་བཟོད་པར་སྟན་ལས་ལངས་ཏེ། ཁ་ཅིག་གིས་གདན་བཤམས། ཁ་ཅིག་གིས་ཞབས་བཀྲུ་བའི་ཆུ་དང་ཞབས་རྟེན་མཐའ་གཅིག་ཏུ་འཇོག །ཁ་ཅིག་གིས་བསུ་སྟེ། གོའུ་ཏ་མ་ཚུར་སྤྱོན། བྱོན་པ་ལེགས་སོ། །གདན་བཤམས་པ་ཉིད་ལ་བཞུགས་ཤིག་ཅེས་ཟེར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས། བླུན་པོ་འདི་རྣམས་ཀྱིས་རང་གིས་ཁྲིམས་བཅས་པ་རང་གིས་བཤིག་གོ་སྙམ་དུ་དགོངས་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ལྔ་སྡེ་དེ་བཞིན་གཤེགས་པའི་མཚན་ནས་བརྗོད། གདུང་ནས་བརྗོད། ཚེ་དང་ལྡན་པ་ཞེས་བརྗོད་པ་ན། བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པའི་མཚན་ནས་བརྗོད་པ་དང༌། གདུང་ནས་བརྗོད་པ་དང༌། ཚེ་དང་ལྡན་པ་ཞེས་མ་རྗོད་ཅིག །དེ་བཞིན་གཤེགས་པའི་མཚན་ནས་བརྗོད་པ་སོགས་བྱས་ན་ཡུན་རིང་པོར་གནོད་པ་དང་སྡུག་བསྔལ་བར་འགྱུར་རོ། །གསོལ་བ། གོའུ་ཏ་མ། ཁྱོད་ཀྱིས་སྔོན་གྱི་སྤྱོད་ཚུལ་དང༌། དཀའ་བ་སྤྱད་པ་དེས་ཀྱང་མིའི་ཆོས་བླ་མ་མ་ཐོབ་ན། ད་ཁྱོད་མི་བརྟན་པ། བྱ་བ་མང་བ་སོགས་འདིས་ལྟ་ཅི་སྨོས། བཀའ་སྩལ་པ། ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཞལ་དང་དབང་པོ་རྣམས་སྔོན་ལས་མདངས་གསལ་བ་མཐོང་ངམ། དེ་དེ་བཞིན་ནོ། །བཀའ་སྩལ་པ། དགེ་སློང་དག །རབ་ཏུ་བྱུང་བས་འདོད་པ་བསོད་ཉམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་ལ་མི་བརྟེན་པར་དབུ་མའི་ལམ་འཕགས་ལམ་ཡན་ལག་བརྒྱད་ལ་བརྟེན་པར་བྱའོ་ཞེས་འདོམས་སོ། །ལྔ་སྡེ་ལས་གཉིས་ལ་སྔ་དྲོ་གདམས་ངག་འབོགས་པ་ན་གསུམ་གྱིས་གྲོང་ནས་བསོད་སྙོམས་བསྒྲུབས་ཏེ་དེས་དྲུག་ཀ་འཚོལ་བར་བྱེད། གསུམ་ལ་ཕྱི་དྲོ་འདོམས་པ་ན་གཉིས་ཀྱིས་གྲོང་ན་བསོད་སྙོམས་བསྒྲུབས་ཏེ་ལྔ་སྡེ་འཚོ་བར་བྱེད་ལ། དེ་བཞིན་གཤེགས་པ་ནི་སྔ་དྲོའི་དུས་ཁོ་ནར་གསོལ་ལོ། །དེ་ནས་ལྔ་སྡེ་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང༌། རིག་པ་དང༌། བློ་དང༌། རྟོགས་(༤བ)པ་སྐྱེས་སོ། །དགེ་སློང་དག །ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང༌། རིག་པ་དང༌། བློ་དང༌། རྟོགས་པ་སྐྱེས་སོ། །དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ་ཞེས་ཚུལ་བཞིན་སོགས། དགེ་སློང་དག་ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་སྤང་བར་བྱའོ་ཞེས་ཚུལ་སོགས། དགེ་སློང་དག །ང་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་མངོན་དུ་བྱའོ་ཞེས་དང༌། དེ་བཞིན་དུ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་དེ་ངས་མངོན་པར་ཤེས་པས་བསྒོམ་པར་བྱའོ་ཞེས་དང༌། དེ་བཞིན་དུ། སྡུག་བསྔལ་ཤེས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམས་སོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་ཞེས་སོགས་ཆོས་ཀྱི་རྣམ་གྲངས་དེ་བཀའ་སྩལ་པ་ན་ཀོའུ་དི་ནྱ་དང༌། ལྷ་བརྒྱད་ཁྲི་ལ་མཐོང་ལམ་སྐྱེས་སོ། །
དེ་ནས་བཀའ་སྩལ་པ། ཀོའུ་དི་ནྱ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས་ལན་གཉིས་དྲིས་ལ། དེས་ཀྱང་ཀུན་འཚལ་ལོ་ཞེས་ཞུས་པས་ཀུན་ཤེས་ཀོའུ་དི་ནྱ་ཞེས་གྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་སུ་ཡང་བདེན་པ་བཞི་གསུངས་པས་ལྔ་སྡེ་ལྷག་མ་རྣམས་ཀྱི་རྒྱུད་ལ་མཐོང་ལམ་སྐྱེས་ལ། ཀུན་ཤེས་ཀོའུ་དི་ནྱས་དགྲ་བཅོམ་པ་ཐོབ་བོ། །དེ་ནས། དགེ་སློང་དག །གཟུགས་ནི་བདག་མ་ཡིན་ཞེས་སོགས་གསུངས་པས་ལྔ་སྡེ་ལྷག་མ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཐོབ་བོ། །ཀོའུ་དི་ནྱས་དགྲ་བཅོམ་པ་ཐོབ་པ་ན་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པའི་ཚེ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་བཅོམ་ལྡན་འདས་ལ་ཞུས་པ། ཀོའུ་དི་ནྱས་ལས་ཅི་བགྱིས་ན་རྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན། བཀའ་སྩལ་པ། སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སངས་རྒྱས་འོད་སྲུངསས་ཞེས་བྱ་བ་བྱུང་སྟེ། དེ་གྲོང་ཁྱེར་ཝཱ་ར་ཎཱ་སཱིར་ཉེ་བར་བརྟེན་ནས་རི་བོ་རིལ་བའི་དབྱིབས་ལ་བཞུགས་སོ། །
དེ་ནས་སངས་རྒྱས་འོད་སྲུངསས་ཝཱ་ར་ཎཱ་སཱིར་བསོད་སྙོམས་ལ་འབྱོན་པ་དགེ་འདུན་པ་ལྔ་བརྒྱ་ཙམ་གྱིས་མཐོང་ནས་དད་པ་སྐྱེས་ཏེ། བདག་ཅག་འདི་ལས་རབ་ཏུ་འབྱུང་ངོ་ཞེས་གྲོས་བྱས་པ་ལས། ཁ་ཅིག་རྒྱ་མཚོར་ཞུགས། ཁ་ཅིག་ཡུལ་གཞན་དུ་སོང༌། ཁ་ཅིག་དུས་བྱས་ལ། སྐྱེ་བོ་(༥ན)བཅུ་དྲུག་ལུས་པ་དེས་རི་བོ་རིལ་བའི་དབྱིབས་སུ་སོང་སྟེ། སངས་རྒྱས་འོད་སྲུངསས་ལས་རབ་ཏུ་བྱུང་ནས། བསམ་གཏན་དང་ཀློག་པ་ལ་གནས་སོ། །དེ་ནས་སངས་རྒྱས་འོད་སྲུངསས་ཝཱ་ར་ཎཱ་སཱིར་མྱ་ངན་ལས་འདས་པ་ན་དེ་དག་ལ་ལྷ་རྣམས་ཀྱིས་སྨྲས་པ། སངས་རྒྱས་འོད་སྲུངས་མྱང་ངན་ལས་འདས་ནས་ཞག་བདུན་ལོན་ཏེ་དེའི་བསྟན་པའང་ནུབ་ན། ཁྱེད་ཅག་འབྲས་བུ་མེད་པའི་སྦུན་པ་འདྲུ་འདྲ་ཞིང་འདུག་པས་ཅི་རུང་ཞེས་ཟེར་བ་ཐོས་ནས། ལྔ་ནི་དེ་མ་ཐག་ཏུ་རི་བོ་རིལ་བའི་དབྱིབས་ལས་བབས་ནས་ཝཱ་ར་ཎཱ་སཱིར་སོང༌། དྲུག་གིས་དེ་ཉིད་དུ་བརྩོན་འགྲུས་བརྩམས་ནས་རང་བྱང་ཆུབ་མངོན་དུ་བྱས། ཕྱི་ནས་ལྔའང་བབས་ནས་ཝཱ་ར་ཎཱ་སཱིར་ཆས་པ་ན། ཚོང་པ་དག་འགྲོ་བ་ལས་གཅིག་གིས་གླང་ཉམ་ཆུང་བས་འགྲོ་མི་ནུས་བཞིན་དུ་ལྕག་གིས་གཞུས་ནས་སྣ་ལ་འགྲོ་བ་དང༌། དེ་ལ་དགེ་སློང་དེ་རྣམས་ཀྱིས། ཁྱོད་ཀྱི་གླང་ཉམ་ཆུང་བ་འདི་འགྲོ་མི་ནུས་ན། དལ་བུས་འགྲོར་ཆུག་ལ་ཕྱི་ནས་སོང་ཞིག །དེས་སྨྲས་པ། དེ་ལྟར་བྱས་ན་ཚོང་པ་འདི་དག་གིས་བདག་བོར་ནས་འགྲོ་བར་འགྱུར་རོ། །དེ་རྣམས་མ་དགའ་ནས་གཅིག་ལ་གཅིག་སྨྲས་པ། སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་ནས་བདག་ཅག་ལུས་ན། འདིས་ཀྱང་སྐུལ་མ་བཏབ་ཀྱིས། བདག་ཅག་གིས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་སྨྲས་ནས་ཚིགས་སུ་བཅད་པ། ཐུབ་པ་ཆེན་པོ་འོད་སྲུངས་ཀྱི། །གལ་ཏེ་ཆོས་ནི་ནུབ་གྱུར་ཀྱང༌། །ཡང་དག་སངས་རྒྱས་ཀྱིས་བཤད་པའི། །བརྩོན་འགྲུས་དོར་བར་མི་བྱའོ། །བདག་ཅག་གི་ནི་ཟག་པ་ཡང༌། །གལ་ཏེ་ཟད་པར་མ་གྱུར་ན། །ཤཱཀྱ་སེངྒེ་སྐྱོབ་པ་ཡི། །ཉན་ཐོས་མཆོག་ཏུ་འགྱུར་བར་བྱ། །དེ་རྣམས་སླར་ཡང་རི་བོ་རིལ་བའི་དབྱིབས་ལ་གནས་པ་ལས། བཞི་ཤི་ནས་གཅིག་ལུས་པ་དེ་མི་དགའ་ཞིང་ཡིད་བྱུང་བས་བརྗོད་པ། བདག་གིས་སངས་རྒྱས་འོད་སྲུངས་ལ་བསྙེན་བཀུར་ཞིང་དེའི་དགེ་སློང་ཉི་ཁྲིའང་མཐོང་ན། བདག་གཅིག་པུ་འཛམ་བུ་གླིང་ན་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་ལྟ་སྙམ་ནས་སྨོན་ལམ་བཏབ་པ། བདག་གིས་སངས་རྒྱས་འོད་སྲུངས་ལས་ཇི་སྲིད་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅུང་ཟད་ཀྱང་མ་ཐོབ་ཀྱི། དགེ་བའི་རྩ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོག་མར་དགྲ་བཅོམ་པ་མངོན་སུམ་དུ་བྱས་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདག་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་སྨོན་ལམ་འདེབས་པའི་དགེ་སློང་དེ་ནི་ཀུན་ཤེས་ཀོའུ་དི་ནྱ་འདི་ཉིད་ཡིན་ཏེ། སྨོན་ལམ་གྱི་དབང་གིས་ད་ལྟར་ངས་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀོའུ་དི་ནྱ་ལ་ཆོས་གསུངས་ནས། (༥བ)ཀོའུ་དི་ནྱ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ་ཞེས་ཡང་དང་ཡང་དྲིས་ཏེ། དེས་ཀྱང་ཀུན་འཚལ་ལོ་ཞེས་གསོལ་ལགས། བཀའ་སྩལ་པ། སྔོན་ཝཱ་ར་ཎཱ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཡན་ལག་གི་མཆོག་ཐམས་ཅད་དང་ལྡན་པ་ཞིག་བཙས་ནས་བཙས་སྟོན་རྒྱ་ཆེར་བྱས་ཏེ་མིང་འདོགས་པ་ན། ཀ་ཤི་མཛེས་དགའ་ཞེས་བཏགས་སོ། །དེ་མ་མ་བརྒྱད་ལ་གཏད་ནས་རྫིང་གི་པདྨ་བཞིན་དུ་མྱུར་དུ་བསྐྱེད་དོ། །
ཡང་དེའི་བཙུན་མོ་ལ་ཁྱེའུ་ཞིག་བཙས་ལ། དེའི་ཉིན་མོ་ཝཱ་ར་ཎཱ་སཱིར་འཐབ་མོ་ཆེན་པོ་བྱུང་བས་དེའི་མིང་འཐབ་མོ་སྐྱེས་ཞེས་བཏགས་སོ། །ཀ་ཤི་མཛེས་དགས་རྒྱལ་པོ་ཚངས་བྱིན་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་ནས། བདག་ཀྱང་ཡབ་འདས་ཏེ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱས་ནས་དམྱལ་བར་གཞོལ་ན་མི་རུང་གིས། རབ་ཏུ་འབྱུང་ངོ་སྙམ་ནས་ཡབ་ལ་ཞུས་པས། གང་གི་དོན་དུ་མཆོད་སྦྱིན་དང་སྦྱིན་སྲེག་དང་དཀའ་ཐུབ་བྱེད་པའི་རྒྱལ་སྲིད་ལག་ཏུ་འོངས་ན། ཅིའི་ཕྱིར་དེ་སྤངས་ནས་རབ་ཏུ་འབྱུང༌། དེས་སྨྲས་པ། ནགས་ན་ཤིང་ཤུན་རྩྭ་གྱོན་ཞིང༌། །རྩ་བ་འབྲས་བུ་འཆའ་བ་དང༌། །རི་དྭགས་གདུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིག་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་བཅིང་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ངའི་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་ཡིན་པས། ང་ཤི་ན་མི་འདོད་བཞིན་དུ་འབྲལ་གྱི། གསོན་བཞིན་དུ་ག་ལ་གཏང་། ཀ་ཤི་མཛེས་དགས་སྨྲས་པ། གནང་ན་ལེགས། མི་གནང་ན་འཚལ་མ་མི་འཚལ་ལོ་ཞེས་ཞག་གཅིག་ནས་དྲུག་གི་བར་དུ་ཟན་བཅད་དོ། །རྒྱལ་པོས་སྨྲས་པ། ཚངས་པར་སྤྱོད་པ་སྤྱད་དཀའ་འོ། །རབ་ཏུ་དབེན་པ་བྱ་དཀའ་འོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བ་བྱ་དཀའ་འོ། །གནས་མལ་དགོན་པ་དང༌། །བས་མཐར་གནས་པ་དཀའ་འོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཇི་སྲིད་འཚོའི་བར་དུ་རི་དྭགས་གདུག་པ་རྣམས་དང་ལྷན་ཅིག་གནས་དགོས་སོ། །ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་དགོས་སོ། །མིའི་འདོད་པ་དག་ལས་དབེན་པར་བྱ་དགོས་སོ། །མིའི་དགའ་བ་དང༌། རྩེད་མོ་དག་ལས་དབེན་པར་བྱ་དགོས་སོ། །ཚུར་ཤོག །འདི་ཉིད་དུ་འདུག་ལ། རྒྱལ་ཚབ་གྱིས་ལ་འདོད་པ་ལའང་སྤྱོད། སྦྱིན་པ་དག་ཀྱང་བྱིན། བསོད་ནམས་དག་ཀྱང་བྱོས་ཤིག །གཞོན་ནུ་ཅི་ཡང་མི་སྨྲའོ། །བཙུན་མོ་དང༌། བློན་པོ་དང༌། གཞོན་ནུ་དང་ལྷན་ཅིག་རྩེ་བའི་བློན་པོའི་བུ་ལ་སོགས་པས་ཀྱང་དེ་བཞིན་དུ་བྱས་ཀྱང་ཅང་མི་སྨྲའོ། །དེ་ནས་བློན་པོའི་བུ་ལ་སོགས་པས་(༦ན)རྒྱལ་པོ་ལ། ལྷ། མཁྱེན་པར་མཛོད་ཅིག །གཞོན་ནུ་གུམ་ན་ཅི་རུང༌། རབ་ཏུ་བྱུང་བ་ནི་མཁས་པས་བསྔགས་པ་ལགས་ཏེ། དེ་ལ་མངོན་པར་དགའ་བར་གྱུར་ན་གསོན་པོར་གཟིགས་པར་འགྱུར་རོ། །གལ་ཏེ་མངོན་པར་མི་དགའ་ནས་སླར་ལོག་ནའང་བུའི་གནས་ནི་ཕ་མ་ཡིན་པས་འདི་ཉིད་དུ་མཆི་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། འོ་ན་གནང་ངོ༌། །དེ་ནས་དེ་དག་གིས་གཞོན་ནུ་ལ། རབ་ཏུ་འབྱུང་བར་གནང་གིས་མཁྱེན་པར་མཛོད་ཅིག །དེ་ནས་གཞོན་ནུ་རིམ་གྱིས་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ༌། །དེས་འབད་པས་འདོད་ཆགས་དང་བྲལ་ནས། བྱམས་པ་དང་བརྩེ་བ་དང་ལྡན་པས་རི་དྭགས་གདུག་པ་རྣམས་ཀྱང་འདྲིས་ཏེ་གནོད་པ་མི་བྱེད་པས་དེའི་མིང་བཟོད་པ་སྨྲ་བ་ཞེས་བྱ་བར་བཏགས་སོ། །
དུས་གཞན་ཞིག་ན་རྒྱལ་པོ་ཚངས་བྱིན་ཤི་ནས་འཐབ་མོ་སྐྱེས་རྒྱལ་སྲིད་ལ་བཞག་གོ །བཟོད་པ་སྨྲ་བས་མཁན་པོ་ལ། བདག་གི་ལུས་འདི་ཟས་དང་བཏུང་བས་བསྐྱེད་པས་དགོན་པའི་སྨན་གྱིས་འཚོ་མི་ནུས་ཀྱིས། གྲོང་མཐར་གནས་སོ་ཞེས་གནང་བ་ཞུས་ནས། རིམ་གྱིས་ཕའི་སྐྱེད་མོས་ཚལ་དུ་སོང་སྟེ། དེར་ཞི་བའི་ཕྱོགས་ཤིག་མཐོང་ནས་དེ་ན་གནས་སོ། །དེ་ནས་རྒྱལ་པོ་འཐབ་མོ་སྐྱེས། སོས་ཀའི་དུས་ལ་བབ་པ་ན་མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང༌། ངང་པ་དང༌། ཁྲུང་ཁྲུང་དང༌། རྨ་བྱ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་སྐྱེད་མོས་ཚལ་དེར་བཙུན་མོ་དང་ལྷན་ཅིག་དོང་སྟེ། སྐྱེད་མོས་ཚལ་གྱི་བདེ་བ་མྱོང་བས་དུབ་ནས་གཉིད་ལོག་ལ། བུད་མེད་ནི་མེ་ཏོག་དང་འབྲས་བུ་ལ་དགའ་བ་ཡིན་པས་སྐྱེད་མོས་ཚལ་དེ་ཉིད་དུ་བརྒྱུས་བརྒྱུགས་པ་ལ། དྲང་སྲོང་བཟོད་པ་སྨྲ་བ་སྤྱོད་ལམ་ཞི་བས་འདུག་པ་མཐོང་ནས། ཕྱག་བྱས་ཏེ་བསྐོར་ནས་འཁོད་དོ། །དེས་ཀྱང་བུད་མེད་དེ་རྣམས་ལ་སྤྱོད་ལམ་ཞི་བས་ཆོས་བཤད་དོ། །དེ་ནས་རྒྱལ་པོ་འཐབ་མོ་སྐྱེས་གཉིད་སད་པ་ན། བཙུན་མོ་རྣམས་མ་མཐོང་བས། རལ་གྲི་བླངས་ཏེ་བཙལ་བ་དང༌། དྲང་སྲོང་བཟོད་པ་སྨྲ་བའི་དྲུང་ན་འཁོད་པ་མཐོང་ནས་ཁྲོ་བའི་ཀུན་ནས་དཀྲིས་པས་དྲང་སྲོང་དེའི་དྲུང་དུ་སོང་བ་དང༌། རྒྱལ་པོ་ཁྲོས་པ་མཐོང་ནས་བཙུན་མོ་རྣམས་སྐྲག་སྟེ་བྲོས་སོ། །རྒྱལ་པོས་སྨྲས་པ། ཁྱོད་སུ་ཡིན། བདག་བཟོད་པ་སྨྲ་བའོ། །ཁྱོད་བཟོད་པ་སྨྲ་བ་ཡིན་ནམ་མ་ཡིན་བལྟའོ་ཞེས་དེའི་ལག་པ་གཉིས་བཅད་ནས་ཡང་དྲིས་པ། ཁྱོད་སུ་ཡིན། བདག་བཟོད་པ་སྨྲ་བའོ། །དེས་དེའི་རྐང་པ་བཅད་ཅིང་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་དོ། །དེས་སྨྲས་པ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུབ་པ་ཡིས། །ལུས་ནི་ཕྱེ་མ་བརྒྱར་གཏུབས་ནས། །ས་ལ་གཏོར་ཀྱང་བཟོད་མི་སྤོང༌། །ཞེས་སོགས་སྨྲས་ནས་སྨོན་ལམ་བཏབ་པ། རྒྱལ་པོ་འདིས་བདག་ལ་ཡང་དང་ཡང་(༦བ)དུ་དྲིས་ནས་ཡན་ལག་དང་ཉིང་ལག་བཅད་པ་དེ་བཞིན་དུ་བདག་བཟོད་པ་དང་ངེས་པར་གྱུར་པའི་དགེ་བའི་རྩ་བ་འདིས། སངས་རྒྱས་པ་ན་དེ་ལ་ཡང་དང་ཡང་དུ་དྲིས་ནས་ཤེས་རབ་ཀྱི་རལ་གྲིས་ཐོག་མར་དེའི་ཉོན་མོངས་པ་གཅོད་པར་གྱུར་ཅིག །དེ་ནས་བཟོད་པ་སྨྲ་བ་ལ་མངོན་པར་དད་པའི་ལྷ་ཞིག་གིས། རྒྱལ་པོ་སྡིག་ཅན་འདིས་དྲོང་སྲོང་ཉེས་པ་མེད་པར་རྐང་ལག་བཅད་ཀྱིས། བདག་གིས་ཀྱང་འདི་ལ་གནོད་པ་བྱའོ་སྙམ་ནས་ཡམས་ནད་བཏང་ཞིང་ཆར་མ་ཕབ་པས་སྐྱེ་བོའི་ཚོགས་རྣམས་ཤི་བ་དང༌། རྒྱལ་པོས་ལྟས་མཁས་རྣམས་ལ་སྨྲས་པ། ཅིའི་ཕྱིར་འདི་ལྟར་གྱུར། ལྷ། བཟོད་པ་སྨྲ་བ་ལ་དད་པའི་ལྷ་དེ་འཁྲུགས་ནས་དེ་ལྟར་བྱས་སོ། །དེ་ལ་ད་ཇི་ལྟར་བྱ། ལྷ། གཏོར་མ་དང༌། མེ་ཏོག་གི་ཕྲེང་བ་དང༌། ཡོ་བྱད་རྣམས་སྦྱར་ནས། ལྷ་དང༌། དྲང་སྲོང་ལ་བཟོད་པར་གསོལ་བར་བགྱིའོ། །དེ་ནས་གཏོར་མ་ལ་སོགས་པ་ལྟ་གོན་བྱས་ཏེ། རྒྱལ་པོ་དང་བཙུན་མོ་དང་བཅས་པ་སྐྱེད་མོས་ཚལ་དེར་སོང་ནས་ལྷ་དེ་ལ་བཟོད་པར་གསོལ་ཞིང༌། དྲང་སྲོང་དེའི་རྐང་པ་ལ་གཏུགས་ཏེ། དྲང་སྲོང་ཆེན་པོ། བདག་གིས་ཁྲོ་བའི་ཀུན་ནས་དཀྲིས་པས་ཁྱོད་ལ་གནོད་པ་བགྱིས་པ་བཟོད་པར་གསོལ་ལོ། །དེས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་དོ། །སུས་འཚལ། དེས་སྨྲས་པ། ལུས་ལ་མཚོན་གྱིས་འདེབས་པ་ནའང༌། །བདག་ནི་སེམས་ཅན་ཀུན་ལ་བྱམས། །གལ་ཏེ་ཁྱོད་ཡིད་མ་ཆེས་ན། །བདག་གི་ཁྲག་འཛག་པ་ལ་ལྟོས། །དེའི་ཁྲག་འོ་མའི་ཐིགས་པར་འཛག་པའི་ཆོ་འཕྲུལ་བསྟན་ཀྱང༌། ཡིད་མ་ཆེས་པར། དྲང་སྲོང་ཆེན་པོ། བཟོད་པར་གསོལ་ལོ། །རྒྱལ་པོ་ཆེན་པོ། བཟོད་དོ། །སུས་འཚལ། དེ་ནས་དྲང་སྲོང་གིས་ཡན་ལག་དང་ཉིང་ལག་བཅད་པ་རྣམས་གནས་ཇི་ལྟ་བ་བཞིན་བཞག་ནས། རྒྱལ་པོ་ཁྱོད་ཀྱིས་བདག་གི་ལུས། །གཏུབས་ཀྱང་ཤིན་ཏུ་ཕྲ་བ་ཡི། །ཞེ་སྡང་འདི་ལྟར་ཡོད་མིན་ན། །བདག་ལུས་ཇི་ལྟར་སྔོན་བཞིན་ཤོག །ཅེས་བདེན་པའི་ཚིག་སྨྲས་པས་ལུས་སྔོན་བཞིན་དུ་གྱུར་པ་དང་རྒྱལ་པོ་ཡ་མཚན་གྱིས་མིག་ཕྱེ་ནས་སྨྲས་པ། ཀྱེ་མའོ་ཆོས་ལ་ལེགས་གནས་པས། །ཀྱེ་མ་བརྟུལ་ཞུགས་འདི་གྲུབ་སྟེ། །ལུས་ལ་གཏུབ་པར་བྱེད་པ་ནའང༌། །ཁྱོད་ལ་མི་དགའ་ཅི་ཡང་མེད། །རྒྱལ་པོ་འཁོར་བཅས་དྲང་སྲོང་དེའི་རྐང་པ་ལ་ཕྱག་བཙལ་ནས་སོང་ངོ༌། །དགེ་སློང་དག །དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཡིན་ནོ། །རྒྱལ་པོ་འཐབ་མོ་སྐྱེས་གང་ཡིན་པ་དེ་ནི་ཀོའུ་དི་ནྱ་ཡིན་ཏེ། ངས་དེ་ལ་བྱམས་པའི་སེམས་ཀྱིས། དགེ་བའི་རྩ་བ་འདིས། བདག་གིས་དེ་ལ་ཡང་དང་ཡང་དུ་དྲིས་ནས། ཉོན་མོངས་པ་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་དབང་གིས་ད་ལྟར་ངས་དེ་ལ་ཆོས་བཤད་ནས་ཡང་དང་ཡང་དུ་དྲིས་སོ། །དགེ་སློང་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་ཀྱིས་ལྷ་བརྒྱད་ཁྲི་ཆོས་ཀྱི་རོས་ཡང་དག་པར་བསྡུས་ནས་བདེན་པ་ལ་བཀོད་པ་ལ་གཟིགས། དགེ་སློང་(༧ན)དག །ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་ཀྱི། འདས་པའི་དུས་ནའང་འདི་རྣམས་ཟང་ཟིང་གིས་བསྡུས་ནས་བརྟུལ་ཞུགས་ལྔའི་གཞི་ལ་བཀོད་པ་དེ་ཉོན་ཅིག །སྔོན་དེད་དཔོན་ཐམས་ཅད་སྐྱོབ་དང༌། ལེགས་གྲུབ་ཅེས་བྱ་བ་རེ་རེ་ལའང་ཚོང་པའི་འཁོར་བཞི་ཁྲི་པཞི་ཁྲི་ཡོད་པ་གཉིས་ཤིག་བྱུང་སྟེ། དེར་ལེགས་གྲུབ་དྲང་སྲོང་རྣམས་ཀྱི་དྲུང་དུ་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པས་རང་བྱང་ཆུབ་མངོན་དུ་བྱས་སོ། །དེའི་འཁོར་ཚོང་པ་རྣམས་ཀྱིས་དེད་དཔོན་བཙལ་ཡང་རྣམ་པ་ཐམས་ཅད་དུ་མ་རྙེད་པར་ཐམས་ཅད་སྐྱོབ་ཀྱི་དྲུང་དུ་ཕྱིན་ནས་སྨྲས་པ། དེད་དཔོན་དེས་བདག་ཅག་ལ་མ་བལྟས་པར་སོང་སྟེ། བཙལ་ཡང་མ་རྙེད་ན་ཇི་ལྟར་བྱ། དེས་སྨྲས་པ། ཡིད་མ་བློང་བར་འཁོད་ཅིག །དེ་བཙལ་ལོ། །
དེ་ནས་ཐམས་ཅད་སྐྱོབ་ཚོང་པ་བརྒྱད་ཁྲིས་བསྐོར་ནས་སྐྱེད་མོས་ཚལ་དང༌། འདུག་གནས་དང༌། དཀའ་ཐུབ་ཀྱི་ནགས་རྣམས་སུ་ལེགས་གྲུབ་བཙལ་བ་ན། དེས་དེ་མཐོང་ནས་དྲིས་པ། ཅིའི་ཕྱིར་ཚོང་པ་རྣམས་སྤངས་ནས་རབ་ཏུ་བྱུང༌། བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་འཆད་ཀྱི་ངག་གིས་མ་ཡིན་པས་དེད་དཔོན་འཁོར་བཅས་ལ་ཆོ་འཕྲུལ་བསྟན་ནས་དད་པར་བྱས་སོ། །དེ་ནས་དེད་དཔོན་གྱིས་ཚོང་པ་བརྒྱད་ཁྲི་པོ་དེ་དག་ཟང་ཟིང་གིས་བསྡུས་ནས། འདི་ལ་བྱ་བ་བྱོས་ཤིག །གདོན་མི་ཟ་བར་འབྲས་བུ་སྨིན་པར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དེ་ལ་བྱ་བ་བྱས་སོ། །དགེ་སློང་དག །དེའི་དུས་ཀྱི་ཐམས་ཅད་སྐྱོབ་དེ་ནི་ང་ཡིན་ནོ། །ཚོང་པ་བརྒྱད་ཁྲི་པོ་དེ་དག་ནི་ལྷ་བརྒྱད་ཁྲི་པོ་འདི་དག་ཡིན་ཏེ། དེའི་དུས་ན་ངས་ཟང་ཟིང་གིས་བསྡུས་ནས་བརྟུལ་ཞུགས་ལྔའི་གཞི་ལ་བཀོད་ལ། ད་ལྟར་ངས་ཆོས་ཀྱི་རོས་ཡང་དག་པར་བསྡུས་ནས་བདེན་པ་ལ་བཀོད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཅོམ་ལྡན་འདས་ཀྱིས་ལྡ་སྟེ་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་ལ་གཟིགས། བཀའ་སྩལ་པ། དགེ་སློང་དག །ང་ད་ལྟ་སྐྱོན་ཐམས་ཅད་སྤངས། ཐམས་ཅད་མཁྱེན་པ་བརྙེས་ནས་དེ་ལྟར་མཛད་པ་ངོ་མཚར་ཅི་ཆེ། ང་སྔོན་དུག་གསུམ་ལས་མ་གྲོལ་བའི་ཚེ། དེད་དཔོན་དུ་གྱུར་པ་ན་ལྔ་སྡེ་ཆུ་མེད་པའི་འབྲོག་དགོན་པར་སྐོམ་པས་ཉམ་ཐག་པ་ན་ཆུས་ཚིམ་པར་བྱས་པ་དེ་ཉོན་ཅིག །སྔོན་དེད་དཔོན་ཐམས་ཅད་སྐྱོབ་ཅེས་བྱ་བ་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་འབྲོག་དགོན་པའི་ལམ་ཆུ་ཆུང་བ་ཞིག་ཏུ་ཞུགས་ནས་རིམ་གྱིས་འབིགས་བྱེད་ཅེས་བྱ་བའི་དགོན་པར་ཕྱིན་པར་དང༌། ཚོང་པ་རྣམས་ཆུ་དང་བྲལ་ཡང་སོང་བ་ལས་ཚོང་པ་ལྔ་ཆུ་མ་རྙེད་པས་ལྷག་པར་ཡང་ཡིད་བློང་བར་གྱུར་པ་དེད་དཔོན་གྱིས་མཐོང་ནས་སྙིང་རྗེའི་སེམས་བསྐྱེད་པས་ཁ་གྱེན་དུ་བལྟས་ཏེ། ཞི་བ་དང༌། ཆུ་ལྷ་དང༌། ལུས་ངན་དང༌། ཁྱབ་འཇུག་ལ་སོགས་པའི་ལྷ་ཤེས་ལྡན་དག་གསོན་ཅིག །བདག་སེམས་ཅན་རྣམས་ལ་མཉམ་(༧བ)སེམས་པའི་བདེན་པ་དང་། བདེན་པའི་ཚིག་འདིས། དབང་ཕྱུག་ཆེན་པོའི་ལྷས་ཆར་འབེབས་པར་གྱུར་ཅིག །ཅེས་སྨྲས་པས་དབང་ཕྱུག་ཆེན་པོའི་གནས་གཡོས་པ་དང༌། བརྒྱ་བྱིན་གྱི་ཤེས་པ་ནི་འོག་ཏུ་འཇུག་པ་ཡིན་པས། སུ་ཞིག་གིས་དབང་ཕྱུག་ཆེན་པོའི་གནས་གཡོས་པར་བྱས་བསམས་པ་ན་བྱང་ཆུབ་སེམས་དཔའི་མཐུ་ཡིན་པར་ཤེས་ནས་ཆར་ཕབ། ཚོང་པ་རྣམས་ཚིམ་པར་བྱས་ཏེ་འབྲོག་དགོན་པའི་ལམ་ནས་བསྒྲལ་ཏོ། །དེའི་དུས་ཀྱི་དེད་དཔོན་ཐམས་ཅད་སྐྱོབ་དེ་ནི་ང་ཡིན་ནོ། །ཆུ་དང་བྲལ་བའི་ཚོང་པ་ལྔ་པོ་དེ་ནི་ལྔ་སྡེ་ཡིན་ཏེ། དེའི་དུས་སུ་ངས་ཆུས་ཚིམ་པར་བྱས་ནས་འབྲོག་དགོན་པ་ལས་བསྒྲལ། ད་ལྟར་ངས་དམ་པའི་ཆོས་ཀྱི་རོས་ཚིམ་པར་བྱས་ནས་འཁོར་བའི་འབྲོག་དགོན་པ་ལས་བསྒྲལ་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཅོམ་ལྡན་འདས་ཀྱིས་ལྔ་སྡེ་འཁོར་བའི་འབྲོག་དགོན་པ་ནས་བཏོན་ཏེ་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེའི་བགོ་བཤའ་མཛད་པ་ལ་གཟིགས། བཀའ་སྩལ་པ། ང་སྐྱོན་ཐམས་ཅད་ལས་གྲོལ་ནས་ཐམས་ཅད་མཁྱེན་པ་བརྙེས་ཏེ་དེ་ལྟར་མཛད་པ་ངོ་མཚར་ཅི་ཆེ། ང་སྔོན་སྐྱོན་ལས་མ་གྲོལ་བཞིན་དུ་རང་གི་སྲོག་བཏང་ནས་འདི་དག་རྒྱ་མཚོ་ཆེན་པོ་ནས་བཏོན་ཏེ་རིན་པོ་ཆེ་བགོ་བཤའ་མཛད་པ་དེ་ཉོན་ཅིག །སྔོན་དེད་དཔོན་ནོར་གྱི་ཤིང་རྟ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ཚོང་པ་ལྔ་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་དོང་བ་ན་དེ་རྣམས་དེད་དཔོན་གྱི་བཤེས་པའི་གཏམ་གྱིས་ཕན་ཚུན་མཛའ་བར་གྱུར་ཏོ། །རྒྱ་མཚོའི་འགྲམ་དུ་ཕྱིན་ནས་གྲུ་སོ་སོར་སྟ་གོན་བྱས་ཏེ། འཇུག་པར་ཆས་པའི་ཚེ་དེ་རྣམས་ཀྱིས་དེད་དཔོན་ལ་སྨྲས་པ། བདག་ཅག་ཁྱོད་དང་བྲལ་ན་མི་དགའ་འོ། །དེ་ལྟར་ན་འདིར་ཞུགས་ཤིག །དེ་རྣམས་དེར་ཞུགས་པ་དང་རླུང་ལངས་ནས་སྐྲག་པར་གྱུར་ཏོ། །དེད་དཔོན་གྱིས་སྨྲས་པ། མ་འཇིགས་ཤིག །གྲུ་ཞིག་པའི་ཚེ་བདག་གི་མགུལ་དུ་འཇུས་ཤིག་དང་ཁྱེད་རྣམས་གདོན་ནོ། །དེད་དཔོན་དེས་རིན་པོ་ཆེ་ཆེན་པོ་ལ་འོས་པ་དག་མཆན་ཁུང་དུ་བཏགས་ནས། གྲུ་ཞིག་པ་ན་དེ་རྣམས་དེད་དཔོན་གྱིས་མགུལ་དུ་འཇུས་པས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །དེ་རྣམས་སྐམ་ལ་ཕྱིན་ནས་དེ་བཏང་བ་དང༌། དེ་དབུགས་ཆད་ནས་ཤིའོ། །དེའི་མཆན་ཁུང་ན་རིན་པོ་ཆེ་ཆེན་པོ་ལ་འོས་པ་དག་མཐོང་ནས་དེ་རྣམས་ཀྱིས་ཁྱེར་རོ། །དེའི་དུས་ཀྱི་དེད་དཔོན་ནོར་གྱི་ཤིང་རྟ་དེ་ནི་ང་ཡིན་ནོ། །ཚོང་པ་ལྔ་པོ་དེ་ནི་ལྔ་སྡེ་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཀོའུ་དི་ནྱ་ལ་བརྟེན་ནས་ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་པ་ལ་གཟིགས། བཀའ་སྩལ་པ། ང་སྐྱོན་ཐམས་ཅད་ལས་གྲོལ་ནས་ཐམས་ཅད་མཁྱེན་པ་བརྙེས་ཏེ་དེ་ལྟར་མཛད་པ་ངོ་མཚར་ཅི་ཆེ། སྔོན་དུད་འགྲོའི་ལུས་སུ་སྐྱེས་པ་ན། ཀོའུ་དི་ནྱ་ལ་བརྟེན་ནས་འདི་རྣམས་རང་གི་ཤས་ཚིམ་པར་བྱས་པ་ཉོན་ཅིག །སྔོན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་(༨ན)ལ་གནས་ཏེ་རྒྱ་མཚོ་ཆེན་པོར་རུས་སྦལ་གྱི་གཙོ་བོར་གྱུར་ཏོ། །
ཇི་ཙམ་ན་ཚོང་པ་ལྔ་བརྒྱ་གྲུ་བོ་ཆེ་བསྒྲུབས་ནས་རྒྱ་མཚོར་ཞུགས་པ་རིན་པོ་ཆེ་སྣ་ཚོགས་བླངས་ནས་སླར་ལོག་པ་ལས་ཆུ་སྲིན་ཉའི་རིགས་ཅན་གྱིས་གྲུ་བོ་ཆེ་ཕུག་སྟེ་ཀུ་ཅོ་ཆེན་པོ་བྱུང་བའི་སྒྲ་རུས་སྦལ་དེས་ཐོས་ནས་དེ་རྣམས་ལ་སྨྲས་པ། བག་ཚ་བ་བོར་ལ་ཁོ་བོའི་རྒྱབ་ཏུ་ཞོན་ཅིག་དང་ཁོ་བོས་བསྒྲལ་བར་བྱའོ། །དེ་ནས་ཚོང་པ་རྣམས་ཤི་བ་སོས་པ་ལྟར་ཐམས་ཅད་རུས་སྦལ་གྱི་རྒྱབ་ཏུ་ཞོན་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན་པ་ན། དེ་ལུས་དུབ་པས་མགྲིན་པ་བརྐྱངས་ནས་གཉིད་ལོག་གོ །དེ་དང་ཧ་ཅང་མི་རིང་བ་ན་སྲིན་བུ་ཀི་ཏ་ཀའི་ཚང་ཡོད་པས། དེ་ནས་ཀི་ཏ་ཀ་ཞིག་རྒྱུ་ཞིང་སོང་བ་ན་དྲི་ཚོར་ཏེ་དེའི་དྲུང་དུ་སོང་བ་དང༌། ལུས་ཆེན་པོ་དེ་གཉིད་ལོག་པར་མཐོང་ནས་རིངས་པར་སྲིན་བུ་ཀི་ཏ་ཀའི་ཚང་དུ་སོང་སྟེ། ཀི་ཏ་ཀ་རྣམས་ལ་གོ་བར་བྱས་ནས་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་དེད་དེ་རུས་སྦལ་གྱི་དྲུང་དུ་སོང་ངོ༌། །དེ་གཉིད་ལོག་སྟེ་ཤི་བ་བཞིན་དུ་གྱུར་པ་ལ་དེའི་ཤ་ཆེན་པོ་ལས་ཟོས་ཀྱང་གཉིད་མཐུག་པོས་ནོན་པས་མ་ཚོར་རོ། །གནད་སར་ཤ་ཟོས་པ་ན་གཉིད་སད་པའི་ཚེ། སྲིན་བུ་ཀི་ཏ་ཀས་ལུས་གཡོགས་པར་མཐོང་ནས་བསམ་པ། ལུས་བསྒུལ་ན་འདི་རྣམས་འཆི་བར་འགྱུར་ཏེ། གཞན་ལ་གནོད་པ་བས་རང་ཉིད་སྲོག་དང་བྲལ་ན་བླའོ་སྙམ་ནས། བདག་གིས་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་པོ་རྣམས་ཤ་ཁྲག་གིས་ཚིམ་པར་བྱས་པ་བཞིན་དུ། བདག་སངས་རྒྱས་པ་ན་འདི་རྣམས་ཆོས་ཀྱི་རོས་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་རུས་སྦལ་གྱི་གཙོ་བོ་དེ་ནི་ང་ཡིན་ནོ། །སྲིན་བུ་ཀི་ཏ་ཀ་རྣམས་ལ་ལམ་སྟོན་པ་དེ་ནི་ཀོའུ་དི་ནྱ་ཡིན་ནོ། །སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་པོ་དེ་རྣམས་ནི་ལྷ་བརྒྱད་ཁྲི་པོ་འདི་དག་ཡིན་ནོ། །
དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཅོམ་ལྡན་འདས་ཀྱིས་ལྔ་སྡེ་དམ་པའི་ཆོས་ཀྱི་རོས་ཚིམ་པར་མཛད་ནས། འཁོར་བའི་འབྲོག་དགོན་པ་ལས་བཏོན་ཏེ་མྱང་འདས་ལ་བཀོད་པ་ལ་གཟིགས། བཀའ་སྩལ་པ། ང་སྐྱོན་ཐམས་ཅད་ལས་གྲོལ་ནས་ཐམས་ཅད་མཁྱེན་པ་བརྙེས་ཏེ་དེ་ལྟར་མཛད་པ་ངོ་མཚར་ཅི་ཆེ། ང་སྐྱོན་ལས་མ་གྲོལ་བཞིན་དུ་འདི་རྣམས་རང་གིས་ཤས་ཚིམ་པར་བྱས་ནས་བརྟུལ་ཞུགས་ལྔའི་གཞི་ལ་བཀོད་པ་ཉོན་ཅིག །སྔོན་ཝཱ་ར་ཎཱ་སཱིར་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྡན་པ་ཞིག་ཡོད་དེ། དུས་གཞན་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུས། ཕོ་བྲང་ལྕང་ལོ་ཅན་ནས་མདངས་འཕྲོག་པའི་གནོད་སྦྱིན་ལྔ་ཉེས་པ་བྱས་པས་སྤྱུགས་ནས། དེ་རྣམས་རིམ་གྱིས་ཝཱ་ར་ཎཱ་སཱིར་ཕྱིན་པ་ན། སུས་ཀྱང་གཏོར་མ་དང༌། མེ་ཏོག་ཕྲེང་བ་དང༌། ཡོ་བྱད་མ་བྱིན་པས་ཁྲོ་ནས་ཡམས་ནད་བཏང་སྟེ་སྐྱེ་བོའི་ཚོགས་ཤི་བར་གྱུར་ཏོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ། སྐྱེ་བོའི་ཚོགས་གུམ་ལགས་(༨བ)སོ། །དེས་དེ་རྣམས་ལ་སྨྲས་པ། ཁྱེད་རྣམས་དེངས་ལ། རྒྱལ་པོ་བྱམས་པའི་སྟོབས་ཀྱི་བཀས། ང་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ལ་བརྩོན་པའི་ཡིད་ཀྱིས་ཉིན་མཚན་འདའ་བར་བྱེད་ཀྱིས། ཁྱེད་ཅག་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་གྱིས་ཤིག་དང༌། དེ་ལྟ་ན་ཞི་བར་འགྱུར་རོ། །དེ་རྣམས་ཀྱིས་བྱམས་པ་བསྒོམས་པས་མདངས་འཕྲོག་པའི་གནོད་སྦྱིན་རྣམས་ཀྱིས་ཝཱ་ར་ཎཱ་སཱིའི་ཉེ་འཁོར་དུ་འཇུག་མ་ནུས་པར་གླགས་མ་རྙེད་དོ། །དེ་ནས་བ་གླང་རྫི་དང༌། ལུག་རྫི་དང༌། རྩྭ་ཐུན་དང༌། ཤིང་ཐུན་དང༌། ལམ་དང་ལམ་གོལ་པས་འཚོ་བའི་མི་རྣམས་མཐོང་ནས། ཁྱེད་ཁོ་བོ་ཅག་གིས་མི་འཇིགས་སམ། །མི་འཇིགས་སོ། །ཅིའི་ཕྱིར། རྒྱལ་པོ་བྱམས་པའི་སྟོབས་དགོངས་པ་དེ་སེམས་པས་སོ། །དེ་ཅི་དགོངས། སེམས་ཅན་ཐམས་ཅད་ལ་བྱམས་པའོ། །དེ་རྣམས་ཀྱིས་བསམས་པ། རྒྱུ་འདིས་བདག་ཅག་གིས་གླགས་མ་རྙེད་དོ་སྙམ་ནས། རྒྱལ་པོ་བྱམས་པའི་སྟོབས་ནམ་ཞིག་མཐོང་སྙམ་མོ། །དུས་གཞན་ཞིག་ན་རྒྱལ་པོ་སྐྱེད་མོས་ཚལ་དུ་ཆས་པ་དང༌། དེ་རྣམས་བྲམ་ཟེའི་ཆ་བྱད་དུ་སྤྲུལ་ནས་སྤྱོད་ལམ་ཞི་བས་རྒྱལ་པོའི་དྲུང་དུ་སོང་སྟེ། རྒྱལ་བ་དང༌། ཚེ་སྤེལ་བ་བྱས་ནས། ལྷ། བདག་ཅག་བཀྲེས་ལགས་ན་ཁ་ཟས་ཀྱིས་རྗེས་སུ་གཟུང་དུ་གསོལ། དེས་བློན་པོ་རྣམས་ལ། བྲམ་ཟེ་འདི་རྣམས་ཁ་ཟས་བསོད་པས་ཚིམ་པར་གྱིས་ཤིག །དེ་རྣམས་ཀྱིས་སྨྲས་པ། ཤ་དང་ཁྲག་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ། ཚོང་འདུས་ནས་ཆོས་བཞིན་གྱིས་རྙེད་པའི་ཤ་དང་ཁྲག་བྱིན་ཅིག །ལྷ། བདག་ཅག་ནི། མོད་ལ་བཀུམ་པའི་ཤ་དང་ཁྲག་འཚལ་བས་དེས་རྗེས་སུ་གཟུང་དུ་གསོལ། རྒྱལ་པོས་བསམས་པ། གཞན་ལ་གནོད་པ་མ་བྱས་པར། མོད་ལ་བསད་པའི་ཤ་དང་ཁྲག་མི་རྙེད་ཀྱིས། འདི་རྣམས་ལ་རང་གི་ཁྲག་སྦྱིན་པར་བྱའོ་སྙམ་ནས་དཔྱད་མཁན་བཀུག་སྟེ། ངའི་ཡན་ལག་གི་རྩ་ཐམས་ཅད་ཆོད་ཅིག་དང༌། སློང་མོ་བའི་སྐྱེ་བོ་ཚིམ་པར་བྱའོ། །ལྷ། མི་ཕལ་པ་རྣམས་ཀྱི་ཕྱིར་ལྷའི་སྐུ་ལ་མཚོན་གྱིས་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་ནི་བཟོ་དང་ལས་ཀྱི་གནས་ལ་མཁས་པ་ཡིན་པས། རང་ཉིད་ཀྱིས་ཡན་ལག་ལྔ་མཚོན་གྱིས་གཏར་ཏེ། ཁྲག་གིས་ཚིམ་པར་བྱས་ནས་ཆོས་བཤད་དེ་བསླབ་པའི་གཞི་ལྔ་ལ་བཀོད་དོ། །དེའི་དུས་ཀྱི་རྒྱལ་པོ་བྱམས་པའི་སྟོབས་དེ་ནི་ང་ཡིན་ནོ། །མདངས་འཕྲོག་པའི་གནོད་སྦྱིན་ལྔ་པོ་དེ་ནི་ལྔ་སྡེ་ཡིན་ནོ། །

༢༽ འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་
བསྙེན་པར་རྫོགས་ཚུལ།

བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པ་ན། གྲོང་ཁྱེར་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ། ནྱ་གྲོ་དྷ་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་ལ་(༩ན)འགྲན་པ་ཞིག་གནས་སོ། །དེ་ལ་བྲན་གྲོང་བཅུ་དྲུག་དང༌། ལས་ཀྱི་མཐའ་པའི་གྲོང་བཅུ་དྲུག་དང༌། བསྐྱེད་བསྒྱུར་བའི་གྲོང་དྲུག་ཅུ་དང༌། རྨོན་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང༌། གསེར་བྱེ་བ་དྲུག་ཅུ་དང༌། གསེར་གྱི་ནས་རྗང་བརྒྱད་ཅུ་ཡོད་དོ། །དེ་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མེད་ནས། ལྷ་ལ་གསོལ་བ་བཏབ་བོ། །འཇིག་རྟེན་ན་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་འགྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་དྲུག་མངོན་དུ་གྱུར་ན་བུ་དང་བུ་མོ་སྐྱེ་སྟེ། ཕ་མས་བུ་རྙེད་པའི་ལས་བྱས་ཤིང་བསགས་པ་དང༌། བུས་ཀྱང་ཕ་མ་རྙེད་པའི་ལས་བྱས་ཤིང་བསགས་པ་དང༌། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང༌། ཕ་མ་ཆགས་པར་གྱུར་ཅིང་འདུས་པ་དང༌། དྲི་ཟ་ཉེ་བར་གནས་པ་དང༌། དྲི་ཟས་ཀྱང་རྗེས་སུ་ཆགས་པའམ་ཁོང་ཁྲོ་བའི་སེམས་ཐོབ་བོ། །དེ་ལྟར་ལྷ་ལ་གསོལ་བ་བཏབ་ཀྱང་བུ་མེད་ནས་དེ་ཁང་བཟང་གི་སྟེང་དུ་སོང་སྟེ། ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེའི་དྲུང་དུ་ཉེ་དུ་རྣམས་ཀྱིས་ཕྱིན་ནས། ཅིའི་ཕྱིར་ཡིད་མ་བདེ། དེས་སྐབས་དེ་རྒྱ་ཆེར་སྨྲས་པ་དང༌། ལྷ་དང་འཇུག་ངོགས་སྟེན་ཅིག །དེའང་བསྟེན་མོད་བུའམ། བུ་མོ་མེད་དོ། །དེས་ནས་ནྱ་གྲོ་དྷའི་མ་འོངས་ནས། བུ། ཅིའི་ཕྱིར་ཡིད་མི་བདེ། ཡུམ། ཅི། ཡིད་མི་བདེ་བ་ཆུང་ངམ། བདག་གི་ཁྱིམ་གྱི་ཡོ་བྱད་རྒྱ་ཆེན་པོ་འདི་་བུ་མེད་པས་ལྷས་བཞེས་པར་འགྱུར་རོ། །མས་སྨྲས་པ། སྐྱེད་མོས་ཚལ་ན་ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ། ཡལ་ག་དང༌། མགོ་ལྕོགས་དང༌། འདབ་མ་དང༌། ལོ་མ་ཕུན་སུམ་ཚོགས་ཤིང་འདབ་མ་རྒྱ་ཆེ་ལ་ཡལ་ག་གཡུར་ཟ་བ་ཞིག་ཡོད་དེ། དེའི་མིང་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ཞེས་བྱའོ། །ཁྱོད་ཀྱི་ཕ་ལའང་བུ་མེད་པས། ལྷ་བརྒྱ་སྟོང་ལ་གསོལ་བ་བཏབ་ཀྱང་བུ་མ་རྙེད་པར། དེ་ནས་ནྱ་གྲོ་དྷའི་ལྷ་ལ་གསོལ་བ་བཏབ་པས་ཁྱོད་བྱུང་གིས། ཁྱོད་ཀྱང་དེ་ལྟར་གྱིས་ཤིག །དེ་ནས་བྲམ་ཟེ་དེས་ཤིང་ནྱ་གྲོ་དྷའི་དྲུང་དུ་ཕྱིན་ནས་ཆག་ཆག་དང་ཕྱག་བདར་བྱས། སྤོས་དང་མེ་ཏོག་གིས་བཀང༌། རྒྱལ་མཚན་དང་བ་དན་སྒྲེང་དུ་བཅུག །བྲམ་ཟེ་བརྒྱད་བརྒྱ་ལ་ཟན་བྱིན་ཏེ་རས་ཡུག་ཆེན་བསྐོན་ནས། ཤིང་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་པ། བདག་ལ་བུ་སྩོལ་ཅིག །བུ་བྱུང་ན་ལོ་རེ་ཞིང་མཆོད་པ་འདི་འདྲ་བྱེད་དོ། །བུ་མ་བྱུང་ན་ལྗོན་ཤིང་འདི་པུ་ཤེལ་ཙིའི་རྩ་བ་ཙམ་དུ་བཤགས་ཏེ་བསྲེགས་ནས་ཐལ་བ་རླུང་ལ་བསྐུར་རོ། །ལྷ་དེ་ཡང་དབང་ཆུང་བ་ཡིན་པས། མཆོད་པས་ནི་དགའ། བསྡིགས་པས་ནི་འཇིགས་ལ། དེ་རྒྱལ་པོ་ཆེན་པོ་(༩བ)བཞིས་ཟིན་པ་ཡིན་པས་རྒྱལ་པོ་ཡུལ་འཁོར་སྲུང་གི་དྲུང་དུ་ཕྱིན་ནས། ཉེ་དབང༌། བདག་གནས་ནས་བསྐྲད་པར་འགྱུར་དུ་མཆི་ཡིས། བྲམ་ཟེ་ནྱ་གྲོ་དྷ་ལ་བུ་སྩོལ་ཅིག །དེས་སྨྲས་པ། སྔོན་གྱི་ལས་ཀྱི་སྟོབས་ཀྱིས་བུ་འབྱུང་གི །བདག་གིས་བུ་སྦྱིན་མི་ནུས་སོ། །འོན་ཀྱང་འཕགས་སྐྱེས་པོའི་དྲུང་དུ་འདོང་ངོ༌། །དེ་གཉིས་ཀྱིས་དེའི་དྲུང་དུ་ཕྱིན་པ་དང༌། དེས་ཀྱང་བདག་གིས་བུ་སྦྱིན་མི་ནུས་སོ། །མིག་མི་བཟང་དང༌། རྣམ་ཐོས་ཀྱི་བུའི་དྲུང་དུ་ཕྱིན་པས། དེ་དག་གིས་ཀྱང་སྔར་བཞིན་སྨྲས་སོ། །ལྔ་པོ་དེས་བརྒྱ་བྱིན་གྱི་དྲུང་དུ་ཕྱིན་ནས། ཀོའུ་ཤི་ཀ་ལྷ་བུ་འདི་གནས་ནས་སྐྲོད་དུ་འོང་གིས། བྲམ་ཟེ་ནྱ་གྲོ་དྷ་ལ་བུ་སྩོལ་ཅིག །དེས་སྨྲས་པ། རང་གི་ལས་ཀྱིས་བུ་འབྱུང་གི །བདག་གིས་བུ་སྦྱིན་མི་ནུས་སོ། །འོན་ཀྱང་འདིར་ཚངས་པ་ཆེན་པོ་འབྱུང་གིས། འདུག་ཅིག །དེ་ནས་ཚངས་པ་ཆེན་པོ་གཙུག་ཕུད་ལྔ་པ་བྱུང་སྟེ་བརྒྱ་བྱིན་གྱི་པང་བར་འདུག་པ་དང༌། བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཚངས་པ་དང༌། ཚངས་པ་ཆེན་པོ་དང༌། དབང་ཕྱུག་དང༌། བྱེད་པ་པོ་དང༌། འབྱིན་པ་པོ་དང༌། སྤྲུལ་པ་པོ་དང༌། གཙོ་བོ་དང༌། ཁྱད་དུ་འཕགས་པ་དང༌། འཇིག་རྟེན་གྱི་ཕ་ལགས་ན། བདག་ཅག་གི་འཁོར་དུ་གཏོགས་པ་ས་ལ་རྒྱུ་བ་ཞིག་མཆིས་པ་གནས་ནས་བསྐྲད་པར་འགྱུར་གྱིས། བྲམ་ཟེ་ནྱ་གྲོ་དྷ་ལ་བུ་སྩོལ་ཅིག །དེ་འདི་སྙམ་དུ། བདག་གིས་བུ་སྦྱིན་པར་མི་ནུས་སོ་ཞེས་སྨྲས་ན་བྱེད་པ་པོ་ལ་སོགས་པའི་མིང་དང་འགལ། སྦྱིན་ནོ་ཞེས་སྨྲས་ན་དབང་མེད་དོ་སྙམ་ནས་གསངས་ཏེ་སྨྲས་པ། ཁོ་བོས་འཇིག་རྟེན་མ་ཕྱུང་ངོ༌། །
དེས་སྨྲས་པ། འོན་ཀྱང་རང་གི་གནས་ནས་འཆི་འཕོ་བ་མཆིས་ན། དེའི་ཁྱིམ་དུ་སྐྱེ་བ་ལེན་དུ་སྩོལ་ཅིག །ཚངས་པས་སྨྲས་པ། ཅིའི་ཕྱིར་རང་གི་གནས་སུ་མི་ལྟ། གནས་འདི་ན་ལྷ་རྣམས་དབང་ཆུང་བར་གྲགས་པས་དེའི་ཁྱིམ་དུ་སྐྱེ་བ་ལེན་པར་མི་བཟོད་དོ། །ཚངས་པ་རང་གི་གནས་སུ་སོང་ནས། ལྷ་ཚེ་ཟད་པ་ཞིག་ལ། ཁྱོད་ཉིང་མཚམས་སྦྱོར་བར་འདྲ་བས། བྲམ་ཟེ་ནྱ་གྲོ་དྷའི་ཁྱིམ་དུ་ཉིང་མཚམས་སྦྱོར་ཞིག །དེ་སྙིང་མ་དགའ་ནས་སྨྲས་པ། ཐོང་ཞིག །བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། དེའི་ཁྱིམ་དུ་སྐྱེ་བ་ལེན་པ་ནི་གསེར་གྱི་སྒྲོག་ལ་ཆགས་པས་རྐང་པ་སྒྲོག་ཏུ་འཇུག་པ་དང་འདྲའོ། །བདག་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་འཕོས་ཏེ་འཚང་རྒྱ་བར་འགྱུར་བ་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་བདུད་རྩི་ཐོབ་པར་བྱ་དགོས་ལ། བྲམ་ཟེ་ཕྱུག་པོའི་ཁྱིམ་དུ་སྐྱེས་པ། བུ་གཅིག་པ་ནི་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ། །ཚངས་པས་སྨྲས་པ། དེར་སྐྱེ་བ་ལོངས་ཤིག་དང༌། ངས་ཁྱོད་ཀྱི་ཕ་མ་གཉིས་ལ་བསྐུལ་བར་བྱའོ། །དེས་ཀྱང་གནང་ནས། ལྷའི་བུ་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ། སྤྱོད་པ་འཚོལ་བ། འཆིང་བ་ཉམས་སྨད་པ། ཐར་པའི་ཚོགས་བཟུང་བ། (༡༠ན)མྱང་འདས་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མར་འཛིན་པ་དེ་ཤི་འཕོས་ཏེ་དེའི་ཆུང་མའི་མངལ་དུ་ཉིང་མཚམས་སྦྱར་རོ། །འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་གིས་གནས་ལྔ་ཤེས་ཏེ། སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས། དུས་ཤེས་ཤིང་ཟླ་མཚན་ཤེས། མངའ་དུ་ཞུགས་པ་ཤེས། གང་ལས་མངལ་དུ་ཞུགས་པའང་ཤེས། ཁྱེའུ་དང༌། བུ་མོར་འགྱུར་པ་ཤེས་ཏེ། ཁྱེའུ་ཡིན་ན་དཀུ་གཡས་པར་བརྟེན། བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་ཏོ། །བུད་མེད་དེས་ཀྱང༌། དཀུ་གཡས་པར་མི་བདེ་བས་བུ་རྙེད་པར་རིག་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས། ཁྱོད་ལ་གཏམ་སྙན་པ་ཞིག་གསོལ་ལོ། །བཟང་མོ། ལྷ་དང་མིའི་གཏམ་སྙན་པ་ཐོབ་པར་གྱུར་ཅིག །གཏམ་སྙན་པ་གང༌། བདག་གིས་བུ་རྙེད་དོ། །དེ་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་བདེ་བར་བསྐྱངས་པས། ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་གཟུགས་བཟང་བ་ཞིག་བཙས་སོ། །དེ་ནས་ཞག་ཉེར་གཅིག་གི་བར་དུ་བཙས་སྟོན་བྱས། ཁྱེའུ་འདི་ཤིང་ནྱ་གྲོ་དྷ་ལ་མཆོད་ནས་རྙེད་པས་ནྱ་གྲོ་དྷ་སྐྱེས་ཞེས་མིང་བཏགས། ཁ་ཅིག་གིས་འདིའི་ཕ་འོད་སྲུངས་དང་རུས་གཅིག་པས། འོད་སྲུངས་ཞེས་མིང་བཏགས་སོ། །དེ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས། ནུ་མ་བསྣུན་པའི་མ་མ་གཉིས། དྲི་མ་འཕྱི་བའི་མ་མ་གཉིས། རྩེ་གྲོགས་ཀྱི་མ་མ་གཉིས་ལ་གཏད་ནས། འོ་མ་དང༌། ཞོ་དང༌། མར་གསར་དང༌། ཞུན་མར་དང༌། མར་གྱི་ཉིང་ཁུ་དང༌། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་དག་གིས་བསྲིངས་བསྐྱེད་དེ། རྫིང་ན་གནས་པའི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །
དེ་ཆེར་སྐྱེས་པའི་ཚེ་ཉི་མ་ཉུང་ཤས་ཀྱིས་ཡི་གེའི་ཕ་རོལ་ཏུ་སོན་ཅིང༌། བྲམ་ཟེའི་སྤྱོད་ཚུལ་དང༌། སྤྱོད་པ་དང༌། གཙང་སྦྲ་དང༌། ཀུན་ཏུ་སྤྱོད་པ་དང༌། ཐལ་བ་བླང་བ་དང༌། བྱ་མ་བུམ་བླང་བ་དང༌། ས་བླང་བ་དང༌། རབ་བསྔགས་བྱ་བ་དང༌། འཐོར་འཐུང་བྱ་བ་དང༌། བཟླས་བརྗོད་བྱ་བ་དང༌། ཡང་དག་པར་སྡོམ་པ་དང༌། ངེས་པར་བྱ་བ་དང༌། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང༌། རིག་བྱེད་བཞི་དང༌། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང༌། མཆོད་སྦྱིན་བྱེད་དུ་འཇུག་པ་དང༌། ཀློག་པ་དང༌། ཀློག་ཏུ་འཇུག་པ་དང༌། སྦྱིན་པ་དང༌། ལེན་པ་ལ་མཁས་པར་གྱུར་ཏོ། །རིག་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏེ། གསང་སྔགས་ཀྱི་རྒྱུད་དང༌། ཆོ་ག་ཞིབ་མོ་དང༌། གཏན་ཚིགས་རིག་པ་དང༌། རིག་བྱེད་དང༌། བརྡ་སྤྲོད་པ་དང༌། སྒྲ་ངེས་པར་སྦྱོར་བ་དང༌། ཤེས་གསལ་དང༌། ངེས་པའི་ཚིག་དང༌། སྡེབ་སྦྱོར་བསྡུས་པ་དང༌། སྐར་མའི་རིག་པ་དང༌། (༡༠བ)རྟོག་བྱེད་ཀྱི་རིག་པ་དང༌། ཆུར་ལྟུང་གི་རིག་པ་དང༌། ཆེར་སྤྱོད་ཀྱི་རིག་པ་དང༌། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང༌། བྱེ་བྲག་པའི་རིག་པ་དང༌། རྒྱུད་དྲུག་ཅུ་པ་དང༌། ཁྱུར་མིད་ཀྱི་རིག་པ་དང༌། གནས་འདུག་གི་རིག་པ་སྟེ་རིག་གནས་བཅོ་བརྒྱད་ལ་བློ་ཤིན་ཏུ་རྣོ་བར་གྱུར་ཏོ། །དེ་ནས་ཕའི་བསམ་པ་ལ། བྲམ་ཟེའི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་སྤྱོད་བསྲུངས་ནས་རྒས་པ་ན་བག་མ་ལེན་པ་ཡིན་ན། བདག་རིགས་རྒྱུད་མཐོ། འབྱོར་པ་ཆེ་བས་ཐོག་མ་ནས་བུ་ལ་བག་མ་བླང་བར་བྱའོ་སྙམ་ནས། བུ། རིགས་རྒྱུད་ཀྱི་ཕྱིར་བག་མ་བླང་བར་བྱའོ། །ཡབ། བདག་ལ་མཆིས་བྲང་ཅི་འཚལ། དཀའ་ཐུབ་ཀྱི་ནགས་སུ་མཆིའོ། །དེས་དེ་ལ་ཡང་དང་ཡང་དུ་བརྟུན་པ་དང༌། བུས་བསམས་པ། ཡབ་ཡུམ་གྱི་བཀའ་ཡང་མི་བཅག་ལ། བུད་མེད་ཀྱང་མི་རྙེད་པའི་ཐབས་བྱའོ་སྙམ་ནས། ཡབ། བདག་ལ་འཛམ་བུ་ཆུ་བོའི་གསེར་འཚལ་ལོ། །དེས་དཀོར་མི་བོས་ནས། འདི་ལ་འཛམ་བུ་ཆུ་བོའི་གསེར་ཇི་སྙེད་དགོས་པ་བྱིན་ཅིག །དེས་ཕའི་ཕག་ཏུ་མགར་བ་བོས་ནས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་བུད་མེད་ཀྱི་གཟུགས་ལེགས་པ་ཞིག་བྱེད་དུ་བཅུག་སྟེ། ཕ་ལ་ཕུལ་ནས་སྨྲས་པ། བུད་མེད་འདི་འདྲ་ཞིག་རྙེད་ན་བདག་གི་མཆིས་བྲང་ལགས་ཀྱི། གཞན་ནི་མི་དགོས་སོ། །ཕས་བསམས་པ། གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོའང་མེད་ན། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་ལྟ་བུ་ལྟ་ཅི་སྨོས་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང༌། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་མཐོང་ནས་དྲིས་པས། བུས་བདག་ལ་མ་བསམས་ཏེ། གསེར་ཕལ་པའི་མདོག་ཅན་གྱི་བུ་མོའང་མི་རྙེད་ན། འཛམ་བུ་ཆུ་བོའི་གསེར་ལས་བྱས་པ་ལྟ་བུ་ལྟ་ཅི་སྨོས། དེ་རྣམས་ཀྱིས་སྨྲས་པ། མི་དགྱེས་པ་མ་མཛད་ཅིག །ཇི་ལྟ་བུའི་སྐྱེས་བུ་ལ་དེ་ལྟ་བུའི་ཡོ་བྱད་འབྱུང་བ་ལགས་པས་ད་དུང་འདི་འདྲ་གསུམ་སྩོལ་ཅིག །བདག་ཅག་གིས་ཕྱོགས་བཞི་ནས་བུ་མོ་དེ་འདྲ་བཙལ་བར་བགྱིའོ། །དེས་དེ་རྣམས་ཀྱི་ངག་མཉན་ནས་གཟུགས་བརྙན་གཞན་གསུམ་ཡང་བྱེད་དུ་བཅུག་གོ །
དེ་ནས་ཁྱེའུ་རྣམས་ཀྱིས་བུ་མོའི་གཟུགས་བརྙན་རོལ་མོའི་སྒྲའི་ཆ་བྱད་དང་བཅས་ཏེ་ཕྱོགས་བཞིར་བརྒྱ་བརྒྱ་ཆས་སོ། །དེ་དག་གིས་ཐབས་བསམས་པ། བདག་ཅག་གིས་ཁྱིམ་ཀུན་ཏུ་རྒྱུ་བར་མི་ནུས་ཀྱིས་ཐབས་ཤིག་བྱའོ་སྙམ་ནས་ཐབས་ཤེས་ཏེ། གཟུགས་བརྙན་དེ་གྲོང་ཁྱེར་གྱི་དབུས་སུ་བཞག་ནས་ལྷ་མོ་འདི་ལ་བུ་མོ་རྣམས་བཀུར་སྟི་བྱས་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང༌། རིགས་མཐོན་པོའི་བག་མར་ལེན་པ་དང༌། ཁྱིམ་ཕུན་སུམ་ཚོགས་པར་འདུག་པ་དང༌། ཁྱིམ་བདག་ཀྱང་དེའི་དབང་དུ་འགྱུར་བ་དང༌། བུ་དང་ལྡན་པ་སྦྱིན་པར་བྱེད་དོ་ཞེས་སྨྲ་ཞིང་སོང་བས། བུད་མེད་ཀྱི་ཚོགས་ཐམས་ཅད་ཀྱིས་མཆོད་པ་དང་བཀུར་སྟི་(༡༡ན)བྱེད་དོ། །དེར་ཤར་དང་ལྷོ་དང་བྱང་ཕྱོགས་སུ་སོང་བ་དག་གིས་ནི་མ་རྙེད་པར་ལོག་པས་བྲམ་ཟེར་ནྱ་གྲོ་དྷ་སེམས་ཁོང་དུ་ཆུད་དོ། །ནྱ་གྲོ་དྷ་སྐྱེས་ནི་ཡིད་དགའ་སྟེ། མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ། །ནུབ་ཕྱོགས་སུ་སོང་བ་དག་གིས་རིམ་གྱིས་སོང་བ་དང༌། ཀ་པི་ལའི་ལྗོངས་ན་གྲོང་ཁྱེར་ཀ་པི་ལ་ཞེས་བྱ་བར་བྲམ་ཟེ་སེར་སྐྱ་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉན་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་མོ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་ཞིག་བཙས་ཏེ། ཕ་སེར་སྐྱ་ཡིན་ལ། གཟུགས་བཟང་བས་སེར་སྐྱ་བཟང་མོ་ཞེས་མིང་བཏགས། བསྐྱེད་བསྲིངས་པས་ཆེན་མོར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེ་དག་གིས་གྲོང་ཁྱེར་དེའི་དབུས་སུ། ལྷ་མོ་མཆོད་ན་དམ་པ་ལྔ་སྦྱིན་པར་བྱེད་དོ། །ཞེས་བསྒྲགས་པ་དང་བུ་མོ་གཞོན་ནུ་མ་གཞན་རྣམས་ལྷ་མོའི་དྲུང་དུ་སོང་ནས་མཆོད་པར་བྱེད་དོ། །བཟང་མོའི་མས་བཟང་མོ་ལ། ཁྱོད་ཀྱང་ལྷ་མོ་ལ་མཆོད་པ་གྱིས་ཤིག །དེས་སྨྲས་པ། ལྷ་མོ་མཆོད་པས་ཅིར་འགྱུར། དམ་པ་ལྔ་སྦྱིན་པར་བྱེད་དོ། །ཡུམ། བདག་རིགས་མཐོན་པོར་སྐྱེས་ཀྱང་འདོད་པ་དོན་དུ་མི་གཉེར་རོ། །དེས་ཡང་ཡང་བསྐུལ་བས། མའི་སེམས་བསྲུང་བའི་ཕྱིར་མེ་ཏོག་ལ་སོགས་པ་ཁྱེར་ཏེ་ལྷ་མོ་ག་ལ་བ་དེར་སོང་ངོ༌། །དེ་དེ་དང་ཇི་ཙམ་ཉེ་བ་ལྟར་གཟུགས་བརྙན་དེ་ཇེ་སྔོ་ཇེ་སྔོར་སོང་ངོ༌། །དེ་དང་འཕྲད་པ་ན་གཟུགས་བརྙན་དེ་ལྕགས་ལས་བྱས་པ་བཞིན་སོང་ངོ༌། །དེ་རྣམས་ཀྱིས་དྲིས་པ། ཁྱོད་སུའི་བུ་མོ་ཡིན། བྲམ་ཟེ་སེར་སྐྱའི་བུ་མོ་བཟང་མོའོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བྲམ་ཟེ་སེར་སྐྱའི་སྒོ་དྲུང་དུ་འཁོད་ནས། ཤེས་ལྡན་དག །སློང་མོ་བྱིན་ཅིག །བཟང་མོས་སློང་མོ་ཁྱེར་ཏེ་བྱིན་པ་དང༌། མི་ལེན་ནོ། །བྲམ་ཟེ་སེར་སྐྱས་ཐོས་ནས། ཅི་འདོད། བུ་མོ་སློང་གི །ཕྱེ་ནི་མ་ཡིན་ནོ། །ཁྱེད་ལ་མི་སྟེར་རོ། །རང་གི་དོན་དུ་བུ་མོའི་སློང་མོ་མི་འཚལ་ལོ། །འོ་ན་སུའི་དོན་དུ། ཡུལ་དབུས་ཀྱི་བྲམ་ཟེ་ནྱ་གྲོ་དྷ་སྐྱེས་ཀྱི་དོན་དུ་སློང་ངོ༌། །དེའི་ཡོན་ཏན་རྒྱ་ཆེར་ཐོས་མོད། ཐག་རིང་པོ་ན་འདུག་པས་ཇི་ལྟར་གཉེན་བྱ། དེ་དག་གིས་སྨྲས་པ། མེ་གང་ཡིན་དང་རླུང་གང་ཡིན། །ཁྲག་དང་ཕྲད་པའི་དུག་དང་ནི། །བྲམ་ཟེ་ངེས་པར་བྱས་པ་དང༌། །རྟ་གང་ཡིན་པ་དེ་མི་ཐོགས། །ཞེས་པ་མ་ཐོས་སམ། །བྲམ་ཟེ་དེ་དང་ཁྱོད་ཕྱུག་ཅིང་ནོར་ཆེ་བར་འདྲ་བ་ཡིན་ཞིང༌། འགྲོ་འོང་བྱེད་པའི་བཞོན་པ་དང་མི་དག་ཀྱང་ཡོད་ལ། གཞན་ཡང་རིང་པོ་ན་འདུག་པ་དང་གཉེན་བྱ་བ་དེ་ནི་བརྟན་པ་ཡིན་ནོ། །དེ་ནས་དེས་དེ་རྣམས་ལ་ཁྲུས་ཀྱི་ཡོ་བྱད་བྱིན་ནས་དེ་རྣམས་ཁྲུས་བྱེད་དུ་སོང་ངོ༌། །དེའི་བར་ལ་ཉེ་དུ་རྣམས་བསགས་ནས་དན་དེ་སྨྲས་པ་(༡༡བ)དང༌། དེ་རྣམས་ཀྱིས་སྨྲས་པ། དེ་མི་འདོད་བཞིན་དུའང་ནན་གྱིས་སྦྱིན་པར་བྱ་བ་ཡིན་ན། སློང་ན་ལྟ་ཅི་སྨོས། དེ་ནས་བུ་མོ་དེ་ཁྲུས་བྱས་ཏེ། གོས་དཀར་པོ་བསྐོན། དགེ་མཚན་དང་བཀྲ་ཤིས་བྱས་ཏེ་བྱིན་ནས། བྲམ་ཟེ་རྣམས་ཀྱི་དག་བྱེད་དུ་འགྱུར་བ་བཀླགས་སོ། །དེ་ནས་བྲམ་ཟེ་ཁྱེའུ་རྣམས་ཟླ་བ་དང༌། རྒྱུ་སྐར་དང༌། ཡུད་ཙམ་དག་བརྩིས་ནས། ཟླ་བ་དང་རྒྱུ་སྐར་དང་ཡུད་ཙམ་ཆེ་གེ་མོ་ཞིག་ནས་ཁྱེའུ་དང་ཉེ་བར་གནས་པར་འགྱུར་རོ་ཞེས་སྨྲས་ནས་སོང་སྟེ། ནྱ་གྲོ་དྷ་ལ་བརྗོད་པས་ཤིན་ཏུ་དགའ་ལ། དེ་ནྱ་གྲོ་དྷ་སྐྱེས་ཀྱིས་ཐོས་ནས་ཡི་ཆད་དེ། དེ་གཟུགས་བཟང་བ་ལྟ་ན། ལྷག་པར་འདོད་ཆགས་ཆེ་བ་ཡིན་གྱི། བདག་གིས་བརྟག་པར་བྱའོ་སྙམ་ནས། ཕ་མ་ལ། ཐོག་མར་འཇུག་ངོགས་སུ་ཉེ་རེག་བྱས་ནས་བག་མ་བླང་ངོ༌། །དེ་གཉིས་ཀྱིས་ཀྱང་གནང་སྟེ། བྲམ་ཟེའི་ཁྱེའུ་ཞིག་དང་ལྷན་ཅིག་རིམ་གྱིས་ཀ་པི་ལར་སོང་ནས་ལོ་མའི་ཕུར་མ་ཐོགས་ཏེ་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་སེར་སྐྱའི་སྒོར་ཕྱིན་ཏོ། །
དེ་ནས་བཟང་མོ་སློངས་མོ་ཐོགས་ནས་ཕྱིར་བྱུང་བ་དང༌། བུ་མོ་དེ་ནི་འདི་ཡིན་ནོ་སྙམ་ནས། ཁྱོད་སུའི་བུ་མོ་ཡིན། སེར་སྐྱའི་བུ་མོའོ། །ཁྱོད་གཞན་ལ་བྱིན་ནམ། ནྱ་གྲོ་དྷ་སྐྱེས་ལ་བྱིན་པར་ཐོས་སོ། །འོ་ན་ཁྱོད་ལ་ཁྱིམ་ཐབ་མེད་པར་ཤེས་པར་གྱིས་ཤིག །དེ་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་ནོ། །དེས་སྨྲས་པ། རྗེའི་སྲས། ཁྱོད་ཀྱིས་བདག་དབུགས་ཕྱུང་ངོ༌། །བདག་ཀྱང་འདོད་པ་དོན་དུ་གཉེར་བ་མ་ཡིན་ནོ། །ཕྱུག་པོ་དང་ནི་དབུལ་པོ་ལ། །འདྲ་བར་ཁྱོད་མཐོང་བདེ་བ་འདི། །སྙིང་དང་མཐུན་པའི་ཕྱུག་པོ་སྟེ། །ཙན་དན་པུ་ཤེལ་ཙི་དག་མིན། །འོན་ཀྱང་བདག་ལ་དབང་མེད་དེ། །ཕ་མས་བྱིན་ན་ཇི་ལྟར་བྱ། །དེས་སྨྲས་པ། བརྟན་པ་དང་སྤུངས་ཆེར་གྱིས་ཤིག །ནྱ་གྲོ་དྷ་སྐྱེས་ནི་ཁོ་བོ་ཡིན་ནོ། །དེས་སྨྲས་པ། བྲམ་ཟེའི་ཁྱེའུ། བཞུད་ལ་དམ་བཅའ་བརྟན་པར་གྱིས་ཤིག་ཅེས་དེ་གཉིས་གྲོས་བྱས་ནས་ནྱ་གྲོ་དྷ་སྐྱེས་སླར་ལོག་སྟེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་སོང་ངོ༌། །དེའི་ཕས་ཁྱིམ་པའི་ཆོས་བཞིན་དུ་སེར་སྐྱ་བཟང་མོ་བག་མར་བླངས་སོ། །དེ་ནས་ཕ་མ་གཉིས་ཀྱིས་གནས་གཅིག་ཏུ་མལ་གཉིས་བཅས་ནས་བཞག་པ་དང༌། དེ་གཉིས་གཅིག་གིས་གཅིག །དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་བསྐུལ་ཏེ། མ་དང་བུ་ཇི་ལྟ་བ་བཞིན་འཁོད་དོ། །ཕ་མས་དེ་གཉིས་ཀྱི་རིམ་གྲོ་མ་ལ་དྲིས་པ། དེ་གཉིས་ལྷན་ཅིག་ཏུ་ཇི་ལྟར་འདུག །མ་དང་བུ་ལྷན་ཅིག་པ་བཞིན་ནོ། །ཕ་མས། མལ་གཉིས་བཤམས་པས་ཉེས་སོ་སྙམ་ནས་མལ་དང་ཁྲིའུ་གཅིག་བཞག་གོ །དེ་ནས་ནམ་གྱི་ཆ་སྟོད་ལ་བཟང་མོ་མལ་དུ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ཁྲིའུ་ལ་འདུག་གོ །ནམ་གྱི་གུང་ཐུན་ལ་ནྱ་གྲོ་དྷ་སྐྱེས་ཉལ། བཟང་མོ་ཁྲིའུ་ལ་གནས། ནམ་གྱི་ཆ་སྨད་ལ་བཟང་མོ་ཉལ། ནྱ་གྲོ་དྷ་སྐྱེས་ཁྲིའུ་ལ་(༡༢ན)གནས་སོ། །དེ་ནས་ཁྱིའུ་ཡང་ཕྱུང་བ་དང༌། དེ་གཉིས་ཐུན་རེས་ཀྱིས་གཅིག་ཉལ་བ་ན་གཅིག་འཆག་གོ །དེའི་སྤྱོད་ལམ་གྱིས་ལོ་བཅུ་གཉིས་སུ་གནས་ཀྱང་འདོད་ཆགས་ཀྱི་སེམས་མ་སྐྱེས་སོ། །
དེ་ནས་བརྒྱ་བྱིན་འདི་སྙམ་དུ། འདོད་ཆགས་དང་མ་བྲལ་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ། བདག་གིས་བགམ་པར་བྱའོ་སྙམ་ནས། རང་ཉིད་སྦྲུལ་གདུག་པ་ཞིག་ཏུ་སྤྲུལ་ཏེ་བཟང་མོའི་མལ་འོག་ཏུ་འདུག་པ་དང༌། ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་སྟེ། བཟང་མོའི་ལག་པ་ཕྱི་རོལ་ཏུ་འཕྱང་བ་ལ་དུག་གིས་ཟིན་གྱིས་དོགས་ནས་རྔ་ཡབ་ཀྱི་ནོར་བུའི་ཡུ་བས་བཏེག་སྟེ་བཞག་གོ །དེས་བཟང་མོ་སད་པ་དང༌། ཡིད་མ་དགའ་ནས། རྗེའི་སྲས། རེག་པར་བྱེད་པ་འདི་ཅི་ལགས། འདོད་ཆགས་ཀྱི་སེམས་ཀྱིས་མ་རེག་གམ། བཟང་མོ། མ་ཡིན་ནོ། །འོན་ཀྱང་སྤྲུལ་གདུག་པ་འདིས་ཟིན་ན་མི་རུང་ངོ་སྙམ་ནས་ལག་པ་བཏེག་སྟེ་བཞག་གོ །གང་གིས། རྔ་ཡབ་ཀྱི་ནོར་བུའི་ཡུ་བས་སོ། །རྗེའི་སྲས། སྦྲུལ་གདུག་པས་ཟིན་པ་བླ་ཡི། རྔ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་ཏུ་མི་རུང་སྟེ། མ་ལུ་ཏ་ཡི་འཁྲི་ཤིང་འཁྲིས་པས་ལྗོན་ཤིང་བཟང་པོ་ཉམས། །བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་ཕུང་བར་འགྱུར། །དེ་ཡི་སླད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན་བླ་ཡི། །སྐྱེས་པའི་ལག་པས་བུད་མེད་མཆོག་ལ་རེག་པ་མི་རུང་ངོ༌། །གཞན་ཡང༌། མི་དབང་བུ་མོའི་ལུས་ཀྱི་རེག་པ་ཡིས། །དཀའ་ཐུབ་ཆེན་པོ་རྭ་ཅན་དཀའ་ཐུབ་ཉམས། །ལྷག་སྤྱོད་རླུང་གིས་ལམ་ནས་མི་དབང་གི །ཁྱིམ་དུ་འོངས་ནས་ནགས་སུ་རྐང་པས་སོང༌། །དེ་ནས་དེ་ལྟར་འཁོད་པ་ལ། །དུས་གཞན་ཞིག་ན་ཕ་མ་གཉིས་ཤིའོ། །ཁྱིམ་གྱི་སོ་ཚིས་བསྒྲུབ་པའི་ཕྱིར་བཟང་མོ་ལ། ཁྱོད་ཀྱིས་ཁྱིམ་གྱི་ལས་ཀྱི་མཐའ་ལ་ལྟོས་ཤིག །ངས་ཞིང་ལས་ལ་བལྟའོ་ཞེས་སྨྲས་ནས་སོང་བ་དང༌། ཞིང་ལས་ལ་བལྟས་པ་ན། རྨོན་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨོད་ཅིང༌། སྲོག་ཆགས་ཕྲ་མོ་རྣམས་ཞར་ལ་ཉོན་མོངས་པར་གྱུར་པ་དང༌། གླང་རྣམས་སྣ་ཕུག །ལྕག་གིས་རྐུབ་ཚོས་རྡོལ། མི་རྣམས་ཀྱང་རྐང་ལག་སེར་ཀར་སོང༌། །གསོ་རས་གྱོན། ལུས་ལ་རྡུལ་གྱིས་གཡོག །གཤོལ་ལ་སོགས་པའི་ཕྱིར་དུ་གཅིག་ལ་གཅིག་ཁ་ཟེར་ཞིང་རྡེག་གོ །ཁྱེད་སུ་ཡིན། ནྱ་གྲོ་དྷ་སྐྱེས་ཀྱི་ལས་བྱེད་པའོ། །ཁྱེད་སུས་བསྐོས། དེའི་ཕས་བསྐོས་སོ། །འོ་ན་ཅིའི་ཕྱིར་གཅིག་ལ་གཅིག་ཁ་ཟེར་ཞིང་རྡེག་པར་བྱེད། ཁྱེད་དེའི་རྣམ་པར་སྨིན་པས་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་རོ། །དེས་བསམས་པ། འདི་ལ་བརྟེན་ནས་བདག་ལའང་བསོད་ནམས་མ་ཡིན་པ་སྐྱེའོ་སྙམ་དུ་ཡིད་བྱུང་ངོ༌། །བཟང་མོས་ཀྱང་ཁྱིམ་གྱི་ལས་ལ་བལྟས་པ་ན། བྲན་མོ་རྣམས་རྐང་ལག་སེར་ཀར་སོང༌། གསོ་(༡༢བ)རས་གྱོན། མགོ་ཡེགས། གཅིག་ལ་གཅིག་ཁ་ཟེར་རོ། །ཁྱོད་སུའི་ཡིན། བཟང་མོའི་ཡིན་ནོ། །སུས་བསྐོས། དེའི་སྒྱུག་མོས་བསྐོས་སོ། །དེ་ཡང་ཡིད་བྱུང་ངོ༌། །
དེ་གཉིས་ཀྱིས་ཚིགས་སུ་བཅད་པ། བྲེའུ་ཆུང་གང་གི་འབྲས་ཆན་རུང༌། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །དེ་ནས་ནྱ་གྲོ་དྷ་སྐྱེས་ཀྱིས། བཟང་མོ། བག་ཡོད་པར་ཁྱིམ་སྒྲུབས་ཤིག །ཁོ་བོ་དཀའ་ཐུབ་ཀྱི་ནགས་སུ་འགྲོའོ། །བདག་ཀྱང་ལྷག་ཅིག་མཆིའོ། །བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་པ་ནི་ཆ་མ་ཡིན་ནོ། །འོ་ན་བདག་སྔོན་ལ་ཐོང་ཞིག །ཁྱོད་སྔར་བཞུད་ན། བུད་མེད་ནི་འབྲས་ཆན་ཚོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་བས་མི་རུང་ངོ༌། །བཟང་མོ། འོ་ན་ལྷན་ཅིག་འདོང་བར་བྱའོ། །དེའི་ཚེ་ད་དུང་སངས་རྒྱས་མ་བྱུང་བས། ལོངས་སྤྱོད་རྣམས་ཕྱི་རོལ་པ་དང༌། དབུལ་ཕོངས་རྣམས་ལ་བྱིན། བྲན་དང༌། གླ་མི་དང༌། མངག་གཞུག་པ་རྣམས་མ་བཀོལ་བར་བཞག །རྫས་རྣམས་གཉེན་བཤེས་རྣམས་ལ་བགོས་ནས་གཏད། གོས་ཀྱི་ཕྱི་གཡོགས་སྟོང་ཕྲག་བརྒྱ་རི་བ་གཅིག་རང་གིས་ཁྱེར། དེ་འདྲ་གཅིག་བཟང་མོ་ལ་བྱིན་ནས་ཐ་གི་ཙམ་གྱི་བར་དུ་ལྷན་ཅིག་སོང་སྟེ། བཟང་མོ། ཇི་ལྟར་འདོད་པར་གནས་པར་གྱིས་ཤིག་ཅེས་སྨྲས་ནས་སོ་སོར་གྱེས་སོ། །དེ་ནས་བཟང་མོ་ནི་གཅེར་བུ་པ་རྫོགས་བྱེད་ལས་རབ་ཏུ་བྱུང་སྟེ། གཅེར་བུ་མའི་ནང་དུ་ཞུགས་པ་དང༌། གཅེར་བུ་པ་རྣམས་ཀྱིས་མཐོང་ནས་སྨྲས་པ། བདག་ཅག་ལྷའི་འདོད་པའི་ཡོན་ཏན་ལྔའི་ཕྱིར་དུ་རབ་ཏུ་བྱུང་བ་ཡིན་ལ། བཟང་མོ་འདིའང་ལྷའི་བུད་མེད་འདྲ་ན། ལྷའི་འདོད་ཡོན་རྙེད་དམ་མི་རྙེད་གཏོལ་མེད་གྱིས། དང་པོར་བཟང་མོ་འདི་ལ་སྤྱད་པར་བྱའོ་ཞེས་གཅེར་བུ་པ་ལྔ་བརྒྱ་རྫོགས་བྱེད་ཀྱི་དྲུང་དུ་སོང་ངོ༌། །དེ་རྣམས་ཀྱིས་དོན་དེ་རྒྱས་པར་སྨྲས་ནས་བཟང་མོ་བསླངས་པས་དེས་ཀྱང་གནང་ངོ༌། །
དེ་ནས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱས་དགའ་མགུར་སྤྱད་དོ། །དེས་བཟང་མོ་ཡིད་བྱུང་ནས་རྫོགས་བྱེད་ལ་གསོལ་བ་དང༌། གང་ལ་རྒྱ་ཕོག་པ་དང་ཕྲད་པར་གྱིས་ཤིག་ཅེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ལོ་ཉི་ཤུ་རྩ་དགུ་འདོད་པ་རྣམས་ལ་རོལ་ཏེ། རྒ་བ་དང༌། ན་བ་དང༌། ཤི་བ་གཟིགས་ནས་ཡིད་བྱུང་སྟེ། ནམ་ཕྱེད་ཀྱི་དུས་སུ་རྟ་བསྔགས་ལྡན་ལ་བཅིབས་ནས་ནགས་སུ་གཤེགས་ཏེ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་ཆུ་བོ་ནཻ་རཉྫ་ནར་ཁྲུས་མཛད་དེ། དགའ་མོ་དང་དགའ་སྟོབས་མ་ལས་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་འོ་ཐུག་གསོལ། རྩྭ་འཚོང་བཀྲ་ཤིས་ལས་རྩྭ་དག་བཞེས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཛིངས་པར་བཏིང༌། དཀྱིལ་མོ་ཀྲུང་བཅས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀྱིལ་ཀྲུང་མི་གཞིག་གོ་ཞེས་ཐུགས་བསྐྱེད། བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཏུལ་ནས་མངོན་པར་རྫོགས་(༡༣ན)པར་སངས་རྒྱས་ཏེ། ཚངས་པས་བསྐུལ་ནས་ཝཱ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྔ་སྡེ་དང༌། དེ་ནས་ཉེ་བའི་ལྔ་སྡེ་དང༌། གྲོང་གི་ཁྱེའུ་གཙོ་བོ་ལྔ་བཅུ་བཏུལ། ཤིང་བལ་ཅན་གྱི་ནགས་ཁྲོད་དུ་གཤེགས་ནས་སྡེ་བཟང་དྲུག་ཅུའི་ཚོགས་བཏུལ། དམག་ལྡན་གྱི་གྲོང་དུ་གཤེགས་ནས་དགའ་མོ་དང་དགའ་སྟོབས་མ་གཉིས་བདེན་པ་ལ་བཀོད། ལྟེང་རྒྱས་སུ་གཤེགས་ནས་ལྟེང་རྒྱས་འོད་སྲུངས་བཏུལ། ཡུལ་ག་ཡར་གཤེགས་ནས་ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་བཏུལ། རལ་པ་ཅན་སྟོང་ཕྲག་རྣམས་ལ་ཆོ་འཕྲུལ་གསུམ་གྱིས་གདམས་པ་མཛད། འོད་མའི་ལྟང་བྲང་ཅན་དུ་གཤེགས་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བཅས་དང༌། མ་ག་དྷའི་བྲམ་ཟེ་དང༌། ཁྱིམ་བདག་སྟོང་ཕྲག་དུ་མ་བཏུལ་ཏེ་འོད་མའི་ཚལ་བཞེས་ནས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མང་གི་མཆོད་རྟེན་ན་བཞུགས་སོ། །དེ་འོད་སྲུངས་ཀྱིས་མཐོང་སྟེ་སྟོན་པའོ་སྙམ་ནས་དྲུང་དུ་སོང༌། ཕྱག་བཙལ་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །སྟོན་པས་ཀྱང༌། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ང་ནི་ཁྱོད་ཀྱི་སྟོན་པའོ། །ཁྱོད་ནི་ངའི་ཉན་ཐོས་སོ་ཞེས་སོགས་གསུངས་ནས་སྟོན་པ་གཤེགས་པ་དང༌། འོད་སྲུངས་བཅོམ་ལྡན་འདས་ཀྱི་ཞམ་རིང་དུ་འབྲང་ཞིང་སྟོན་པ་བཞུགས་པ་དེར་སྣམ་སྦྱར་གདིང་ངོ་སྙམ་སྟེ། རས་ཡུག་ཆེན་གྱི་རྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་བཏིང་བ་ལ་སྟོན་པ་བཞུགས་ནས། འོད་སྲུངས་ཁྱོད་ཀྱི་སྣམ་སྦྱར་ཡང་ངོ༌། །འཇམ་མོ། །གསོལ་བ། ཐུགས་བརྩེ་བའི་སླད་དུ་བདག་གི་སྣམ་སྦྱར་བཞེས་སུ་གསོལ། །སྟོན་པས་ཀྱང་བཞེས་ནས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་དེ་ལ་གནང་ངོ༌། །འོད་སྲུངས་ལ་གདམས་ངག་གདམས་པས། ཉི་མ་བརྒྱད་ཀྱི་བར་དུ་བསླབ་པ་ལ་གནས་ནས། དགུ་པ་ལ་དགྲ་བཅོམ་པ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བ། མ་རིག་པའི་སྒོ་ངའི་སྦུབས་དང་བྲལ་བ། རིག་པ་དང༌། མངོན་པར་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང༌། འདོད་པའི་རྙེད་པ་ལ་ཆགས་པ་དང༌། བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང༌། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང༌། ཕྱག་བྱ་བར་གྱུར་ཏོ། །དེའི་ཚེ་འོད་སྲུངས་ཀྱིས་ཁྱད་པར་ཆེན་པོ་འདི་རྟོགས་པས་འོད་སྲུངས་ཆེན་པོ་ཞེས་གྲགས་སོ། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་ལྗོངས་རྒྱུ་ཞིང་གཤེགས་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཏུ་རི་བོ་དང་མཛེས་པ་འཕྲད་པའི་དུས་སྟོན་བྱེད་པ་ན་མུ་སྟེགས་ཅན་རྣམས་ངེས་པར་འདུ་བ་ཡིན་པས་(༡༣བ)གཅེར་བུ་པ་རྣམས་དོང་བ་དང༌། སེར་སྐྱ་བཟང་མོ་འདི་སྙམ་དུ། སུ་ཞིག་འདི་ལྟར་ཡུན་རིང་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད་སྙམ་དུ་དེ་ཉོན་མོངས་པས་ཡིད་བྱུང་ནས། སློང་མོ་ལ་སྙད་བཏགས་ཏེ་རྒྱལ་པོའི་ཁབ་ཏུ་སོང་ངོ༌། །
འོད་སྲུངས་ཆེན་པོའང་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པས་བཟང་མོ་ཁ་དོག་རྒྱས་པ་མ་ཡིན་པར་གྱུར་པ་མཐོང་ནས་སྨྲས་པ། སྲིང་མོ། ཚངས་སྤྱོད་ཡོངས་སུ་བསྐྱངས་སམ། དེས་སྨྲས་པ། བདག་རང་གི་ཁྱིམ་ན་གནས་པ་ཁོ་ན་ཚངས་པར་སྤྱོད་ཀྱི། ད་ལྟ་ནི་མི་ཚངས་པ་ཁོ་ནར་བས་ཏེ། ཚངས་སྤྱོད་མ་མཆིས་སོ། །སྲིང་མོ། ཚངས་སྤྱོད་ལ་གནས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངམ། དེས་སྨྲས་པ། ཁྱེད་ལའང་རྒྱས་གཏོད་པ་མེད་གྲང༌། སྲིང་མོ། མ་འཇིགས་ཤིག །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དྲི་ང་བ་མེད་པ། སྡིག་པ་མེད་པ་ཡིན་ནོ། །དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པའང་དོན་དུ་མི་གཉེར་ན་མིའི་འདོད་པ་ལྟ་ཅི་སྨོས། དེས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་ནས་རབ་ཏུ་བྱུང༌། བསྙེན་པར་རྫོགས་པར་བྱས་སོ། །དེ་བསོད་སྙོམས་ལ་ཞུགས་པ་ན། གཡོན་ཅན་དང༌། འཕྱོན་མ་དང༌། ཟོལ་པ་དག་འདི་ལྟ་བུའི་གཟུགས་སྡུག་པ་འདི་ལོངས་སྤྱོད་པ་མེད་པར་དགའ་བར་བྱེད་དོ་ཞེས་ཁ་ཟེར་རོ། །དུས་གཞན་ཞིག་ན་འོད་སྲུངས་ཆེན་པོ་བསོད་སྙོམས་ལ་ཞུགས་པ་དང༌། བཟང་མོ་མཐོང་ནས་སྨྲས་པ། སྲིང་མོ། ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་འམ། སྨྲས་པ། བདག་ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་སྟེ་མི་དགའ་བ་མ་མཆིས་སོ། །འོན་ཀྱང་བདག་ནི་ལུག་ཚོན་པོ་དང་འདྲ་བར་གཟུགས་འདིས་གནོད་པ་བྱུང་སྟེ། གང་དང་གང་དུ་ཕྱིན་པ་དེར་སྐྱེ་བོ་དེ་བདག་ལ་ཁ་ཟེར་རོ། །འོད་སྲུངས་ཀྱིས་སྨྲས་པ། ཁྱོད་བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་པར་མ་བྱེད་ཅིག །ངས་ཁྱོད་ལ་ཉིན་རེ་ཞིང་རང་གི་བསོད་སྙོམས་ལས་ཕྱེད་ཕྱེད་སྦྱིན་ནོ། །དེས་བསོད་སྙོམས་ལ་རྒྱུས་ནས་ཕྱེད་རང་གིས་སྤྱད། ཕྱེད་དེ་ལ་བྱིན་པ་དྲུག་སྡེ་རྣམས། འོད་སྲུངས་འདི་ཁྱིམ་ན་གནས་པ་ན་བཟང་མོ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ལོ་བཅུ་གཉིས་གནས་ཀྱང་འདོད་ཆགས་ཀྱི་སེམས་མ་སྐྱེས་སོ་ཞེས་ཐོས་ན། ད་ལྟར་ནི་དེ་ལ་བསོད་སྙོམས་ཕྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ། །
དེ་ནས་འོད་སྲུངས་ཆེན་པོས་བཟང་མོ་ལ་ཆོས་བསྟན། དེས་བརྩོན་པ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཐོབ་བོ། །རེ་ཞིག་ན་འོད་སྲུངས་ཆེན་པོས་དགེ་སློང་དག་འཕྱ་བ་ཐོས་ནས་བཟང་མོ་ལ་སྨྲས་པ། སྲིང་མོ། ངས་དགེ་བའི་བཤེས་གཉེན་གྱི་བྱ་བ་གང་ཡིན་པ་དེ་བྱས་ཟིན་ལ། རི་དྭགས་ཀྱིས་རི་དྭགས་མི་གསོས་ཀྱིས། ད་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ། ཕའི་ཡུལ་དུ་སྦྱངས་པའི་ཡོན་ཏན་བསོད་སྙོམས་(༡༤ན)སྤེལ་ཞིག །དེའི་ཚེ་མ་སྐྱེས་དགྲས་སྡིག་པའི་གྲོགས་པོ་ལྷས་བྱིན་ལ་བརྟེན་ནས་ཕ་སྲོག་དང་ཕྲལ་ཏེ། ཕའི་རྒྱལ་སྲིད་ལ་འདུག་གོ །འདུག་མ་ཐག་ཏུ་འགྱོད་པ་སྐྱེས་ནས་མྱ་ངན་གྱི་ཁང་པར་ཞུགས་སོ། །ཐབས་དུ་མས་མྱ་ངན་བསང་བའི་ཐབས་བྱས་ཀྱང་མ་སྐྱེས་དགྲའི་མྱ་ངན་བསང་མ་ནུས་སོ། །དུས་གཞན་ཞིག་ན་བཟང་མོ་སྤྱོད་ལམ་ཀུན་ནས་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང༌། བློན་པོ་ངན་སེམས་ཅན་ཞིག་གིས་མཐོང་སྟེ། འདིས་རྒྱལ་པོའི་མྱ་ངན་སེལ་ནུས་སོ་སྙམ་ནས་དེས་བཟང་མོ་བཟུང་སྟེ་རྒྱལ་པོ་ལ་འོས་པའི་ཁྲུས་དང་རྒྱན་གྱིས་བརྒྱན་ནས་མ་སྐྱེས་དགྲ་ལ་ཕུལ་ལོ། །བཟང་མོའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས། རྒྱལ་པོ་མ་སྐྱེས་དགྲས་བཟང་མོ་མཐོང་མ་ཐག་ཏུ་ཆགས་ནས་དེ་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །དེ་ནས་གསོ་སྦྱོང་གི་ཚེ་བཟང་མོ་ཚོགས་ན་མི་སྣང་ངོ༌། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བསམས་པ་ན་བཟང་མོ་ཉམ་ང་བར་གྱུར་པ་མཐོང་ནས། ཨུཏྤ་ལའི་མདོག་ལ་སྨྲས་པ། ཕུ་ནུ་མོ། བཟང་མོ་ལ་སོམས་ཤིག །དེ་ནས་ཨུཏྤ་ལའི་མདོག་གིས་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི་ཁྱིམ་དུ་སྐར་ཁུང་གི་བུ་ག་ནས་ཞུགས་ཏེ་བཟང་མོ་ལ་སྨྲས་པ། ཁྱོད་ཀྱིས་ཐོག་མ་མེད་པ་ནས་གོམས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤངས་ན། ཅིའི་ཕྱིར་རྫུ་འཕྲུལ་རོ་དང་འདྲ་བ་མུ་སྟེགས་ཅན་དང་ཐུན་མོང་བ་འདི་མངོན་དུ་མ་བྱས། བཟང་མོས་སྨྲས་པ། རྫུ་འཕྲུལ་གྱི་ལམ་མི་ཤེས་སོ། །དེས་དེ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ནས་བསམ་གཏན་བཞི་ལ་བརྟེན་ཏེ་རྫུ་འཕྲུལ་བསྒྲུབས་ནས་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་དུ་སོང་ངོ༌། །དགེ་སློང་མ་བཅུ་གཉིས་སྡེས་མཐོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སྨྲས་པ། བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་མི་བགྱིའོ། །སྐྱེ་དགུའི་བདག་མོ་ཆེན་མོས་བཟང་མོ་ལ་སྨྲས་པ། ཁྱོད་རྒྱལ་པོའི་གན་དུ་སོང་ནས་གོས་དང་རྒྱན་སླར་བྱིན་ལ་རྒྱལ་པོས་གནང་བར་གྱིས་ཏེ་གོས་ངུར་སྨྲིག་བགོས་ལ་བདག་ཅག་གི་དྲུང་དུ་ཤོག་ཅིག །
དེ་ནས་བཟང་མོ་མ་སྐྱེས་དགྲའི་ཁྱིམ་དུ་སོང་བ་དང༌། མ་སྐྱེས་དགྲས་འཁྱུད་པར་བརྩམས་པས། བཟང་མོ་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་སོ། །དེ་རྒྱལ་པོས་མཐོང་ནས་སུ་ཞིག་ཡིན་སྙམ་དུ་འཇིགས་ཤིང་སྐྲག་ནས་སྨྲས་པ། ཁྱོད་ཅི་ལྷ་མོའམ་ཀླུ་མོའམ། །གནོད་སྦྱིན་སྲིན་མོ་དྲི་ཟ་མོ། །བུད་མེད་འདྲ་མོའམ་ཅི་ཡིན་པ། །དྲིས་པ་དེ་ནི་བདག་ལ་གསུངས། །བཟང་མོས་སྨྲས་པ། བདག་ནི་ལྷ་མོ་ཀླུ་མོ་མིན། །དྲི་ཟ་གནོད་སྦྱིན་སྲིན་མོ་མིན། །མི་དབང་བདག་ནི་བདེ་གཤེགས་ཀྱི། །བྱ་བ་བྱས་པའི་ཉན་ཐོས་མའོ། །དེ་ནས་མ་སྐྱེས་དགྲ་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས། ཀྱེ་མ་ཀྱི་(༡༤བ)ཧུད་སྡིག་པ་ཆེན་པོ་བྱས་སོ་སྙམ་དུ་སེམས་པ་ལས། བརྒྱལ་ནས་ས་ལ་འགྱེལ་བ་ལ་ཆུས་གཏོར་ནས་བསླང་ངོ༌། །དེ་ནས་མ་སྐྱེས་དགྲས་སེམས་རྙེད་དེ། འཕགས་མ། མར་གཤེགས། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་སུག་པ་ནས་དྲང་དུ་གསོལ། དེ་ནས་བཟང་མོས་དེ་རྗེས་སུ་བཟུང་བའི་ཕྱིར་བབས་ནས་སྟན་བཤམས་པ་ལ་འདུག་གོ །དེ་ནས་མ་སྐྱེས་དགྲས་ལྗོན་ཤིང་རྩ་བ་ནས་བཅད་པ་བཞིན་དུ་བཟང་མོའི་རྐང་པ་གཉིས་ལ་གཏུགས་ནས། འཕགས་མ། བཟོད་པ་མཛད་དུ་གསོལ། རྒྱལ་པོ་ཆེན་པོ། བདག་བཟོད་དོ། །དེ་ནས་བཟང་མོས་གོས་དང་རྒྱན་རྒྱལ་པོ་ལ་བྱིན། རྒྱལ་པོས་བཟང་མོ་ལ་གོས་ངུར་སྨྲིག་དག་བྱིན་ནས་རྐང་པ་གཉིས་ལ་ཕྱག་བཙལ་ཏེ། འཕགས་མ། ཁྱོད་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང༌། བསོད་སྙོམས་དང༌། ཡོ་བྱད་རྣམས་ཀྱིས་བསྟབ་པར་བགྱིའོ། །བཟང་མོས་སྨྲས་པ། ལྷ། ཕལ་ཆེར་བདག་གི་ལས་ཀྱིས་ཉེས་ཀྱི། ཁྱོད་ཀྱིས་མ་ཉེས་ཏེ། བཅོམ་ལྡན་འདས་ཀྱིས། གང་དུ་གནས་ནའང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས་པས་སོ། །
གཞན་ཡང༌། ཇི་ལྟར་གྲིབ་མ་མི་ཡི་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བ་བླ་ན་མེད་པ་གསུངས། །དེ་ནས་བཟང་མོས་རྒྱལ་པོ་ལ་ཚིག་སྙིང་སྡུད་པར་བྱེད་པ་དེ་ལྟ་བུའི་ཆོས་བསྟན་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ངོ༌། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཙུན་པ། འོད་སྲུངས་ཆེན་པོ་དང་བཟང་མོ་འདོད་ཆགས་ཆུང་བ་ལ་གཟིགས། དགེ་སློང་དག །སྔོན་རྒྱལ་པོའི་ཕོ་བྲང་ཞིག་ན་ཞིང་པ་ཞིག་འདུག་པ་སྔར་ལངས་ནས་ཞིང་རྨོད་དུ་འགྲོ་ཁར་ཆུང་མ་ལ། ཉི་མ་ཤར་བ་ན་གཡར་ཚུས་ཁྱེར་ལ་ཤོག་ཅེས་བསྒོའོ། །དེའི་ཆུང་མས་གཡར་ཚུས་ཁྱེར་ཏེ་འོངས་པ་དང༌། རང་སངས་རྒྱས་བསེ་རུ་ལྟ་བུ་ཞིག་ཀྱང་འོངས་པ་ལ་དེ་གཉིས་ཀྱིས་བསོད་སྙོམས་ཕུལ་ནས། བདག་ཅག་གཉིས་ཚེ་རབས་ཐམས་ཅད་དུ་འདོད་ཆགས་ཆུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཞིང་པ་དེ་ནི་འོད་སྲུངས་ཡིན་ནོ། །དེའི་ཆུང་མ་དེ་ནི་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པས་འདོད་ཆགས་ཆུང་བར་གྱུར་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཙུན་པ། འོད་སྲུངས་ཆེན་པོ་དང་བཟང་མོས་ལས་ཅི་ཞིག་བགྱིས་པས་གཉིས་ཀ་རབ་ཏུ་བྱུང་བར་གྱུར། བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །
དེ་ཡང་སྔོན་གྲོང་ཁྱེར་ཆེན་པོའི་ཕྱི་རོལ་གྱི་གྲོང་ན་རྫ་མཁན་གྱི་དཔོང་སའི་ཁང་པ་(༡༥ན)ཞིག་ཡོད་པ་དེར་རང་སངས་རྒྱས་ཤིག་སོང་ནས་རྫ་མཁན་ལ། བཞིན་བཟང༌། ཁྱོད་ལ་མི་བདེ་བ་མེད་ན་དཔོང་སའི་ཁང་པའི་ཕྱོགས་ཤིག་ཏུ་གནས་བཅའ་འོ། །རྫ་མཁན་གྱིས་སྨྲས་པ། ཅི་བདེར་བཞུགས་ཤིག །དེ་ནས་རང་སངས་རྒྱས་དེ་དཔོང་སའི་ཁང་པའི་ཕྱོགས་ཤིག་ཏུ་རྩྭའི་གདིང་བ་བཤམས་པ་ལ་སྐྱིལ་ཀྲུང་བཅས་ནས་འདུག་གོ །དེ་བཞིན་དུ། དེ་ནས་རང་སངས་རྒྱས་གཉིས་པ་ཞིག་ཀྱང་འོངས་ནས་སྔར་བཞིན་དུ་བརྙས་ཏེ་དཔོང་སའི་ཁང་པ་དེའི་གྲྭ་གཉིས་པར་འདུག་གོ །གསུམ་པ་ཞིག་ཀྱང་འོངས་ནས་གྲྭ་གསུམ་པར་འདུག །བཞི་པ་ཞིག་ཀྱང་འོངས་ནས་གྲྭ་བཞི་པར་འདུག་གོ །དེ་ནས་མཚན་མོ་རང་སངས་རྒྱས་བཞི་པོ་དེ་དག་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང༌། རྫ་མཁན་གྱིས་སྒོ་གསེབ་ནས་དཔོང་སའི་ཁང་པ་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབུར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ནས། ཡོན་གནས་འདི་ལྟ་བུ་དག་བདག་གི་དཔོང་སའི་ཁང་པར་གནས་པ་ནི་བདག་དབང་ཐང་ཆེ་བ་དང༌། ཕན་འདོགས་དང་ལྡན་པ་ཡིན་ནོ་སྙམ་སྟེ། ཀྱེ་མའོ་ཡོན་གནས་བྱོན་པ་དག །རིང་མོ་ཞིག་ནས་མཐོང་གྱུར་པས། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །བདག་ནི་བདེ་བ་ཉིད་དུ་འགྱུར། །ཞེས་སྨྲས་སོ། །རང་རྒྱལ་དེ་དག་ཀྱང་ཡོན་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསམ་གཏན་དང༌། རྣམ་ཐར་དང༌། ཏིང་ངེ་འཛིན་དང༌། སྙོམས་འཇུག་གིས་མཚན་མོ་འདས་ནས་ཕན་ཚུན་ཀུན་དགའ་བར་འགྱུར་བ་རྩོམ་སྟེ། དེ་རྣམས་ཀྱིས་གཅིག་ལ་སྨྲས་པ། ཁྱོད་སུ་ཡིན། ཅིའི་ཕྱིར་རབ་ཏུ་བྱུང༌། དེས་སྨྲས༌པ། ཁྱེད་རྣམས་ཀྱིས་ཡུལ་ཀ་ལིང་ཀ་ན་རྒྱལ་པོ་ལག་ན་རྣ་ཅན་ཞེས་བྱ་བ་བྱུང་བ་ཐོས་སམ། ཐོས་སོ། །བདག་དེ་ཡིན་ཏེ། རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ༌། །དེ་རྣམས་ཀྱིས་སྨྲས་པ། ཉེས་དམིགས་ཅི་མཐོང་ནས་རབ་ཏུ་བྱུང༌། དེས་སྨྲས་པ། བདག་ཁང་བཟང་གི་ཐོག་ན་འདུག་པའི་ཚེ། དེ་ན་བྱ་ཞིག་གིས་ཤའི་དུམ་བུ་ཞིག་ཁྱེར་ནས་འཕུར་བ་ན་ཤ་དེའི་ཕྱིར་དུ་བྱ་དེ་བྱ་གཞན་མང་པོས་གཙེས་སོ། །བྱ་དེས་ཤ་དེ་བོར་བ་དང་བྱ་གཞན་ཞིག་གིས་བླངས་པས་ཤ་བོར་བ་དེ་བཏང་ལ། ཤ་གང་གིས་བླངས་པ་དེ་ཀུན་ནས་བསྐོར་ཏེ་ཕན་ཚུན་དུ་འཕྲོག་པ་ན་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཤ་ལེན་པ་དེ་བཅིངས་ནས་འདོར་བ་དེ་གཏོང་བར་བྱེད་པས་ན། བདག་ཀྱང་རྒྱལ་སྲིད་ལ་བརྟེན་ནས་ཉི་འོག་གི་རྒྱལ་པོ་དང་འཐབ་པ་དང་རྩོད་པར་གདོན་མི་ཟ་བས་བདག་ཀྱང་རྒྱལ་སྲིད་ཀྱི་བདེ་བས་ཆོག་གོ་སྙམ་ནས་ངེས་པར་བྱུང་སྟེ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །
ཡང་སྨྲས་པ། བྱ་ཡིས་ཤ་ཡི་དུམ་བུ་ཁྱེར་བ་ན། །བྱ་གཞན་ཀུན་ནས་བསྐོར་ཞིང་འབྲང་བ་མཐོང༌། །དེ་ལྟར་འདོད་པའི་ཡོན་ཏན་རིག་(༡༥བ)བྱས་ཏེ། །བསེ་རུ་ལྟ་བུ་གཅིག་པུར་སྤྱོད་པར་གྱུར། །ཡང་དེ་རྣམས་ཀྱིས་གཉིས་པ་ལ། ཁྱོད་སུ་ཡིན། ཇི་ལྟར་རབ་ཏུ་བྱུང༌། སྨྲས་པ། ཁྱེད་རྣམས་ཀྱིས་ཡུལ་མི་ཐི་ལིའི་རྒྱལ་པོ་གདོང་མ་ལེགས་བྱ་བ་དེ་ཐོས་སམ། ཐོས་སོ། །དེ་བདག་ཡིན་ཏེ། རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ༌། །ཉེས་དམིགས་ཅི་མཐོང༌། དེས་སྨྲས་པ། བདག་ཁང་བཟང་གི་ཐོག་ན་འདུག་པའི་ཚེ། གླང་གཉིས་འདོད་པའི་རྒྱུས་ཕན་ཚུན་བསྣད་ཅིང་རྨས་པ་མཐོང་ནས་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། དུད་འགྲོ་འདི་གཉིས་ཀྱང་འདོད་པའི་རྒྱུས་ཕན་ཚུན་བསྣད་པ་དང་རྨས་པར་གྱུར་ན། བདག་ཀྱང་འདོད་པའི་རྒྱུས་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་འཐབ་པ་དང་རྩོད་པར་འགྱུར་བ་གདོན་མི་ཟ་བས་བདག་རྒྱལ་སྲིད་ཀྱིས་ཆོག་གོ་སྙམ་ནས་ངེས་པར་བྱུང་སྟེ་རབ་ཏུ་བྱུང་ནས་རང་རྒྱལ་བྱང་ཆུབ་མངོན་དུ་བྱས་སོ། །ཡང་སྨྲས་པ། འདོད་པའི་གཞི་དང་རྒྱུ་ཡིས་ནོག་གཡོ་ཞིང༌། །བསྣད་དང་ཅིག་ཤོས་རྨས་པར་གྱུར་མཐོང་བ། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །ཡང་དེ་རྣམས་ཀྱིས་གསུམ་པ་ལ་སྨྲས་པ། ཁྱོད་སུ་ཡིན། ཇི་ལྟར་རབ་ཏུ་བྱུང༌། བདག་ཝཱ་ར་ཎཱ་སཱིའི་རྒྱལ་པོ་ཚངས་བྱིན་ཡིན་ཏེ། རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ༌། །ཉེས་དམིགས་ཅི་མཐོང༌། དེས་སྨྲས་པ། སོ་གའི་དུས་ཤིང་རྣམས་མེ་ཏོག་ལེགས་པར་རྒྱས། བུང་འཕུར་བའི་ལང་ལིང་གིས་མེ་ཏོག་གི་མགོ་ལྕོགས་སྡུག་གུ་རྣམས་ནི་ལྡེམ། ཙན་དན་བསྟེན་པ་དང་མཐུན་པའི་ནགས་ཚལ་གྱི་ནང་ན་ངང་པ་ལ་སོགས་པ་སྐད་འབྱིན་པའི་ཚེ་བདག་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་སོང་བ་དང༌། ཨ་མྲའི་ཤིང་གི་མེ་ཏོག་ཤིན་ཏུ་སྤ་བ་ལ་བཙུན་མོ་རྣམས་ཆགས་པས། སྐད་ཅིག་གིས་ཡལ་ག་རྣམས་བཅག་ནས་བཞག་གོ །དེ་ལ་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་ཏེ། ཕྱི་རོལ་གྱི་དངོས་པོ་རྣམས་ཕུན་སུམ་ཚོགས་པ་ན་མཛེས་ལ། ཉམས་པ་ན་མི་མཛེས་པ་ཡིན་ན། རྒྱལ་སྲིད་ཀྱང་དེ་ལྟར་ཡིན་སྙམ་ནས་རབ་ཏུ་བྱུང་སྟེ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །
ཡང་སྨྲས་པ། ཨ་མྲའི་ཤིང་རྩེ་མེ་ཏོག་ལེགས་རྒྱས་པ། །ཡིད་འོང་གཟུགས་ལྡན་ཆགས་པ་མཐོང་བ་ན། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །བཞི་པ་དེ་ལའང་དྲིས་པ། ཁྱོད་སུ་ཡིན། ཇི་ལྟར་རབ་ཏུ་བྱུང༌། དེས་སྨྲས་པ། བདག་ཡུལ་བྲང་གིས་ཉལ་ན་རྒྱལ་པོ་གཅེར་བུ་ཐུལ་ཞེས་བྱ་བ་དེ་ཡིན་ཏེ། རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ༌། །ཉེས་དམིགས་ཅི་མཐོང༌། བདག་ཁང་བཟང་གི་ཐོག་ན་འདུག་པའི་ཚེ་བཙུན་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་ཚོན་རྩི་འཐག་པ་ན་སྒྲ་བྱུང་བས། བདག་འདི་སྙམ་དུ། ཕྱི་རོལ་གྱི་དངོས་པོ་(༡༦ན)འདི་སེམས་མེད་ཀྱང་བརྡུངས་པ་ན་སྒྲ་འབྱུང་ན། བདག་གི་རྒྱལ་སྲིད་ལ་བརྟེན་ནས་ཚིག་ངན་སྣ་ཚོགས་འབྱུང་བ་ལྟ་ཅི་སྨོས། རྒྱལ་སྲིད་ཀྱིས་ཆོག་གོ་སྙམ་ནས་རབ་ཏུ་བྱུང་སྟེ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །
ཡང་སྨྲས་པ། གསེར་མགར་གྱིས་ནི་ལེགས་པར་བརྡངས་པ་ཡི། །གསེར་གྱི་འོད་གསལ་ལག་པའི་མཁྲིག་མ་གཉིས། །རྡུང་བ་ཐོས་པ་དེ་ལྟར་བདག་དང་ནི། །གཞན་དག་ལྷན་ཅིག་གླེང་གཞི་འདི་ཡི་རྒྱུས། །ཚིག་ངན་སྣ་ཚོགས་འཐོན་ཅིང་སེམས་འཁྲུག་པ། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། །དེ་ལྟར་དེ་དག་ཕན་ཚུན་སྨྲས་ནས་འདུག་གོ །རྫ་མཁན་དང་དེའི་ཆུང་མས་ཀྱང་དེ་ཐོས་ནས་བདག་ཉིད་ཆེན་པོ་འདི་དག་རྒྱལ་སྲིད་ཀྱང་སྤངས་ནས་རབ་ཏུ་བྱུང་ན། བདག་ཅག་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། དེ་ནས་ནམ་ལངས་པ་དང་རྫ་མཁན་ཁྱོ་ཤུག་གིས་རང་རྒྱལ་དེ་དག་སྤྱན་དྲངས། བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ནམ་དུའང་དབུལ་པོའི་ཁྱིམ་དུ་སྐྱེ་བར་མ་གྱུར་ཅིག །སྟོན་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མཉེས་པར་བགྱིད་པར་གྱུར་ཅིག་ཅེས་བྱས་ནས། དེ་གཉིས་རབ་ཏུ་འབྱུང་བ་ལ་དགའ་བར་གྱུར་ཏོ། །རེ་ཞིག་ན་རྫ་མཁན་བུམ་པ་ཐོགས་ནས་ཆུ་ལེན་དུ་སོང་བ་ན་ཆུང་མ་རབ་ཏུ་བྱུང་བ་དང༌། དེའི་རྗེས་ལ་རྫ་མཁན་ཡང་རབ་ཏུ་བྱུང་ངོ༌། །དེའི་དུས་ཀྱི་རྫ་མཁན་དེ་ནི་འོད་སྲུངས་ཆེན་པོ་ཡིན་ནོ། །དེའི་ཆུང་མ་དེ་ནི་བཟང་མོ་ཡིན་ཏེ། དེའི་ཚེའང་ཡིད་བྱུང་བ་ཆུང་ངུས་རབ་ཏུ་བྱུང༌། དེ་ལྟར་ཡང་ཆུང་ངུས་སོ། །དེ་བས་ན་ངེས་འབྱུང་གི་རྒྱུ་བསྟེན་པས་འདི་ལྟ་བུའི་ཡོན་ཏན་ཅན་དུ་འགྱུར་ཏེ། འོད་སྲུངས་དང་བཟང་མོ་བཞིན་དུ་དགེ་སློང་རྣམས་ཀྱིས་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཙུན་པ། བཟང་མོས་ལས་ཅི་བགྱིས་ན་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པར་འགྱུར། དགེ་སློང་དག །སྔོན་རྒྱལ་པོའི་ཕོ་བྲང་ཞིག་ན་རྒྱལ་པོ་ཞིག་ཡོད་ལ། ཚོང་དཔོན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞིག་ཀྱང་གནས་པ་ལས། དེས་སྐྱེ་བོའི་ཚོགས་ལ་བལྟས་པ་ན། སེམས་ཅན་བརྒྱ་སྟོང་དུ་མ་སྡུག་བསྔལ་དང་ལྡན་པ་མཐོང་ལ། ཁ་ཅིག་ལུས་ལ་གོས་དང་རྒྱན་བཟང་པོས་བརྒྱན་པ། འབྱོར་པ་མཆོག་དང་ལྡན་པ་མཐོང་ནས། དེ་འདི་སྙམ་དུ། སེམས་ཅན་སྡུག་བསྔལ་བ་འདི་རྣམས་ཀྱིས་སྦྱིན་པ་མ་བཏང་བས་སྡུག་བསྔལ་བར་གྱུར་ལ། ད་ལྟར་ཡང་སྦྱིན་པ་གཏོང་མི་ནུས་པས་ཤི་ནས་དམན་པ་རྣམས་སུ་སྐྱེ་བར་འགྱུར་རོ། །སྦྱིན་པ་བཏང་བས་ནི་ལོངས་སྤྱོད་ཅན་འདི་དག་ཏུ་གྱུར་པ་ཡིན་ནོ། །བདག་གིས་ཀྱང་སྔོན་སྦྱིན་པ་བཏང་བས་འབྱོར་པ་རྙེད་པར་གྱུར་ལ། ད་ལྟར་ཡང་བྱིན་ནས་ཕྱི་མ་སྡུག་བསྔལ་བར་མི་འགྱུར་བར་བྱའོ་སྙམ་སྟེ། (༡༦བ)རང་གི་ཆུང་མ་ལ། བཟང་མོ། འཇིགས་རྟེན་ཕ་རོལ་ཏུ་ནོར་བསགས་པ་རྣམས་ཁྱེར་ལ་འདོང་ངོ༌། །དེས་སྨྲས་པ། དེ་ལྟར་བགྱི་ཡི། རྟ་དང༌། རྔ་མོ་དང༌། བོང་བུ་དག་སྟ་གོན་མཛོད་ཅིག །ཚོང་དཔོན་གྱིས་སྨྲས་པ། རྟ་ལ་སོགས་པས་འཇིག་རྟེན་ཕ་རོལ་ཏུ་ནོར་འཁྱེར་བར་མི་ནུས་ཀྱིས། ཕོངས་པ་དང་ཚོང་པ་ཁྱིམ་དུ་འོངས་པ་རྣམས་ལ་སྦྱིན་པར་བྱིན་ཅིག །དེ་བཞིན་དུ་བགྱིའོ། །
དེ་ནས་རང་སངས་རྒྱས་སྐེམ་ཞིང་ཉམ་ཆུང་བ། གོས་ཧྲུལ་པོ་ཅན་ཞིག་བསོད་སྙོམས་ལ་ཞུགས་ནས་ཚོང་དཔོན་དེའི་སྒོ་ན་འདུག་པ་དང༌། བྲན་མོ་ཆུ་འཆུ་བས་དེ་མཐོང་ནས། ཁྱིམ་དུ་བཞུད་དང༌། སློང་མོ་རྙེད་པར་འགྱུར་རོ། །དེ་སོང་བ་དང་ཚོང་དཔོན་གྱི་ཆུང་མས་མཐོང་ཡང༌། སྐེམ་ཞིང་ཉམ་ཆུང་ལ་ཆོས་གོས་ཧྲུལ་པོ་ཅན་ནོ་སྙམ་ནས་སློངས་པོ་མ་བྱིན་པར་ཕྱིར་བྱུང་ངོ༌། །བྲན་མོ་དེ་བུམ་པ་ཆུས་བཀང་ནས་སླར་འོངས་པ་དང༌། ལྷུང་བཟེད་སྟོང་པར་མཐོང་ནས་དྲིས་པ། ཁྱིམ་འདིར་མ་བྱོན་ནམ། འོངས་ཀྱང་སློངས་མོ་མ་རྙེད་དོ། །དེས་དེ་ཁྲིད་ནས་ཇོ་མོ་ལ་སྨྲས་པ། ཅིའི་ཕྱིར་འདི་ལ་བསོད་སྙོམས་མ་བྱིན། འདི་ལ་ང་མ་དད་པས་སོ། །ཅི། ཇོ་བོས་ཁང་དོག་བཟང་བ་དང༌། དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོ་འམ། དེས་སྨྲས་པ། འདི་ལ་ང་མ་དད་ཕན་ཆད་མང་དུ་སྨྲས་ཀྱང་ཅི་ཕན། དེ་ནས་བྲན་མོས་ཇོ་མོ་ལ། བདག་གི་འཚལ་མ་ནར་མ་དེ་བག་ལ་སྩོལ་ཅིག །དེས་ཀྱང་བྱིན་པ་དང༌། བྲན་མོས་ཟན་ཕྱེ་བྲེའུ་ཆུང་གང་རང་སངས་རྒྱས་དེ་ལ་ཕུལ་ནས་འདི་སྙམ་དུ་འཕགས་པ་འདི་ཆོས་གོས་ཧྲུལ་བས་ཁྱད་དུ་བསད་པ་ཡིན་པས་བདག་གིས་རས་ཡུག་དབུལ་ལོ་སྙམ་ནས་རས་ཡུག་དཀར་པོའང་ཕུལ་ལོ། །རང་སངས་རྒྱས་དེས་ཀྱང་བྲན་མོ་དེ་དད་པ་བསྐྱེད་པའི་ཕྱིར་དུ་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་ནམ་མཁའ་ལ་འཕགས་སོ། །དེས་དེ་མཐོང་མ་ཐག་ཏུ་སེམས་དད་པར་གྱུར་ནས་ཞབས་ལ་ཕྱག་བཙལ་ཏེ། འཕགས་པ་འདི་ཁ་དོག་ངན་པས་ཁྱད་དུ་བསད་པ་ཡིན་ནོ་སྙམ་ནས། སྨོན་ལམ་བཏབ་པ། བདག་གི་དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་ཤིང་མདོག་བཟང་བ། བལྟ་ན་སྡུག་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་རྒྱལ་པོ་བློན་པོའི་ཚོགས་ཀྱིས་བསྐོར་ནས་འདུག་པའི་སྟེང་དུ། རང་སངས་རྒྱས་དེའི་གྲིབ་མ་བབས་པ་དང༌། དེས་སྟེང་དུ་བལྟས་པ་ན་རང་སངས་རྒྱས་ཆོས་གོས་དང་རས་ཡུག་དང་ལྷུང་བཟེད་ཐོགས་པ། མཛེས་པ་ཞིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། བདག་ཉིད་ཆེན་པོ་འདི་ལྟ་བུ་ཡུལ་གྱི་བསོད་སྙོམས་ལེན་པ་དེ་ནི་བདག་དབང་ཐང་ཆེ་བ་དང༌། ཕན་འདོགས་དང་ལྡན་པ་ཡིན་ནོ་སྙམ་ནས། དེང་འདི་ལ་བསོད་སྙོམས་སྦྱིན་པར་བྱེད་པ་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་པར་བྱའོ་ཞེས་སྨྲས་སོ། །ཚོང་དཔོན་དེ་ཡང་འཁོར་དེར་འདུག་པས། བདག་གིས། བསོད་སྙོམས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཅིག་ཅེས་བསྒོ་བས། (༡༧ན)ངེས་པར་བདག་གི་ཁྱིམ་ནས་བསོད་སྙོམས་ཕུལ་བ་ཡིན་གྱི་བརྟག་གོ་སྙམ་ནས་རིངས་པར་ཁྱིམ་དུ་སོང་ངོ༌། །ཆུང་མ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ་དད་ནས། བྲན་མོ་ལ་སྨྲས་པ། བསོད་ནམས་ང་ཡིར་བྱའོ། །ཁྱོད་ལ་ཁ་ཟས་མཆོག་ཏུ་བསོད་པ་དག་སྦྱིན་ནོ། །བྲན་མོས་སྨྲས་པ། ཁྱོད་ཇོ་མོ་ཡིན་པས་བདག་གི་སྲོག་ལ་དབང་གི་བསོད་ནམས་ལ་མི་དབང་བས་མི་སྦྱིན་ནོ། །དེ་ཁྲོས་ནས་ལག་པའི་མཁྲིག་མ་གདུ་བུ་དང་བཅས་པ་བྲན་མོའི་མགོར་བརྒྱབ་པས་མགོ་བསྣད་དེ་ཁྲག་བྱུང་བ་ཚོང་དཔོན་གྱིས་མཐོང་ནས། ཅི་ཉེས་ཞེས་དྲིས་སོ། །དེས་ཀྱང་ཇི་ལྟར་གྱུར་པ་སྨྲས་པ་དང༌། ཚོང་དཔོན་གྱིས་བྲན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ཁྱིམ་བདག་ཏུ་བཅུག་ནས་ཇི་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་བ་དང༌། རྒྱལ་པོས་སྨྲས་པ། དེ་ནི་ཇོ་མོར་འོས་ཏེ། ཁྱོད་ཀྱིས་དེ་ལྟར་མ་བྱས་ན་ངས་དེ་བྲན་མོ་མ་ཡིན་པར་བྱས་པས་འགྱུར་རོ། །འོན་ཀྱང་ངས་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་ནོ། །དེ་དད་པ་ཐོབ། རྐྱེན་རྙེད་པས་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མོ་གཟུགས་ཕུན་སུམ་ཚོགས་པ། འོད་དང་གཟི་མདངས་དང་སྣང་བ་རྒྱ་ཆེན་པོ་དང་ལྡན་པ་ཞིག་ཏུ་སྐྱེས་པས་ལྷའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར། དབང་པོ་དང༌། ཉེ་དབང་བཞི་ཡ་ཡ་པོར་གྱུར་ཏེ། འདི་བདག་གི་ཡིན་ནོ་ཞེས་སོ་སོ་ནས་སྨྲས་སོ། །
དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་འདོད་ཆགས་ཀྱིས་ལྷག་པར་གདུངས་པས་ཚིགས་བཅད་སྨྲ་བ་དེའི་ཡིན་པར་འགྱུར་རོ། །དེ་ནས་གཅིག་གིས་སྨྲས་པ། བློང་ཞིང་རབ་ཏུ་བློང་གྱུར་པས། །བདག་ལ་ཕྱོགས་ནི་སྣང་བ་མེད། །དེ་ལ་སེམས་ནི་གནས་གྱུར་པ། །དེ་ཕྱིར་གྲོགས་དག་འདི་འདོད་དོ། །གཉིས་པས་སྨྲས་པ། ཀྱེ་མའོ་ལྷ་དབང་གང་ཞིག་ནི། །ཚིགས་བཅད་སྨྲ་བ་དེ་རེ་བདེ། །གཡུལ་ངོའི་སྣ་ལ་རྔ་བརྡུངས་པ། །དེ་ལྟར་བདག་ནི་འདོད་ཆགས་སྐྱེས། །གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི། །དེ་དང་དེར་ནི་ངལ་གསོར་ཡོད། །ཆུ་ཀླུང་ཆེན་པོ་མི་བཟད་ལྟར། །དེ་ལྟར་བདག་ནི་འདོད་ཆགས་སྐྱེས། །བཞི་པས་སྨྲས་པ། མི་བཟད་པ་ཡི་ཁྱེར་གྱུར་ཀྱང༌། །དེ་དང་དེར་ནི་ཐོགས་འགྱུར་གྱི། །ཕྱེ་མ་ལེབ་ལྟར་བདག་གི་མིག །རྟག་ཏུ་འཛུམ་པ་མེད་པར་གྱུར། །བརྒྱ་བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲ་བའི་ཕྱིར། །ཁྱེད་ཅག་ཐམས་ཅད་བདེ་བ་ཡིན། །བདག་ནི་ཅི་ག་འཆི་འགྱུར་བའམ། །གསོན་པར་འགྱུར་བའང་མི་ཤེས་སོ། །དེ་ནས་དེ་དག་གིས། འདི་ནི་བརྒྱ་བྱིན་འདོད་པས་དེ་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་ནས་ལྷའི་བུ་མོ་དེ་བརྒྱ་བྱིན་ལ་བྱིན་ནོ། །དེའི་དུས་ཀྱི་བྲན་མོ་དེ་ནི་སེར་སྐྱ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་ལ་བསོད་སྙོམས་དང་རས་ཡུག་ཕུལ་ནས་སྨོན་ལམ་(༡༧བ)བཏབ་པས་གཟུགས་བཟང་བ་དང༌། མཛེས་པར་གྱུར་ཏོ། །ཡང་དགེ་སློང་རྣམས་ཀྱིས་ཞུས་པ། ལྷའི་བུ་མོ་དེས་ཉེ་དབང་བཞི་དང༌། བརྒྱ་བྱིན་ཡ་ཡ་པོར་བྱས་པ་ལ་གཟིགས། དགེ་སློང་དག །དེར་མ་ཟད། དེས་སྔོན་གྲོང་གི་བཀྲབས་པ་བཞི་དང༌། མཆོག་ཏུ་བཀྲབས་པའང་ཡ་ཡ་པོར་བྱས་པ་དེ་ཉོན་ཅིག །ལྷའི་བུ་མོ་དེ་ཉིད་རིགས་མཐོ་བ། ནོར་ཆེ་བ་ཞིག་ཏུ་སྐྱེས་པ་དང༌། དེ་ཚོང་དཔོན་ཞིག་གིས་ཆུང་མར་བླངས་པ་གྲོང་གི་བཀྲབས་པ་བཞི་དང་མཆོག་ཏུ་བཀྲབས་པ་དང་ལྔས་མཐོང་ནས་འདོད་ཆགས་ཀྱིས་ལྷག་པར་གདུངས་ཏེ། དེ་ལ་སོ་སོ་ནས་བང་མི་བཏང་བ་དང༌། དེ་ཁྱོ་ལ་རག་ལས་པས། དེ་རིང༌། སང་ཞེས་དེ་རྣམས་ཀྱི་སེམས་སྲུང་གིན་འདུག་གོ །དེ་ནས་ཉི་མའང་མང་ཞིག་ཐལ་བ་ན། དེས་དེ་དག་ལ། བདག་དེ་རིང་འོང་ངོ་ཞེས་དུས་བཏབ་པས། གར་འོང༌། འདི་ནས་ཧ་ཅང་མི་རིང་བ་ན་ཤིང་ནྱ་གྲོ་དྷ་དཔངས་མཐོ་ལ་ཡལ་ག་རྒྱ་ཆེ་བ། ལོ་མ་སྟུག་པོ་ཡོད་པ་དེར་དེངས་ལ། ཤིང་དེ་ལ་འཛེགས་ནས་འདུག་ཅིག །བདག་དེ་རུ་འོང་ངོ་ཞེ་སོ་སོར་བསྟན་པ་དང༌། དེ་ནས་མི་དེ་དག་གིས་སོ་སོར་ཤིང་དེའི་ཕྱོགས་བཞི་དང་དབུས་ཀྱི་ཡལ་ག་ལ་འཛེགས་ནས་འདུག་གོ །ཁྱོ་དེས་རིག་ནས་དེ་བརྡེགས་ཤིང་ཀ་བ་ལ་བཅིངས་སོ། །
དེ་ནས་མཚན་མོ་གཅིག་ཏུ་ལྷགས་པས་སྦྲེབས་བཞིན་དུ། བུད་མེད་དེ་འོང་ངམ་སྙམ་པ་ལས། ནམ་མ་ལངས་ཀྱི་བར་དུ་མ་བྱུང་བ་དང༌། ཤར་ཕྱོགས་ཀྱི་ཡལ་ག་ལ་འདུག་པ་དེས་སྨྲས་པ། འདི་ལྟར་ཉི་མ་ཤར་ཟིན་ལ། །ཞིང་པ་གྲོང་ནས་དོང་ཟིན་ཀྱང༌། །རྫུན་ཅན་མ་ནི་མ་འོངས་པར། །ནྱ་གྲོ་དྷ་ཡིས་ཤེས་པར་གྱིས། །ལྷོ་ཕྱོགས་ཀྱི་དེས་སྨྲས་པ། བུད་མེད་དེ་ནི་འོངས་གྱུར་ཏེ། །དེ་ནི་རྫུན་ཅན་མ་ཡིན་ཡང༌། །ལེགས་ལྡན་ཉི་མ་འདི་ཉིད་ནི། །ཤིན་ཏུ་མྱུར་བར་ཤར་བར་གྱུར། །ནུབ་ཀྱི་དེས་སྨྲས་པ། ཉི་མ་དུས་སུ་ཤར་བས་ན། །ཞིང་པ་རྣམས་ཀྱང་གྲོང་ནས་དོང༌། །བདག་གིས་དུས་ནི་མ་ཤེས་པས། །མཚན་གཅིག་མིག་གི་རྩེ་མ་སྦྱར། །བྱང་གི་དེས་སྨྲས་པ། བདག་གིས་འདིར་ནི་དུས་ཤེས་མ་གྱུར་པས། །མཚན་གཅིག་ཐོག་ཐག་ལྷགས་པས་དོ་སོད་དོ། །གང་ཞིག་གཞན་གྱི་བུད་མེད་ལ་ཆགས་ནས། །དེ་ནི་འདི་དང་གཞན་དག་ཐོབ་པར་འགྱུར། །མཆོག་ཏུ་བཀྲབས་པས་སྨྲས་པ། ཁྱེད་ཅག་ལྷགས་པས་དོ་སོད་ལ། །ཁོ་བོ་མྱ་ངན་མི་བྱེད་ཀྱི། །ནྱ་གྲོ་དྷ་ཡིས་ཉེས་མེད་པར། །བཅག་པ་ལ་ནི་མྱ་ངན་བྱེད། །དེ་དག་བུད་མེད་ལ་རེ་ཐག་ཆད་ནས་རང་རང་གི་ཁྱིམ་དུ་སོང་ངོ༌། །བུད་མེད་དེ་ཁྱིམ་ཐབ་ཀྱིས་བཀྲོལ་བས་ཤིང་དེའི་དྲུང་དུ་སོང་བ་ན་མི་དེ་དག་གིས་མཐོང་ནས། ཁྱོད་ཀྱིས་ངེད་ཅག་བསླུས་སོ། །བུད་མེད་དེས་ལོ་རྒྱུས་རྣམས་སྨྲས་ནས། སྐྱེས་པ་ལྔ་དང་ལྷན་ཅིག་ཁྱིའི་ཆོས་བྱ་བར་ག་ལ་ནུས་སྙམ་སྟེ། ཁྱེད་ཅག་ལས་(༡༨ན)གང་མེ་ཏོག་མཛེས་པ་ཁྱེར་འོང་བ་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བྱའོ་ཞེས་སྨྲས་པ་དང༌། དེ་དག་རྒྱལ་པོའི་པདྨ་སྲུང་བ། རྣ་བ་དང་སྣ་བཅད་པ་ཞིག་ཡོད་པ་དེའི་གན་དུ་སོང་ནས། འདི་སྙམ་དུ། ཟོང་ཁྱེར་ཏེ་མ་འོངས་མོད། མི་འདིའི་བསྔགས་པ་བརྗོད་པས་དགའ་ནས་བདག་ཅག་ལ་མེ་ཏོག་སྟེར་རོ་སྙམ་སྟེ། གཅིག་གིས་སྨྲས་པ། ཇི་ལྟར་སྨྱུག་མ་འདམ་བུ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཞིག །མེ་ཏོག་སློང་གིས་སྩལ་བར་མཛོད། །གཉིས་པས་སྨྲས་པ། ཇི་ལྟར་ཀུ་ཤ་ཀ་ཤ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཞིག །མེ་ཏོག་སླིང་གིས་སྩལ་བར་མཛོད། །གསུམ་པས་སྨྲས་པ། ཇི་ལྟར་དུར་བ་འཇག་མ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཞིག །མེ་ཏོག་སློང་གིས་སྩལ་བར་མཛོད། །བཞི་པས་སྨྲས་པ། ཇི་ལྟར་སྐྲ་དང་ཨག་ཚོམ་དག །བྲེགས་ཤིང་ཕྱིར་ཡང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཞིག །མེ་ཏོག་སློང་གིས་སྩལ་བར་མཛོད། །ལྔ་པས་སྨྲས་པ། མི་གང་པདྨ་སློང་བྱེད་པ། །དེ་ཀུན་ཁྱོད་ལ་བཀྱལ་བ་ཟེར། །པདྨ་སྦྱིན་ནམ་མི་སྦྱིན་རུང༌། །ཁྱོད་ཀྱི་སྣ་ནི་སྐྱེ་མི་འགྱུར། །མེ་ཏོག་སྲུང་བའི་མི་དེས་བསམ་པ། མི་བཞི་པོས་ནི་བདག་ལ་གྱི་ན་ཞིག་སྨྲས་ཀྱི། ལྔ་པས་ནི་ཇི་ལྟ་བ་བཞིན་སྨྲས་པས་འདི་ལ་མེ་ཏོག་སྦྱིན་ནོ་སྙམ་ནས་མེ་ཏོག་བྱིན་ནོ། །དེས་མེ་ཏོག་བླངས་ཏེ་བུད་མེད་དེའི་གན་དུ་སོང་ནས་དགའ་མགུར་སྤྱད་དོ། །ད་བདག་འདོད་ཆགས་ཀྱི་སྡུག་བསྔལ་མི་འབྱུང་བར་ཇི་ལྟར་བྱ་སྙམ་ནས། དེ་དང་ཧ་ཅང་མི་རིང་བ་ན་སངས་རྒྱས་ཀྱི་མཆོད་རྟེན་ཞིག་ཡོད་པ་ལ་མེ་ཏོག་དེ་ཕུལ་ནས། དགེ་བའི་རྩ་བ་འདིས་ཚེ་རབས་ཐམས་ཅད་དུ་ཉོན་མོངས་ཆུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་མེ་ཏོག་ལེན་པའི་མི་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ། །བུད་མེད་དེ་ནི་བཟང་མོ་འདི་ཡིན་ཏེ། །དེ་ལ་མེ་ཏོག་ཕུལ་བའི་རྣམ་པར་སྨིན་པས་འདོད་ཆགས་ཆུང་བར་གྱུར་ཏོ། །ཡང་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ། བཟང་མོས་ལས་ཅི་བགྱིས་པས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་གཟུགས་བརྙན་རང་གི་འོད་ཀྱིས་མོག་མོག་པོར་བྱས་པར་གྱུར། དགེ་སློང་དག །སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་པ་ལ་སངས་རྒྱས་རྣམ་གཟིགས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བྱོན་པ་དང༌། བུ་མོ་ཞིག་རྔ་ཡབ་འཛམ་བུ་ཆུ་བོའི་གསེར་གྱི་ཡུ་བ་ཅན་ཞིག་ཐོགས་ནས་གཡོབ་པ་ན། སངས་རྒྱས་ཀྱི་འོད་ཀྱིས་འཛམ་བུ་ཆུ་བོའི་གསེར་མོག་མོག་བྱས་སོ། །
དེ་ནས་བུ་མོ་དེ་རྔ་ཡབ་ལྕགས་ཀྱི་ཡུ་བ་ཅན་ཐོགས་སམ་སྙམ་དུ་ཐེ་ཚོམ་སྐྱེས་(༡༨བ)སོ། །སངས་རྒྱས་རྣམ་གཟིགས་གཤེགས་པ་ན་རྔ་ཡབ་དེ་འཛམ་བུ་ཆུ་བོའི་གསེར་གྱི་ཡུ་བ་ཅན་དུ་མཐོང་ངོ༌། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་སྐུ་གཟུགས་ཤིག་བྱས་ནས་དེ་བུ་མོ་དེས་ཁྱེར་ཏེ་འོངས་པ་དང༌། རྣམ་གཟིགས་ཀྱི་འོད་ཀྱིས་མོག་མོག་པོར་བྱས་ཏེ། ཁ་དོག་མི་འདྲ་བར་མཐོང་ནས། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་འདི་ལྟ་བུའི་ལུས་ཀྱི་འོད་ཅན་དུ་གྱུར་ནས་འཛམ་བུ་ཆུ་བོའི་གསེར་མོག་མོག་པོར་བྱེད་པར་གྱུར་ཅིག་ཅེས་བྱ་བའི་སྨོན་ལམ་གྱི་དབང་གིས་ང་མཉེས་པར་བྱས་ཏེ། དེ་བས་ན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱས་ནས། ཡང་དག་པའི་སྨོན་ལམ་གདབ་པར་བྱའོ། །ཡང་སྔོན་ཚོང་དཔོན་ཞིག་གི་སྐྱེད་མོས་ཚལ་དུ་རང་སངས་རྒྱས་ནད་པ་ཞིག་བྱུང་བ་ལ་ཚོང་དཔོན་དེས་ཡོ་བྱད་ཐམས་ཅད་སྦྱར་ཏེ་ནད་སོས་པར་གྱུར་ཏོ། །དེ་མྱ་ངན་ལས་འདས་པའི་ཚེ་སྐུ་གདུང་གི་མཆོད་རྟེན་བྱས། རེ་ཞིག་ན་མཆོད་རྟེན་སྐྱ་བོར་གྱུར་པ་ལ་ཚོང་དཔོན་གྱི་ཆུང་མས་ཡུང་བས་བྱུགས་ནས་མེ་ཏོག་བཀྲམ་སྟེ། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ཕྱུག་པ་དང་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག །འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེའི་དུས་ཀྱི་ཚོང་དཔོན་དེ་ནི་འོད་སྲུངས་ཆེན་པོ་ཡིན་ནོ། །དེའི་ཆུང་མ་དེ་ནི་བཟང་མོ་ཡིན་ཏེ། མཆོད་རྟེན་ལ་ཡུང་བས་བྱུགས་པས་གསེར་གྱི་མདོག་ཏུ་གྱུར་ཏོ། །
ཡང་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ། འོད་སྲུངས་ཆེན་པོས་ལས་ཅི་བགྱིས་པས་ནོར་མང་བ་དང་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ལགས། དགེ་སློང་དག །སྔོན་བསྟི་གནས་ཤིག་ན་དྲང་སྲོང་ལྔ་བརྒྱ་གནས་སོ། །དེ་དག་ཧ་ཅང་ཐག་མི་རིང་བ་ན་རང་སངས་རྒྱས་ཤིག་ཀྱང་གནས་སོ། །དྲང་སྲོང་དེ་དག་ཉིན་རེ་ཞིང་གནས་སྲུང་བའི་དྲང་སྲོང་བཞག་ནས་ཡམ་ཤིང་དང་འབྲས་བུའི་ཕྱིར་ཕྱོགས་བཞིར་འགྲོ་བ་ན། དྲང་སྲོང་གཅིག་རང་སངས་རྒྱས་དེ་དང་ཉེ་བ་ནས་ཡང་ཡང་འགྲོ་འོང་བྱེད་པས་རང་སངས་རྒྱས་དེ་ཉིན་པར་དཀྱིལ་ཀྲུང་མི་གཞིག་པར་འདུག་པ་མཐོང་ནས། ཁ་ཟས་གང་ནས་ཇི་ལྟར་བྱེད་དྲིའོ། །འོན་ཀྱང་ད་ལྟ་སོང་ན་དྲིས་ན་དྲང་སྲོང་དག་གིས་དགེ་སློང་དང་འགྲོགས་པ་མཐོང་ནས་འཕྱ་བར་འགྱུར་བས། བདག་བསྟི་གནས་སྲུང་བའི་ཚེ་དྲིའོ་སྙམ་ནས། དེ་ནས་དེ་བསྟི་གནས་སྲུང་བ་ལ་བབ་སྟེ། དྲང་སྲོང་དེ་དག་གཞན་དུ་སོང་བ་དང༌། རང་སངས་རྒྱས་དེའི་དྲུང་དུ་སོང་ནས་དྲིས་པ། བདག་ཉིན་རེ་ཞིང་ཁ་ཟས་ཀྱི་དོན་དུ་འགྲོ་བ་ན་ཁྱོད་དཀྱིལ་ཀྲུང་བཤིག་པ་དང༌། བསོད་སྙོམས་ལ་འགྲོ་བ་མ་མཐོང་བས། ཁྱོད་དགའ་བའམ། དེས་སྨྲས་པ། དགའ་བ་ཟ་བ་མ་ཡིན་གྱི། བསོད་སྙོམས་ལ་སོང་ནས་འདིར་ཁྱེར་(༡༩ན)ཏེ་ཟའོ། །དེས་དྲིས་པ། བསོད་སྙོམས་ལ་གང་དུ་འགྲོ། བྱང་སྒྲ་མི་སྙན་དུ་འགྲོ། དེར་མི་འགྲོ་བའི་ཚེ་སུམ་ཅུ་རྩ་གསུམ་དུ་འགྲོའོ། །སྒྲ་མི་སྙན་ཅི་འདྲ། དེས་སྨྲས་པ། བདག་གིར་འཛིན་པ་མེད་པ། ཚེས་ངེས་པ། ཤི་འཕོས་ནས་ཀྱང་གྱེན་དུ་འགྲོ་བའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཅི་འདྲ། ཁ་དོག་དང་ལྡན་པ། བདེ་བ་མང་བ། གཞལ་མེད་ཁང་མཐོན་པོ་ཅན། ཚེ་རིང་བ་ཡུན་རིང་དུ་གནས་པ་ཡིན་ནོ། །དེས་འདི་ནི་བདག་ཉིད་ཆེན་པོའོ་སྙམ་ནས། རང་སངས་རྒྱས་ལ་སྨྲས་པ། འཕགས་པ། དེང་བདག་གིས་བསོད་སྙོམས་དབུལ་གྱིས། རྗེས་སུ་གཟུང་དུ་གསོལ། ཁྱོད་ཀྱང་ཁྱིམ་ནས་ངེས་པར་བྱུང་བ་ཡིན་པས། ང་ལ་བསོད་སྙོམས་ཇི་ལྟར་སྦྱིན། དེ་ལྟ་ལགས་མོད། འོན་ཀྱང་ངེས་པར་བདག་ལ་ཕན་གདགས་སུ་གསོལ། ཁྱོད་ནི་དཔལ་དང་བསོད་ནམས་ཞིང༌། །ཁྱོད་ནི་ཆོས་འཆད་རྣམས་ཀྱི་མཆོག །ཁྱོད་ཀྱི་བརྩོན་པས་འཇིག་རྟེན་འདི། །ཀུན་ནས་བརྒྱན་པ་བཞིན་དུ་གྱུར། །དེས་ཀྱང་ཁས་བླངས་སོ། །
དེ་ནས་དྲང་སྲོང་དེས། ཁྲེ་རྒོད་བྲེའུ་ཆུང་གང་འོ་མའི་ནང་དུ་བཙོས་ནས་རང་སངས་ལ་ཕུལ་ལོ། །དེས་ཀྱང་ལུས་ཀྱིས་ཆོས་བསྟན་པས་མཆོག་ཏུ་དད་ནས། སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་ངན་སོང་གསུམ་དུ་སྐྱེ་བར་མ་གྱུར་ཅིག །ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དང༌། དེ་ནས་ཤི་འཕོས་ནས་བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང༌། འདི་བས་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག །དེའི་དུས་ཀྱི་དྲང་སྲོང་དེ་ནི་འོད་སྲུངས་འདི་ཡིན་ཏེ། ཁྲེ་རྒོད་བྲེའུ་ཆུང་གང་ཕུལ་བའི་རྣམ་པར་སྨིན་པས་སྒྲ་མི་སྙན་དུ་ལན་སྟོང་སྐྱེས་སོ། །ལྷ་རྣམས་ཀྱི་ནང་དུ་ལན་སྟོང་སྐྱེས་སོ། །དེ་ནས་བྲམ་ཟེའི་རིགས་སུ་སྐྱེས་ནས་རང་སངས་རྒྱས་བརྒྱ་སྟོང་ལས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱས་སོ། །དེ་བས་ན་དཀོན་མཆོག་གསུམ་ལ་བཀུར་སྟི་དང་བསོད་ནམས་བྱས་ན་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུངས་ཇི་ལྟ་བ་བཞིན་དུ་ཁྱེད་ཀྱིས་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ། འོད་སྲུངས་ཆེན་པོས་ལས་ཅི་བགྱིས་པས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ལགས། དགེ་སློང་དག །བསྐལ་པ་བཟང་པོ་འདི་ཉིད་ཀྱི་ཚེ་ལོ་ཉི་ཁྲི་པ་ན་འདི་རབ་ཏུ་བྱུང་སྟེ་ལོ་སྟོང་ཕྲག་བཅུར་ཚངས་པར་སྤྱད་ཀྱང་མཐར་ཐུག་པའི་ཡེ་ཤེས་མ་ཐོབ་པར་འཆི་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཉེས་པར་བྱེད་པར་གྱུར་ཅིག །དེས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་(༡༩བ)སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་ལྟར་ལུང་བསྟན་པར་གྱུར་ཏོ། །དེ་བས་ན་གུས་པར་ལུང་དབོག་པ་དང༌། ཀླག་པར་བྱ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གནས་དང༌། གནས་མ་ཡིན་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་བྱ། ཡང་དག་པའི་སྨོན་ལམ་གདབ་པར་བྱའོ། །

༣༽ དྲི་བས་མཉེས་པས་བསྙེན་པར་རྫོགས་པ།

བཅོམ་ལྡན་འདས་ཀྱིས། ལེགས་སྦྱིན་ལ། གཅིག་ཏུ་དགོས་པའི་ཆོས་གང་ཡིན་ཞེས་གསུངས་པས། ཐར་པའོ། །དེ་ལ་དགོས་པ་གང་ཡིན། དད་པའོ་ཞེས་དྲི་བ་དེའི་ལན་ཐེབས་པས་མཉེས་པ་ཙམ་གྱིས་བསྙེན་པར་རྫོགས་པ་ཐོབ་པའོ། །

༤༽ ཚུར་ཤོག་གིས་བསྙེན་པར་རྫོགས་པ།

བྱང་སེམས་དགའ་ལྡན་ན་བཞུགས་པ་ན། ཡུལ་ཨཾ་ག་ན་ཨཾ་གར་བྱུང་བ་ཞེས་བྱ་བའི་རྒྱལ་པོས་རྒྱལ་སྲིད་འབྱོར་པ། རྒྱས་པ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་བྱེད་དུ་བཅུག །མ་ག་དྷ་ན་རྒྱལ་པོ་པད་མ་ཆེན་པོས་རྒྱལ་སྲིད་བྱེད་དེ། རེས་དགའ་ནི་ཨཾ་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་ལ། རེས་འགའ་རྒྱལ་པོ་པད་མ་ཆེན་པོ་དཔུང་དང་མཐུ་ཆེའོ། །ཨཾ་གའི་རྒྱལ་པོ་དཔུང་དང་མཐུ་ཆེ་བའི་ཚེ་དཔུང་ཚོགས་བཞི་གོ་བསྐོན་ཏེ། མ་ག་དྷའི་རྒྱལ་པོའི་ཁབ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་ལ། རྒྱལ་པོ་པད་མ་ཆེན་པོ་དཔུང་དང་མཐུ་ཆེ་བའི་ཚེ་དེས་དཔུང་ཚོགས་བཞི་གོ་བསྐོན་ཏེ། ཨཾ་གའི་ཙམ་པ་མ་གཏོགས་པ་བཅོམ་ནས་ཕྱིར་ལྡོག་གོ །རེ་ཞིག་ན་ཨཾ་གའི་རྒྱལ་པོ་མཐུ་དཔུང་ཆེ་བས། དཔུང་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་མ་ག་དྷ་གཞོམ་པར་བརྩམས་པ་དང༌། རྒྱལ་པོ་པད་མ་ཆེན་པོས་ཀྱང་དཔུང་ཚོགས་བཞི་གོ་བསྐོན་ཏེ་གཡུལ་སྤྲད་པའི་ཕྱིར་འཕགས་པ་ལས། ཨཾ་གའི་རྒྱལ་པོས་རྒྱལ་པོ་པད་མ་ཆེན་པོའི་དཔུང་གི་ཚོགས་འཕྲོགས་པས་རྒྱལ་པོ་པད་མ་ཆེན་པོ་སྐྲག་ནས་སྒོ་བཅད་དེ་ར་བའི་ཁར་སྦྲེངས་ནས་འདུག་པ་ལ། ཨཾ་གའི་རྒྱལ་པོས་ཕོ་ཉ་བཏང་སྟེ། ཕྱིར་འབྱུང་ན་ལེགས། མི་འབྱུང་ན་ནམ་མཁའ་ལ་འགྲོ་ན་མདའ་བརྒྱུས་པས་ལྟུང་བར་བྱ། ས་འོག་ཏུ་འགྲོ་ན་ལྕགས་ཀྱུས་དྲང་བར་བྱ། རི་རྩེར་ཕྱིན་ནའང་ཐར་པ་མེད་དོ་ཞེས་སྦྲིངས་པ་དེ་ཡིད་མ་བདེ་བར་བློན་པོ་རྣམས་ལ་དྲིས་པས། ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་ཏུ་སྲོག་བསྲུང་བྱ། །བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །ལྷ། ཕྱིར་འབྱུང་བར་བགྱིའོ། །དེ་རལ་གྲི་མགུལ་དུ་བཏགས་ནས་ཕྱིར་བྱུང་བ་དང༌། ཨཾ་གའི་རྒྱལ་པོས་དེ་ལ་ལོ་ཐང་དང་དཔྱ་ཕབ་སྟེ་དེ་ཉིད་དུ་བཞག་གོ །གང་གི་ཚེ་བྱང་སེམས་དགའ་ལྡན་ནས་གཟིགས་པ་ལྔ་པོ་དག་ལ་གཟིགས་ནས་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་འཇིག་(༢༠ན)རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང༌། བྱང་སེམས་བལྟམས་པའི་ཚེ་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པད་མ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ་དང༌། མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་གསལ་རྒྱལ་དང་། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་དང༌། ཀོའུ་ཤཱམ་བཱིར་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་རྣམས་བཙས་སོ། །གཟུགས་ཅན་སྙིང་པོ་བཙས་པའི་ཉིན་མོ་བློན་པོའི་བུ་ལྔ་བརྒྱའང་བཙས་ནས་རིགས་དང་མཐུན་པར་མིང་བཏགས་སོ། །གཟུགས་ཅན་སྙིང་པོ། པང་ན་འཚོ་བའི་མ་མ་གཉིས་དང༌། ནུ་མ་བསྣུན་པའི་མ་མ་གཉིས་དང༌། དྲི་མ་འཕྱི་བའི་མ་མ་གཉིས་དང༌། རྩེ་གྲོགས་ཀྱི་མ་མ་གཉིས་ལ་གཏད་ནས། འོ་མ་དང༌། ཞོ་དང༌། མར་དང༌། ཞུན་མར་དང༌། མར་གྱི་ཉིང་ཁུ་དང༌། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་དག་གིས་བསྲིངས་བསྐྱེད་དེ། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་བསྐྱེད་དོ། །དེ་ཆེར་སྐྱེས་པའི་ཚེ། ཡི་གེ་དང༌། གྲངས་དང༌། རྩིས་དང༌། ལག་རྩིས་དང༌། དབྱུང་བ་དང༌། གཞུག་པ་དང༌། གཞག་པ་ལ་ཉེ་བར་ཞུགས་ནས་ཡི་གེའི་མཐར་ཕྱིན་ཅིང༌། འབྱེད་པ་དང༌། ཀློག་པ་དང༌། མཁས་པ་དང༌། སྤྱོད་པ་གསལ་བ་དང༌། བརྟག་པ་བརྒྱད་པོ་རིན་པོ་ཆེ་དང༌། གཞི་དང༌། གོས་དང༌། ཤིང་དང༌། གླང་པོ་ཆེ་དང༌། རྟ་དང༌། བུད་མེད་དང༌། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །རྒྱལ་རིགས་རྣམས་ཀྱི་བཟོ་དང་ལས་ཀྱི་གནས་གླང་པོ་ཆེའི་གཉར་ཞོན་པ་དང༌། རྟ་ཞོན་པ་དང༌། ཤིང་རྟའི་ཐབས་དང༌། རལ་གྲིའི་ཐབས་དང༌། འཕོང་དང༌། ཕྱིར་བསྣུན་པ་དང༌། མདུན་དུ་བསྣུར་བ་དང༌། ལྕགས་ཀྱུས་སྒྱུར་ཐབས་དང༌། ཞགས་པ་གདབ་པ་དང༌། མདའ་བོ་ཆེ་འཕེན་ཐབས་དང༌། འཛིང་སྟངས་དང༌། གོམས་སྟབས་དང༌། ཐོར་ཚུགས་དང༌། གཅད་པ་དང༌། འདྲལ་བ་དང༌། དབུག་པ་དང༌། གནས་ལྔ་པོ་རྒྱང་ནས་འཕོག་པ་དང༌། སྒྲ་གྲག་པར་འཕོག་པ་དང༌། གནད་དུ་འཕོག་པ་དང༌། མི་འཆོར་བར་འཕོག་པ་དང༌། ཚབས་ཆེ་བ་ལ་བྱང་བར་གྱུར་ཏོ། །བློན་པོའི་བུ་ལྔ་བརྒྱའང་གནས་དེ་དག་ལ་བྱང་བར་གྱུར་ཏེ། ཕས་བཟོ་སྦྱང་བ་བཅོ་བརྒྱད་ལ་བཅུག་པས་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །
དེ་རེ་ཞིག་ན་ལྗོངས་སུ་ཕྱིན་པས། ཨཾ་གའི་རྒྱལ་པོའི་ཞོ་ཤས་འཚོ་བ་དག་ལོ་ཐང་དང་དཔྱ་སྡུད་པ་མཐོང་ནས། འདི་དག་སུའི་ཡིན། ཨཾ་གའི་རྒྱལ་པོའི་ལགས་སོ། ཅི། འུ་བུ་ཅག་དེ་ལ་ལོ་ཐང་འབུལ་ལམ། འབུལ་ལགས་སོ། །དེས་སྨྲས་པ། ཞོ་ཤས་འཚོ་བ་དེ་དག་བོས་ཤིག །དེ་དག་གིས་བོས་པ་དང༌། དེས་སྨྲས་པ། (༢༠བ)དེའང་རྒྱལ་པོ་ཡིན་ལ། ངེད་ཀྱང་རྒྱལ་པོ་ཡིན་ན་ཅིའི་ཕྱིར་ཁྱེད་ཅག་ལོ་ཐང་དང་དཔྱ་སྡུད། ཕྱིན་ཆད་མ་སྡུ་ཞིག །དེ་དག་གིས་བསམས་པ། གཞོན་ནུ་འདིས་མི་ཤེས་པ་ཡིན་པས་རྒྱལ་པོའི་གན་དུ་འགྲོའོ་སྙམ་ནས། རྒྱལ་པོ་པད་མ་ཆེན་པོ་ལ་སྨྲས་པ། བདག་ཅག་ཨཾ་གའི་རྒྱལ་པོའི་ལོ་ཐང་དང་དཔྱ་སྡུད་པ་གཞོན་ནུས་བཀག་ན། བསྡུ་འམ་འོན་ཏེ་སླར་མཆི་བར་འཚལ། དེས་སྨྲས་པ། གཞོན་ནུ་དེ་རྒྱུས་མི་ཤེས་པ་ཡིན་པས་སྔར་བཞིན་དུ་སྡུས་ཤིག །དེ་དག་གིས་ལོ་ཐང་དང་དཔྱ་བསྡུས་ནས་ཕྱིར་ལོག་པ་གཟུགས་ཅན་སྙིང་པོས་མཐོང་སྟེ། ངས་ཁྱེད་ལ་ཕྱིན་ཆད་མ་སྡུ་ཞིག་ཅེས་མ་བཟློག་གམ། རེ་ཞིག་འཁོད་ན་ལེགས། མི་འཁོད་ན་མཚམས་ཆེན་པོ་གཅད་དོ། །དེ་དག་སྐྲག་ནས་ཨཾ་གའི་རྒྱལ་པོ་ལ་ལོ་རྒྱུས་དེ་དག་སྨྲས་ཤིང༌། ཚིགས་སུ་བཅད་པ། ཇི་སྲིད་ཤིང་ནི་གཞོན་པའི་ཚེ། །སེན་མོ་དག་གིས་གཅད་ནུས་པ། །དེ་ཉིད་ཆེན་པོར་སྐྱེས་པ་ན། །སྟ་རེ་བརྒྱས་ཀྱང་གཅད་པར་དཀའ། །ཨཾ་གའི་རྒྱལ་པོས་པད་མ་ཆེན་པོ་ལ། གཞོན་ནུ་གཟུགས་ཅན་སྙིང་པོ་མགུལ་པ་ནས་ཐོགས་ལ་ཚུར་བཀྲི་བའམ། ཡང་ན་རྩྭ་དང་ཆས་སྟ་གོན་གྱིས་དང༌། ང་དེར་འོང་ངོ་ཞེས་སྤྲིངས་པས་རྒྱལ་པོ་ཡིད་མ་བདེ་ནས་གཟུགས་ཅན་སྙིང་པོ་ལ་སྨྲས་པ། འོ་སྐོལ་དེ་ལ་ལོ་ཐང་དང་དཔྱ་འབུལ་ལམ། འབུལ་ལོ། །ལྷ། དེ་ཡང་རྒྱལ་པོ་ལགས་ལ། འོ་སྐོལ་ཡང་རྒྱལ་པོ་ལགས་ན། ཅིའི་ཕྱིར་ལོ་ཐང་དང་དཔྱ་འབུལ། བདག་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་སྩོལ་དང༌། ཨཾ་གའི་རྒྱལ་པོ་དང་གཡུལ་སྤྲད་པར་བགྱིའོ། །དེས་དེ་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་བྱིན་ནོ། །གཟུགས་ཅན་སྙིང་པོས་བློན་པོའི་བུ་ལྔ་བརྒྱ་ལ་སྨྲས་པ། ང་ཨཾ་གའི་རྒྱལ་པོ་དང་གཡུལ་སྤྲོད་ན་ཁྱེད་ཅག་ཅི་བྱེད། དེ་དག་གིས་སྨྲས་པ། ཁྱོད་ཀྱི་གནས་སྐབས་གང་ལགས་པ་དེ་བདག་ཅག་གིའང་ལགས་སོ། །
དེ་ནས་དཔུང་གི་ཚོགས་གོ་བསྐོན་ཏེ། རྒྱལ་པོའི་ཁབ་ནས་བྱུང་བ་པད་མ་ཆེན་པོས་མཐོང་སྟེ། འདི་སུའི་ཡིན། གཟུགས་ཅན་སྙིང་པོའི་ལགས་སོ། །ཨེ་མ། འདི་དམག་མང་པོ་དང་ལྡན་ནོ་ཞེས་བརྗོད་པས་དམག་ལྡན་གཟུགས་ཅན་སྙིང་པོ་ཞེས་གྲགས་སོ། །དེ་ནས་གཟུགས་ཅན་སྙིང་པོས་བློན་པོའི་བུ་ལྔ་བརྒྱ་ལ་སྨྲས་པ། ཨཾ་གའི་རྒྱལ་པོ་འདི་དཔུང་དང་མཐུ་ཆེ་བས། འུ་བུ་ཅག་གིས་གཡུལ་སྤྲད་པར་མི་ནུས་ཀྱིས། དེ་བག་ཡངས་སུ་གོ་ཕུད་པའི་ཕྲུ་མ་བརྫི་ཞིང་བཞབས་ཏེ་གསད་པར་བྱའོ་ཞེས་བགྲོས་ནས། དེ་དག་གིས་ཨཾ་གའི་རྒྱལ་པོ་བཞབས་ཏེ་བསད་དོ། །དེའི་དཔུང་རྣམས་བྱེར་བ་དང༌། གཟུགས་ཅན་སྙིང་པོས་ཕྱོགས་བཞིར་ཕོ་ཉ་བཀྱེ་སྟེ། ཁྱེད་ཅག་ཕྱིར་ལོག་ཅིག་དང༌། འཚོ་བའི་རྒྱུ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། ཕྱིར་ལོག་གོ །དེ་ནས་ཨཾ་གའི་རྒྱལ་པོས་གྲོང་ཁྱེར་ཙམ་པ་སྲུང་བར་(༢༡ན)བཞག་པ་དེས། རྒྱལ་པོ་བསད་པ་ཐོས་ནས་སྒོ་བཅད་དེ་ར་བའི་ཁར་སྦྲེངས་ནས་འདུག་གོ །གཟུགས་ཅན་སྙིང་པོའང་གྲོང་ཁྱེར་ཙམ་པར་ཕྱིན་ནས། ཤིང་རིང་པོ་ལ་ཨཾ་གའི་རྒྱལ་པོའི་མགོ་བཏགས་པ་བསྟན་ཏེ། ངས་ཁྱོད་ཀྱི་ཇོ་བོ་འདི་ལྟ་བུར་བྱས་ཀྱིས། གལ་ཏེ་ཕྱིར་འབྱུང་ན་ལེགས། ཕྱིར་མི་འབྱུང་ན་ཁྱོད་ཀྱང་འདི་ལྟ་བུར་བྱས་པར་འགྱུར་བའི་གནས་ཡོད་དོ། །དེས་ཐོས་ནས་བསམས་པ། ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་ཏུ་སྲོག་བསྲུང་བྱ། །སྙམ་ནས་རལ་གྲི་མགུལ་དུ་ཐོགས་ཏེ་ཕྱིར་བྱུང་ངོ༌། །དེ་ནས་གཟུགས་ཅན་སྙིང་པོས་པད་མ་ཆེན་པོ་ལ། བདག་གིས་ཨཾ་གའི་རྒྱལ་པོ་བསད་ནས་གྲོང་ཁྱེར་ཙམ་པ་ཐོབ་ན། མ་གྲུབ་པ་གཞན་མཆིས་ན་བཀའ་སྩོལ་དང་བསྒྲུབ་པར་བགྱིའོ། །ཞེས་སྦྲིངས་སོ། །དེ་མགུ་ནས། གདུགས་དང་ཅོད་པན་དང་ཐོད་བསྐུར་ཏེ། ཁྱོད་ཀྱིས་དེ་ཉིད་དུ་རྒྱལ་སྲིད་གྱིས་ཤིག །དུས་རེ་ཞིག་ན་པད་མ་ཆེན་པོ་དུས་ལ་བབ་ནས་གཟུགས་ཅན་སྙིང་པོས་ཨཾ་ག་དང་མ་ག་དྷའི་རྒྱལ་སྲིད་གཉིས་ཀ་བཟུང་ངོ༌། །དེའི་ཚེ་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་ཞིག་ཡུལ་དབུས་ནས་ལྷོ་ཕྱོགས་སུ་སོང་ངོ༌། །
དེ་ནས་བྲམ་ཟེ་རིགས་བྱེད་ལ་མཁས་པ་ཞིག་འདུག་པ་དེའི་དྲུང་དུ་རིག་བྱེད་བཀླག་པར་ཞུས་པས། བུ། ལེགས་ཀྱིས། དེ་བཞིན་དུ་གྱིས་ཤིག །དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །དེས་དེའི་དྲུང་དུ་རིག་བྱེད་བཀླགས་སོ། །བྲམ་ཟེའི་ཁྱེའུ་རྣམས་ཀྱི་ཀུན་སྤྱོད་ནི་མི་ཀློག་པའི་ཚེ་ན་རེས་འགའ་ཆུ་ངོགས་སུ་ཉེ་རེག་བྱེད། རེས་འགའ་གྲོང་ཁྱེར་དུ་འགྲོ། རེས་འགའ་ཡམ་ཤིང་འཐུར་འགྲོའོ། །རེ་ཞིག་ཡམ་ཤིང་འཐུར་སོང་བ་དང༌། སོ་སོ་ནས། ཁྱེད་ཅག་ཡུལ་གང་ནས་འོངས། སོ་སོ་ནས། ཡུལ་འདི་ནས་འོངས་སོ། །དབུས་པ་དེས་ཀྱང༌། དབུས་ནས་འོངས་སོ། །དེ་དག་གིས་སྨྲས་པ། ཤར་ན་བློ་ཅན་གནས་པ་སྟེ། །ལྷོ་ཕྱོགས་ན་ནི་གཡོན་བྱེད་འདུག །ནུབ་ཀྱི་ཡུལ་ན་ཕྲ་མ་ཅན། །བྱང་ཕྱོགས་ན་ནི་ཚིག་རྩུབ་པོ། །ཞེས་སྨྲས་ནས། ཡུལ་དབུས་དེ་ཅི་འདྲ། ཤེས་ལྡན་དག །ཡུལ་དབུས་ནི་ཡུལ་རྣམས་ཀྱི་མཆོག་ཡིན་ཏེ། ས་ལུ་དང༌། བུ་རམ་ཤིང་གི་ཕྲེང་བ་དང༌། བ་ལང་དང༌། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་བ་བརྒྱས་གང་བ། དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེས་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པ། ཆུ་ཀླུང་གཾ་གཱ་ཆུ་དགུར་བཅོ་བརྒྱད་འབབ་པ་ཡོད་དེ། དེར་དྲང་སྲོང་རྣམས་ཀྱིས་དཀའ་ཐུབ་སྤྱད་ན་རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོད་པ་ཡིན་ནོ། །ཅི། ཡུལ་དབུས་ན་བདག་ཅག་གི་མཁན་པོ་དང་འདྲ་བའི་མཁས་པ་དག་ཡོད་དམ། ཡུལ་དབུས་ན་བདག་ཅག་གི་མཁན་པོས་དེ་དག་གི་གདོང་དུ་ལྟ་བར་མི་ནུས་པ་དག་ཡོད་དོ། །
དེ་ནས་དེ་དག་ཡུལ་དབུས་སུ་འདོང་འདོད་པར་(༢༡བ)གྱུར་ཏེ། བྲམ་ཟེའི་ཁྱིམ་དུ་སོང་ནས་མཁན་པོ་ལ། ཡུལ་དབུས་ཀྱི་བསྔགས་པ་ཐོས་པས་དེར་མཆིའོ། །དེས་སྨྲས་པ། བུ་དག །ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱ་ཡི། བགྲོད་པར་ནི་མི་བྱའོ། །དེ་དག་གིས་སྨྲས་པ། ཁྱེའུ་འདིའི་མཆིད་ནས། བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་བལྟ་བར་ཡང་མི་ནུས་པའི་མཁས་པ་དག་ཡོད་དོ་ཞེས་ཟེར་རོ། །བུ་དག །ཅི། ཁོ་བོ་ན་རེ། ས་སྟེང་ན་ཁོ་བོ་གཅིག་པུ་སྨྲ་བ་ཡིན་གྱི། གཞན་མེད་དོ་ཞེས་ཟེར་རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་མཛེས་པ་དག་གིས་གང་བ་ཡིན་ནོ། །མཁན་པོ། རེ་ཞིག་ཡུལ་དེའང་བལྟ་ཞིང་ཆུ་ངོགས་སུ་ཉེ་རེག་ཀྱང་བགྱི། སྨྲ་བའི་ཁྱུ་མཆོག་དེ་དག་ལའང་བསྙེན་བཀུར་བགྱི། རྒོལ་བའང་ཚར་བཅད། རང་གི་གྲགས་པའང་བསྒྲག །རྙེད་པའང་བསྒྲུབ་པར་བགྱི་ཡིས། ཡུལ་དབུས་སུ་མཆིའོ། །དེ་འཁོར་ལ་ཆགས་པ་དང༌། འཁོར་ཉུང་བ་ཡིན་པས། བུ་དག །དེ་ལྟ་ན་གཡང་གཞི་དང༌། ཤིང་ཤུན་དང༌། དབྱུ་གུ་དང༌། བླུགས་གཟར་དང༌། དགང་གཟར་དང༌། རིལ་བ་དག་ལོངས་དང་འདོང་ངོ༌། །དེས་དེ་དག་བླངས་ནས་ལམ་དུ་ཆས་པ་ན་རྒོལ་བ་ཁ་ཅིག་ཚར་བཅད་ནས་རྒོལ་བ་རྒོལ་བའི་ཤིང་རྟ་ལ་སྦྱོར། རྒོལ་བ་ཁ་ཅིག་གི་མགོར་ཐལ་བའི་བུམ་པས་བསྣུན། ཁ་ཅིག་འཕོང་གི་དཔོང་སར་ཁྭ་བཞིན་དུ་སྤངས། ཁ་ཅིག་གིས་བསུ། ཁ་ཅིག་གིས་སློབ་མ་ཉིད་དུ་བྱེད་ཅིང་མཐར་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །བྲམ་ཟེ་དེས་བསམས་པ། བདག་གིས་ཅིའི་ཕྱིར་རྩ་བ་སྤངས་ནས་ཡལ་ག་ལ་ཉུག་པར་བྱ། རྒོལ་བ་མཁས་པ་རྣམས་ནི་རྒྱལ་པོ་དང་ཉེ་བ་ཡིན་པས་བདག་ཀྱང་དེར་འགྲོའོ་སྙམ་ནས་དེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ཅན་སོང་སྟེ། རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས། ལྷ། བདག་ལ་བླ་མ་ལས་ཡི་གེ་ཉུང་ཆས་ཤིག་བླངས་པ་མཆིས་ཏེ། དེའི་སླད་དུ་ལྷའི་སྤྱན་སྔར་རྒོལ་བ་དག་དང་ལྷན་ཅིག་བཀའ་མཆིད་རྣམ་པར་གཏན་ལ་དབབ་པར་འཚལ་ལོ། །རྒྱལ་པོས་བློན་པོ་རྣམས་ལ། བྲམ་ཟེ་འདིའི་ལན་ཐེབས་པའི་རྒོལ་བ་ཡོད་དམ། གྲོང་ན་ལ་ད་ན་བྲམ་ཟེ་གནས་ལེན་གྱི་བུ་ཞེས་བྱ་བ། རིག་བྱེད་ཀྱི་ཕ་རོལ་ཏུ་སོན་པ། ཞུགས་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་པ་ཞིག་མཆིས་སོ། །འོ་ན་དེ་བོས་ཤིག །བོས་ནས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །རྒྱལ་པོས། འོངས་པ་ལེགས་སོ། །ཁྱོད་ཁོ་བོའི་མདུན་དུ་བྲམ་ཟེ་འདི་དང་ལྷན་ཅིག་གཏམ་བྱེད་ནུས་སམ། རྔོ་ཐོགས་ཐོག་གོ །
དེ་ནས་རྒོལ་བའི་དཀྱིལ་འཁོར་བཤམས་ཤིང་ཕྱོགས་དང་གཞན་གྱི་ཕྱོགས་རྣམ་པར་བཞག་ནས། ཕྱོགས་(༢༢ན)སྔ་མ་གང་བགྱིད་དུ་སྩལ། བྲམ་ཟེ་འདི་འགྲོན་པ་ཡིན་པས་འདི་བྱེད་དུ་ཆུག་ཅིག །དེས་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །གནས་ལེན་གྱི་བུས་ཕྱིར་བཟླས་ཏེ། ཁྱོད་ཀྱི་འདི་ནི་རིགས་པ་མེད་པ། འདི་ནི་མི་མཐུན་པ། འདི་ནི་མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པ་དང༌། བྲམ་ཟེ་དེ་ཅང་མི་སྨྲ་བར་འདུག་གོ །ཚར་བཅད་རྣམས་ཀྱི་ནང་ན་ལན་ལ་སྤོབས་པ་མེད་པ་འདི་ཐ་ཆད་ཡིན་ནོ། །རྒྱལ་པོ་ན་རེ། སུ་རྒྱལ། གནས་ལེན་གྱི་བུའོ། །དེ་ནས་རྒྱལ་པོ་ཡིད་དགའ་ནས་རོ་སྟོད་བསྲངས་ཏེ་ལག་པ་གཡས་པ་བརྐྱངས་ནས། བདག་གི་ཡུལ་ན་སྨྲ་བའི་ཁྱུ་མཆོག་འདི་ལྟ་བུ་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་བརྗོད་ནས། མཁན་པོ་ཁྱོད་གང་ན་གནས། ལྷ། གྲོང་ན་ལ་ད་ནའོ། །སོང་ན་གྲོང་དེ་ཁྱོད་ཀྱི་རྒོལ་བའི་ལོངས་སྤྱོད་གྱིས་ཤིག །དེ་རངས་ནས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དགའ་མགུར་སྤྱད་པས་བུ་རོ་སྟོད་ཤིན་ཏུ་རིང་བ་ཞིག་བཙས་ཏེ། མིང་སྟོད་རིང་དུ་བཏགས། མ་མ་བརྒྱད་ལ་གཏད་དེ་བསྐྱེད་བསྲིངས། ཆེར་སྐྱེས་པ་ན་ཡི་གེ་ལ་སོགས་པ་ལ་བྱང་ཞིང༌། བྲམ་ཟེའི་ཀུན་སྤྱོད་ལ་མཁས་པ། རིག་བྱེད་བཞི་དང༌། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང༌། མཆོད་སྦྱིན་བྱེད་དུ་འཇུག་པ་དང༌། ཀློག་པ་དང༌། ཀློག་ཏུ་འཇུག་པ་དང༌། སྦྱིན་པ་དང༌། ལེན་པ་ལ་མཁས་པའི་བྲམ་ཟེའི་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པར་གྱུར་ཏོ། །ཡང་ཆུང་མ་ལ་དགའ་མགུར་སྤྱད་པས་བུ་མོ་མིག་གཉིས་བྱ་ཤཱ་རི་ཀ་འདྲ་བ་ཞིག་བཙས་ནས། རྒྱུ་མཚན་དེས་ཤཱ་རི་ཀ་ཞེས་མིང་བཏགས། ཆེར་སྐྱེས་པ་ན་ཡི་གེ་བསླབས་པ་མཐར་ཕྱིན་ཏེ། དེས་སྟོད་རིང་ཚར་བཅད་དོ། །དེ་ནས་ཕས་སྟོད་རིང་ལ། ཁྱོད་སྐྱེས་པ་ཡིན་ན། བུད་མེད་ཀྱིས་ཚར་བཅད་པས། ང་འདས་པ་དང་རྒོལ་བའི་ལོངས་སྤྱོད་འཕྲོག་པར་འགྱུར་རོ་ཞེས་སྨྲས་སོ། །
དེའི་ཚེ་བྲམ་ཟེའི་ཁྱེའུ་གསང་ཚིག་འདོད་པ་ཞིག་ལྷོ་ཕྱོགས་སུ་སོང་སྟེ། བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་དེའི་དྲུང་དུ་སོང་ནས་འཇིག་རྟེན་རྒྱང་པན་གཟུང་བར་བརྩམས་སོ། །དེ་དག་རེ་ཞིག་མི་ཀློག་པ་ན་ཡམ་ཤིང་འཐུར་སོང་བའི་སྐབས་སུ་སྔར་བཞིན། ཡུལ་གང་ནས་འོངས་དྲིས་པ་དང༌། རང་རང་གི་ཡུལ་སྨྲས། དེས་ཀྱང༌། ཡུལ་དབུས་ནས་སོ། །ཡུལ་དབུས་ཅི་འདྲ་སོགས་སྔར་བཞིན་བསྙད་ནས། སྐར་རྒྱལ་འཁོར་དང་བཅས་པ་རྒྱལ་པོའི་ཐད་དུ་སོང་སྟེ། སྔར་བཞིན་སྨྲས་པས། གནས་ལེན་གྱི་བུ་དང་སྤྲད་ནས། ཕྱོགས་སྔ་མ་གང་བགྱི། སྐར་རྒྱལ་ལོ། །སྐར་རྒྱལ་གྱིས་སྨྲས་པ། གནས་ལེན་གྱི་བུ་འདི་རྒན་པས་ཕྱོགས་སྔ་མ་བགྱིད་དུ་སྩོལ། དེ་བཞིན་གྱིས་ཤིག །གནས་ལེན་གྱི་བུས་བསམས་པ། (༢༢བ)སྐར་རྒྱལ་འདི་ནི་གཞུང་གསར་ལ་བྱེད་པ་གསལ་བས་ལྷན་ཅིག་སྨྲ་དཀའ་ཡི། ཚིག་འདྲེད་པ་ཞིག་བྱའོ་སྙམ་སྟེ་རྒྱུད་ཆགས་ལྔ་བརྒྱ་བཟླས་སོ། །སྐར་རྒྱལ་གྱིས་ཕྱིར་བཟླས་ཏེ། འདི་ནི་རིགས་པ་མེད་པ། མི་མཐུན་པ། མི་འཐད་པ་ཡིན་ནོ་ཞེས་སྐྱོན་བཏགས་པས་ལན་མ་ཐེབས་ཏེ། སྤོབས་པ་མེད་པའི་ཚར་བཅད་དུ་གྱུར། རྒྱལ་པོས། སུ་རྒྱལ། སྐར་རྒྱལ་ལོ། །དེ་ལ་རྒོལ་བའི་ལོངས་སྤྱོད་བྱིན་ཅིག །ལྷ། རྒོལ་བ་ལྷགས་དགུ་ལ་རྒོལ་བའི་ལོངས་སྤྱོད་སྩལ་ན་རིང་པོར་མི་ཐོགས་པར་ཨཾ་ག་དང་མ་ག་དྷ་དག་ཀྱང་རྒོལ་བའི་ལོངས་སྤྱོད་དུ་འགྱུར་བས། གྲོང་ན་ལ་ད་འདི་ཉིད་རྒོལ་བའི་ལོངས་སྤྱོད་ཀྱི་བ་དན་དུ་གྱིས་ལ། གནས་ལེན་གྱི་བུ་ལས་ཕྲོགས་ཏེ་བྲམ་ཟེ་འདི་ལ་སྩལ་ཅིང༌། འདི་བས་ཆེས་རྒྱལ་བ་མཆིས་ནའང་སྐར་རྒྱལ་ལས་འཔྲོགས་ནས་དེ་ལ་སྩལ་ལོ། །དེ་བཞིན་དུ་གྱིས་ཤིག །དེར་ན་ལ་ད་སྐར་རྒྱལ་ལ་བྱིན་པ་དང༌། གནས་ལེན་གྱི་བུས་བསམས་པ། བདག་གིས་རྒྱལ་པོ་འདི་ལ་ཕན་མང་དུ་བཏགས་ནའང་འདིས་ཁོ་བོ་མ་བསྲུངས་ཀྱིས། ཡུལ་གཞན་དུ་འགྲོའོ་སྙམ་སྟེ་ཆུང་མ་ལ་བསྒོ་ནས་སོ་ནམ་དག་བསྡུས་པ་དང༌། ཉེ་དུ་རྣམས་ཀྱིས་གཞན་དུ་མ་བཞུད་པར་ཉེ་དུའི་ནང་དུ་བཞུགས་ཤིག །དེས་སྨྲས་པ། མི་ནི་གཞན་གྱི་ཡུལ་ན་གནས་བླ་ཡི། །རང་གི་ཡུལ་ནི་ཟིལ་གནོན་གནས་པ་མིན། །མི་ནི་གང་ན་ཟིལ་གནོན་མེད་གནས་པ། །དེ་ཉིད་རང་ཡུལ་དེ་ན་གཉེན་ཡང་ཡོད། །སྐར་རྒྱལ་གྱིས་གཏམ་དེ་ཐོས་ནས་གནས་ལེན་གྱི་བུའི་གན་དུ་སོང་སྟེ་སྨྲས་པ། བདག་ནི་གློ་བུར་བ་ཡིན་པས་རིང་པོར་མི་ཐོགས་པར་འགྲོ་ཡིས། འདི་ཁྱོད་ཀྱི་རྒོལ་བའི་ལོངས་སྤྱོད་དུ་འགྱུར་གྱིས་གཞན་དུ་མ་འགྲོ་བར་འདུག་ཅིག །དེས་སྨྲས་པ། འགྲོའོ། །འོ་ན་གྲོང་འདིའི་ཕྱེད་སྣོམས་ཤིག །གནས་ལེན་གྱི་བུས་བསམས་པ། རྒོལ་བའི་ལོངས་སྤྱོད་ཀྱི་བགོ་བཤའ་བྱས་པ་ནི་ཕན་བཏགས་པ་ཡིན་གྱིས། ཤཱ་རི་ཀ་ལ་དེ་སྦྱིན་ནོ་སྙམ་ནས་ཆུང་མ་ལ་དྲིས་པས། སྟོད་རིང་ལ་དྲིའོ། །སྟོད་རིང་ལ་དྲིས་པས། དེས་བདག་ཅག་གི་ལོངས་སྤྱོད་ཉམས་པར་བགྱིས་ན། ཅིའི་ཕྱིར་ཤཱ་རི་ཀ་ཆུང་མར་སྦྱིན། བླུན་པོ་ཁྱོད་ཀྱིས་ཅི་ཤེས། ཞེས་དེ་གཉིས་ཀྱིས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་སྐར་རྒྱལ་ལ་ཤཱ་རི་ཀ་ཆུང་མར་བྱིན་ནོ། །སྟོད་རིང་གིས་བསམས་པ། འདི་དག་གིས་བདག་བརྙས་པ་ནི་ཐོས་པ་ཉུང་བས་ཡིན་པས། སྐར་རྒྱལ་གྱིས་འཇིག་རྟེན་རྒྱང་པན་ཤེས་པ་ལྟར་འཇིག་རྟེན་རྒྱང་པན་གཟུང་བའི་ཕྱིར་ལྷོ་ཕྱོགས་སུ་ཀུན་ཏུ་རྒྱུ་དག་གི་གན་དུ་སོང་ནས། བདག་ཤེས་ལྡན་དག་གི་ཞབས་ལ་སྲི་ཞུ་བགྱི་བར་འཚལ་ལོ། །ཅིའི་ཕྱིར། འཇིག་རྟེན་རྒྱང་པན་གཟུང་བའི་ཕྱིར་རོ། །དེ་དག་གིས་སྨྲས་པ། ཁྱིམ་པ་ལ་མི་སྟོན་ནོ། །(༢༣ན)དེ་ལྟ་ན་རབ་ཏུ་འབྱུང་ངོ༌། །དེ་རབ་ཏུ་བྱུང་ནས། བདག་གིས་འཇིག་རྟེན་རྒྱང་པན་མ་ཟིན་གྱི་བར་དུ་སེན་མོ་མི་གཅད་དོ་ཞེས་སེན་མོ་རིང་པོར་བཞག་པས་ཀུན་ཏུ་རྒྱུ་སེན་རིང་ཞེས་བྱ་བར་གྱུར་ཏོ། །ཤཱ་རི་ཀ་སྐར་རྒྱལ་དང་ལྷན་ཅིག་རྩོད་པ་ན་དེ་སྐར་རྒྱལ་གྱིས་ཚར་བཅད་དོ། །སྐར་རྒྱལ་ཤཱ་རི་ཀ་དང་དགའ་མགུར་སྤྱད་པས། སེམས་ཅན་སྲིད་པ་ཐ་མ་པ། སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་གཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ་ཞིག་ལྷ་ལས་ཤི་འཕོས་ནས་ཤཱ་རི་ཀའི་མངལ་དུ་ཞུགས་སོ། །ཤཱ་རི་ཀའི་རྨི་ལམ་དུ་མི་ལག་ན་སྒྲོན་མེ་ཐོགས་པ་ཞིག་གིས་བདག་གི་དཀུ་དྲལ་ཏེ་ཞུགས་པ་དང༌། བདག་རི་ཆེན་པོའི་སྤོ་ལ་འཛེག་པ་དང༌། ནམ་མཁའ་ལ་འགྲོ་བ་དང༌། བདག་ལ་སྐྱེ་བོ་ཕལ་པོ་ཆེས། ཕྱག་འཚལ་ལོ་ཟེར་བ་རྨིས་ནས་སྐར་རྒྱལ་ལ་དེས་སྨྲས་སོ། །
སྐར་རྒྱལ་ཉིད་རྨི་ལྟས་ལ་མཁས་པ་ཡིན་མོད། རྨི་ལྟས་ཤེས་པ་གཞན་ལ་དྲིས་པས། རྨི་ལམ་དེ་ནི་བཟང་སྟེ། མི་ལག་ཏུ་སྒྲོན་མེ་ཐོགས་པས་བདག་གི་དཀུ་དྲལ་ཏེ་ཞུགས་པ་རྨིས་པ་ནི་བུ་བཙའ་ཞིང་དེས་ལོ་བརྒྱད་གཉིས་ཀྱིས་དཔའ་དབང་པོའི་བརྡ་སྤྲོད་པ་བཀླགས་ནས་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ལྟས་སོ། །རི་ཆེན་པོ་འཛེག་པ་སོགས་ནི་རབ་ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པའི་བདག་ཉིད་ཆེན་པོར་འགྱུར་བའི་ལྟས་སོ། །དུས་རེ་ཞིག་ན་སྐར་རྒྱལ་ཤཱ་རི་ཀ་དང་ལྷན་ཅིག་རྩོད་པ་ན་ཤཱ་རི་ཀས་དེ་ཚར་བཅད་ནས། དེས་བསམས་པ། འདི་ནི་འདིའི་མཐུ་མ་ཡིན་གྱི། འདིའི་མངལ་དུ་ཞུགས་པ་དེའི་མཐུ་ཡིན་ནོ་སྙམ་མོ། །ཟླ་བ་བརྒྱད་དམ། དགུ་འདས་པ་ན། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་འདུགས་ལྟ་བུ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འབྱར་བ། སྣའི་གཟེངས་མཐོ་བ་ཞིག་བཙས་སོ། །ཁྱེའུ་དེའི་མེས་པོས། འདི་སྐར་རྒྱལ་གྱི་བུ་ཡིན་པས། ཉེ་རྒྱལ་ཞེས་བཏགས་སོ། །སྐར་རྒྱལ་གྱིས་བསམས་པ། མེས་པོས་ཕ་ལས་དྲས་ཏེ་ཁྱེའུ་འདིའི་མིང་བཏགས་ཀྱི། བདག་གིས་མ་ལས་དྲས་ཏེ་གདགས་སོ་སྙམ་ནས། འདི་ཤཱ་རི་ཀའི་བུ་ཡིན་པས་ཤཱ་རིའི་བུ་ཞེས་བཏགས་སོ། །དེ་མ་མ་བརྒྱད་ལ་གཏད་ནས་བསྲིངས་བསྐྱེད་དེ། །ཆེར་སྐྱེས་པའི་ཚེ་ཡི་གེ་ལ་སོགས་པའི་ཕ་རོལ་ཏུ་སོན་ཅིང་བྲམ་ཟེའི་སྤྱོད་ཚུལ་དང༌། སྤྱོད་པ་དང༌། གཙང་སྦྲ་དང༌། ཀུན་ཏུ་སྤྱོད་པ་དང༌། ཐལ་བ་བླང་བ་དང༌། བྱ་མ་བུམ་བླང་བ་དང༌། ས་བླང་བ་དང༌། ལག་སྟངས་དང༌། ཐོར་ཚུགས་དང༌། རབ་བསྔགས་བྱ་བ་(༢༣བ)དང༌། ཀྱེ་ཞེས་བྱ་བ་དང༌། རིག་བྱེད་བཞི་དང༌། བྲམ་ཟེའི་ལས་དྲུག་ལ་མཁས་པའི་བྲམ་ཟེའི་རིག་བྱེད་ཀྱི་ཕ་རོལ་ཏུ་ཕྱིན་པ། མེ་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ། གཞན་གྱི་སྨྲ་བ་ཚར་གཅོད་ནུས་པར་གྱུར་ཏོ། །དེས་ལོ་བརྒྱད་གཉིས་ཀྱིས་རིག་པའི་གནས་ཐམས་ཅད་བསླབས་ནས་རྒོལ་བ་ཐམས་ཅད་ཚར་བཅད་པར་གྱུར་ཏོ། །དེ་རེ་ཞིག་ན་ཕ་དང་ལྷན་ཅིག་རིག་བྱེད་འདོན་པ་ན། ཡབ། འདིའི་དོན་ཅི་ལགས། བུ། ཁོ་བོས་ཀྱང་འདིའི་དོན་མི་ཤེས་ཏེ། གསང་ཚིག་གི་གཞི་འདི་དག་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྟོད་པ་བསྒྲགས་པ་ཙམ་མོ། །ཡབ། དེ་དག་ནི་དོན་མ་མཆིས་སྙམ་མམ། འདིའི་དོན་ནི་འདི་ལགས་སོ། །སྐར་རྒྱལ་དགའ་ནས། བུས་བྱ་བ་ནི་གཉིས་ཏེ། ཕའི་གཞུང་སྲོང་བའམ་ཁྱད་པར་ལྷག་པར་རྟོགས་པ་ཡིན་ན། འདིས་ནི་བདག་གིས་ཁྱད་པར་ལྷག་པར་རྟོགས་སོ་སྙམ་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གསང་ཚིག་ཀློག་ཏུ་འཇུག་པ་དེ་ལ་གཏད་དོ། །ཉེ་རྒྱལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གསང་ཚིག་ཀློག་ཏུ་འཇུག་པ་ན་དེས་རིག་བྱེད་རིང་པོ་རྣམས་ཐུང་ངུར་བཞག །ཐུང་ངུ་རྣམས་རིང་པོར་བཞག་སྟེ་ཚིག་དང་ཡི་གེ་ཕྲི་ཞིང་དོན་དང་ངེས་པའི་ཚིག་ཏུ་བཞག་གོ །གྲོང་ཤིང་ཐགས་ཅན་ན་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་ཀྱང་བུ་མེད་ནས། བུ་འདོད་པས་ཞི་བ་དང༌། ཆུ་ལྷ་དང༌། ལུས་ངན་དང༌། བརྒྱ་བྱིན་དང༌། ཚངས་པ་ལ་སོགས་པ་ལ་གསོལ་བ་འདེབས་ཤིང༌། ལྷའི་བྱེ་བྲག་གཞན་ཡང་ཀུན་དགའ་ར་བའི་ལྷ་དང༌། ཚལ་གྱི་ལྷ་དང༌། བཞི་མདོའི་ལྷ་དང༌། སུམ་མདོའི་ལྷ་དང༌། གཏོར་མ་ལེན་པའི་ལྷ་དང༌། ལྷན་ཅིག་སྐྱེས་པ་དང༌། ཆོས་མཐུན་པ་དང༌། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དག་ལ་གསོལ་བ་འདེབས་སོ། །འཇིག་རྟེན་ན་ལྷ་ལ་གསོལ་བ་བཏབ་པས་བུ་འབྱུང་ངོ་ཞེས་ཟེར་བ་མི་བདེན་ཏེ། དེ་ལྟ་ན་རེ་རེ་ལའང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་མངོན་དུ་གྱུར་ན་བུ་འབྱུང་སྟེ། ཕ་མ་ཆགས་ཤིང་འདུས་པ་དང༌། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང༌། དྲི་ཟ་ཉེ་བར་གནས་ཏེ་འཇུག་འདོད་པའོ། །དེའི་ཚེ་སེམས་ཅན་སྲིད་པ་ཐ་མ་པ་ཞིག་གྲུ་འཛིན་གྱི་ཆུང་མའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པ་ལ། མ་འདྲེས་པའི་ཆོས་ལྔ་ཡོད་དེ། སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང༌། དུས་ཤེས་(༢༤ན)ཤིང་ཟླ་མཚན་ཤེས་པ་དང༌། མངལ་ན་གནས་པ་ཤེས་པ་དང༌། གང་ལས་མངལ་དུ་ཞུགས་པ་ཤེས་པ་དང༌། ཁྱེའུ་དང་བུ་མོར་འགྱུར་བ་ཤེས་ཏེ། བུ་ཡིན་ན་དཀུ་གཡས་པར་བརྟེན། བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་པ་ལ། བུར་ཤེས་ནས་ཁྱིམ་ཐབ་ལ། རྗེའི་སྲས་དགྱེས་པ་བསྐྱེད་དུ་གསོལ། དེ་ཡང་ཡིད་དགའ་ནས་རོ་སྟོད་བསྲངས་ཏེ་ལག་པ་གཡས་པ་བརྐྱངས་ནས། ཁོ་བོ་ཡུན་རིང་པོ་ནས་འདོད་པའི་བུའི་ངོ་མཐོང་བ་དང༌། ཁོ་བོ་དང་མཐུན་པར་སྐྱེ་བ་དང༌། ཁོ་བོའི་བྱ་བ་བྱེད་པ་དང༌། གསོས་པས་ཕྱིར་གསོ་བ་དང༌། བགོ་སྐལ་ལ་སྤྱོད་པ་དང༌། ཁོ་བོའི་རིགས་རྒྱུན་རིང་དུ་གནས་པར་བསྒྲུབ་པ་དང༌། བདག་ཅག་ཤི་བ་ན། སྦྱིན་པ་དག་བྱིན་ཞིང༌། བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས་ཤིང་འགྲོ་བའི་ཕྱི་བཞིན་དུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བསྔོ་བ་བྱེད་པར་གྱུར་ཅིག་ཅེས་བརྗོད་ནས། བདེ་བར་བསྐྱངས་པས་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ་ཞིག་བཙས། ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འདི་ལྷ་པང་དུ་བླངས་ནས་ཐོབ་པས། པང་ནས་སྐྱེས་ཞེས་བཏགས་ཤིང༌། མོའུ་གལ་གྱི་རིགས་ཡིན་པས་མོའུ་གལ་གྱི་བུ་ཞེས་མིང་བཏགས་ནས་མ་མ་བརྒྱད་ལ་གཏད་དེ་བསྐྱེད་བསྲིངས། ཆེར་སྐྱེས་པའི་ཚེ་ཡི་གེ་ལ་སོགས་པའི་རིག་བྱེད་ལ་མཁས་པར་གྱུར་ཏོ། །དེ་ཕ་དང་ལྷན་ཅིག་རིག་བྱེད་འདོན་པ་ན། ཡབ། འདིའི་དོན་ཅི་ལགས་ཞེས་སོགས་སྔར་དང་འདྲ་ལ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དེ་ལ་གཏད་དོ། །པང་ནས་སྐྱེས་ཀྱིས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་རིག་བྱེད་ཀློག་ཏུ་བཅུག་གོ །བྲམ་ཟེའི་ཁྱེའུ་རྣམས་མི་ཀློག་པའི་དུས་སུ་གྲོང་ཁྱེར་བལྟར་དོང་བ་དང༌། ཉེ་རྒྱལ་གྱི་སློབ་མ་དག་གསང་ཚིག་འདོན་ཞིང་མདུན་ནས་སོང༌། པང་ནས་སྐྱེས་ཀྱི་སློབ་མ་དག་གསང་ཚིག་འདོན་ཞིང་ཕྱི་བཞིན་སོང་བ་དང༌། པང་ནས་སྐྱེས་ཀྱི་སློབ་མ་རྣམས་ཀྱིས་ཉེ་རྒྱལ་གྱི་སློབ་མ་རྣམས་གསང་ཚིག་ཀློག་པ་ཐོས་ནས། ཅིའི་ཕྱིར་ཁྱེད་ཅག་གསང་ཚིག་གི་གཟི་ཉམས་པར་བྱས་ཏེ་ཀློག །དེ་དག་གིས་སྨྲས་པ། འོ་ན་ཇི་ལྟར་བཀླག །འདི་ལྟར་ཀློག་གོ །དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་སུ་ལས་བཀླགས། དེ་མི་ཤེས་པ་དེས་ཉི་མ་དང་ཟླ་བ་མི་ཤེས་པ་ཡིན་ནོ། །སྐར་རྒྱལ་གྱི་བུ་ཉེ་རྒྱལ་ལས་བཀླགས་སོ། །ཁྱེད་ཅག་གིས་སུ་ལས་བཀླགས། གང་གིས་དེ་མི་ཤེས་པ་དེས་ཀྱང་ཉི་མ་དང་ཟླ་བ་མི་ཤེས་པ་ཡིན་མོད། གྲུ་འཛིན་གྱི་བུ་པང་ནས་སྐྱེས་ལས་བཀླགས་སོ། །
དེ་ནས་ཉེ་རྒྱལ་གྱི་སློབ་མ་རྣམས་སྤ་གོང་བཀོང་བས་ཉེ་རྒྱལ་ཅན་སོང་བ་དང༌། ཁྱེའུ་དག །ཅི་ཉེས། ཅང་མ་ནོངས་སོ། །དེས་སྨྲས་པ། བསམ་པ་ནང་ན་ཡོད་པ་ཀུན། །ཕྱི་རོལ་ནས་ནི་ཉེ་བར་(༢༤བ)གསལ། །སྐད་མདོག་དབང་པོའི་རྣམ་པ་དག །རྣམ་པར་སྦ་བར་མི་ནུས་སོ། །དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང༌། དེས་སྨྲས་པ། ཁྱེའུ་དག །དེ་བཞིན་ཏེ། བྲམ་ཟེའི་ཁྱེའུ་དེ་དག་གསང་ཚིག་ཀློག་པ་བཞིན་དུ་བཀླག་པར་བྱ་ཡིན་མོད། འོན་ཀྱང་ཁོ་བོས་རིག་བྱེད་རིང་པོ་རྣམས་ཐུང་ངུར་བཞག །ཐུང་ངུ་རྣམས་རིང་པོར་བཞག་སྟེ། ཚིག་དང་ཡི་གེ་ཕྲི་ཞིང་དོན་དང་ངེས་པའི་ཚིག་ཏུ་བཞག་གོ །དེར་ཁྱེའུ་རྣམས་སྤ་གོང་བ་མེད་པར་གྱུར་ཏོ། །པང་ནས་སྐྱེས་ཀྱི་སློབ་མ་རྣམས་ཀྱང་སྤ་གོང་ནས་པང་ནས་སྐྱེས་ཅན་སོང་བ་དང༌། ཁྱེའུ་དག་ཅི་ཉེས། ཅང་མ་ནོངས་སོ། །བསམ་པ་ནང་ན་ཡོད་པ། སོགས་སྔར་བཞིན་ནོ། དེས་སྨྲས་པ། ཁྱེའུ་དག །བདག་ཅག་ཀློག་པ་བཞིན་དུ་བཀླག་པར་བྱ་བ་ཡིན་མོད། བྲམ་ཟེའི་ཁྱེའུ་དེ་ཤེས་རབ་ཅན་ཡིན་པས་དེས་རིག་བྱེད་རིང་པོ་ཐུང་ངུ་དང༌། ཐུང་ངུ་རིང་པོར་བཞག་གོ་ཞེས་ཐོས་སོ། །དེར་དེ་གཉིས་ཕན་ཚུན་གཅིག་གིས་གཅིག་ཐོས་མ་ཐག་མཐོང་འདོད་པར་གྱུར་ཏེ། ཉེ་རྒྱལ་ཕའི་གན་དུ་སོང་ནས། ཡབ། བདག་གྲོང་ཤིང་ཐགས་ཅན་དུ་མཆིའོ། །ཅིའི་ཕྱིར་དུ། གྲུ་འཛིན་གྱི་བུ་པང་ནས་སྐྱེས་བལྟ་བའི་སླད་དུའོ། །བུ། དེ་ཁྱོད་པས་ཤེས་རབ་ཆེ་བ་ཞིག་ཡིན་ནམ། མ་ཡིན་མོད། ཆེས་ཕྱུག་པ་ལགས་སོ། །
སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང༌། །ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། །སྒོ་ན་དོན་ཀུན་གཉེར་བས་སྡོད། །གལ་ཏེ་འོངས་ན་ཐོས་པས་བགོ་བཤའ་ཡི། །བགྲོད་པར་མི་བྱའོ། །པང་ནས་སྐྱེས་ཀྱང་ཕའི་གན་དུ་སོང་ནས། ཡབ། བདག་གྲོང་ན་ལ་དར་མཆིའོ། །ཅིའི་ཕྱིར་དུ། སྐར་རྒྱལ་གྱི་བུ་ཉེ་རྒྱལ་བལྟ་བའི་སླད་དུའོ། །བུ། དེ་ཁྱོད་པས་ཆེས་ཕྱུག་གམ་ཅི། མ་ཡིན་མོད། ཤེས་རབ་ཅན་ལགས་སོ། །སྨྲས་པ། མི་གང་རིགས་ཀྱིས་རྒན་པ་དང༌། །ན་ཚོད་རྒན་དང་ཐོས་པས་རྒན། །དེ་ཀུན་ནོར་གྱིས་རྒན་པ་ཡི། །སྒོ་ན་ཅི་བྱ་སྙམ་པས་སྡོད། །གལ་ཏེ་དེ་འོངས་ན་ནོར་གྱིས་བགོ་བཤའ་བྱ་ཡི། བགྲོད་པར་མི་བྱའོ། །དེ་ནས་དུས་རེ་ཞིག་ན་རྒྱལ་པོའི་ཁབ་ཏུ་ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་ཀྱི་དུས་སྟོན་ལ་བབ་བོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་དེ་གཉིས་ཀྱི་དུས་སྟོན་ལ་བབ་པའི་ཚེ་བདག་ཉིད་ཀྱིས་ཉམས་སུ་མྱོང་བའམ། མ་སྐྱེས་དགྲ་གཏོང་བར་བྱེད་པ་ལ། དེའི་ཚེ་གཟུགས་ཅན་སྙིང་པོ་ལ་བྱ་བ་ཅུང་ཞིག་བྱུང་ནས་མ་སྐྱེས་དགྲ་ལ། ཁྱོད་སོང་ལ་རི་བོ་དང་ཡིད་འོང་གཉིས་ཀྱི་དུས་སྟོན་ཉམས་སུ་མྱོང་བར་གྱིས་ཤིག །མ་སྐྱེས་དགྲ་དེའི་དཔོན་ལ་འོང་བར་ཐོས་ནས། གྲུ་འཛིན་གྱིས་བསམས་པ། མ་སྐྱེས་དགྲ་འདི་ཕ་འདས་ནས་རྒྱལ་པོར་འགྱུར་ལ། པང་ནས་སྐྱེས་ཀྱང་བདག་འདས་ནས་མདུན་ན་འདོན་དུ་འགྱུར་(༢༥ན)བས་དེ་བསྟེན་ན་དུས་སུ་འབྲས་བུ་སྟེར་བར་འགྱུར་རོ་སྙམ་ནས་པང་ནས་སྐྱེས་ལ་སྨྲས་པ། དུས་སྟོན་དེ་ལ་རྒྱལ་པོ་དང༌། མདུན་ན་འདོན་དང༌། རྒོལ་བ་དང༌། མཆོག་ཐོབ་པའི་སྟན་བཞི་ལས། རྒྱལ་པོའི་སྟན་གཅིག་པུ་ཞོག་ལ། མདུན་ན་འདོན་གྱི་སྟན་ལ་འདུག་ཅིག །དེས་ཀྱང་དེ་བཞིན་དུ་འདུག་གོ །སྐར་རྒྱལ་གྱིས་ཀྱང་གཏམ་དེ་ཐོས་ནས་ཉེ་རྒྱལ་ལ་སྨྲས་པ། དུས་སྟོན་དེ་ལ་སྟན་བཞི་ལས། མཆོག་ཐོབ་པའི་སྟན་ལ་དབྱི་གུ་དང་རིལ་བ་ཞོག་ལ། རྒོལ་བའི་སྟན་ལ་འདུག་ཅིག །ཉི་མ་ཤར་ནས་ནུབ་པའི་བར་ལ་ཁྱོད་དང་མཉམ་པའི་རྒོལ་བ་གཞན་མེད་དོ། །དེས་ཀྱང་དེ་བཞིན་དུ་འདུག་གོ །དེ་ནས་གར་མཁན་དག་གིས་ཏོ་ཌ་ཀའི་རྒྱུད་དུ་གླུ་བླངས་པ་དང༌། མི་དག་གིས་བྲོ་བརྡུང་བ་དང་གླུ་བླང་བར་བརྩམས་པ་དང༌། ཁྱེའུ་དེ་གཉིས་དབང་པོ་དང་ཕྱིར་བསླན་ཏེ་འཁོད་པར་སྐྱེ་བོ་ཕལ་མོ་ཆེས་མཐོང་ནས་སྨྲས་པ། འདི་གཉིས་ཡང་ན་བླུན་པོ་གཉིས་ཤིག་གོ །ཡང་ན་ཤེས་པ་མི་འཁྲུག་པ་གཉིས་ཤིག་གོ །པང་ནས་སྐྱེས་ཀྱིས་ཉེ་རྒྱལ་ལ་སྨྲས་པ། བྲོ་བརྡུང་བ་དང༌། གླུ་དང༌། རོལ་མོ་རྣམས་སྣང་ངམ། དེས་སྨྲས་པ། གང་གིས་མཐོང་བ་དང༌། ཐོས་པ་ལ་སྣང་ངོ༌། །དབང་པོ་ནང་དུ་བསྡུས་པས་མ་མཐོང་བ་ནི་བདེན་ན། ཇི་ལྟར་མ་ཐོས། དེས་སྨྲས་པ། ཤི་ལྤགས་ཤི་བའི་རྒྱུས་པ་དང༌། །འཆིར་འགྱུར་བཞད་གད་འཇོ་སྒེག་གིས། །འཆི་བའི་སྐྱེ་བོ་འདུས་པ་ལ། །མཁས་པ་སུ་ཞིག་བག་མེད་བྱེད། །དེས་སྨྲས་པ། ཁྱེད་ཉེ་རྒྱལ་ཡིན་ནམ། སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །ཉེ་རྒྱལ་གྱིས་སྨྲས་པ། ཁྱོད་ལ་བྲོ་དང༌། གླུ་དང༌། རོལ་མོ་རྣམས་སྣང་ངམ། གང་གིས་མཐོང་བའམ། ཐོས་པ་ལ་སྣང་ངོ༌། །ཇི་ལྟར་མ་ཐོས། སྨྲས་པ། རྒྱན་རྣམས་ཐམས་ཅད་ཁུར་ཡིན་ཏེ། །གར་རྣམས་ཐམས་ཅད་མཐོ་འཚམ་པ། །གླུ་རྣམས་ཐམས་ཅད་བཀྱལ་པ་སྟེ། །གཟུགས་ཀུན་མི་རྟག་ཉིད་ཡིན་ནོ། །
དེས་སྨྲས་པ། ཁྱོད་པང་ནས་སྐྱེས་ཡིན་ནམ། སྐྱེ་བོས་དེ་ལྟར་ཤེས་སོ། །ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། ཚུར་ཤོག །རབ་ཏུ་འབྱུང་ངོ༌། །དེས་སྨྲས་པ། གང་གི་དོན་དུ་མཆོད་སྦྱིན་དང༌། སྦྱིན་སྲེག་དང༌། དཀའ་ཐུབ་བྱེད་པའི་མདུན་ན་འདོན་ནི་བདག་གི་ལག་མཐིལ་དུ་འོངས། གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན། ཅིའི་ཕྱིར་རབ་ཏུ་འབྱུང༌། ཉེ་རྒྱལ་གྱིས་སྨྲས་པ། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་འདབ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་གཟུང་བས་ཅི་ཞིག་བྱ། །ཚུར་ཤོག །རབ་ཏུ་འབྱུང་ངོ༌། །པང་ནས་སྐྱེས་ཀྱིས་སྨྲས་པ། ཕ་མ་ལ་དྲི་བར་བྱའོ། །པང་ནས་སྐྱེས་ཕ་མ་ཅན་སོང་སྟེ། ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་(༢༥བ)རབ་ཏུ་འབྱུང་ངོ༌། །ཕ་མས་ཀྱང༌། མཆོད་སྦྱིན་སོགས་ནས། གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན། ཅིའི་ཕྱིར་རབ་ཏུ་འབྱུང༌། པང་ནས་སྐྱེས་ཀྱིས་སྨྲས་པ། ནགས་ན་ཤིང་ཤུན་རྩྭ་གྱོན་ཞིང༌། །རྩ་བ་འབྲས་བུ་འཆའ་བ་དང༌། །རི་དྭགས་སྡུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིག་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་འཆིང་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ། །ཕ་མས་སྨྲས་པ། ཁྱོད་ངེས་ཀྱི་བུ་གཅིག་པུ། སྡུག་ཅིག་ཡིད་དུ་འོང་བ་ཡིན་པས་འབྲལ་མི་ཕོད་དོ། །ཡབ་ཡུམ། གནང་ན་ལེགས། མི་གནང་ན་ད་སླན་ཆད་འཚལ་མའང་མི་འཚལ། ཕྱག་ཀྱང་མི་འཚལ་ལོ། །མི་གནང་གིས། བྱ་བ་གཞན་མ་སེམས་ཤིག །དེ་ནས་དེས་ཉི་མ་དྲུག་གི་བར་དུ་ཟན་བཅད་དོ། །ཕ་མས་སྨྲས་པ། ཁྱོད་གཞོན་པས་སྡུག་བསྔལ་མི་ཤེས་པ་ཡིན་གྱི། ཚངས་པར་སྤྱོད་པ་སྤྱད་དཀའ། རབ་ཏུ་དབེན་པ་བྱ་དཀའ་ཞེས་སོགས་སྨྲས་ནས། འདི་ཉིད་དུ་འདུག་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་གྱིས་ཤིག །དེ་ཅང་མི་སྨྲའོ། །
དེ་ནས་དེའི་ཉེ་དུ་རྣམས་བསགས་ནས་དེ་དག་གིས་ཀྱང་ལན་གསུམ་དུ་དེ་སྐད་སྨྲས་ཀྱང་ཅང་མི་སྨྲའོ། །དེ་ནས་དེའི་ནེའུ་ལྡངས་རྣམས་ལ་བསྒོ་ནས། དེ་དག་གིས་ཀྱང་ལན་གསུམ་དུ་སྨྲས་པས་ཀྱང་ཅང་མི་སྨྲའོ། །དེ་དག་གིས་ཕ་མའི་དྲུང་དུ་སོང་ནས་སྨྲས་པ། མཁྱེན་པར་མཛོད་ཅིག །པང་ནས་སྐྱེས་གུམ་པས་ཅི་བགྱི། རབ་ཏུ་འབྱུང་བ་ནི་མཁས་པས་བསྔགས་པ་ལགས་པས། གལ་ཏེ་རབ་ཏུ་བྱུང་ནས་མངོན་པར་དགའ་བར་གྱུར་ནའང་གསོན་པོ་ཉིད་དུ་གཟིགས་པར་འགྱུར་ལ། དགའ་བར་མ་གྱུར་ནའང་དྲང་སྲོང་དག་ནི་སླར་ལྡོག་པ་ལགས་ཏེ། བུའི་གནས་ནི་ཕ་མ་མ་གཏོགས་པ་གཞན་མེད་པས་རབ་ཏུ་བྱུང་ན་ལེགས་སོ། །ཕ་མས། གཞོན་ནུ་དེའི་དུས་ལ་བབ་པར་ཤེས་ནས་རབ་ཏུ་བྱུང་ཞིག །དེ་ནས་དེ་འབྲས་ཁུས་རིམ་གྱིས་ལུས་ཀྱི་མཐུ་སྟོབས་བསྐྱེད་ནས། རིམ་གྱིས་ཉེ་རྒྱལ་ཅན་སོང་སྟེ། རབ་ཏུ་འབྱུང་ངོ༌། །ཕ་མས་གནང་ངམ། གནང་ངོ༌། །ངས་ཀྱང་ཞུའོ། །ཁོ་བོ་ནི་དུས་དེ་སྲིད་ཀྱི་ཕ་མས་གནང་ན། ཁྱོད་ད་ཇི་སྲིད་ཀྱིས་གནང་བར་འགྱུར། སྨྲས་པ། ཁོ་བོ་ད་ལྟ་ཁོ་ན་གནང་བར་བྱས་ཏེ་འོང་ངོ༌། །དེ་ནས་ཉེ་རྒྱལ་གྱིས་ཕ་མ་གཉིས་ཀྱི་དྲུང་དུ་སོང་སྟེ། ཡབ་ཡུམ། བདག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ༌། །དེ་གཉིས་ཀྱིས་སྨྲས་པ། བུ། ཁྱོད་ལ་རབ་ཏུ་བྱུང་བ་ལེགས་པ་ཡིན་ནམ། ལེགས་སོ། །བུ། འོ་ན་སོང་ལ་རབ་ཏུ་བྱུང་ཞིག །དེས་པང་ནས་སྐྱེས་ཀྱི་གན་དུ་སོང་ནས། ཚུར་ཤོག །བདག་ཅག་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ༌། །དེས་སྨྲས་པ། ཁྱོད་ཕ་མས་གནང་ངམ། གནང་ངོ༌། (༢༦ན)ཉེ་རྒྱལ། ཁོ་བོ་ནི་དེ་ཙམ་དུ་མ་གནང་ན། ཁྱོད་ཕ་མས་མྱུར་དུ་གནང་བའི་རྒྱུ་ཅི་ཡིན། ཁྱོད་ནི་འཆིང་བ་དམ་པོས་བཅིངས་པ་དང༌། ཁོ་བོ་ནི་དེ་ལྟ་མ་ཡིན་ཞིང༌། ཚེ་རབས་ལྔ་བརྒྱར་རབ་ཏུ་བྱུང་བ་དང༌། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་མང་བར་ཤོག །ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ། །པང་ནས་སྐྱེས་ཀྱིས་ཉེ་རྒྱལ་ལ་སྨྲས་པ། བདག་ཅག་ནི་བྲམ་ཟེ་རབ་ཏུ་གྲགས་པ་ཡིན་པས། གང་ཡང་རུང་བ་ལས་རབ་ཏུ་མི་འབྱུང་གི །ལེགས་པར་བརྟགས་ནས་རབ་ཏུ་འབྱུང་ངོ་ཞེས་བགྲོས་ཏེ་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེའི་ཚེ་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་བཞིན་དུ་ཐམས་ཅད་མཁྱེན་པར་ཁས་འཆེ་བ་དག་རྒྱལ་པོའི་ཁབ་ན་གནས་སོ། །དེ་གཉིས་ཀྱིས་འགྲོ་བ་སྐྱོང་གི་བུ་རྫོགས་བྱེད་ཅན་སོང་སྟེ་སྨྲས་པ། ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང༌། སློབ་མ་ལ་གདམས་པ་ནི་གང༌། ཚངས་པར་སྤྱོད་པའི་འབྲས་བུ་ནི་གང༌། ཕན་ཡོན་ནི་གང་ཡིན། དེས་སྨྲས་པ། ཁོ་བོ་འདི་ལྟར་སྨྲ་སྟེ། སྦྱིན་པ་དང༌། མཆོད་སྦྱིན་དང༌། སྦྱིན་སྲེག་དང༌། ལེགས་སྤྱད་དང༌། ཉེས་སྤྱད་དང༌། དེ་དག་གི་འབྲས་བུ་དང༌། རྣམ་སྨིན་མེད་དོ། །འཇིག་རྟེན་འདི་དང༌། ཕ་རོལ་དང༌། ཕ་མ་དང༌། སེམས་ཅན་རྫུས་ཏེ་སྐྱེ་བ་དང༌། དགྲ་བཅོམ་པ་མེད་དོ། །སྲོག་ནི་འདི་ཉིད་ལ་འཚོ་ཞིང༌། ཤི་བའི་འོག་ཏུ་མི་འབྱུང་ངོ༌། །སྐྱེས་བུའི་ལུས་ནི་འབྱུང་བ་ཆེན་པོ་ལས་གྱུར་པ་ཡིན་ཏེ། ཚེ་དུས་བྱེད་པ་ན་སའི་ལུས་ནི་སའི་བག་ལ་ཞ། ཆུའི་ཆུ་ལ། མེའི་མེ་ལ། རླུང་གི་ལུས་རླུང་གི་བག་ལ་ཞ་བར་འགྱུར་རོ། །དབང་པོ་རྣམས་ནི་ནམ་མཁའ་ལ་ཐིམ་པར་འགྱུར་རོ། །རོ་ནི་ཁྲི་དང་ལྔའི་མི་དག་གིས་ཁྱེར་ཏེ་དུད་ཁྲོད་དུ་འགྲོ་ཞིང་བསྲེགས་ནས་མི་མངོན་པར་ཐལ་བར་འགྱུར། རུས་པ་ཐི་བའི་མདོག་འདྲ་བར་གནས་སོ། །
འདི་ལྟར་རྨོངས་པས་ཉེ་བར་བསྟན་པ་ནི་སྦྱིན་པ། མཁས་པས་ཉེ་བར་བསྟན་པ་ནི་ལེན་པའོ། །གཞན་ཡོད་པར་སྨྲ་བ་དེ་དག་ཐམས་ཅད་ནི་གསོབ་གསོག་རྫུན་དུ་རྡོལ་བ་དག་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་འདི་སྙམ་དུ། འདི་ནི་ལམ་གོལ་བར་ཞུགས་པས་མཁས་པ་རྣམས་ཀྱི་སྤང་བར་བྱ་བ་ཡིན་ནོ་སྙམ་ནས་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད༌པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་ཞིག་འདྲ། །ཞེས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ༌། །དེ་ནས་གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་ཅན་ཕྱིན་ནས། ཁྱོད་ཀྱི་ཆོས་ཀྱི་ཚུལ་གང་ཡིན་སོགས་དྲིས་པས། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་དང༌། ཤེས་པ་དང༌། མཐོང་བ་དང༌། སྟོབས་དང༌། བརྩོན་འགྲུས་(༢༦བ)སོགས་མེད་དོ་ཞེས་སྨྲས་ནས། སྔར་བཞིན་སྤངས་སོ། །དེ་ནས་སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་ཙ་ན་སོང་ནས། ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཞེས་སོགས་དྲིས་པས། གཾ་གཱའི་ལྷོ་ནས་སྲོག་གཅོད་པ་དང༌། བྱང་ནས་སྦྱིན་པ་བྱེད་པ་གཉིས་ཀ་ལ་སྡིག་པའང་མེད། བསོད་ནམས་ཀྱང་མེད་པ་སོགས་སྨྲས་ནས། སྔར་བཞིན་སྤངས་སོ། །
དེ་ནས་མི་ཕམ་སྐྲའི་ལ་བ་ཅན་ཙ་ན་སོང་ནས། སྔར་བཞིན་དྲིས་པས། ས། ཆུ། མེ། རླུང༌། བདེ་སྡུག་གསོན་པ་སྟེ་ལུས་བདུན་པོ་ནི་མ་བྱས་ཤིང་མ་སྤྲུལ་པ་སྟེ། ཐེར་ཟུག་ཏུ་གནས་པ་ཡིན་ལ། དེ་ལ་མགོ་གཅོད་པ་སོགས་གང་གིས་ཀྱང་གནོད་པ་མེད་ལ། སེམས་ཅན་བྱིས་པ་དང་མཁས་པ་ནི་བསྐལ་ཆེན་བརྒྱད་ཁྲི་པཞི་སྟོང་དུ་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་དོ། །དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་དཀའ་ཐུབ་ཀྱིས་ལས་བྱང་བ་མེད་དོ་ཞེས་སྨྲས་པས། སྣོད་སྟོང་པ་ཞིན་དུ་བརྡབས་ཏེ་སོང་ངོ༌། །དེ་ན་ཀ་ཏའི་བུ་ནོག་ཅན་ཙ་ན་སོང་ནས་སྔར་བཞིན་དྲིས་པས། ཁོ་བོའི་གན་དུ་འཇིག་རྟེན་ཕ་རོལ་ཡོད་དམ་ཟེར་ན་ཡོད་ཅེས་ལན་འདེབས། མེད་དམ་ཟེར་ནའང་མེད་ཅེས་ལན་འདེབས་ཞེས་སོགས་སྨྲས་པས། སྣོད་སྟོང་པ་བཞིན་བརྡབས་ཏེ་སོང་ངོ༌། །དེ་ནས་གཉེན་གྱི་བུ་གཅེར་བུ་ཅན་སོང་ནས་སྔར་བཞིན་དྲིས་པས། ཁོ་བོ་ནི་གང་ཟག་གིས་སོ་སོར་མྱོང་བ་ཅི་ཡང་རུང་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ལ། ལས་རྙིང་པ་དཀའ་ཐུབ་ཀྱིས་བྱང་བར་འགྱུར་ཞིང༌། ལས་གསར་པ་མ་བྱས་པས་ལས་དང་སྡུག་བསྔལ་ཟད་པར་འགྱུར་རོ་ཞེས་སྨྲས་པས། སྣོད་སྟོང་པ་བཞིན་བརྡབས་ཏེ་སོང་ངོ༌། །དེའི་ཚེ་དེ་གཉིས་མུ་སྟེགས་ཀྱི་སྟོན་པ་ཡང་དག་རྒྱལ་བ་ཅན་བྱུང་ནས་རིང་པོ་མ་ལོན་པ་ཞིག་ཡོད་པ་དེ་འཚོལ་དུ་སོང་སྟེ། རྒྱལ་བ་ཅན་གང་ན། ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །ཀྱེ་མ། བདག་ཅག་གིས་ནང་དུ་ཡང་དག་འཇོག་གི་སྒྲ་ཡུན་རིང་མོ་ནས་གདོད་ཐོས་སོ་སྙམ་སྟེ། དེ་ལས་སློང་བ་ནི་ཚུལ་དང་མི་མཐུན་པས། དེ་ལས་ལངས་པའི་ཚེ་འགྲོའོ་ཞེས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལངས་པ་ན་བསམ་གཏན་གྱིས་དབང་པོ་ཚིམ་པ་མཐོང་ནས། གང་ལ་བཞིན་འདི་ལྟ་བུ་ཡོད་པ་དེ་ལ་ཡོན་ཏན་ཡོད་དོ་སྙམ་ནས་དེའི་གན་དུ་སོང་སྟེ། སྔར་བཞིན་དྲིས་པས། ཁོ་བོ་འདི་ལྟར་ལྟ་ཞིང་སྨྲ་སྟེ། བདེན་པ་དང་མི་འཚེ་བ་ནི་ཆོས་སོ། །ཞི་བ་དང་རྒ་ཤི་མེད་པ་ནི་ཚངས་པའོ། །དེའི་དོན་ཅི་ལགས། བདེན་པ་ནི་བདེན་པའི་བསམ་པས་རབ་ཏུ་བྱུང་བའོ། །མི་འཚེ་བ་ནི་ཆོས་ཐམས་ཅད་མི་འཚེ་བའི་གཞི་ལས་བྱུང་བའོ། །ཞི་བ་དང༌། རྒ་ཤི་མེད་པ་ནི་མྱ་ངན་ལས་འདས་པའོ། །དེ་ནས་དེ་གཉིས་དད་དེ། །དེ་ལས་རབ་ཏུ་བྱུང་ངོ༌། །དེའི་ཚེ་ཡང་དག་རྒྱལ་བ་ཅན་གྱིས་དེ་གཉིས་རབ་ཏུ་བྱུང་ངོ་ཞེས་ཐམས་ཅད་དུ་གྲགས་པས། དེ་ལ་རྙེད་བཀུར་མང་པོ་བྱུང་ནས། དེས་བསམས་པ། བདག་སྔར་ཤན་ཌི་ལའི་རིགས་ཡིན་ལ། ད་ལྟའང་དེ་ཡིན་ན། ཅིའི་ཕྱིར་ད་ལྟ་བདག་ལ་རྙེད་བཀུར་མང་པོ་བྱུང་སྙམ་པ་ལས། དེ་གཉིས་ཀྱི་མཐུ་ཡིན་ནོ་སྙམ་ནས་སློབ་མ་ལྔ་བརྒྱ་ཡོད་པ་ལས་དེ་གཉིས་ལ་ཉིས་བརྒྱ་ལྔ་བཅུ་རེ་གཏད་དོ། །
རེ་ཞིག་ན་ཡང་དག་རྒྱལ་བ་ཅན་ན་བར་གྱུར་ནས། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། ཁྱོད་མཁན་པོའི་ནད་གཡོག་བྱེད་དམ། སྨན་འཚོལ། འདི་ཤེས་རབ་ཅན་ཡིན་པས་ནད་གཡོག་བྱེད་དུ་གཞུག་གོ་སྙམ་ནས། ཁོ་བོས་སྨན་བཙལ་ལོ། །པང་ནས་སྐྱེས་སྨན་འཚོལ་དུ་སོང་བ་ན། དེས་འཛུམ་བསྟན་པ་དང༌། ཁྱོད་ལྟ་བུའི་སྐྱེས་བུ་གཙོ་བོ་ནི་རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། དེའི་རྒྱུ་ཅི་ལགས། དེས་སྨྲས་པ། གསེར་གླིང་ན་རྒྱལ་པོ་གསེར་བདག་ཅེས་བྱ་བ་ཤི་ནས་དེའི་ཆུང་མ་མེ་ལ་མཆོངས་པ་ན། ཁོ་བོ་འདི་ལྟར་སེམས་ཏེ། འདོད་པའི་རྒྱུས་སྡུག་བསྔལ་མྱོང་ངོ་སྙམ་མོ། །མཁན་པོ། དུས་དང༌། ཟླ་བ་དང༌། ཉི་མ་གང་ལ། དེ་དག་ཆེ་གེ་མོ་ཞིག་ལའོ། །དེས་དེ་གླེགས་བུ་ལ་བྲིས་ནས། མཁན་པོ། བདག་རབ་ཏུ་བྱུང་བ་ནི་བདུད་རྩི་དོན་དུ་གཉེར་བ་ལགས་ན། མཁན་པོས་བདུད་རྩི་བརྙེས་ན་བདག་ལ་བགོ་བཤའ་མཛད་དུ་གསོལ། བུ། ཁོ་བོའང་བདུད་རྩི་དོན་དུ་གཉེར་བའི་ཕྱིར་རབ་ཏུ་བྱུང་བ་ཡིན་མོད། བདུད་རྩི་མ་རྙེད་དེ། འདི་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པ་ལྷ་རྣམས་ན་རེ། ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཉེ་བར་ཤཱཀྱ་གཞོན་ནུ་བྱུང་སྟེ། དེ་མཚན་མཁན་རྣམས་ཀྱིས། ཕོ་བྲང་དུ་བཞུགས་ན་འཁོར་ལོས་སྒྱུར་རྒྱལ་དང༌། རབ་ཏུ་བྱུང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པའི་སྒྲ་ཐོས་ཀྱིས། ཁྱེད་གཉིས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས། རིགས་དང༌། རུས་དང༌། བྲམ་ཟེའི་ཁྱེའུར་སྨྲ་བར་མི་བྱ། རྒྱགས་པ་དང༌། ང་རྒྱལ་བཅོམ་ནས་དེའི་དྲུང་དུ་ཚངས་པར་སྤྱོད་ཅིག་དང༌། ཁྱེད་གཉིས་ཀྱིས་བདུད་རྩི་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས་དེ་འདས་ནས། དུར་ཁྲོད་དུ་བསྲེགས་ཏེ་མྱ་ངན་བསང་བ་བྱས་ནས་འཁོད་དོ། །དེར་གསེར་གླིང་ནས་བྲམ་ཟེའི་ཁྱེའུ་རལ་པ་གསེར་འདྲ་ཞེས་བྱ་བ་ཞིག་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་གཉིས་ཀྱི་འདུག་གནས་སུ་ཞུགས་པ་དང༌། ཉེ་རྒྱལ་གྱིས་སྨྲས་པ། གང་ནས་འོངས། གསེར་གླིང་ནས་སོ། །ཁྱོད་ཀྱིས་གསེར་གླིང་ན་ངོ་མཚར་བའི་ཆོས་ཅི་མཐོང༌། བདག་གིས་ངོ་མཚར་བའི་ཆོས་ཆེན་པོ་མ་མཐོང་སྟེ། འོན་ཀྱང་གསེར་གླིང་ན་གསེར་བདག་ཤི་བ་ན་དེའི་ཆུང་མ་མེ་ལ་མཆོངས་པ་མཐོང་ངོ༌། །དུས་དང༌། ཟླ་བ་དང༌། ཉི་མ་གང་ལ། དེ་དག་ཆེ་གེ་མོ་ཞིག་ལའོ། །དེས་གླེགས་བུ་ལ་བྲིས་པ་བལྟས་པ་དང༌། མཐུན་པར་མཐོང་ནས། པང་ནས་སྐྱེས་ལ་སྨྲས་པ། མཁན་པོས་ལྷའི་མིག་གིས་ཡུལ་གཞན་གྱི་གཟུགས་མཐོང་བ་དང༌། ལྷའི་རྣ་བས་སྒྲ་ཡིད་དུ་འོང་བ་ཐོས་པ་ལས་ན་བདུད་རྩི་རྙེད་ཀྱང༌། བདག་ཅག་ལ་མ་བགོས་སོ། །པང་ནས་སྐྱེས་ཀྱི་བསམ་པ་ལ། ཉེ་རྒྱལ་འདི་ཤེས་རབ་ཅན་ཡིན་པས་འདིས་ཀྱང་བདུད་རྩི་རྙེད་པ་བདག་ལ་མི་བགོ་བའི་གནས་ཡོད་སྙམ་ནས། ཉེ་རྒྱལ། ཚུར་ཤོག །བདག་ཅག་གཉིས་གང་གིས་དང་པོར་བདུད་རྩི་རྙེད་པ་དེ་ཕན་ཚུན་བསྙད་པར་བྱའོ་ཞེས་ཁྲིམས་བཅས་ནས་ལྗོངས་རྒྱུར་སོང་ངོ༌། །དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིམ་གྱིས་བྱོན་ནས་འོད་མའི་ཚལ་ན་བཞུགས་སོ། །
དེ་གཉིས་ཀྱང་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང༌། རྒྱལ་པོའི་ཁབ་ཆེམ་མེ་ཆེམ་མེ་འདུག་པ་མཐོང་ནས། དེ་གཉིས་ཀྱིས་བསམ་པ། འདི་ལ་རྒྱུ་གཉིས་ཡོད་དེ། ཕ་རོལ་གྱི་དམག་གིས་འཇིགས་པ་དང༌། དགེ་སྦྱོང་ངམ་བྲམ་ཟེ་བསོད་ནམས་དང་དབང་ཆེ་བར་གྲགས་པ་ཞིག་གནས་པའོ་སྙམ་ནས་རྒྱུ་སྐར་ལ་བལྟས་པས། ཕ་རོལ་གྱི་དམག་གི་འཇིགས་པ་མེད་པར་ཤེས་ནས། སང་ཤེས་པར་བྱའོ་སྙམ་སྟེ། དཔྲལ་རིས་གསུམ་བྱས་ནས་སྤྱོད་ཡུལ་དུ་སོང་བའི་ཚེ། སྔར་སྲོག་ཆགས་འབུམ་ཕྲག་དུ་མ་ཕྱི་བཞིན་འབྲང་བ་ལས་དེའི་ཉིན་པར་སེམས་ཅན་གཅིག་ཀྱང་ཕྱི་བཞིན་མི་འབྲང་བས། འདིའི་རྒྱུ་གང་ཡིན་སྙམ་མོ། །དེའི་ཚེ། བཅོམ་ལྡན་འདས་ལ་མི་མཁྱེན་པ་དང་མི་གཟིགས་པ་མི་མངའ་བས། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་བ། ཉག་གཅིག་དཔའ་བ། གཉིས་པ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་སྦྱང་བ་མཛད་པ། བདེན་པ་བཞི་སྟོན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་འདས་པ། ཕུང་པོ་ལྔ་པ་དག་མེད་པར་སྟོན་པ། ཡན་ལག་དྲུག་དང་ལྡན་པ། ཕར་ཕྱིན་དྲུག་རྫོགས་པ། དབང་པོ་དྲུག་གི་སྒོ་བསྡམས་པ། ཡང་ག་པར་དགའ་བའི་ཆོས་དྲུག་ལ་གོམས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ནོར་བདུན་སྟོན་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། ལམ་གྱི་(༢༨ན)ཡན་ལག་བརྒྱད་སྟོན་པ། སྙོམས་འཇུག་དགུ་ལ་མཁས་པ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་མཁས་པ། སྟོབས་བཅུ་དང་ལྡན་པ། ཕྱོགས་བཅུར་སྙན་པ་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི། དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས། སུ་གདུལ་བའི་དུས་ལ་བབ་སྙམ་དུ་གཟིགས་ཏེ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །དེའི་ཚེ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་གདུལ་བའི་དུས་ལ་བབ་ཅིང༌། སྟོན་པས་འདུལ་ལམ་ཉན་ཐོས་ཀྱིས་འདུལ་ན། ཉན་ཐོས་ཀྱིས་འདུལ། རྫུ་འཕྲུལ་གྱིས་འདུལ་ལམ། སྤྱོད་ལམ་གྱིས་འདུལ་དགོངས་པ་ན། སྤྱོད་ལམ་གྱིས་འདུལ་བར་དགོངས། སྤྱོད་ལམ་གྱིས་འདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་བར་མཛད་དེ། དེའི་སྤྱོད་ལམ་གྱིས་ལྷ་དང་མིའི་ཡིད་སྡུད་པར་བྱེད་པའི་ཕྱིར་རོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟ་ཐུལ། ཁྱོད་ཀྱིས་ཉེ་རྒྱལ་དང་པང་ནས་སྐྱེས་ལ་སོམས་ཤིག །རྟ་ཐུལ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་ཞབས་གཉིས་ལ་ཕྱག་འཚལ་ནས་སོང་ངོ༌། །དེ་ནས་རྟ་ཐུལ་གྱིས། སྔ་དྲོ་ཤམ་ཐབས་བགོས། སྣམ་སྦྱར་དང༌། ཆོས་གོས་དང༌། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ཉེ་རྒྱལ་གྱིས་རྟ་ཐུལ་ཐག་རིང་པོ་ནས་མཐོང་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སྔོན་ཆད་མ་མཐོང་བས། དེའི་གན་དུ་སོང་ནས། ཁྱོད་ཀྱི་སྟོན་པ་གང༌། གང་གི་ཕྱིར་རབ་ཏུ་བྱུང༌། སུའི་ཆོས་ལ་དགའ་ཞེས་དྲིའོ་སྙམ་སྟེ་དེ་ལྟར་དྲིས་པ་དང༌། ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ནས་སངས་རྒྱས་པ་དེ་བདག་གི་སྟོན་པ། དེའི་ཕྱིར་རབ་ཏུ་བྱུང༌། དེའི་ཆོས་ལ་དགའ་འོ། །དགེ་སློང༌ཆོས་དེ་སྟོན་ཅིག །ཁོ་བོ་ན་གཞོན་ཞིང་རབ་ཏུ་བྱུང་བ་གསར་པས། དེའི་བསྟན་པ་རྒྱ་ཆེར་བསྟན་མི་ནུས་ཀྱིས། དོན་བསྟན་པར་བྱའོ། །དགེ་སློང༌ཁོ་བོ་ལ་ནི་དོན་དགོས་ཀྱིས། དོན་མ་ཡང་རུང༌། ཉུང་ཡང་རུང་སྟོན་ཅིག །རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང༌། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང༌། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཉེ་རྒྱལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་(༢༨བ)མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཉེ་རྒྱལ་ཆོས་མཐོང་བ་དང༌། ཆོས་ཐོས་པ་དང༌། ཆོས་རིག་པ་དང༌། ཆོས་ཀྱི་གཏིང་སླེབ་པ་དང༌། སོམ་ཉི་དང་ཐེ་ཚོམ་ལས་བརྒལ་བ་དང༌། གཞན་གྱི་དྲིང་མི་འཇོག་པ་དང༌། གཞན་གྱིས་མི་བཀྲི་བ་དང༌། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། རྒྱལ་པོའི་ཁབ་འོད་མའི་ཚལ་ནའོ། །དེ་ཡི་རང་སྟེ། རྟ་ཐུལ་ལ་ཕྱག་འཚལ། སྐོར་བ་བྱས་ནས། པང་ནས་སྐྱེས་ཅན་སོང་བ་དང༌། དེས་ཐག་རིང་པོ་ནས་འོང་བ་མཐོང་སྟེ། ཁྱོད་ཀྱི་དབང་པོ་རྣམས་དྭངས། བཞིན་གྱི་མདོག་ཡོངས་སུ་དག །པགས་པའི་མདོག་ཤིན་ཏུ་དཀར་ན། ཁྱོད་ཀྱིས་བདུད་རྩི་རྙེད་དམ་རྙེད་དོ། །ཆོས་དེ་སྟོན་ཅིག །སྔར་གྱི་ཚིགས་བཅད་བརྗོད་པས། ད་དུང་ལན་ཅིག་བརྗོད་ཅིག །ཡང་ལན་ཅིག་བརྗོད་པས། དེས་ཀྱང་བདེན་པ་མཐོང་ནས། སྔར་བཞིན་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། འོད་མའི་ཚལ་ནའོ། །ཚུར་ཤོག །དེའི་སྤྱན་སྔར་ཚངས་པར་སྤྱད་པར་བྱའོ། །
ཚེ་དང་ལྡན་པ། ཇེ་འཁོར་ལ་བལྟ་བར་བྱ་སྟེ། བདག་ཅག་ལྟ་བུ་གྲགས་པ་དང་ལྡན་པས་འཁོར་ལ་ལྟ་བ་ནི་ལེགས་པ་ཡིན་ནོ། །དེ་ནས་དེ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་ན། ཁྱེད་རྣམས་ཅི་བྱེད། མཁན་པོ་གཉིས། བདག་ཅག་ཅི་འཚལ་བ་ཐམས་ཅད་ཁྱེད་གཉིས་ལ་བརྟེན་པ་ལགས་པས། བདག་ཅག་ཀྱང་ཁྱེད་གཉིས་ཀྱི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །ཁྱེའུ་དག་དེ་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་དེ་གཉིས་འཁོར་ལྔ་བརྒྱ་དང་བཅས་ནས་འོད་མའི་ཚལ་དུ་སོང་བ་དང༌། རྟ་ཐུལ་ཤིང་དྲུང་ཞིག་ན་འདུག་པ་མཐོང་ནས། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། དང་པོར་བཅོམ་ལྡན་འདས་ལ་ཕྱག་བྱའམ། གང་ལས་ཆོས་ཐོས་པ་དེ་ལ་ཕྱག་བྱ། དང་པོར་ཆོས་ཐོས་པ་དེ་ལ་ཕྱག་བྱའོ། །དེ་གཉིས་རྟ་ཐུལ་ཅན་སོང་སྟེ། ཕྱག་བཙལ་བ་དང༌། བྲམ་ཟེ་ཟླ་བ་ལ་དགའ་བ་ཞིག་ཀྱང་ཟླ་བ་ལ་ཕྱག་བྱེད་དོ། །བཅོམ་ལྡན་འདས་ཀྱིས། རྒན་པ་དང་ནི་གཞོན་པའང་རུང༌། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །
དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང༌། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་དེ་གཉིས་གཟིགས་ཏེ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དེ་གཉིས་མཐོང་ངམ། བཙུན་པ།(༢༩ན) མཐོང་ངོ༌། །འདི་གཉིས་ནི་ངའི་ཉན་ཐོས་ཤེས་རབ་ཅན་དང༌། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་འགྱུར་རོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཞབས་གཉིས་ལ་ཕྱག་བཙལ་ནས། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ། དགེ་སློང༌ཚུར་ཤོག །ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དང༌། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང༌། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང༌། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །དེ་ནས་དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང༌། རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པས་ཡིད་མི་དགའ་བ་དེ་དག་གིས། དགེ་སློང་རྣམས་མཐོང་ནས་ཅོ་འདྲི་བའི་ཚིག་སྨྲས་པ། སངས་རྒྱས་མ་ག་དྷ་དག་གི །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །དེས་དགེ་སློང་རྣམས་སྤ་གོང་སྟེ་ཡིད་མ་བདེ་བས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ཕྱག་བཙལ་ཏེ། བཙུན་པ། བདག་ཅག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང༌། ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་ཡིད་མི་དགའ་བ་དེ་དག་གིས་དགེ་སློང་རྣམས་མཐོང་ནས་ཅོ་འདྲི་བའི་ཚིག་དེ་སྐད་སྨྲས་པས་སྤ་གོང་བར་གྱུར་ཏོ། །བཀའ་སྩལ་པ། དགེ་སློང་དག །རྒྱལ་པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ལ། འདི་ན་དཔའ་ཆེན་བདེ་གཤེགས་དག །དམ་པའི་ཆོས་ཀྱིས་འཁྲིད་མཛད་དེ། །དེ་དག་ཆོས་ཀྱིས་འཁྲིད་མཛད་ལ། །མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་བརྗོད་ན་མི་དེ་རྣམས་ཀྱི་སྤོབས་པ་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནས་དེ་རྣམས་བསོད་སྙོམས་ལ་ཞུགས་པ་དང༌། ཅོ་འདྲིའི་ཚིག་སྨྲ་བ་རྣམས་ལ་ཚེ་སྐད་བརྗོད་པས། སྤོབས་པ་ཐམས་ཅད་དུ་མེད་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་གནས་ལེན་གྱི་བུ་ཆུང་མ་དང་བཅས་པ་དང༌། སྐར་རྒྱལ་ཆུང་མ་དང་བཅས་པ་དུས་ལ་བབ་བོ། །སྟོང་རིང་ཡང་འཇིག་རྟེན་རྒྱང་པན་བཟུང་ནས་གྲོང་ན་ལ་དར་ཕྱིན་པ་དང༌། དེ་སྒོ་བས་ཤེས་ནས། ཁྱོད་སྟོད་རིང་ཡིན་ནམ། ཡིན་ནོ། གནས་ལེན་གྱི་བུ་ལ་སོགས་པ་ག་རེ། དུས་ལ་བབ་བོ། །ཤཱ་རིའི་བུ་ག་རེ། ཡ་དག་རྒྱལ་བ་ཅན་གྱི་གན་དུ་རབ་ཏུ་བྱུང་ངོ༌། །དེས་མཐར་གྱིས་སོང་ནས། ཡང་དག་རྒྱལ་བ་ཅན་ག་རེ། དུས་ལ་བབ་བོ། དེའི་མུ་སྟེགས་ཀྱི་གནས་ག་རེ། གོའུ་ཏ་མའི་དྲུང་དུ་རབ་ཏུ་བྱུང་ངོ༌། །
དེ་ནས་ཀུན་ཏུ་རྒྱུ་སེན་ཞིང་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་འདི་སྐད་ཅེས་གསོལ་ཏོ། །གོའུ་ཏ་མ། བདག་ནི་ཐམས་ཅད་མི་བཟོད་དོ། །ཁྱོད་ཀྱིས་ཐམས་ཅད་མི་བཟོད་པར་ལྟ་བ་དེའང་མི་བཟོད་དམ། གོའུ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་པའི་ལྟ་བ་དེའང་མི་བཟོད་དོ། །འོ་ན་ཁྱོད་ཀྱིས་དེ་ལྟར་ཤེས་ན་ལྟ་བ་དེའང་སྤོངས་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བར་འགྱུར་རོ་ཞེས་སོགས་གསུངས་ཏེ། བདེན་པ་བཞི་བསྟན་པས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ནས། བདག་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པར་གནང་ན། བདག་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེ་ལ། དགེ་སློང༌ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པས་བསྙེན་པར་རྫོགས་པ་དང༌། གཅིག་པུ། དབེན་པ། བག་ཡོད་པ། བརྟུན་པར་གནས་པས་དགྲ་བཅོམ་པ་ཐོབ་པ་དང༌། དགེ་སློང་སྟོད་རིང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། ཤཱ་རིའི་བུས་ལན་ཅི་བགྱིས་ན་ཤེས་རབ་རྣོ་བ་དང༌། ཤེས་རབ་ཟབ་པ་དང༌། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར། དགེ་སློང་དག །རི་བྲག་ཅིག་ན་བྲམ་ཟེ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བཙས་དེའི་མིང་ཞིབ་མ་ཞེས་བཏགས་སོ། །ཡང་དགའ་མགུར་སྤྱད་པས་བུ་མོ་ཞིག་བཙས་ནས་དེའི་མིང་ཞིབ་མ་མོ་ཞེས་བཏགས་སོ། །རེ་ཞིག་ན་དེ་གཉིས་ཀྱི་ཕ་མ་ཤི་ནས། ཞིབ་མ་དབེན་པ་ལ་དགའ་བས་སྲིང་མོ་ཁྲིད་དེ་ནགས་སུ་སོང་ངོ༌། །
ཞིབ་མ་མོ་ཆེན་མོར་གྱུར་པའི་ཚེ། ཉོན་མོངས་པས་གནོད་པར་གྱུར་ནས། སྨྲས་པ། བདག་དགོན་པའི་སྨན་གྱིས་འཚོ་བར་མིན་ནུས་ཀྱིས། གྲོང་མཐར་འདོང་ངོ༌། །དེ་གཉིས་ཅིག་ཅར་ཁྱིམ་ཞིག་ཏུ་སློང་མོ་ལ་ཞུགས་པ་དང༌། ནང་ན་འདུག་པའི་བྲམ་ཟེས་ཐོས་ནས་ཕྱིར་བྱུང་སྟེ། སྨྲས་པ། ཅི། དྲང་སྲོང་ཡང་ཆུང་མ་དང་ལྷན་ཅིག་རྒྱུའམ། འདི་ནི་ཁོ་བོའི་ཆུང་མ་མིན་གྱི། སྲིང་མོ་ཡིན་ནོ། །ཅི། གཞན་ལ་བྱིན་ནམ། མ་བྱིན་ནོ། །འོ་ན་ཁོ་བོ་ལ་ཆུང་མར་བྱིན་ཅིག །འདིས་སྡིག་པའི་ཆོས་སྤངས་སོ། །ཞིབ་མ་མོས་སྨྲས་པ། བདག་ཉོན་མོངས་པས་གནོད་པར་གྱུར་ཏོ། །འོ་ན་ཁྱོད་ཉིད་ཤེས་སོ། །དེས་དེ་བག་མར་བླངས་སོ། །ཞིབ་མ་མོས་སྨྲས་(༣༠ན)པ། མིང་པོ་ཚུར་ཤོག །ལྷན་ཅིག་འཁོད་དོ། །ཁོ་བོ་ནི་འདོད་པ་དོན་དུ་མི་གཉེར་པས་དགོན་པར་འགྲོའོ། །དེ་ལྟ་ན་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཐོབ་ན་བདག་ལ་རྗོད་ཅིག །ཞིབ་མོ་མཐའ་གཅིག་ཏུ་སོང་སྟེ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །དེས་སྲིང་མོ་ལ་སྙིང་བརྩེ་བས་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་སོ། །སོ་སོ་སྐྱེ་བོ་ནི་རྫུ་འཕྲུལ་ལ་སེམས་མྱུར་དུ་གཏོད་པ་ཡིན་པས། ཞིབ་མ་མོས་དེའི་རྐང་པ་གཉིས་ལ་གཏུགས་ནས། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །འཕགས་པ། ཁྱོད་ནི་བསོད་སྙོམས་བཞེད་ལ། བདག་ནི་བསོད་ནམས་འཚལ་བས་འདི་ཉིད་དུ་བཞུགས་ཤིག །བསོད་སྙོམས་བསྟབ་པར་བགྱིའོ། །སྲིང་མོ། ཁྱིམ་ཐབ་ལ་དྲིས་ཤིག །དེས་ཁྱིམ་ཐབ་ལ་དྲིས་པས། དེ་རབ་ཏུ་མ་བྱུང་ཡང་མི་འདོད་བཞིན་དུ་སྦྱིན་དགོས་ན། རབ་ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་པ་ལྟ་ཅི་སྨོས། བསོད་སྙོམས་སྟོབས་ཤིག །དེས་རང་སངས་རྒྱས་དེ་ལ་ཟླ་བ་གསུམ་དུ་བསོད་སྙོམས་བསྟབས། རས་ཡུག་ཆེན་པོ་ལ་འོས་པ་ཞིག་བསྐོན་ཏེ། གྲི་དང་ཁབ་སྐུད་ཀྱང་ཕུལ་ལོ། །དེས་དེ་དག་བླངས་ཏེ་དེའི་མདུན་དུ་དྲས་པས་གྲི་དེ་རྣོ་བར་གཅོད་ནས། ཞིབ་མ་མོས། གྲི་འདི་རྣོ་བར་གཅོད་པ་དེ་ལྟར་བདག་ཀྱང་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རང་སངས་རྒྱས་དེས་ཁབ་ཀྱིས་ཕུག་པ་ན་ཟབ་མོར་འབིགས་ནས། དགེ་བའི་རྩ་བ་འདིས། ཁབ་འདི་ཟབ་མོར་འབིགས་པ་ལྟར་བདག་ཀྱང་ཤེས་རབ་ཟབ་མོར་གྱུར་ཅིག །དེས་སྐུད་པས་དྲུབས་པས་སྐུད་པ་དེ་ཐལ་བྱུང་དུ་འགྲོ་ནས། དགེ་བའི་རྩ་བ་འདིས། སྐུད་པ་འདི་ཐལ་བྱུང་དུ་འགྲོ་བ་ལྟར་བདག་ཀྱང་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཞིབ་མ་མོ་དེ་ནི་ཤཱ་རིའི་བུ་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པས་ད་ལྟར་ཤེས་རབ་རྣོ་བ་དང༌། ཟབ་པ་དང༌། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཏོ། །དེ་བས་ན་ལས་གཅིག་ཏུ་གནག་པ་དང༌། འདྲེས་མ་སྤངས་ཏེ། ལས་གཅིག་ཏུ་དཀར་བ་ལ་བཙལ་བར་བྱ་སྟེ། ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཙུན་པ། ཤཱ་རིའི་བུས་ལས་ཅི་བགྱིས་ན། ཁྱིམ་ཧ་ཅང་ཕྱུག་པ་དང་དབུལ་བར་མ་སྐྱེས་པར། འབྲིང་བར་སྐྱེས་ནས་རབ་ཏུ་བྱུང་བ་མང་བར་གྱུར། དགེ་སློང་དག །ཤཱ་རིའི་བུས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོང་བ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེས་ལས་བྱས་ཤིང་(༣༠བ)བསགས་པ་དག་གཞན་སུ་ཞིག་གིས་མྱོང་བར་འགྱུར། ལས་བྱས་ཤིང་བསགས་པ་དག་ཕྱི་རོལ་གྱི་ས་དང༌། ཆུ་དང༌། མེ་དང༌། རླུང་གི་ཁམས་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་པོ་དང༌། ཁམས་དང༌སྐྱེ་མཆེད་ལ་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །སྔོན་རྒྱལ་པོ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་ནས་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་པ་དང༌། ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་སྟེ། བདག་ཀྱང་ཕ་འདས་ནས་རྒྱལ་པོར་གྱུར་པ་ན་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་ན། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་སྙམ་ནས་རྒྱལ་པོའི་གན་དུ་སོང་སྟེ། བདག་རབ་ཏུ་འབྱུང་ངོ༌། །
སྨྲས་པ། གང་གི་དོན་དུ་མཆོད་སྦྱིན་སོགས་བྱེད་པའི་རྒྱལ་སྲིད་ལག་ཏུ་འོངས་ན། ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་མ་གནང་ངོ༌། །རེ་ཞིག་ན་དེས་མི་དབུལ་པོ་འཁར་བ་དང༌། སློང་ཕོར་ཆག་པ་ཐོགས་ཏེ་སློང་མོ་ལ་རྒྱུ་བ་ཞིག་མཐོང་ནས་དེ་ལ་སྨྲས་པ། ཀྭ་ཡེ། ཁོ་བོ་ནི་འདི་ལྟ་བུའི་ཁྱིམ་དུ་སྐྱེས་པས་རབ་བྱུང་མ་ཐོབ་ན། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། དེས་སྨྲས་པ། བདག་ལ་ལྷུང་བཟེད་དང༌། ཆོས་གོས་མ་མཆིས་པས་རབ་ཏུ་མ་བྱུང་ངོ༌། །ཚུར་ཤོག་ངས་ལྷུང་བཟེད་དང༌། ཆོས་གོས་སྦྱིན་ནོ་ཞེས་དེས་དེ་ཁྲིད་ནས་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་འདུག་པའི་གན་དུ་སོང་སྟེ། འདི་ཁྱོད་ལས་རབ་ཏུ་འབྱུང་བར་འདོད་ཀྱིས། རབ་ཏུ་བྱུང་དང༌། བདག་གིས་འདི་ལ་ཆོས་གོས་དང༌། ལྷུང་བཟེད་སྦྱིན་ནོ། །དྲང་སྲོང་དེས་དེ་རབ་ཏུ་བྱུང་ངོ༌། །རྒྱལ་བུས་དེ་ལ་ལྷུང་བཟེད་དང༌། ཆོས་གོས་བྱིན་ནས་སྨྲས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཞིག་ཐོབ་ན་བདག་ལ་རྗོད་ཅིག །དེས་ཁས་བླངས་ནས་བསྒོམས་པས་རང་རྒྱལ་གྱི་བྱང་ཆུབ་ཐོབ་སྟེ། ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས། རྫུ་འཕྲུལ་བསྟན་པས། རྒྱལ་བུས་དེའི་རྐང་པ་གཉིས་ལ་གཏུགས་ཏེ། ཁྱོད་ཀྱིས་འདི་ལྟ་བུའི་ཡོན་ཏན་བརྙེས་སམ། ཐོབ་བོ། །དེས་བསམས་པ། འདིས་སྔོན་རབ་བྱུང་མ་ཐོབ་པ་ནི་དབུལ་པོར་སྐྱེས་པས་ཡིན་ལ། བདག་གིས་རབ་བྱུང་མ་ཐོབ་པ་ནི་ཁྱིམ་འདི་ལྟ་བུར་སྐྱེས་པས་ཡིན་ནོ་སྙམ་ནས། དགེ་བའི་རྩ་བ་འདིས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་པོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་པར་རབ་བྱུང་མང་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་རྒྱལ་བུ་དེ་ནི་ཤཱ་རིའི་བུ་ཡིན་ཏེ། རང་རྒྱལ་ལ་མཆོད་ནས་སྨོན་ལམ་བཏབ་པས་(༣༡ན)དེ་ལྟར་གྱུར་ཏོ། །དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་ཡིན། ལས་འདྲེས་མ་རྣམས་ཀྱི་རྣམ་པར་སྨིན་པའང་འདྲེན་མ་ཡིན་ནོ། །དེ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་སྤངས་ཏེ་གཅིག་ཏུ་དཀར་བ་ལ་བཙལ་བར་བྱ་སྟེ། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ། །
ཡང་ཞུས་པ། ཤཱ་རིའི་བུས་ལས་ཅི་བགྱིས་པས་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་ལགས། བཀའ་སྩལ་པ། བསྐལ་པ་བཟང་པོ་འདི་ཉིད་ཀྱི་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་པའི་དུས་ན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། འདི་རབ་ཏུ་བྱུང་སྟེ། འདི་རབ་ཏུ་འབྱིན་པའི་དགེ་སློང་དེ་སངས་རྒྱས་འོད་སྲུངས་ཀྱིས་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་ཏོ། །འདིས་ཚེ་ཇི་སྲིད་དུ་ཚངས་པར་སྤྱད་ཀྱང་ཡོན་ཏན་མ་ཐོབ་པར། འཆི་ཁར་སྨོན་ལམ་བཏབ་པ། མཁན་པོ་འདི་སངས་རྒྱས་འོད་སྲུང་གིས་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ། ཤེས་རབ་ཅན་གྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སོ། །
ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། མོའུ་གལ་གྱི་བུས་ལས་ཅི་བགྱིས་ནས་རྫུ་འཕྲུལ་ཆེ་བར་གྱུར། སྔོན་ཝཱ་ར་ཎཱ་སཱི་ནས་ཧ་ཅང་མི་རིང་བའི་བསྟི་གནས་ཤིག་ན་དྲང་སྲོང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེ་དང་ལྡན་པ་ཞིག་འདུག་གོ །དེས་མི་དབུལ་པོ་ཤིང་ཁུར་ཐོགས་ཏེ་བསྟི་གནས་དེར་སོང་ནས་ངལ་གསོ་བ་ཞིག་མཐོང་སྟེ་དེ་ལ་སྙིང་རྗེ་སྐྱེས་ནས། བུ། ཁྱོད་སུ་ཡིན། བདག་ནི་མི་དབུལ་པོ་ཤིང་གིས་འཚོ་བ་སྦྱོར་བ་ལགས་སོ། །འོ་ན་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། འཕགས་པ། བདག་ཚེགས་ཆེན་པོས་འཚོ་བ་ལགས་ན། སུ་ཞིག་གིས་རབ་ཏུ་འབྱིན་པར་འགྱུར། དེ་ལ་སྙིང་བརྩེ་བས། བུ། ཁྱོད་རབ་ཏུ་འབྱུང་བར་འདོད་དམ། འཚལ་གྱིས། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང༌། ཆོས་གོས་དང༌། ལྷུང་བཟེད་བྱིན་ནས་སྨྲས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་ན་ཁོ་བོ་ལ་རྗོད་ཅིག །དེས་དེ་ལ་དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་ནས། ཕྱོགས་ཤིག་ཏུ་སོང་སྟེ་བསྒོམས་པས་རང་བྱང་ཆུབ་མངོན་དུ་བྱས་སོ། །དེས་བསམས་པ། བདག་གིས་དྲང་སྲོང་དེ་ལ་ཁས་བླངས་པ་བསྟན་པར་བྱའོ་སྙམ་ནས་སོང་སྟེ། ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས། འབར་བ་དང༌། གསལ་བ་དང༌། ཆར་འབེབས་པ་དང༌། གློག་འབྱིན་པའི་ཆོ་འཕྲུལ་དག་བསྟན་པས། (༣༡ན)དྲང་སྲོང་དེས་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། དགེ་བའི་རྩ་བ་འདིས། འཕགས་པ་འདི་རྫུ་འཕྲུལ་ཆེ་བ་དེ་བཞིན་དུ་བདག་ཀྱང་རྫུ་འཕྲུལ་ཆེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་མོའུ་གལ་གྱི་བུ་ཡིན་ཏེ། རང་སངས་རྒྱས་ལ་མཆོད་ནས་སྨོན་ལམ་བཏབ་པའི་ལས་ཀྱི་རྣམ་པར་སྨིན་པས་ད་ལྟར་རྫུ་འཕྲུལ་ཆེ་བར་གྱུར་ཏོ། །
ཡང་ཞུས་པ། མཽའུ་འགལ་གྱི་བུ་ཆེན་པོས་ལས་ཅི་བགྱིས་ན། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན། དགེ་སློང་དག །སྔོན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་པ་ལ་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་སྟེ་འདི་རབ་ཏུ་འབྱིན་པར་བྱེད་པའི་དགེ་སློང་དེ་སངས་རྒྱས་འོད་སྲུང་གིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན་ཏོ། །འདིས་ཚེ་ཇི་སྲིད་བར་ཚངས་པར་སྤྱད་ཀྱང་ཡོན་ཏན་མ་ཐོབ་པར། འཆི་ཁར་སྨོན་ལམ་བཏབ་པ། མཁན་པོ་འདི་སངས་རྒྱས་འོད་སྲུང་གིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན་པ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སོ། །དེ་བཞིན་དུ་སྟོད་རིང་ཡང་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། མཁན་པོ་བཞིན། བདག་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་ལ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །

༥༽ སྐྱབས་འགྲོ་ལན་གསུམ་བྱས་པས་བསྙེན་པར་རྫོགས་པ།

བཅོན་ལྡན་འདས་ཝཱ་ར་ཎཱ་སཱི་ནས་གྲོང་ཁྱེར་སྡེ་ཅན་དུ་བྱོན་ཏེ། དེ་ནས་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་གཤེགས་ཏེ་ཤིང་དྲུང་ཞིག་ན་བཞུགས་སོ། །དེའི་ཚེ་སྡེ་བཟང་དྲུག་ཅུའི་ཚོགས་གྲོང་ཁྱེར་སྡེ་ཅན་གྱི་ཕྱི་རོལ་ཏུ་ཉི་མ་རེ་རེ་ཞིང་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད་པ་ན་བུད་མེད་ཅིག་དམ་བཅས་པ་དྲལ་ཏེ་བྲོས་སོ། །དེ་ནས་སྡེ་བཟང་དྲུག་ཅུའི་ཚོགས་བུད་མེད་དེ་འཚོལ་ཞིང་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་སོང་བ་དང༌། བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ། ཞི་བ་དང་དུལ་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟ་བུར་གྱུར་པ། དཔལ་གྱིས་འབར་ཞིང་ཤིང་དྲུང་ན་བཞུགས་པ་མཐོང་ནས། བཅོམ་ལྡན་འདས། བུད་མེད་ཅིག་གཟིགས་སམ། གཞོན་ནུ་དག །བུད་མེད་དེ་ཁྱེད་ཀྱི་ཅིར་འོང༌། བདག་ཅག་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བར་བྱེད་པ་ལས་བུད་མེད་ཅིག་དམ་བཅས་པ་དྲལ་ནས་བྲོས་པ་དེ་འཚོལ་ལགས་སོ། །གཞོན་ནུ་དག །བུད་མེད་འཚོལ་བ་དང༌། བདག་ཉིད་(༣༢ན)འཚོལ་བ་གང་འདམ། བཙུན་པ། བུད་མེད་ཀྱིས་ཅི་བགྱི། བདག་ཉིད་འཚོལ་བ་འདམ་ལགས་སོ། །དེའི་ཕྱིར་འདུག་དང༌། ཆོས་བཤད་དོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་པ་དང༌། དེ་དག་ལ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། མཐོ་རིས་ཀྱི་གཏམ་དང༌། འདོད་པའི་ཉེས་དམིགས་དང༌། ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པའི་བསྔགས་པ་དང༌། རྣམ་བྱང་གི་ཆོས་རྣམས་བཤད་དོ། །དེ་དག་དགའ་བ་དང༌། སྐལ་བ་དང་ལྡན་པར་གཟིགས་ནས་འཕགས་པའི་བདེན་པ་བཞི་རྒྱ་ཆེར་བཤད་པས་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་མཐོང་ནས། བཙུན་པ། བདག་ཅག་འཕགས་སོ། །མངོན་པར་འཕགས་སོ། །བདག་ཅག་བཅོམ་ལྡན་འདས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་སྡེ་བཟང་དྲུག་ཅུའི་ཚོགས་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་སོང་ངོ༌། །ལུང་གཞི་ལས་དེ་ཙམ་ཞིག་གསུངས་ཀྱི། བསྙེན་པར་རྫོགས་ཚུལ་གསལ་བར་མ་གསུངས་ལ། མ་མོ་ལས། དེ་ལ་གང་གསོལ་བ་དང་བཞིའི་ལས་མ་བཅས་པ་ན་སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི་ལེགས་པར་བསྙེན་པར་རྫོགས་པ་ཞེས་བྱའོ། །གང་གསོལ་བ་དང་བཞིའི་ལས་བཅས་པ་ན་སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི་བསྙེན་པར་མ་རྫོགས་པའོ་ཞེས་གསུངས་པས། སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་སྐྱབས་སུ་འགྲོ་བ་བྱས་པའང་གསོལ་བཞིའི་ལས་མ་བཅས་པའི་དུས་ཡིན་པས་དེ་ཙམ་གྱིས་བསྙེན་པར་རྫོགས་པ་ཡིན་ནོ། །ཁ་ཅིག་ན་རེ། འདི་དགེ་བསྙེན་ལ་བསྙེན་པར་རྫོགས་པའི་མིང་གིས་བཏགས་པའོ་ཞེས་ཟེར་རོ། །

༦༽ ལྕི་བའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ།

བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་བུད་མེད་ལྔ་བརྒྱ་དང་ལྷན་ཅིག་སྟོན་པའི་གན་དུ་སོང་སྟེ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །སྟོན་པས་དེ་ལ་ཆོས་ཀྱི་རྣམ་གྲངས་དུ་མ་བསྟན་ནས་དགའ་བར་བྱས་ཏེ་ཅང་མི་གསུང་བ་དང༌། སྐྱེ་དགུའི་བདག་མོས་གསོལ་བ། བཙུན་པ། བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན། བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་སྟོན་པའི་དྲུང་ན་ཚངས་པར་སྤྱོད་པ་སྤྱད་པར་གསོལ། གོའུ་ཏ་མི།(༣༢བ) ཁྱོད་ཁྱིམ་པ་མོ་གོས་དཀར་པོ་གྱོན་ལ། ནམ་འཚོའི་བར་དུ་དེ་འབའ་ཞིག་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་དང༌། དེས་ཁྱོད་ལ་ཡུན་རིང་པོར་ཕན་པ་དང༌། བདེ་བར་འགྱུར་རོ། །དེས་ལན་གསུམ་དུ་བསྐྱར་ནས་ཞུས་ཀྱང་མ་གནང་བ་དང༌། སྟོན་པ་ཕྱག་བཙལ་ནས་སོང་ངོ༌། །དེ་ནས་སྟོན་པ་སེར་སྐྱ་ནས་ཡུལ་ན་དི་ཀར་གཤེགས་པ་དང༌། སྐྱེ་དགུའི་བདག་མོས་དེ་ཐོས་ནས་བུད་མེད་ལྔ་བརྒྱ་དང་ལྷན་ཅིག་ཏུ་རང་གིས་སྐྲ་བྲེགས། ཆོས་གོས་གྱོན་ཏེ་སྟོན་པའི་དགོངས་མལ་དུ་རྗེས་བཞིན་འབྲངས་ནས་སོང་ངོ༌། །
དེ་ནས་སྟོན་པ་ན་དི་ཀའི་གུ་ཛིའི་གནས་ན་བཞུགས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་ལུས་ངལ་ཞིང་རྡུལ་གྱིས་ཕོག་བཞིན་དུ་སྟོན་པའི་སྤྱན་སྔར་སོང་སྟེ། ཕྱག་བཙལ་ནས་སྔར་བཞིན་ཞུས་པས། གོའུ་ཏ་མི། ཁྱོད་འདི་བཞིན་དུ་སྐྲ་བྲེགས། ཆོས་གོས་གྱོན་ལ། ནམ་འཚོའི་བར་དུ་དེ་འབའ་ཞིག་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བར་ཚངས་པར་སྤྱོད་ཅིག །ཁྱོད་ལ་ཡུན་རིང་པོར་ཕན་པ་དང༌། བདེ་བར་འགྱུར་རོ། །སྐྱེ་དགུའི་བདག་མོས་ལན་གསུམ་དུ་བསྐྱར་ནས་ཞུས་ཀྱང་མ་གནང་བ་དང༌། ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་ཤིག་ན་ངུ་ཞིང་མཆི་མ་འབྱིན་ནོ། །དེ་ཀུན་དགའ་བོས་མཐོང་ནས། ཅིའི་ཕྱིར་ངུ་ཞེས་སྨྲས་པ་དང༌། ཀུན་དགའ་བོ། བུད་མེད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པ་མ་གནང་ངོ༌། །གོའུ་ཏ་མི། དེ་ལྟ་ན་སྡོད་ཅིག་ངས་སྟོན་པ་ལ་ཞུའོ། །ཀུན་དགའ་བོས་སྟོན་པ་ལ་ཞུས་པས། བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་བུད་མེད་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མ་གསོལ་ཅིག །དེ་ཅིའི་ཕྱིར་ཞེ་ན། ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་འདི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །དཔེར་ན། ཁྱིམ་གང་ན་བུད་མེད་མང་ཞིང་སྐྱེས་པ་ཉུང་བ་དེ་ན་རྐུན་པོ་དང་མི་ལ་རྐུ་བ་རྣམས་ཀྱིས་ཆོམས་པར་འགྱུར་ཞིང་རབ་ཏུ་ཆོམས་པར་འགྱུར་རོ། །
དེ་བཞིན་དུ་ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་འདི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་ལ་རྩྭའི་ནད་བྱུང་ན་བུ་རམ་ཤིང་དག་མ་རུང་བར་འགྱུར། ཆུད་ཟོས་པར་འགྱུར་རོ། །དེ་བཞིན་དུ་ཆོས་འདུལ་བ་འདི་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་འདི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འོན་ཀྱང་ངས་བུད་མེད་རྣམས་དགག་ཅིང་མི་འདའ་བའི་ཕྱིར། ལྕི་བའི་ཆོས་བརྒྱད་བཅས་པ་ལ་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བརྒྱད་གང་ཞེ་ན། དགེ་སློང་གི་དགེ་འདུན་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དང༌། དགེ་སློང་ལ་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་(༣༣ན)དང་རྗེས་སུ་བསྟན་པ་བཙལ་བ་དང༌། དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་མི་བྱ་བ་དང༌། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་དང༌། དགེ་སློང་ལ་ཉེས་པ་བཞིས་མི་གླེང་བ་དང༌། དགེ་སློང་ལ་ཁྲོ་བ་དང་ཚིག་རྩུབ་མི་བྱ་བ་དང༌། ལྕི་བའི་ཆོས་ལས་འདས་ན་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་ཀྱི་བར་དུ་མགུ་བ་སྤྱོད་པ་དང༌། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་དགེ་སློང་གསར་བུ་ལ་ཕྱག་བྱ་བ་སྟེ། འདི་བརྒྱད་གཟུང་ཞིང་ནན་ཏན་བྱས་ན་འདི་ཉིད་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་བ་དང༌། ཀུན་དགའ་བོ་ཡི་རང་སྟེ་སོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སྨྲས་པ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གནང་མོད་ཀྱི། འོན་ཀྱང་ལྕི་བའི་ཆོས་བརྒྱད་བཅས་པ་ལ་བསླབ་པར་བྱའོ། །བཙུན་པ་ཀུན་དགའ་བོ། །བཀའ་སྩལ་པ་དེ་མཉན་གྱིས། གསུངས་ཤིག །དེས་སྔར་བཞིན་དུ་སྨྲས་པ། ཀུན་དགའ་བོ། བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་ཀྱི་ཉེས་པ་དགག་པའི་ཕྱིར་དུ་ལྕི་བའི་ཆོས་བརྒྱད་བཅས་པ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བགྱི་བ་འདི་ནི་བདག་གིས་ལུས་དང་ངག་དང་ཡིད་ཀྱིས་ཀྱང་ནོད་དོ་ཞེས་སྨྲས་པས་བསྙེན་པར་རྫོགས་པར་གྱུར་ཏོ། །བུད་མེད་ལྔ་བརྒྱ་པོའང་ལྕི་བའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་སོ། །

༧༽ འཕྲིན་གྱིས་བསྙེན་པར་རྫོགས་པ།

བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་སོ། །མཉན་ཡོད་ཀྱི་ཕྱོགས་ཤིག་ན་ཁྱིམ་བདག་བྱིན་པ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱོད་དོ། །ཕྱོགས་གཞན་ཞིག་ན་ཁྱིམ་བདག་རི་དྭགས་སྒྲ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་འདུག་པ་དེས་ཀྱང་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱོད་དོ། །དེ་གཉིས་གཅིག་ལ་གཅིག །ཁྱོད་ལས་བདག་ལོངས་སྤྱོད་ཆེའོ་ཞེས་འགྲན་པར་བྱེད་ལ། ཕྱིས་མཛའ་བར་གྱུར་ཏེ། བྱིན་པས། བདག་ཅག་འདས་ཀྱང་བུ་དང་ཚ་བོ་རྣམས་མཛའ་བ་རྒྱུན་མི་འཆད་པའི་ཐབས་གང༌། རི་དྭགས་སྒྲས་སྨྲས་པ། ལེགས་ཏེ། མ་བཙས་པའི་སྔ་ནས་གཉེན་བྱ་སྟེ། བདག་ཅག་གཅིག་ལ་བུ་མོ་བྱུང་ན་ཅིག་ཤོས་ཀྱི་བུ་ལ་སྦྱིན་ནོ། །དེ་ལྟར་བྱའོ་ཞེས་མ་བཙས་པར་གཉེན་བྱས་ཏེ་སོང་ངོ༌། །རེ་ཞིག་ན་ཁྱིམ་བདག་བྱིན་པའི་ཆུང་མ་ལ་བུ་མོ་གཟུགས་ལེགས་ཤིང་བལྟ་ན་སྡུག་པ་ཞིག་བཙས་ཏེ། རྟག་ཏུ་ངུའོ། །དེའི་ཁྱིམ་དུ་དགེ་སློང་དག་འོངས་ཏེ་ཆོས་བཤད་པ་དང༌། དེ་རྣ་བ་བྱོ་སྟེ་ཉན་ནོ། །ཉི་མ་ཉེར་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ནས། ཆོས་འདོད་ཅིང༌། བྱིན་པའི་བུ་མོ་ཡིན་པས་ཆོས་སྦྱིན་མ་ཞེས་བཏགས། དེ་མ་མ་བརྒྱད་ལ་གཏད་ནས་བསྐྱེད་བསྲིངས་སོ། །རི་དྭགས་(༣༣བ)སྒྲས་ཀྱང་དེ་ཐོས་ནས། བདག་གི་མནའ་མ་ཡིན་ནོ་སྙམ་དུ་གོས་དང་རྒྱན་བསྐུར་ཏོ། །བྱིན་པས་དེ་བླངས་ནས། མཛའ་བོས་དེ་ལྟར་བྱས་པ་ལེགས་ཀྱིས། ཁྱོད་ལ་བུ་བྱུང་ན་སྦྱིན་ནོ། །རི་དྭགས་སྒྲའི་ཆུང་མ་ལའང་བུ་ཞིག་བཙས་ནས་ཉི་མ་ཉེར་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ཏེ། སྐར་མ་ས་ག་ལ་བཙས་པས་ས་ག་ཞེས་བཏགས་སོ། །དེ་མ་མ་བརྒྱད་ལ་གཏད་ནས་བསྐྱེད་བསྲིངས་སོ། །བྱིན་པས་ཀྱང་དེ་ཐོས་ནས་དེ་བདག་གི་མག་པར་འགྱུར་རོ་སྙམ་སྟེ་གོས་དང་རྒྱན་བསྐུར་ཏོ། །ཆོས་སྦྱིན་མ་ཆེར་སྐྱེས་པ་དང་དེ་རབ་ཏུ་འབྱུང་བར་འདོད་ནས་ཕ་ལ་ཞུས་པས། ཁྱོད་ས་ག་ལ་སྔར་བཏང་ཟིན་ཏེ། དེ་ཁྱོད་ཀྱི་ཁྱིམ་ཐབ་ཡིན་པས་ངས་གནང་དུ་མི་རུང་ངོ༌། །ཁྱིམ་དེར་དགེ་སློང་མ་ཨུཏྤ་ལའི་མདོག་དུས་དུས་སུ་འོངས་ནས་ཆོས་སྟོན་པ་ལ། ཆོས་སྦྱིན་མས། འཕགས་མ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་ན། ཕས་མ་གནང་སྟེ་ཕྱིར་འབྱུང་དུ་མི་སྟེར་ན། ཁྱོད་ཀྱིས་འདི་ཉིད་དུ་རབ་ཏུ་མི་དབྱུང་ངམ་ཞེས་སྨྲས་པས། བུ་མོ། ལེགས་ཏེ། བཅོམ་ལྡན་འདས་ཀྱིས་འདོད་པ་བསྟེན་པ་ལ་ཉེས་དམིགས་ལྔ་དང༌། རབ་ཏུ་བྱུང་བ་ལ་ཕན་ཡོན་ལྔ་གསུངས་པས། ངས་བཅོམ་ལྡན་འདས་ལ་ཞུའོ་ཞེས་སྨྲས་ནས། སྟོན་པའི་དྲུང་དུ་སོང་སྟེ་ཞུས་པས། སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་དགེ་སློང་མ་དག་ལ་འདི་སྐད་སྨྲོས་ཤིག །ཆོས་སྦྱིན་མ་ཁྱིམ་དེ་ཉིད་དུ་ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་སྐྱབས་སུ་འགྲོ་བ་གསུམ་དང༌། བསླབ་པའི་གཞི་ལྔ་བྱིན་ལ། གནས་དེ་ཉིད་དུ་རབ་ཏུ་དབྱུང་བར་ངས་གནང་ངོ༌། །
དེ་ནས་ཀུན་དགའ་བོས་དགེ་སློང་མ་རྣམས་ལ་བསྒོ་བས། དགེ་སློང་མ་རྣམས་ཀྱིས་ཀྱང་ཨུཏྤ་ལའི་མདོག་འཕྲིན་པར་བཏང་སྟེ། དགེ་བསྙེན་མ་དང་དགེ་ཚུལ་མའི་བསླབ་པ་བྱིན་ནས། ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་སྨྲས་པ་དང༌། དེ་རབ་ཏུ་དགའ་བ་སྐྱེས་སོ། །ཨུཏྤ་ལའི་མདོག་གིས་བདེན་བཞི་བསྟན་པ་ཆོས་སྦྱིན་མས་ཐོག་མ་ཐག་རྒྱུན་ཞུགས་ཐོབ། དེ་སྟོན་པ་ལ་གསོལ་བ་དང༌། ཀུན་དགའ་བོ། ཁྱོད་སོང་ལ་དགེ་སློང་མ་རྣམས་ལ། ཆོས་སྦྱིན་མ་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་ལ། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་བྱིན་ཅིག་ཅེས་སྒོས་ཤིག །དེས་དགེ་སློང་མ་རྣམས་ལ་བསྒོས་ནས། དེ་རྣམས་ཀྱིས་ཀྱང་ཨུཏྤ་ལའི་མདོག་འཕྲིན་པར་བཏང༌། དེས་ཁྱོད་དགེ་སློབ་མར་གྱུར་གྱིས་བསླབ་པ་ལ་སློབས་ཤིག་ཅེས་བརྗོད་ཅིང་ཆོས་བསྟན་པས་ལན་ཅིག་ཕྱིར་འོང་ཐོབ་བོ། །ཆོས་སྦྱིན་མས་ལོ་གཉིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པས་གཞོན་ནུ་མར་གྱུར་ཏོ། །དེ་ནས་རི་དྭགས་སྒྲས་ཉི་མ་ནམ་བཟང་བ་ལ་བརྟགས་ནས། ཁྱེའུའི་བག་མར་བླང་ངོ་ཞེས་སྤྲིངས་པ་དང༌། བྱིན་པས་ཀྱང༌། འདི་ཙམ་ནའོ་ཞེས་ཁས་(༣༤ན)བླངས་སོ། །དེ་གཉིས་ཀྱི་ཉེ་འབྲེལ་དང་སྐྱེ་བོ་མང་པོ་ལྷགས་པས་མཉན་ཡོད་ཀྱི་ནང་ཐམས་ཅད་གང་ངོ༌། །རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པས་དེ་ཐོས་ནས་བློན་པོ་རྣམས་ལ། དེ་གཉིས་ཀྱི་གྲོགས་གྱིས་ཤིག་ཅེས་བསྒོས་ཏེ་དུས་སྟོན་གྱི་སྟ་གོན་རྒྱ་ཆེར་བྱས་པ་ཆོས་སྦྱིན་མས་མཐོང་ནས། ནང་གི་སྐྱེ་བོ་ལ། དུས་མ་ཡིན་པའི་དུས་སྟོན་འདི་ཅི་ཡིན་ཞེས་དྲིས་པས། ཁྱོད་བག་མར་གཏང་བའི་དུས་སྟོན་ནོ་ཞེས་སྨྲས་པ་དང༌། སྐྲག་སྟེ། ཡབ། བདག་འདོད་པ་འཚལ་བ་མ་ལགས་པས་དབྱར་ཁང་དུ་མཆིར་ཅི་གནང༌། ཕས་སྨྲས་པ། ཁྱོད་མ་སྐྱེས་པ་ནས་ས་ག་ལ་བྱིན་པ་རྒྱལ་པོ་དང་བློན་པོ་དང་སྐྱེ་བོ་མང་པོས་ཀྱང་ཤེས་ན་ངས་ཁྱོད་ད་ཇི་ལྟར་གནང༌། བདག་ཅག་ཉེ་དུ་རྣམས་བཙོན་རར་བཅུག་སྟེ། འཆི་བར་འདོད་དམ། སང་བག་མར་འགྲོ་བར་གྱིས་ཤིག་ཅེས་བསྒོ་བ་དང༌། དེ་བརྩོན་པས་ལམ་ཡིད་ལ་བྱེད་པ་བསྒོམས་ཀྱང་འདོད་པ་དང་བྲལ་བར་བྱ་བའི་ཐབས་མ་རྙེད་དོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་འཛུམ་པ་མཛད་པས་ཞལ་ནས་འོད་ཟེར་སྔོ་སེར་དཀར་དམར་བྱུང་སྟེ། འོག་ཏུ་སོང་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་བྱས། བདག་ཅག་ཤི་འཕོས་སམ་སྙམ་མོ། །དེ་དག་དད་པ་བསྐྱེད་པའི་ཕྱིར་དུ་སྟོན་པས་སྤྲུལ་པ་བཏང་བ་མཐོང་སྟེ། འདིའི་མཐུའོ་སྙམ་དུ་དད་ནས་ཤི་འཕོས་ཏེ་ལྷ་མིར་སྐྱེས། སྟེང་དུ་སོང་བ་རྣམས་རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་བར་དུ་སོང་སྟེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་སྒྲ་འབྱིན་ཅིང༌། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་པར་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བསྒྲགས་ནས། འོད་ཟེར་གྱིས་སྟོང་གསུམ་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ཞིང་འོང་ངོ༌། །དེ་ལ་འདས་པ་ལུང་སྟོན་པར་བཞེད་ན་གནམ་ལོགས་སུ། །མ་འོངས་པ་རྣམས་མདུན་དུ། དམྱལ་བ་ཞབས་མཐིལ་དུ། བྱོལ་སོང་རྟིང་བར། ཡི་དྭགས་ཞབས་ཀྱི་མཐེ་བོང་དུ། མི་པུས་མོ་གཉིས་སུ། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཕྱག་གཡོན་པའི་མཐིལ་དུ། འཁོར་ལོས་སྒྱུར་བ་ཕྱག་གཡས་པའི་མཐིལ་དུ། ལྷ་ལྟེ་བར། ཉན་ཐོས་ཞལ་དུ། རང་སངས་རྒྱས་མཛོད་སྤུར། སངས་རྒྱས་སུ་ལུང་སྟོན་པར་བཞེད་ན་གཙུག་ཏོར་ཏུ་མི་སྣང་བར་འགྱུར་རོ། །འོད་ཟེར་དེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་ཞལ་དུ་མི་སྣང་བར་གྱུར་ཏོ། །ཀུན་དགའ་བོས་དེའི་རྒྱུ་ཞུས་པས། ཆོས་སྦྱིན་མ་འཕྲིན་གྱིས་དགེ་ཚུལ་མ་དང་དགེ་སློབ་མར་གྱུར་ནས། དེ་སང་བག་མར་གཏོང་འདོད་དེ། དེ་ནི་ཁྱིམ་དུ་གནས་པའི་སྐབས་མེད་དེ། དེ་ཕྱིར་(༣༤བ)མི་འོང་བ་དང༌། དགྲ་བཅོམ་པར་འགྱུར་རོ། །ཁྱོད་སོང་ལ་དགེ་སློང་མ་རྣམས་ལ། ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་དེ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་བྱིན་ཅིག །དེས་སོང་སྟེ་དེ་རྣམས་ལ་བསྒོས་ནས། དེ་རྣམས་ཀྱིས་ཨུཏྤ་ལའི་མདོག་འཕྲིན་པར་བཏང་སྟེ། ཁྱོད་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གནང་གིས། ད་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་བརྗོད་ཅིང༌། ཆོས་བཤད་པ་ཐོས་མ་ཐག་ཏུ་དེས་ཕྱིར་མི་འོང་ཐོབ་ནས་རྫུ་འཕྲུལ་བསྒྲུབས་སོ། །དེ་ནས་ཨུཏྤ་ལའི་མདོག་སོང་ནས། སྟོན་པ་ལ་གསོལ་བ་དང༌། ཀུན་དགའ་བོ། ཁྱོད་སོང་ལ་དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་སྟེ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་སྒོས་ཤིག །དེས་དགེ་སློང་མ་རྣམས་ལ་བསྒོས་པས་དེ་རྣམས་ཀྱིས་དགེ་འདུན་སྡེ་གཉིས་ཀ་བསྡུས་ནས་བསྙེན་པར་རྫོགས་པར་བྱས་ཏེ། ཨུཏྤ་ལའི་མདོག་འཕྲིན་པར་བཏང་ནས་དེས། བསྙེན་པར་རྫོགས་པར་བྱས་སོ་ཞེས་བརྗོད་ཅིང༌། ཆོས་བཤད་པས་དགྲ་བཅོམ་མར་གྱུར་ཏོ། །དེའི་ཚེ་ཕ་མ་ལ། བདག་གིས་དགྲ་བཅོམ་ཐོབ་ཀྱིས་དབྱར་ཁང་དུ་མཆིའོ་ཞེས་ཞུས་པ་དང༌། ཕ་མ་གཉིས་གྲོས་བྱས་ནས། བུ་མོ། དེ་ལྟར་བྱས་ན་བདག་ཅག་ལ་རྒྱལ་པོའི་ཆད་པ་འོང་གིས། དེ་ལ་རིམ་པ་བཞིན་དུ་བྱས་ཏེ། བཅོམ་ལྡན་འདས་དང་ལྷན་ཅག་སོང་ཞིག །དེས་སྨྲས་པ། ལེགས་ཀྱིས་དེ་ལྟར་བྱའོ། །དེ་ནས་ཁྱིམ་བདག་བྱིན་པས་བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ཡང་ཁྱིམ་དུ་སྤྱན་དྲངས། རི་དྭགས་སྒྲ་ལའང༌། ཆོས་སྦྱིན་མ་ཁྱིམ་དུ་གནས་སུ་མི་བཏུབ་ཀྱིས་ནན་གྱིས་ལོངས་ཤིག་ཅེས་སྤྲིངས་སོ། །རི་དྭགས་སྒྲས་ཀྱང་རྒྱལ་པོ་གསལ་རྒྱལ་ལ་གསོལ་ནས་སྟོན་མོའི་སྟ་གོན་ཆེར་བྱས་སོ། །
དེ་ནས་ཁྱིམ་བདག་བྱིན་པས་སྟོན་པ་འཁོར་བཅས་བསོད་སྙོམས་བསོད་པས་ཚིམ་པར་བྱས་ཏེ་སྟོན་པའི་སྤྱན་སྔར་ཆོས་ཉན། རི་དྭགས་སྒྲ་འཁོར་བཅས་ཀྱང་བག་མ་བླང་བའི་ཕྱིར་དེའི་སྒོ་དྲུང་ན་འཁོད་དོ། །སྟོན་པས་དེ་རྣམས་ལ་ཆོས་བཤད་མགུ་བར་བྱས་ཏེ་བཞེངས་པའི་ཕྱི་བཞིན་ཆོས་སྦྱིན་མའང་སོང་བ་དང༌། ཁྱེའུ་ས་གས་འཕྲལ་ལ་དཔུང་པ་བརྐྱངས་ཏེ་ཆོས་སྦྱིན་མའི་ལག་པ་ནས་གཟུང་བར་བརྩམས་པ་དང༌། ཆོས་སྦྱིན་མ་སེམས་ཅན་གྲངས་མེད་པས་མཐོང་བཞིན་དུ། ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་བཞིན་དུ་ནམ་མཁའ་ལ་འཕུར་ཏེ་ཆོ་འཕྲུལ་བསྟན་པ་དང༌། དེ་དག་ངོ་མཚར་ཆེ་ནས་ཕྱག་འཚལ་ཏེ། སྲིང་མོ། འདི་འདྲ་བའི་ཡོན་ཏན་ཐོབ་ནས་འདོད་ཆགས་ལ་སྤྱོད་པ་གནས་མ་ཡིན་ཏེ། བཟོད་པར་གསོལ་ལོ། །
དེ་ནས་ཆོས་སྦྱིན་མས་ནམ་མཁའ་ལས་བབས་ཏེ་སྐྱེ་བོ་རྣམས་ལ་ཆོས་བཤད་པས་ཁ་ཅིག་གིས་རྒྱུན་ཞུགས། ཕྱིར་འོང༌། ཕྱིར་མི་འོང༌། དགྲ་བཅོམ་ཐོབ། ཁ་ཅིག་གིས་ཉན་ཐོས། (༣༥ན)རང་སངས་རྒྱས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད། འཁོར་ཕལ་ཆེར་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བཀོད་དོ། །དེ་ནས་སྟོན་པའི་སྤྱན་སྔར་སོང་བ་དང༌། སྟོན་པས་ཆོས་སྦྱིན་མ་དགེ་སློང་མ་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་ལུང་བསྟན་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཙུན་པ། ཆོས་སྦྱིན་མས་ལས་ཅི་བགྱིས་པས། ཁྱིམ་ན་མཆིས་བཞིན་དུ་འཕྲིན་གྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་ལུང་བསྟན་ལགས། དགེ་སློང་དག །སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་པ་ལ་སངས་རྒྱས་འོད་སྲུངས་ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་གི་བུ་མོ་ཞིག་རབ་ཏུ་འབྱུང་བར་འདོད་ཀྱང་ཕ་མས་མ་གནང་སྟེ། ཕྱིར་འབྱུང་དུའང་མི་སྟེར་རོ། །ཁྱིམ་དེར་དགེ་སློང་མ་རྒན་མོ་ཞིག་དུས་དུས་སུ་འོངས་ནས་ཆོས་སྟོན་པ་ལ་བུ་མོ་དེས། འཕགས་མ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་ན་ཕ་མས་མ་གནང་སྟེ། ཕྱིར་འབྱུང་དུའང་མི་སྟེར་ན། གནས་འདི་ཉིད་དུ་རབ་ཏུ་འབྱུང་བར་ནུས་སམ། བུ་མོ། བཅོམ་ལྡན་འདས་ལ་ཞུའོ་ཞེས་སྨྲས་ནས་སངས་རྒྱས་འོད་སྲུངས་ལ་ཞུས་པ་དང༌། དེ་ཉིད་འཕྲིན་པར་བཏང་སྟེ། ཁྱིམ་ན་འདུག་བཞིན་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཏེ། དགེ་སློང་མ་རྒན་མོ་དེས་ཆོས་བཤད་པས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་དགེ་སློང་མ་རྒན་མོས་བསམས་པ། བུ་མོ་འདིས་བདག་ལ་བརྟེན་ནས་ཁྱིམ་ན་འདུག་བཞིན་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པ་ཐོབ་ལ། བདག་གིས་ཚེ་ཇི་སྲིད་བར་ཚངས་པར་སྤྱད་ཀྱང་ཡོན་ཏན་གྱི་ཆོས་ཅི་ཡང་མ་ཐོབ་ཀྱིས། བྲམ་ཟེའི་ཁྱེའུ་བླ་མ་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར་བར་ལུང་བསྟན་པ་དེའི་བསྟན་པ་ལ་བདག་ཁྱིམ་ན་འདུག་བཞིན་དུ། འཕྲིན་གྱིས་རབ་བྱུང་བསྙེན་རྫོགས་དང་དགྲ་བཅོམ་པ་ཐོབ་པ་དང༌། བདག་གི་མཁན་མོ་སངས་རྒྱས་འོད་སྲུང་གིས་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་ལུང་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པས་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་དགེ་སློང་མ་རྒན་མོ་དེ་ནི་ཆོས་སྦྱིན་མ་འདི་ཡིན་ཏེ། སྨོན་ལམ་བཏབ་པས་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་ལུང་བསྟན་ཏེ། དེ་བས་ན་ལས་གཅིག་ཏུ་གནག་པ་ཞེས་སོགས་གསུངས་སོ། །

ཁ༽ སྔོན་གྱི་ཆོ་ག་བཤད་པ།

གཉིས་པ་སྔོན་ཆོག་ནི། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་ཕལ་ཆེར། དགེ་སློང་ཚུར་ཤོག་ཅེས་གསུངས་པ་ཙམ་གྱིས་བསྙེན་རྫོགས་མཛད་པས་གཞན་དག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་པ་རྣམས་ཀྱང་སྟོན་པའི་དྲུང་དུ་ཁྲིད་ནས། (༣༥བ)ཚུར་ཤོག་གི་བསྙེན་པར་རྫོགས་པར་མཛད་དོ། །དགེ་སློང་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་པ་ན། དེས་དེ་ཁྲིད་ནས་སྟོན་པའི་སྤྱན་སྔར་སོང་བ་དང་། ལམ་དུ་ཤི་ནས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་བར་ཆད་དུ་གྱུར་པའི་སྐབས་དེ་སྟོན་པ་ལ་གསོལ་བ་དང༌། སྟོན་པས། ཀྱེ་མ་ངའི་ཉན་ཐོས་ཐག་རིང་པོ་ནས་འོང་བ་རྣམས་ངལ་བར་འགྱུར་སྙམ་དུ་དགོངས་ཏེ། དེང་ནས་དགེ་འདུན་གྱིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་ཞེས་བཀའ་སྩལ་ཏེ། ཇི་ལྟར་བྱ་བ་མ་ཤེས་པར་ཞུས་པ། རབ་ཏུ་འབྱུང་བར་འདོད་པ་འོངས་ན་དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་སོགས་ཆོ་ག་དང་བཅས་པ་གསུངས་སོ། །

ག༽ ད་ལྟར་གྱི་ཆོ་ག་བྱེ་བྲག་ཏུ་བཤད་པ།

གསུམ་པ་ད་ལྟར་གྱི་ཆོ་ག་བྱེ་བྲག་ཏུ་བཤད་པ་ལ་གསུམ། གཞི། ཕྲན་ཚེགས། ཞུ་བའི་སྐབས་ནས་འབྱུང་བའོ། །དང་པོ་ནི། དེ་ལྟར་སྔོན་ཆོག་གིས་བསྙེན་པར་རྫོགས་པ་དག །མཁན་སློབ་མེད་པས་ལེགས་པར་མ་སྦྱངས་པ་དང༌། ལེགས་པར་མ་བགོས་པ་དང༌། སྒྲ་མཐོན་པོ་དང༌། སྒྲ་ཆེན་པོ་དང༌། རྒོད་བག་གི་སྤྱོད་ལམ་གྱིས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་ཟས་དང་སྲན་ཚོད་སློང་བ་དང་སློང་དུ་འཇུག་ཅིང༌། བསྟན་པ་དང་འགལ་བར་བྱེད་པས་མུ་སྟེག་ཅན་རྣམས་སྨོད་པ་དང༌། ཕྱར་ཁ་གཏོང་བ་དང༌། ཁ་ཟེར་བར་བྱེད་དོ། །ནད་པ་ཞིག་ཀྱང་ནད་གཡོག་མེད་པས་ཤི་བའི་སྐབས་དེ་སྟོན་པ་ལ་ཞུས་པས་སྟོན་པས། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང༌། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་གནང་ངོ་ཞེས་བཀའ་སྩལ་ཏེ། དེ་དག་གིས་མཁན་སློབ་མི་ཤེས་ནས་ཞུས་པས། མཁན་པོ་གཉིས་སློབ་དཔོན་ལྔ་མཚན་ཉིད་དང་བཅས་པ་གསུངས། ཇི་ལྟར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་མི་ཤེས་ནས་ཞུས་པས། དང་པོར་བར་ཆད་དྲིས་ནས་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་གྱི་སྡོམ་པ་སྦྱིན་པ་དང༌། དེའི་འོག་ཏུ་བསླབ་པ་བརྗོད་ནས་རབ་བྱུང་ཞུ་བའི་དགེ་སློང་ལ་གཏད་དེ། དེས་དགེ་འདུན་ལ་ཞུས། རབ་ཏུ་འབྱུང་བའི་མཁན་པོར་གསོལ་ནས་སྐྲ་དང་ཁ་སྤུ་བྲེགས། ཁྲུས་བྱས་ཏེ་མཁན་པོས་ཆོས་གོས་དང་ལྷུང་བཟེད་སྦྱིན་ཞིང་དེས་ཀྱང་རྐང་པ་གཉིས་ལ་གཏུགས་ནས་བླང་བར་བྱ། དེའི་འོག་ཏུ་མཁན་པོས་བསྐོན་ཞིང་མཚན་བརྟག་པར་བྱ་ཞེས་གསུངས་པ་དང༌། དགེ་སློང་རྣམས་ཀྱིས་དེ་སྒྲེན་མོར་ཕྱུང་སྟེ་བརྟགས་པས་ངོ་ཚ་ནས། དེ་ལྟར་མི་བྱ་བར། མ་ཚོར་བར་བརྟག་པར་བྱའོ་ཞེས་གསུངས། དེའ་འོག་ཏུ་སྐྱབས་འགྲོ་རྩོམ་པས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབས་ནས་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་དགེ་སློང་ལ་གཏད་དེ། དེས་དགེ་ཚུལ་གྱི་སྡོམ་པ་སྦྱིན་པར་བྱ། དེ་ནས་དགེ་སློང་གཞན་ཞིག་གིས་གྲིབ་ཚོད་གཞལ་ཏེ་སྡོམ་པ་ཐོབ་དུས་བརྗོད། (༣༦ན)དེའི་འོག་ཏུ་བསླབ་པ་བརྗོད་པ་རྣམས་གསུངས། དེའི་འོག་ཏུ་དེས་ལོ་ཉི་ཤུ་ལོན་ན་མཁན་པོས་ཆོས་གོས་དང་ལྷུང་བཟེད་སྩལ་ཞིང་སློབ་དཔོན་གཉིས་དད་པའི་དགེ་འདུན་དང་བཅས་པ་ལ་གསོལ་བ་གདབ། དེ་དག་གིས་ཀྱང་བཤགས་པ་དང་བསྡམ་པ་དང་བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག །དེའི་འོག་ཏུ་ཡུལ་དབུས་དང་མཐའ་འཁོབ་ཀྱི་བྱེ་བྲག་གིས་དགེ་སློང་བཅུའམ་ལྔ་ལ་སོགས་པ་འདུས་པ་ན། དང་པོར་སྟོན་པ་དང༌། དེ་ནས་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག །དེ་ནས་མཁན་པོར་གསོལ་བའི་འོག་ཏུ་ཆོས་གོས་དངོས་སམ་རྒྱུའི་བྱིན་རླབས་བྱས་ནས་དགེ་འདུན་ལ་ལྷུང་བཟེད་བསྟན་ཏེ་བྱིན་གྱིས་བརླབ་བོ། །
དེ་ནས་བསྒྲུབ་བྱ་དེ་ཐོས་པའི་ཉེ་འཁོར་ལས་བཀར་ཏེ། གསངས་ཏེ་གསང་སྟེ་སྟོན་པ་བསྐོས་ནས། དེས་བསྒྲུབ་བྱ་དེ་རང་ལ་ཕྱག་འཚལ་དུ་བཅུག་སྟེ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ། དེ་ནས་བསྒྲུབ་བྱ་དེ་བཀུག །རྒན་པའི་མཐའ་ལོགས་སུ་འདུག་ཏུ་བཅུག་སྟེ། ལས་བྱེད་པས་བསྙེན་པར་རྫོགས་པར་གསོལ་ཏུ་གཞུག །དེའི་འོག་ཏུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱས་ནས་བར་ཆད་དྲི་བར་བྱ། དེའི་འོག་ཏུ་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་བསྒྲུབ་པར་བྱ། དེའི་འོག་ཏུ་གྲིབ་ཚོད་གཞལ་བར་བྱ་ཞེས་བཀའ་སྩལ་པས། དགེ་སློང་དག་ཤིང་རིང་པོས་གྲིབ་ཚོད་འཇལ་བར་བྱེད་ནས། ཤིང་རིང་པོས་གྲིབ་ཚོད་གཞལ་བར་མི་བྱའོ། །དགེ་སློང་དག་གོམས་པས་གྲིབ་ཚོད་འཇལ་བ་ན་ཧ་ཅང་ཐོགས་ནས། ཐུར་མ་དག་གིས་གཞལ་བར་བྱའོ། །ཐུར་མ་རིང་པོས་བཅལ་བས་ཀྱང་ཧ་ཅང་ཐོགས་ནས། ཐུར་མ་སོར་བཞི་ཙམ་གྱིས་གཞལ་ཅིང༌། ཐུར་མ་ཇི་ཙམ་ཡོད་པ་དེ་ལ་སྐྱེས་བུ་ཞེས་བརྗོད་པར་བྱའོ། །
དེ་ནས་ཉིན་མཚན་གྱི་ཆ་སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཐུན་དང་པོ་དང༌། ཐུན་དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐུན་ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་མ་ནུབ་པ་དང༌། ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བ་སྟེ། ཉིན་མཚན་གྱི་ཆ་བརྗོད་པར་བྱ། དེ་ནས་དུས་ཚིགས་བརྗོད་པར་བྱ། དེ་ནས་གདམས་ངག་བཅུ་གཅིག་བརྗོད་པ་རྣམས་གསུངས་སོ། །དེ་དག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ན། མཁན་སློབ་ལ་བྱ་བ་མི་ཞུ། གུས་པར་མི་བྱེད་པའི་སྐབས་དེ་སྟོན་པ་ལ་གསོལ་བ་དང༌། སྟོན་པས། ངས་ལྷན་ཅིག་གནས་པ་དང༌། ཉེ་གནས་ཀྱི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱ་བ་ནས། ཞུ་བ་ནི་མ་གཏོགས་སོ་ཞེས་(༣༦བ)པའི་བར་གསུངས་སོ། །བཅོམ་ལྡན་འདས་མཉན་ཡོད་ན་དབྱར་གནས་པར་ཞལ་གྱིས་བཞེས་པའི་ཚེ། ཚེ་དང་ལྡན་པ་ཉེ་སྡེ་ལྗོངས་སུ་དབྱར་གནས་པར་ཁས་བླངས་ཤིང་ལོ་གཅིག་ལོན་པ་ན། ལྷན་ཅིག་གནས་པ་རབ་ཏུ་བྱུང་ཞིང་བསྙེན་རྫོགས་བྱས་སོ། །ཟླ་བ་གསུམ་འདས་པ་དང༌། ལྷན་ཅིག་གནས་པ་དང༌། ལྷན་ཅིག་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། མཉན་ཡོད་དུ་ཕྱིན་ནས་ཆོས་གོས་དང་ལྷུང་བཟེད་འཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་སྟོན་པའི་དྲུང་དུ་སོང་སྟེ་ཞབས་ལ་ཕྱག་འཚལ་ནས་འདུག་གོ །སྟོན་པའི་ཆོས་ཉིད་ནི་གློ་བུར་དུ་འོངས་པ་རྣམས་ལ། ཁྱོད་ད་གཟོད་གང་ནས་འོངས། དབྱར་གང་དུ་གནས་ཞེས་སོ་སོར་ཀུན་དགའ་བར་མཛད་པ་ཡིན་པས། ཉེ་སྡེ་ལ། ཁྱོད་ད་གཟོད་གང་ནས་འོངས། དབྱར་གང་དུ་གནས། བཙུན་པ། བདག་ལྗོངས་ནས་མཆིས། དབྱར་ལྗོངས་སུ་གནས་སོ། །ཁྱོད་ཀྱི་རིགས་ཀྱི་བུ་འདི་སུ་ཡིན། བདག་གི་ལྷན་ཅིག་གནས་པའོ། །ཁྱོད་ཀྱིས་ལོ་དུ་ལོན། ལྷན་ཅིག་གནས་པས་ལོ་དུ་ལོན། བདག་གིས་ལོ་གཉིས། ལྷན་ཅིག་གནས་པས་ལོ་གཅིག་ལོན་ལགས་སོ། །
སྟོན་པས་བཀའ་སྩལ་པ། དགེ་སློང་དག །ཉེ་སྡེས་དང་པོ་ཁོ་ནར་ཚོགས་བསྡུ་བར་བསམས་སོ། །དེ་བས་ན་ལོ་གཅིག་ལོན་པར་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་བཞག་པར་མི་བྱ། བདག་ཉིད་ཀྱང་མི་གནས་པར་འདུག་པར་མི་བྱའོ། །ལོ་གཉིས་ལོན་པ་ན་དགུ་ལོན་པས་ཀྱང་དེ་རྣམས་མི་བྱ། ལོ་བཅུ་ལོན་པས་དེ་རྣམས་བྱའོ་ཞེས་པ། བསྙེན་པར་རྫོགས་ནས་སོགས་སོ། །དེ་དག་ལོ་བཅུ་གཉིས་ལོན་ནས་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པས་ཀྱང་རབ་ཏུ་འབྱིན་པར་བྱེད་དེ། ཀྱེ་མ། བདག་ཉིད་མ་དུལ་བར་གཞན་དུལ་བར་བྱེད་པ་དང༌། བདག་ཉིད་མ་ཞི་བར་གཞན་ཞི་བར་བྱེད་པ་དང༌། བདག་ཉིད་མ་གྲོལ་བར་གཞན་གྲོལ་བར་བྱེད་པ་དང༌། བདག་ཉིད་མྱ་ངན་ལས་མ་འདས་པར་གཞན་མྱ་ངན་ལས་འདའ་བར་བྱེད་པ་དེ་ནི་གནས་མེད་དོ། །རྒན་ཞུགས་ཤིག་གིས་མུ་སྟེགས་ཅན་ཞིག་རབ་བྱུང་བསྙེན་རྫོགས་བྱས་ནས་དེ་དུས་སུ་གདམས་ངག་མ་ཐོབ་པས་བསླབ་པ་ཕུལ་ཏེ་ཉམས་པའི་སྐབས་དེ་གསོལ་བ་དང༌། ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། དགེ་ཚུལ་ཉེ་བར་བཞག་པར་བྱ་ཞིང་བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱའོ། །ལྔ་གང་ཞེ་ན། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ། ལྷག་པ་དང༌། ལྷན་ཅིག་གནས་པ་དང་ཉེ་གནས་ཀྱི་ནད་གཡོག་བྱེད་དམ་བྱེད་དུ་འཇུག་ནུས་པ་དང་ཞེས་སོགས་གསུངས་པ་ནི། འོག་ནས་ཞེས་པ་ནས། རྒྱས་པ་ཐོན་པ་ཉིད་དོ་ཞེས་པའི་བར་རོ། །སྟོན་པ་ལ་ཉེ་བར་འཁོར་གྱིས་ཞུས་པ། ལོ་བཅུ་ལོན་པ་ཆོས་ལྔ་(༣༧ན)དང་ལྡན་པས་རབ་ཏུ་དབྱུང་བ་སོགས་བྱ་ན། བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ལ་སོ་སོར་ཐར་པ་དང༌། རྒྱས་པ་མི་ཐོན་ན། དེས་གཞན་ལ་གནས་པར་བགྱིའམ། གནས་པར་བྱ་དགོས་ཏེ། དེ་ལ་གནས་བརྟན་བྱིས་པ་ཞེས་བྱའོ། །དེས་གང་ལ་གནས་པར་བགྱི། ཆེས་རྒན་པ་ཡོད་ན་དེ་ལ་གནས་བཅའ། རྒན་པ་མེད་ན་གཞོན་པ་ལ་གནས་བཅའ་འོ། །བཙུན་པ། དེས་དེ་ལ་ཐམས་ཅད་བགྱིའམ། ཐམས་ཅད་བྱ་སྟེ། འདུད་པ་འབའ་ཞིག་མ་གཏོགས་སོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་སུ་དབྱར་གནས་པར་ཞལ་གྱིས་བཞེས་པའི་ཚེ། གནས་བརྟན་དག་ནི་ཉུང༌། གསར་བུ་དག་ནི་མང་དུ་དབྱར་གནས་པར་ཁས་བླངས་སོ། །དབྱར་ཟླ་བ་གསུམ་འདས་ནས། ཀུན་དགའ་བོ་སོང་ལ། དེ་བཞིན་གཤེགས་པ་ལྷོའི་རི་ལ་ལྗོངས་རྒྱུར་གཤེགས་ཀྱིས། དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་ལྗོངས་རྒྱུར་འགྲོ་བ་དེ་དག་ཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་སྒོས་ཤིག །ཀུན་དགའ་བོས་བསྒོས་པས་གནས་བརྟན་རྣམས། བདག་ཅག་རྒས་པས་ལྗོངས་རྒྱུར་འགྲོ་མི་ནུས་སོ། །གསར་བུ་རྣམས་ན་རེ། བདག་ཅག་གསར་བུ་ཡིན་ལ་མཁན་སློབ་མི་འགྲོ་བས་མྱུར་དུ་ལྡོག་དགོས་པ་དང༌། ཡང་དང་ཡང་དུ་གནས་བཙལ་དགོས་པས་ལྗོངས་རྒྱུར་འགྲོ་མི་ནུས་སོ་ཟེར་རོ། །སྟོན་པ་འཁོར་ཉུང་ཤས་དང་ལྷན་ཅིག་ལྗོངས་རྒྱུར་གཤེགས་ཏེ། གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་པས་འཁོར་ཉུང་བར་མཁྱེན་ནས། མཁྱེན་བཞིན་དུ། འཁོར་ཉུང་བའི་རྒྱུ་གང་ཡིན། ཀུན་དགའ་བོས་ཇི་ལྟར་ཡིན་པ་བཞིན་ཞུས་པས། ཀུན་དགའ་བོ། དེ་བས་ན་ལོ་ལྔ་ལོན་ཅིང༌། ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པས་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ། ལོ་ལྔ་ལོན་ཅིང༌། ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པས། མི་གནས་པར་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་གསུངས་ན། ལོ་དྲུག་ལོན་ལ་ལྔ་པ་ཐ་མ་དང་མི་ལྡན་པ་དང༌། ལོ་བཞི་ལོན་པ་ལྔ་པ་ཐ་མ་དང་ལྡན་པས་གནས་མ་བཅས་པར་ལྗོངས་རྒྱུར་རུང་ངམ། མི་རུང་སྟེ། ལོ་ལྔ་ལོན་པ་དང༌། ལྔ་པ་དང་ལྡན་པ་ལ་བཅའ་བ་བརྟེན་པའི་ཕྱིར་རོ། །བཙུན་པ། གསུམ་རིག་པ། དྲི་མ་གསུམ་སྤངས་ལ། ལོ་ལྔ་མ་ལོན་ཅིང༌། ལྔ་པ་དང་མི་ལྡན་ན། གནས་མ་བཅས་པར་ལྗོངས་རྒྱུར་རུང་ངམ། མི་རུང་ངོ་ཞེས་གསུངས་པ་ནི། གཞན་དུ་ན་གསུམ་རིན་པ་ཡིན་ཡང་མི་བྱའོ་ཞེས་སོ། །
སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། རྒན་ཞུགས་ཤིག་གིས་མུ་སྟེགས་ཅན་ཞིག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་ན། དགེ་སློང་རྣམས་དང་རྩོད་པ་འགའ་ཞིག་བྱུང་ནས་བསླབ་པ་ཕུལ་ཏེ། མུ་སྟེགས་ཅན་གྱི་(༣༧བ)གནས་དེ་ཉིད་དུ་སོང་བའི་སྐབས་དེ་གསོལ་བ་དང༌། ཁྱི་བཀྲེས་པ་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྤངས་ནས་བཤང་གཅི་ཟ་བ་ལྟར། མི་གཏི་མུག་ཅན་དེས་ཆོས་འདུལ་བ་འདི་སྤངས་ནས་མུ་སྟེགས་ཅན་གྱི་གནས་སུ་སོང་ངོ༌། །དེ་བས་ན་ཉེ་དུ་ཤཱཀྱ་དང༌། མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཉེ་དུ་ཤཱཀྱ་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་འོངས་ཤིང་རབ་བྱུང་བསྙེན་རྫོགས་འདོད་ན་དེ་རབ་ཏུ་དབྱུང་བ་དང་བསྙེན་རྫོགས་བྱ་སྟེ། དེ་ནི་ཉེ་དུ་ལ་ཉེ་དུའི་སྤང་བ་སྦྱིན་པའི་ཕྱིར་རོ། །མེ་པ་རལ་པ་ཅན་ཡང་རབ་ཏུ་དབྱུང་བར་བྱ་སྟེ། དེ་ནི་ལས་དང་བྱ་བ་དང་རྒྱུ་དང་བརྩོན་འགྲུས་སྨྲ་བའི་ཕྱིར་རོ། །གཞན་མུ་སྟེགས་ཅན་རབ་ཏུ་དབྱུང་བར་འདོད་ན། ཟླ་བ་བཞིར་གནས་པ་བྱིན་ནས་སེམས་མགུ་ན་རབ་ཏུ་བྱུང་བར་བྱའོ། །སེམས་མགུ་བ་གང་ལགས་ཞུས་པས། དཀོན་མཆོག་རྣམས་ཀྱི་སོགས་དང༌། གནས་པ་སྦྱིན་པ་མ་ཤེས་ནས་ཞུས་པས། ཆོ་ག་དང་བཅས་པ་གསུངས་སོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པ་ལས་བུ་བཙས་ཏེ་ཆེར་སྐྱེས་པ་དང༌། དེའི་ཉེ་དུ་དང་ནོར་ཟད་ནས། བུ་ལ་སྨྲས་པ། ཁོ་བོ་རྒས་པས་ནོར་སྒྲུབ་པར་མི་ནུས་ཀྱི། རབ་ཏུ་འབྱུང་དུ་འགྲོའོ། །ཡབ། བདག་ཀྱང་རབ་ཏུ་འབྱུང་ངོ༌། །བུ། དེ་བཞིན་གྱིས་ཤིག་ཅེས་དེ་ཁྲིད་ནས་རྒྱལ་བྱེད་ཚལ་དུ་སོང་སྟེ། དགེ་སློང་ཞིག་ལ། འཕགས་པ། བདག་རབ་ཏུ་དབྱུང་བར་འཚལ་ལོ། །
དེས་སྨྲས་པ། ཁྱེའུ་འདིའང་རབ་ཏུ་འབྱུང་ངམ། འབྱུང་ངོ༌། །དེ་དེ་ལ་ཆགས་པས་གཉིས་ཀ་རབ་ཏུ་བྱུང་ངོ༌། །ཉི་མ་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ནས། བཞིན་བཟང༌། རི་དྭགས་ཀྱིས་རི་དྭགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་སྤྱོད་ཡུལ་ཡིན་གྱིས་བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །དེ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། དགེ་ཚུལ་དེ་དང་ལྷན་ཅིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། དགེ་ཚུལ་དེས་འཁུར་བ་སྲེག་པ་མཐོང་སྟེ། ཡབ། བདག་ལ་འཁུར་བ་སྦྱིན་དུ་ཆུག་ཅིག །དེས་བཞིན་བཟང༌། དགེ་ཚུལ་འདི་ལ་འཁུར་བ་བྱིན་ཅིག །དེས་འཕགས་པ། རིན་སྩོལ་ཅིག །ཁོ་བོ་རབ་བྱུང་ཡིན་པས་ཀརྵ་པ་ན་ག་ལ་ཡོད། དེས་སྨྲས་པ། དགེ་ཚུལ་འདི་ཁྱོད་རབ་ཏུ་བྱུང་ནས་བསྐྱེད་དམ་ཁྱིམ་པས་བསྐྱེད། ཁྱིམ་པས་སོ། །འོ་ན་དེའི་དུས་སུ་བསགས་པ་བྱིན་ཅིག །དེས། དགེ་ཚུལ་འདི་བགྲང་བ་མང་པོ་དག་སློང་བར་བྱེད་ཀྱིས་ཚུར་ཤོག །འདོང་ངོ་ཞེས་སོར་མོ་ནས་བཟུང་སྟེ་འཁྲིད་པ་དང༌། དེ་གན་རྐྱལ་དུ་འགྱེལ་ནས་ངུ་བ་སྐྱེ་བོའི་ཚོགས་(༣༨ན)ཀྱིས་མཐོང་ནས་སྨྲས་པ། འདིའི་དགེ་ཚུལ་འདི་སུ་ཡིན། བུ་ཡིན་ནོ། །ཁྲག་གི་ཐིགས་པ་འདི་རབ་ཏུ་བྱུང་ནས་ཅི་ཞིག་བྱ་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་འདི་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་འབྱིན་པར་བྱེད་པ་ལས་གྱུར་པ་ཡིན་པས། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །འཕགས་སྐྱེས་པོས་སེར་སྐྱའི་གནས་ན་གནས་པའི་ཤཱཀྱ་རྣམས་བསད་པའི་ཚེ། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་ཕ་མས་བོར་ནས་འཁྱམ་པ་ལས། མཉན་ཡོད་ཀྱི་ཚོང་པ་ཟོང་ཐོགས་ཏེ་སེར་སྐྱར་སོང་བས་དེ་གཉིས་བཞིན་གཟུགས་ལས་ཤེས་ནས་སྨྲས་པ། ཁྱེད་གཉིས་ཀྱི་ཕ་མ་གང་ན། འཕགས་སྐྱེས་པོས་བསད་དོ། །མཉན་ཡོད་ན་ཁྱོད་གཉིས་ཀྱི་ཞང་པོ་ཀུན་དགའ་བོ་ཡོད་ན་དེར་ཅིའི་ཕྱིར་མི་འགྲོ། ཁོ་བོ་ཅག་སུས་འཁྲིད། ཁོ་བོ་ཅག་གིས་བཀྲིའོ་ཟེར་ནས། དེ་དག་གིས་ཟོང་བསྒྱུར་ཟིན་པ་དང༌། དེ་གཉིས་ཁྲིད་དེ། རྒྱལ་བྱེད་ཚལ་གྱི་སྒོར་བོར་བ་དང༌། ཀུན་དགའ་བོས་དེ་གཉིས་བྱད་གཟུགས་ལས་ཤེས་ཏེ་སྨྲས་པ། ཁྱེད་གཉིས་ཀྱི་ཕ་མ་གང་ན། འཕགས་སྐྱེས་པོས་བསད་དོ། །ཀུན་དགའ་བོ་ཉེ་དུ་ལ་མཉེས་གཤིན་པ་ཡིན་པས་དེ་གཉིས་ཉེ་དུ་དང་བྲལ་བ་ཐོས་ནས་མཆི་མས་བརྣངས་ཏེ་འདུག་གོ །དགེ་སློང་རྣམས་ཀྱིས། འདི་གཉིས་ཅི་ཡིན། སྲིང་མོའི་བུ་དག་གོ །ཅིའི་ཕྱིར་མི་སྡུད། ཁོ་བོ་ལྟོ་འགྲངས་ཙམ་གྱི་བསོད་སྙོམས་ལེན་ན་འདི་གཉིས་ལ་གང་སྦྱིན། འདི་གཉིས་ཀྱིས་དགེ་སློང་ལ་མེ་ཏོག་དང་འབྲས་བུ་འབུལ་ན་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ། །དེས་དེ་གཉིས་བསྡུས་ནས་དགེ་སློང་ལ་མེ་ཏོག་དང་འབྲས་བུ་འབུལ་དུ་བཅུག་སྟེ་ཞག་ཉུང་ཤས་ཤིག་ལྷུང་བཟེད་ཀྱི་ལྷག་རོལ་བྱིན་ནས་ཡང་མི་སྦྱིན་པར་བརྩམས་པ་དང༌། ཀུན་དགའ་བོས་ལྟོ་འགྲངས་ཙམ་གྱི་བསོད་སྙོམས་བླངས་ནས་ཕྱེད་རང་ཟ། ཕྱེད་དེ་གཉིས་ལ་བྱིན་པས་ཀུན་དགའ་བོ་སྐྱ་བོ་སེང་སེང་པོ་རིད་ཅིང་ལུས་མ་ཐོབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་དང༌། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་དུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་པ་མི་རྨེད་པས། དོན་དང་མི་ལྡན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེས་ན་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། དགེ་སློང་རྣམས་ལ། ཅིའི་ཕྱིར་ཀུན་དགའ་བོ་སྐྱ་བོ་དང་སེང་སེང་པོར་གྱུར། དགེ་སློང་རྣམས་ཀྱིས་དེ་གསོལ་བས། ཀུན་དགའ་བོ། ཁྱེའུ་གཉིས་རབ་ཏུ་མི་འབྱིན་ནམ། འབྱིན་ལགས་སོ། །རབ་ཏུ་འབྱུང་བར་འདོད་(༣༨བ)པ་ལ་དགེ་འདུན་གྱིསས་ཟན་སྦྱིན་པར་གནང་ངོ༌། །དགེ་འདུན་གྱིས་ཞག་ཉུང་ཤས་ཤིག་བྱིན་ནས། སྨོད་པར་བརྩམས་པ་དང༌། སྟོན་པས་ཀུན་དགའ་བོ་ལ། ཁྱེའུ་གཉིས་རབ་ཏུ་མི་འབྱིན་ནམ། བཙུན་པ། དེ་གཉིས་ཀྱིས་ལོ་བཅོ་ལྔ་མ་ལོན་ནོ། །དེ་གཉིས་ཀྱིས་དགེ་འདུན་གྱི་སྐོས་མལ་ནས་བྱ་རོག་སྐྲོད་ནུས་སམ། རྔོ་ཐོགས་སོ། །
དེ་བས་ན་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་ཡོངས་སུ་སྤང་བས་རབ་ཏུ་འབྱུང་བར་གནང་ངོ༌། །ཀུན་དགའ་བོས་དེ་གཉིས་རབ་ཏུ་བྱུང་ནས་ཀློག་ཏུ་གཞུག་པར་བརྩམས་པ་དང༌། དེ་གཉིས་ཀྱིས་ཉུང་ཤས་ཤིག་བཀླགས་ནས་ཉི་ཉན་པར་བརྩམས་སོ། །མོའུ་གལ་གྱི་བུས་ཀུན་དགའ་བོ་ལ། འདི་གཉིས་ཅིའི་ཕྱིར་ཀློག་ཏུ་མི་འཇུག །བདག་ལ་མི་ཉན་ན་ཇི་ལྟར་བྱ། བདག་གིས་འདི་གཉིས་ཀློག་ཏུ་གཞུག་གོ །ལེགས་སོ། །དེས་དེ་གཉིས་ཀློག་ཏུ་བཅུག་པ་དང༌། ཉུང་ཤས་ཤིག་བཀླགས་ནས། ཡང་མི་ཉན་པར་བརྩམས་སོ། །ཀུན་དགའ་བོས། འདི་གཉིས་ཅིའི་ཕྱིར་ཀློག་ཏུ་མི་འཇུག་བདག་ལའང་མི་ཉན་ནོ། །རེ་ཞིག་ཡིད་འབྱུང་བར་གྱིས་ཤིག །མོའུ་གལ་གྱི་བུས་དེ་གཉིས་ལ། ཉིན་མོ་སྤྱོད་དུ་འདོང་ངོ༌། །སྟན་ཁྱེར་ཅིག །དེས་དེ་གཉིས་ཁྲིད་དེ་སོང་ནས་ཕྱོགས་ཤིག་ཏུ་སེམས་ཅན་དམྱལ་བ་དག་སྤྲུལ་ཏེ། དེར་གཅོད་འཆེག་བརྡེག་པའི་སྒྲ་དག་གྲག་པ་དང༌། འཕགས་པ། འདི་ཅི་ལགས། སོང་ལ་ལྟོས་ཤིག །དེ་གཉིས་སོང་བ་དང༌། ཁ་ཅིག་སོག་ལེས་འཆེག །ཁ་ཅིག་རང་འཐག་གིས་འཐག །ཁ་ཅིག་ཟངས་པོ་ཆེ་ཁོལ་བའི་ནང་དུ་འཇུག་པར་བྱེད་དོ། །ཕྱོགས་ཤིག་ན་ལྕགས་ཀྱི་ཟངས་པོ་ཆེ་གཉིས་ཁོལ་གྱིན་འདུག་ནས། དེ་གཉིས་ཀྱིས་སྨྲས་པ། འདི་གཉིས་སུ་སུའང་མི་འཇུག་གམ། དེ་དག་གིས་སྨྲས་པ། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་འདའ་བ་དེ་གཉིས་ཤི་ནས་འདིར་སྐྱེ་བས་དེ་གཉིས་ཀྱི་དོན་དུ་བཞག་གོ །དེ་གཉིས་ཤིན་ཏུ་སྐྲག་སྟེ། ཤེས་ན་དེང་ཉིད་དུ་འཇུག་གོ་སྙམ་ནས་མོའུ་གལ་གྱི་བུའི་གན་དུ་ཕྱིན་པ་དང༌། ཁྱེད་གཉིས་ཀྱིས་ཅི་མཐོང༌། སེམས་ཅན་དམྱལ་བ་དག་མཆིས་སོ། །དེ་ན་ཅི་བྱེད། དེ་དང་དེ་དག་སྨྲས་པ། དགེ་ཚུལ་གཉིས། ཉེས་དམིགས་དེ་དང་གཞན་ཡང་ལེ་ལོ་ལས་འབྱུང་བས་བརྩོན་འགྲུས་གྱིས་ཤིག །དེ་གཉིས་བརྩོན་འགྲུས་ཀྱིས་བཀླག་པར་བརྩམས་པ་དང༌། སྔ་དྲོ་དམྱལ་བ་དྲན་ན་ཟན་མི་ཟ། ཕྱི་དྲོ་དྲན་ན་སྐྱུགས་པས། སྐྱ་བོ་དང་སེང་སེང་པོར་གྱུར་ནས། ཀུན་དགའ་བོས། གནས་བརྟན། ད་གཟེངས་བསྟོད་ཅིག །མོའུ་གལ་གྱིས་དེ་གཉིས་ལ། ཉིན་མོ་སྤྱོད་དུ་འདོང་ངོ༌། །འཕགས་པ་ས་ཕྱོགས་གཞན་དུ་བཞུད་ཀྱི། དེར་མི་བཞུད་དོ། །སྟན་ཁྱེར་ཅིག །དེས་དེ་གཉིས་ཁྲིད་ནས་སོང་བ་དང༌། དེས་ཕྱོགས་ཤིག་ཏུ་ལྷ་དག་སྤྲུལ་ནས་པི་ཝང་ལ་སོགས་པའི་སྒྲ་གྲག་པ་དང༌། འཕགས་(༣༩ན)པ། འདི་ཅིག་ལགས། སོང་ལ་ལྟོས་ཤིག །དེ་གཉིས་སོང་བ་དང༌། པི་ཝང་ལ་སོགས་པའི་སྒྲ་སྒྲོག་ཅིང༌། ཕྱོགས་ཤིག་ན་གཞལ་མེད་ཁང་མལ་སྟན་བཤམས་པ་ལྷའི་བུ་མོས་གང་བ་གཉིས་འདུག་ནས། ཅིའི་ཕྱིར་གཞལ་མེད་ཁང་འདི་གཉིས་ན་ལྷའི་བུ་སུའང་མི་འདུག །ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་པ་ཤི་ནས་འདིར་སྐྱེ་བས་དེ་གཉིས་ཀྱི་དོན་དུ་བཞག་གོ །དེ་གཉིས་རབ་ཏུ་དགའ་སྟེ་མོའུ་གལ་གྱི་བུའི་གན་དུ་ཕྱིན་པ་དང༌། ཁྱེད་གཉིས་ཀྱིས་ཅི་མཐོང༌། འདི་དང་འདི་མཐོང་ངོ༌། །དགེ་ཚུལ་གཉིས། ཕན་ཡོན་འདི་དང་གཞན་དག་ཀྱང་བརྩོན་འགྲུས་བརྩམས་པ་ལས་འབྱུང་བས་བརྩོན་འགྲུས་གྱིས་ཤིག །དེ་གཉིས་བརྩོན་འགྲུས་རྩོམ་པས་གླེང་གཞིའི་རྒྱུད་དུ་གཏོགས་པ་བཀླགས་པས། སྟོན་པས་ཕྱག་གི་སེན་མོའི་རྩེ་མོས་རྡུལ་དག་བཞེས་ནས། དགེ་སློང་དག །ངས་སེན་མོའི་རྩེ་མོས་རྡུལ་དག་བླངས་པ་དང༌། ས་ལ་གནས་པའི་རྡུལ་གང་མང༌། ཕྱག་གི་རྩེ་མོས་བཞེས་པའི་རྡུལ་ཉུང་ལགས་ཏེ། དེས་ས་ལ་གནས་པའི་རྡུལ་གྱི་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །
བཀའ་སྩལ་པ། བདེ་འགྲོ་ནས་བདེ་འགྲོ་དང༌། ངན་སོང་ནས་བདེ་འགྲོར་སྐྱེ་བ་ནི་སེན་མོའི་རྡུལ་དང་འདྲ། ངན་སོང་ནས་ངན་སོང་དང༌། བདེ་འགྲོ་ནས་ངན་སོང་དུ་སྐྱེ་བ་ནི་ས་ལ་གནས་པའི་རྡུལ་དང་འདྲའོ། །དེ་གཉིས་ཀྱིས་སྨྲས་པ། འཕགས་པ། བདག་ཅག་ཀྱང་ལྷ་དང་མིའི་ནང་ནས་ཤི་འཕོས་ནས་ངན་སོང་དུ་སྐྱེ་དགོས་སམ། བཞིན་བཟང་གཉིས། ཉོན་མོངས་པ་མ་ཟད་ཀྱི་བར་དུ་ཟོ་ཆུན་རྒྱུད་མོའི་ཚུལ་དུ་འཁོར་དགོས་སོ། །དེ་གཉིས་ཡིད་བྱུང་ནས་སྨྲས་པ། གང་ཕྱིར་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་བའི་མི་རྣམས་མི་བཟང་ངོ༌། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་བདེ་གཤེགས་གསུངས། །འཕགས་པ། བདག་ཅག་སླན་ཆད་ཅི་ནས་ཀྱང་འཁོར་བར་མི་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་དུ་གསོལ། དེས་དེ་གཉིས་ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཤེས་ནས་ཆོས་བསྟན་པས་དེ་གཉིས་ཀྱིས་དགྲ་བཅོམ་པ་ཐོབ་སྟེ། དེ་གཉིས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལ་མེ་ཏོག་འཐུ་ཞིང་སོང་བ་དགེ་སློང་རྣམས་ཀྱིས་མཐོང་ནས། འདི་དག་སུ་ཡིན། ཀུན་དགའ་བོའི་ཚ་བོ་གཉིས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ལྷུང་བཟེད་ནག་པོར་ཟོས་ནས་སོ་དག་ལྷུང་ཞིང་མགོ་སྐྱ་པོར་གྱུར་ཀྱང་སེམས་གནས་ཙམ་ཡང་མ་ཐོབ་ན། འདི་གཉིས་དང་པོ་ལོ་བདུན་ལོན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པས། སྟོན་པས་བརྩོན་འགྲུས་ཀྱིས་བྱང་ཆུབ་འཐོབ་བོ་ཞེས་གསུངས་པ་ནི་ལེགས་པར་གསུངས་པའོ་སྙམ་མོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། འདི་གཉིས་ཀྱིས་ལས་ཅི་བགྱིས་པས་ལོ་བདུན་པ་ལ་རབ་ཏུ་བྱུང་སྟེ། འདི་གཉིས་ལ་བརྟེན་ནས་བསླབ་པ་བཅས་པ་བག་ཡངས་སུ་མཛད་ཅིང༌། དགྲ་བཅོམ་པ་ཐོབ་ལགས། སྔོན་ཚེ་ལོ་ཉི་ཁྲི་པ་ལ་སངས་རྒྱས་འོད་སྲུངས་འཁོར་ཉི་ཁྲི་དང་ལྷན་ཅིག་དྲང་སྲོང་སྨྲ་བ་ན་བཞུགས་སོ། །ཝཱ་ར་ཎཱ་སཱི་ན་ཁྱིམ་བདག་ཕན་ཚུན་བཤེས་པ་གཉིས་གཞོན་ནུ་ལ་རབ་ཏུ་འབྱུང་འདོད་ཀྱང་ཉེ་དུས་བཀག་ནས། ལང་ཚོ་ཡོལ་བའི་ཚེ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ༌། །དགེ་སློང་རྣམས་གཞོན་རིམ་གྱིས་ལས་བྱེད་པ་ཡིན་པས། དགེ་སློང་རྣམས་ཀྱི་རྒན་གཞུགས་གཉིས་ལ་ལས་བཅོལ་བ་དང༌། གཅིག་སྤྲོ་ཐུང་བས་ཁྲོ་བར་བྱེད། གཅིག་སྤྲོ་རིང་བས། གཞོན་ནུ་ལ་རབ་ཏུ་མ་བྱུང་ན་ད་ཅིའི་ཕྱིར་ཁྲོ་ཟེར་རོ། །དེ་གཉིས་ཀྱིས་ཚེ་ཇི་སྲིད་པར་ཚངས་པར་སྤྱད་ཀྱང་ཡོན་ཏན་མ་ཐོབ་པར་འཆི་ཁར་སྨོན་ལམ་བཏབ་པ། ཚངས་པར་སྤྱད་པའི་དགེ་བའི་རྩ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་བདག་ཅག་གཉིས་ལ་བརྟེན་ནས་བསླབ་པའི་གཞི་བཅའ་བ་བག་ཡངས་སུ་མཛད་ཅིང༌། དགྲ་བཅོམ་པ་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། །དེའི་དུས་ཀྱི་རྒན་ཞུགས་གཉིས་ནི་དགེ་ཚུལ་འདི་གཉིས་ཡིན་ནོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །ཉེ་དགའི་དགེ་ཚུལ་ཚེར་མ་དང་ཆེན་པོ་པ་གཉིས་གཅིག་ལ་གཅིག་གཞོགས་སྟེགས་དང་ཕྱར་གཡེང་དང་ལུས་ལ་རྡེག་ཅིང༌། སྐྱེས་པ་དང་བུད་མེད་ཕན་ཚུན་རྡེག་པ་ལྟར་བྱེད་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་དགེ་ཚུལ་གཉིས་བཞག་པ་ལས་གྱུར་པ་ཡིན་པས། དགེ་ཚུལ་གཅིག་པས་ལྷག་པ་ཉེ་བར་བཞག་པར་མི་བྱའོ། །དེ་ལྟར་གསུངས་པའི་ཚེ་སྤུན་གཉིས། བདག་ཅག་གཉིས་ཅིག་ཅར་རབ་ཏུ་འབྱུང་བར་བྱའོ་ཞེས་ངེས་པར་བྱས་ཏེ་འོངས་པ་ན། དགེ་སློང་གིས་དེ་གཉིས་རབ་ཏུ་མ་བྱུང་བས་དེ་གཉིས་རབ་ཏུ་འབྱུང་བའི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། གལ་ཏེ་སོ་སོར་རབ་ཏུ་འབྱུང་བར་མི་འདོད་ན། ཅིར་ཅར་རབ་ཏུ་བྱུང་ལ། རྒན་པ་བསྙེན་པར་རྫོགས་པར་བྱའོ་ཞེས་སོགས་གསུངས་སོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་ལ་བྲན་མཁས་པ་སྒྲུབ་ཕོད་པ་འཕྲལ་གྱི་བྱ་བ་ཐམས་ཅད་ལ་སྔོན་དུ་འགྲོ་བ་ཞིག་ཡོད་པ་ལས། རེ་ཞིག་ན་དེས་བྲན་དེ་སྤྱོས་པ་དང༌། འདི་མགུ་དཀའ་བས་བདག་གིས་འདིའི་སེམས་སྲུང་མི་ནུས་པས་འབྲོས་སོ་སྙམ་ནས་བསམས་པ། ཡུལ་གཏོང་བ་ནི་དཀའ་བ་ཡིས། དགེ་སྦྱོང་འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་ངོ་སྙམ་ནས་རྒྱལ་བྱེད་ཚལ་དུ་སོང་སྟེ་དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་བྱུང་བསྙེན་རྫོགས་བྱས། གདངས་ངག་བྱིན་ནས་བརྩོན་འགྲུས་བྱས་པས་དགྲ་བཅོམ་ཐོབ་བོ། །ཁྱིམ་བདག་དེ་འགྱོད་ནས། མཐོང་ན་བཟོད་པ་གསོལ་ལོ་སྙམ་སྟེ་མཉན་ཡོད་ཀྱི་སྒོར་བསྡད་པ་དང་། དགེ་སློང་(༤༠ན)དེའང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དེས་མཐོང་ནས་སྨྲས་པ། བཞིན་བཟང༌། ཁྱོད་རབ་ཏུ་བྱུང་ན་ཁོ་བོའི་རིམ་གྲོ་སུས་བྱེད། ཚུར་ཤོག་འདོང་ངོ་ཞེས་ལག་པ་ནས་བཟུང་བར་བརྩམས་པ་དང༌། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་བསྟན་པས། སོ་སོ་སྐྱེ་བོ་ནི་ཆོ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས། དེའི་རྐང་པ་གཉིས་ལ་ཕྱག་བཙལ་ནས། འཕགས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང༌། བྲན་ཞིག་གིས་རབ་ཏུ་བྱུང་ནས་ཡོན་ཏན་དེ་ལྟ་བུ་ཐོབ་བོ་ཞེས་ཐམས་ཅད་དུ་གྲགས་པ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག །ང་ནི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་བྱ་བ་ཐམས་ཅད་ཀྱི་མངའ་བདག་ཡིན་པས། དེང་ཕྱིན་ཆད་བྲན་རབ་ཏུ་འབྱུང་བར་འདོད་ན་མི་བཟློག་པར་བྱའོ་ཞེས་བསྒྲགས་སོ། །དེའི་ཚེ་ཁྱིམ་བདག་ཅིག་ལ་བྲན་སྔར་གྱི་ལྟ་བུ་ཞིག་ཡོད་པ་ལས། རེ་ཞིག་ན་དེས་བྲན་དེ་སྤྱོས་པ་དང༌། འདི་མགུ་དཀའ་བས་བདག་གིས་འདིའི་སེམས་སྲུང་བར་མི་ནུས་པས་འབྲོས་སོ་སྙམ་ནས་བསམས་པ། ཡུལ་གཏོང་བ་ནི་དཀའ་ཡིས། དགེ་སྦྱོང་འདི་དག་གིས་རྒྱལ་པོ་ལས་གཞོན་ནུའི་སྤང་བ་ཐོབ་པས་འདི་དག་གི་ནང་དུ་རབ་ཏུ་འབྱུང་ངོ་སྙམ་ནས། རྒྱལ་བྱེད་ཚལ་དུ་སོང་སྟེ་དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང༌། བསྙེན་པར་རྫོགས་ནས་ཉི་མ་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ཏེ། བཞིན་བཟང༌། རི་དྭགས་ཀྱི་རི་དྭགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་ཡུལ་ཡིན་གྱིས། བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །དེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་དེས་ཀྱང་སྔར་བཞིན་བསམས་ནས་སྒོར་བསྡད་པས་དེ་མཐོང་ནས། ཁྱོད་རབ་ཏུ་བྱུང་ན་ཁོ་བོའི་རིམ་གྲོ་སུས་བྱེད། ཚུར་ཤོར་འདོང་ངོ་ཞེས་ལག་པ་ནས་བཟུང་བར་བརྩམས་པ་དང༌། དེས་སྨྲས་པ། ཁོ་བོ་ཅག་ལ་རྒྱལ་པོས་གཞོན་ནུའི་སྤང་བ་བྱིན་པས། རེག་པར་བྱེད་ན་ལག་པ་མཁྲིག་མ་ནས་གཅོད་དུ་གཞུག་གོ །དེས་ཤཱཀྱའི་དགེ་སྦྱོང་གི་ཚུལ་ནི་རབ་ཏུ་ཚིག་པ་ཡིན་ཏེ། འདི་ལྟར་བྲན་ཡང་རབ་ཏུ་འབྱིན་པར་བྱེད་དོ་ཞེས་སྨོད་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་བྲན་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས། དགེ་སློང་གིས་བྲན་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་སོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །ཁྱིམ་བདག་ཅིག་ལ་བུ་ལོན་ཆགས་པ་ཞིག་གིས་དངོས་དང་བསྐྱེད་རིམ་གྱིས་འཇལ་ལོ། །
དུས་གཞན་ཞིག་ན་དེ་བཟུང་ནས་དངོས་དང་བསྐྱེད་ཅིག་ཅར་(༤༠བ)ཕུལ་ཅིག་ཅེས་དུས་ཅུང་ཟད་ཅིག་བཟུང་ནས་བཏང་བ་དང༌། དེས་བསམས་པ། ཁྱིམ་བདག་འདི་མགུ་དཀའ་བས་བདག་གིས་དངོས་དང་བསྐྱེད་ཅིག་ཅར་འབུལ་མི་ནུས་ཀྱིས་གཞན་དུ་འབྲོས་སོ་སྙམ་ནས་བསམས་པ། ཡུལ་གཏོང་བ་ནི་དཀའ་ཡིས་སོགས་སྔར་བཞིན་བསམས་ནས་དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང༌། བསྙེན་པར་རྫོགས་ནས་གདམས་ངག་བྱིན། དེས་ཀྱང་བརྩོན་པས་བསྒོམས་པས་དགྲ་བཅོམ་པ་ཐོབ་ནས་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས། ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་སྟེ་མཉན་ཡོད་ཀྱི་སྒོར་བསྡད་པས་དེ་མཐོང་ནས། བཞིན་བཟང༌། ཁྱོད་རབ་ཏུ་བྱུང་ན་ཁོ་བོ་ལ་དུས་དུས་སུ་དངོས་དང་བསྐྱེད་སུས་འབུལ། ཚུར་ཤོག་འདོང་ངོ་ཞེས་ལག་པ་གཉིས་ནས་བཟུང་བར་བརྩམས་པ་དང༌། དེས་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་བསྟན་པས། སོ་སོ་སྐྱེ་བོ་ནི་རྫུ་འཕྲུལ་ལ་སེམས་གཏོད་པ་ཡིན་པས་ཁྱིམ་བདག་དེས་དགེ་སློང་དེའི་རྐང་པ་ལ་གཏུགས་ནས། འཕགས་པ། ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང༌། བུ་ལོན་པ་ཞིག་རབ་ཏུ་བྱུང་ནས་ཡོན་ཏན་ཐོབ་བོ་ཞེས་གྲགས་པ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག །ང་ནི་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ། བྱ་བ་ཐམས་ཅད་ཀྱི་མངའ་བག་ཡིན་པས། དེང་ཕྱིན་ཆད་བུ་ལོན་པ་རབ་ཏུ་འབྱུང་བར་འདོད་ན་མ་ཟློག་ཅིག །ཁྱིམ་བདག་ཅིག་ལ་བུ་ལོན་ཆགས་པ་ཡིན་ནས། བསྙེན་པར་རྫོགས་པའི་བར་སྔར་དང་འདྲ་བ་ལ། དེས་ཉི་མ་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ནས། བཞིན་བཟང༌། རི་དྭགས་ཀྱིས་རི་དྭགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང༌། ཡབ་ཀྱི་ཡུལ་ཡིན་གྱིས། བསོད་སྙོམས་སྒྲུབས་ལ་འཚོ་བར་གྱིས་ཤིག །དེས་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་དེ་འགྱོད་པ་སྐྱེས་ནས། ད་མཐོང་ན་བཟོད་པ་གསོལ་ལོ་སྙམ་སྟེ་མཉན་ཡོད་ཀྱི་སྒོར་བསྡད་པས་དེ་མཐོང་ནས། བཞིན་བཟང༌། ཁྱོད་རབ་ཏུ་བྱུང་ན་ཁོ་བོ་ལ་དུས་དུས་སུ་དངོས་དང་བསྐྱེད་སུས་འབུལ། ཚུར་ཤོག་འདོང་ངོ་ཞེས་ལག་པ་ནས་གཟུང་བར་བརྩམས་པ་དང༌། དེས་སྨྲས་པ། ཁོ་བོ་ཅག་ལ་རྒྱལ་པོས་གཞོན་ནུའི་སྤང་བ་བྱིན་པས། གལ་ཏེ་རེག་པར་བྱེད་ན་ཁྱོད་ཀྱི་ལག་པ་མཁྲིག་མ་ནས་གཅོད་དུ་གཞུག་གོ །དེས་ཤཱཀྱའི་དགེ་སྦྱོང་གི་ཚུལ་ནི་ཚིག་པ་ཡིན་ཏེ། བུ་ལོན་པ་ཡང་རབ་ཏུ་འབྱིན་པར་བྱེད་དོ་ཞེས་སྨོད་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་བུ་ལོན་ཅན་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས་དགེ་སློང་དག་གིས་བུ་ལོན་ཅན་རབ་ཏུ་འབྱུང་བར་མི་བྱའོ། །(༤༡ན)སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་ནས་བསྲིངས་བསྐྱེད་ཆེན་པོར་གྱུར་ཏོ། །རེ་ཞིག་ན་དེས་བུ་དེ་སྤྱོས་པ་དང༌། ཕ་འདི་མགུ་དཀའ་བས་བདག་གིས་འདིའི་སེམས་སྲུང་མི་ནུས་ཀྱིས་འབྲོས་སོ་སྙམ་སྟེ། ཡུལ་གཏོང་བ་ནི་དཀའ་ཡིས་ཞེས་པ་ནས། དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བྱིན། རབ་བྱུང་ཞུ་བའི་དགེ་སློང་དང༌། སྐྲ་དང་ཁ་སྤུ་འབྲེག་པ་དང༌། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་དགེ་སློང་ལ་གཏད་ནས་རབ་ཏུ་བྱུང༌། ལས་བྱེད་པ་དང༌། གསང་སྟེ་སྟོན་པ་དང༌། ལས་ཀྱི་གནས་སུ་འཇུག་པའི་དགེ་སློང་ལའང་གསོལ་བ་བཏབ་ནས། བསྙེན་རྫོགས་བྱེད་པ་ན་ཁྱིམ་བདག་དེ་འོངས་ནས། འཕགས་པ། ཁྱེའུ་འདི་འདྲ་ཞིག་གཟིགས་སམ། སྨྲས་པ། དེ་བསྙེན་པར་རྫོགས་པར་བྱེད་དོ་ཞེས་དེ་དག་གིས་དེ་བསྙེན་པར་རྫོགས་ནས་གྲིབ་ཚོད་ལ་སོགས་པ་དང་གདམས་ངག་བརྗོད་དེ་དགེ་སློང་རྣམས་ལངས་པ་དང༌། ཁྱིམ་བདག་དེ་འོངས་ནས། འཕགས་པ། ཅི་ཁྱེད་ཅག་སྤུ་གྲི་ཐོགས་ནས་ཁོ་ན་སྡོད་དམ། གལ་ཏེ་བདག་ལ་དད་པ་མ་མཆིས་ན་འདིའི་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་རོ། །ཀྱེ་མ་ཞག་བདུན་བརྒྱད་ཅིག་བསྲེལ་ན་ཅི་ནོངས་ཟེར་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཕ་མས་མ་གནང་བ་ཞག་བདུན་མི་བསྲེལ་བ་ལས་གྱུར་པ་ཡིན་པས། རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བ་འོངས་ན་ཞག་བདུན་བསྲེལ་བར་བྱའོ། །
དེ་ལྟར་བཀའ་སྩལ་ནས་རབ་ཏུ་འབྱུང་བར་འདོད་པ་ཕ་མས་གནང་བ་འོངས་པ་དང༌། ཡུལ་ཐག་རིང་བ་ཕ་མས་གཏམ་མི་ཐོས་པ་དག་འོངས་པ་ན། དེ་དག་ཀྱང་ཞག་བདུན་བསྲེལ་བས་དེ་དག་རབ་བྱུང་མ་ཐོབ་པར་སོང་ནས། དེ་ཉིད་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། ཕ་མས་གནང་བ་དང༌། ཡུལ་ཐག་རིང་པོ་ཕ་མས་གཏམ་ཡང་མི་ཐོས་པ་ནས་འོངས་པ་ནི་རབ་ཏུ་དབྱུང་བར་བྱ་སྟེ་འགྱོད་པར་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་སྟེ། ཆུང་མ་ལ་སྨྲས་པ། བཟང་མོ། འུ་བུ་ཅག་གི་བུ་ལོན་འཇལ་བ་དང༌། ནོར་སྤྱོད་པ་སྐྱེས་ཀྱིས། ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །རྗེའི་སྲས། དེ་བཞིན་མཛོད་ཅིག །དེ་སོང་བ་དང་ཡུལ་གཞན་དུ་ཤིའོ། །མས་ཁྱེའུ་དེ་ཉེ་དུ་དང་ལག་མཐུས་བསྙོད་ཅིང་བསྐྱེད་ནས་ཡིག་དཔོན་ལ་ཡི་གེ་སློབ་ཏུ་བཏང་(༤༡བ)བས་དེའི་ན་ཟླ་རྣམས་ཀྱིས་ཡིག་འབྲུ་ལོབས་ནས་ཕྱི་རོལ་གྱི་བསྟན་བཀླག་པར་བརྩམས་པ་དང༌། དེས་མ་ལོབས་པར་མས་ཡིག་དཔོན་གྱི་གན་དུ་སོང་ནས། ཇོ་བོ། ཁྱེའུ་འདིའི་ན་ཟླ་དག་གིས་ཁྱོད་ལ་ཅི་འབུལ་བ་དེ་བདག་ཀྱང་ཁྱོད་ལ་འབུལ་ན། འདིའི་ན་ཟླ་དག་གིས་ཡིག་འབྲུ་ལོབས་ནས་ཕྱི་རོལ་གྱི་བསྟན་བཅོས་ཀློག་ན། འདི་ནི་ད་དུང་ཡིག་འབྲུ་དག་སློབ་པར་བགྱིད་དོ། །དེས་སྨྲས་པ། རྒྱུ་གཉིས་ཀྱིས་རིག་པ་ལོབས་ཏེ། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའོ། །འདི་ནི་གཉིས་ཀ་མེད་པའོ། །ཁྱོད་ལའང་ཉེས་པ་ཡོད་དེ། ཁོ་བོས་བཞུས་པ་ན་ཁྱོད་ཀྱིས་ཤེད་བསྐྱེད་དོ། །
དེས་སྨྲས་པ། དེ་བཞིན་ཏེ། བདག་ལ་ནོངས་པ་དེ་མཆིས་སོ། །དུས་གཞན་ཞིག་ན་དེས་དེ་བཞུས་པ་དང༌། དེ་ངུ་ཞིང་མའི་གན་དུ་སོང་ངོ༌། །བུ། ཅིའི་ཕྱིར་ངུ༌། སློབ་དཔོན་གྱིས་བཞུས་སོ། །དེ་མས་ཀྱང་བཞུས་པ་དང༌། དེས་བསམས་པ། སྔོན་ནི་བདག་གནས་གཅིག་ཏུ་བཞུས་ན་ད་ནི་གནས་གཉིས་ཀར་བཞུས་པ་མི་བཟོད་པས་འབྲོས་སོ་སྙམ་ནས་རྒྱལ་བྱེད་ཚལ་དུ་སོང་བ་དང༌། དགེ་ཚུལ་མེ་ཏོག་འཐུ་བ་ཞིག་མཐོང་ནས། ཁྱོད་རེ་བདེ། ཅིའི་ཕྱིར། རབ་ཏུ་བྱུང་བས་སོ། །ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། བདག་སུས་ཀྱང་རབ་ཏུ་འབྱིན། ཚུར་ཤོག །མཁན་པོའི་དྲུང་དུ་འདོང་ངོ་ཞེས་དེ་ཁྲིད་ནས་མཁན་པོ་ལ། འདི་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང་ངོ༌། །དེའི་མ་ཡིག་དཔོན་གྱི་གན་དུ་སོང་ནས། ཁྱེའུ་དེ་གར་མཆིས། ངས་བཞུས་སོ། །བདག་གིས་ཀྱང་བཞུས་སོ། །དེ་བྲོས་ཀྱིས་འཚོལ་དུ་སོང་ཞིག །དེས་དཀའ་ཐུབ་ཀྱི་ཚལ་དང་མུ་སྟེགས་ཀྱི་གནས་དེ་དག་ཏུ་བུ་འདྲི་ཞིང་སོང་བ་ན་དེའི་གཏམ་ཐོས་པའང་སུའང་མེད་དོ། །དེ་མཉན་ཡོད་དུ་སོང་ནས་སྒོར་བསྡད་པ་ན་དགེ་ཚུལ་དེའང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། མས་མཐོང་ནས་བྲང་བརྡུངས་ཏེ་སྨྲས་པ། བུ། ཁོ་མོས་དཀའ་ཐུབ་ཀྱི་ཚལ་དང་མུ་སྟེགས་ཀྱི་གནས་ལ་སོགས་པར་ཁྱོད་བཙལ་ཀྱང་ཁྱོད་ཀྱི་གཏམ་ཐོས་པའང་སུའང་མེད་ན། ཁྱོད་ཤཱཀྱའི་བུ་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་འབྱུང༌། ཚུར་ཤོག་འདོང་ཞེས་ལག་པ་གཉིས་ནས་བཟུང་སྟེ་ཁྱིམ་དུ་ཁྲིད་དོ། །དེ་ཉིད་དེའི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་གང་བྱུང་བ་དེ་ནི་དགེ་འདུན་ལ་མ་ཞུས་པར་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས། དེ་ཡུལ་ཐག་རིང་ནའང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ། །སྟོན་པ་རྒྱལ་པོའི་ཁབ་ནའོ། །རྒྱལ་པོའི་ཁབ་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་ཞིག་སྐྱེས་ནས་བསྲིངས་བསྐྱེད་དེ། ཆེན་པོར་གྱུར་པ་ན་ན་བར་གྱུར་ནས་སྨན་པ་ཐམས་ཅད་ཀྱིས་བོར་བ་དང༌། (༤༢ན)མས་སྨྲས་པ། བུ། འཚོ་བྱེད་གཞོན་ནུས་གསོས་འདི་ནི་སྨན་པའི་རྒྱལ་པོ་བླ་ན་མེད་པ་ཡིན་གྱིས་དེའི་གན་དུ་སོང་ཞིག །དེ་སོང་ནས། འཚོ་བྱེད། བདག་ལ་གསོས་མཛོད་ཅིག །བཞིན་བཟང༌། ཁྱོད་ནི་གསོ་དཀའ་ལ་ཁོ་བོའང་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང༌། རྒྱལ་པོ་འཁོར་བཅས་མ་གཏོགས་པའི་གསོས་མི་བྱེད་དོ། །དེས་མའི་གན་དུ་སོང་ནས་ཇི་ལྟར་ཟེར་བ་སྨྲས་པ་དང༌། བུ། དེ་ལྟ་ན་རབ་ཏུ་བྱུང་ཞིག །མ། བདག་རིགས་མཆོག་ཏུ་གྱུར་ནས་ཤཱཀྱའི་བུ་དགེ་སྦྱོང་རིགས་སྣ་ཚོགས་པ་ཅན་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་འབྱུང༌། བུ། ཁྱོད་ཀྱི་ཀླད་པར་རྩྭ་ཀུ་ཤ་སྐྱེ་བར་འགྱུར་རམ། ནད་སོས་པ་ན་བབས་པས་ཆོག་གོ །དེ་འོད་མའི་ཚལ་དུ་སོང་ནས་དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང་བ་དང༌། དེ་འཁུན་ཞིང་འདུག་གོ །ཅིའི་ཕྱིར་འཁུན། བདག་བྲོ་འཚལ་ཏོ། །ཁྱོད་རབ་ཏུ་བྱུང་ནས་ནའམ། མ་ཡིན་ཏེ་ན་བཞིན་དུ་བྱུང་ངོ༌། །ཅིའི་ཕྱིར་ཁྱོད་ཀྱིས་ཁོ་བོ་ལ་མ་སྨྲས། མཁན་པོས་བདག་ལ་རྨས་སམ་ཅི། དེ་མི་དགའ་བར་གྱུར་པ་དང༌། ལྷན་ཅིག་གནས་པ་དང༌། ཉེ་གནས་དག་ལྷགས་ནས། ཁྱོད་ཅིའི་སླད་དུ་མི་དགྱེས། འདི་ན་བཞིན་དུ་རབ་ཏུ་བྱུང་བས་ཁོ་བོས་ནད་བྲང་བཞག་གོ །མཁན་པོ། སྐྱེས་བུ་དམ་པ་ནི་གཉིས་ཏེ། ཁུར་མི་ལེན་པ་དང༌། བླངས་པ་མཐར་ཕྱིན་པར་བྱེད་པའོ་ཞེས་གསུངས་པས། ཁུར་བླངས་པ་འདི་མཐར་ཕྱིན་པར་མཛོད་ཅིག །དེ་དག་ཕན་ཚུན་སྨྲ་ཞིང་འཁོད་པ་ན་འཚོ་བྱེད་ཀྱང་ཕྱོགས་དེར་འོངས་ནས་དེ་ལ་སྨྲས་པ། གཞོན་ནུ་འདིའི་ནད་ལྟོས་ཤིག་འདི་ནད་ལྕི་སྟེ། རྒྱལ་པོས་ཡོ་བྱད་སྦྱར། བདག་གིས་གསོས། འཕགས་པ་དག་གིས་བྲོ་གཡོག་མཛད་ན་སོས་སོ། །དེས་དེའི་གསོས་བྱས་པས་སོས་པར་གྱུར་ཏོ། །དེས། མཁན་པོ། བདག་གང་གི་དོན་དུ་རབ་ཏུ་བྱུང་བའི་དོན་དེ་བདག་གིས་ཐོབ་ཀྱིས་འགྲོའོ། །བུ། དགྲ་བཅོམ་པ་ཐོབ་བམ། མ་ཡིན་ནོ། །ཕྱིར་མི་འོང་ངམ། ཕྱིར་འོང་ངམ། རྒྱུན་ཞུགས་ཐོབ་བམ། མ་ཡིན་ཏེ། བདག་བྲོ་འཚལ་བས་རབ་ཏུ་བྱུང་ན། ད་གསོས་སོ། །བུ། གང་དུ་འགྲོ། མཁན་པོ། སྡུམ་པར་མཆིའོ། །བཞིན་བཟང༌། ཁྱོད་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་ཡང་རུང་བ་འཐོབ་པར་བྱ་བ་ཡིན་ན། དད་པས་བྱིན་པ་ཆུད་གསན་ནས་ཚུལ་མ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་དམ། དེས་དེའི་ཚིག་ཚིག་མ་ཡིན་པར་བྱས་ཏེ་སོང་ངོ༌། །དེས་བྱས་པས་ཤེས་པས་འཚོ་བྱེད་ལ་མེ་ཏོག་ལ་སོགས་པ་སྟོབ་པར་བྱེད་དོ། །
འཚོ་བྱེད་ཀྱིས་སྨྲས་པ། ཁྱོད་ཁོ་བོ་ལས་ཅི་འདོད། ཅིའང་མི་འཚལ་ཏེ་བདག་བྱས་པ་ཤེས་པས་སོ། །ཁྱོད་ལ་ཁོ་(༤༢བ)བོས་ཅི་བྱས། ནད་གསོས་སོ། །ཁོ་བོས་མི་དྲན་ནོ། །བདག་གིས་དགོངས་པར་བགྱིའི་ཞེས་དྲན་པར་བྱས་པ་དང༌། ཁྱོད་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་འཐོབ་པར་བྱ་བ་ཡིན་ན། དད་པས་བྱིན་པ་ཆུད་གསན་ནས་ཚུལ་མ་ཡིན་པར་སྡུག་བསྔལ་སྐྱེད་དམ། དེ་ནས་འཚོ་བྱེད་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཕྱག་བཙལ་ནས་མཐའ་ཞིག་ཏུ་འདུག་སྟེ། བཙུན་པ། འཕགས་པ་འདི་དག་ནད་པ་རབ་ཏུ་འབྱིན། བསྙེན་རྫོགས་བགྱིད་པས་རྒྱལ་པོའི་མཛོད་དང་བང་བ་དག་ཟད་པར་འགྱུར་ལ་བདག་ཀྱང་ལུས་ངལ། འཕགས་པ་དག་གི་དགེ་བའི་ཕྱོགས་ཀྱང་ཉམས་པར་འགྱུར་བས་ནད་པ་རབ་ཏུ་མི་འབྱིན་པའི་བཅའ་བ་མཛད་ན་ལེགས་སོ། །བཅོམ་ལྡན་འདས་ཀྱིས། ཅང་མི་གསུང་བས་གནང་ནས། ཉེ་བར་འོངས་པ་ལ། ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །ཀླུ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་ལུས་ལ་ཉིན་མོ་བྱེ་མ་མེའི་མདོག་ལྟ་བུ་ལན་གསུམ་འབབ་ཅིང༌། དེས་རུས་པའི་ཀེ་རུས་ཙམ་ཞིག་ལུས་པར་བྱེད་དོ། །ཀླུ་གཞོན་ནུ་སྐྱེས་ནས་རིང་པོ་མ་ལོན་པ་ཞིག་གི་ལུས་ལ་ཉིན་མོ་བྱེ་མ་མེའི་མདོག་ལྟ་བུ་ལན་གསུམ་འབབ་ཅིང་དེས་དེ་རུས་པའི་ཀེང་རུས་ཙམ་ལུས་པར་བྱས་པ་དང༌། དེས་མ་ལ་སྨྲས་པ། བདག་གིས་སྡུག་བསྔལ་འདི་ཡུན་ཇི་སྲིད་དུ་མནག་པར་བགྱི། བུ། རིགས་མཐུན་ཡོད་ཀྱི་བར་དུའོ། །དེ་ན་ཀླུ་རྫུ་འཕྲུལ་ཆེ་བ་རྣམས་ཀྱི་ལུས་ལ་དེ་མི་འབབ་ནས། དེས་སྨྲས་པ། མ། འདི་དག་ལ་ཅིའི་ཕྱིར་མི་འབབ། མས་སྨྲས་པ། འདི་དག་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། བསྐལ་པར་གནས་པ། ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟང་གིས་དབྱུང་བར་མི་ནུས་པས་མི་འབབ་བོ། །ཀླུ་ཕྲ་མོ་གཞན་ལའང་མི་འབབ་ནས། མ། འདི་དག་ལ་རིགས་ན་འདི་དག་ལ་ཅིའི་ཕྱིར་མི་འབབ། འདི་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་འགྲོ་དང་བསླབ་པའི་གཞི་བླངས་པས་སོ། །དེས་སྨྲས་པ། འོ་ན་བདག་ཀྱང་སྐྱབས་འགྲོ་དང་བསླབ་པའི་གཞི་ལེན་ནོ། །བུ། ཚེ་གཅིག་གི་སྡུག་བསྔལ་ནི་བླ་ཡི། ཚེ་རབས་མང་པོའི་ནི་མ་ཡིན་ཏེ། ཁྱོད་ཀྱིས་སྐྱབས་འགྲོ་དང་བསླབ་པའི་གཞི་བླངས་ནས་མ་བཟུངས་ན། ཡུན་རིང་པོར་དམྱལ་བའི་སྡུག་བསྔལ་མནག་དགོས་སོ། །དེས་བསམས་པ། སྡུག་བསྔལ་འདི་བས་ཆེ་བ་ཅི་ཞིག་ཡོད་ཀྱི། སྐྱབས་འགྲོ་དང་བསླབ་པའི་གཞི་བླང་ངོ་སྙམ་སྟེ་བྲམ་ཟེའི་ཆ་ལུགས་སུ་སྤྲུལ་ནས་རྒྱལ་བྱེད་ཚལ་དུ་སོང་བ་དང༌། དེས་དགེ་སློང་བསམ་གཏན་དང༌། ཀློག་པ་དང༌། རྣལ་འབྱོར་དང༌། ཡིད་ལ་བྱེད་པ་ལ་བརྩོན་པ་མཐོང་བས་དད་པ་སྐྱེས་ཏེ། བསམས་པ། དང་པོར་སྐྱབས་འགྲོ་དང༌། བསླབ་པའི་གཞི་བླང་ངམ། འོན་ཏེ་རབ་ཏུ་འབྱུང་སྙམ་པ་ལས། རབ་ཏུ་འབྱུང་ངོ་སྙམ་ནས། དགེ་སློང་ཞིག་གི་གན་དུ་སོང་སྟེ། བདག་རབ་ཏུ་དབྱུང་དུ་གསོལ། དེས། ཁོ་བོ་གསར་བུ་ཡིན་པས་གནས་བརྟན་གཞན་གྱི་དྲུང་དུ་སོང་ཞིག །བདག་གིས་གཞན་ངོ་མི་ཤེས་ཀྱིས། བདག་ཐོག་མར་ཁྱོད་ཀྱི་གན་དུ་མཆིས་པས་ཁྱོད་ཀྱིས་དགེ་སློང་འགའ་ཞིག་ལ་གཏོད་ཅིག །དེས་དེ་མཁན་པོའི་དྲུང་དུ་ཁྲིད་ནས་འདི་རབ་ཏུ་དབྱུང་དུ་གསོལ།
དེས་སྨྲས་པ། བཞིན་བཟང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བཤན་པ་བྱེད་དུ་བཅུག་པ་ནི་བླ་ཡི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་ཞེས་གསུངས་པས། འདིའང་དམྱལ་བར་ལྟུང༌། ཁོ་བོའང་ལྟུང་བ་དང་བཅས་པས་འགྱུར་བས་རབ་ཏུ་མི་འབྱིན་ནོ། །མཁན་པོས་རབ་ཏུ་དབྱུང་བ་འབའ་ཞིག་མཛོད་དང༌། བདག་གིས་བསླབ་པར་བགྱིའོ། །དེས་དེ་རབ་ཏུ་བྱུང༌། བསྙེན་པར་རྫོགས་ནས། བཞིན་བཟང༌། འདི་ཁྱོད་ཀྱི་མཁན་པོ་གཅིག་པ་ཡིན་གྱིས། འདི་ཉིད་ལས་བསླབ་པར་བྱའོ། །དེས་དེ་ལ་གཅིག་ལས་འཕྲོས་པའི་ལུང་བཀླགས་པས་དེས་ཀྱང་བརྩོན་འགྲུས་བསྐྱེད་ནས་ཁ་ཏོན་ལྷོགས་པས་སློབ་དཔོན་དེ་མིག་གང་སྟེ། བཞིན་བཟང་། ལྷན་ཅིག་དུ་བསོད་སྙོམས་ལ་འཇུག་གམ། སོ་སོར་འཇུག །དེས། བདག་མིའི་ཟས་ཀྱིས་འཚོ་བར་མི་ནུས་ཀྱིས། ཀླུའི་གནས་སུ་བདུད་རྩི་ཟོས་ནས་ཕྱིར་འོང་ངོ་སྙམ་སྟེ། སློབ་དཔོན། སོ་སོར་འཇུག་གོ །དེ་ལྟར་གྱིས་ཤིག །དེ་ཀླུའི་གནས་སུ་བདུད་རྩི་ཟོས་ནས་ཕྱིར་འོང་ངོ༌། །ཀླུ་རྣམས་ནི་གཉིད་ཆེ་བ་ཡིན་པས། དེ་གཉིད་ལོག་ནས་ལངས་པའི་ཚེ་ན་དགེ་སློང་དེ་བསོད་སྙོམས་བླངས་ནས་ཕྱིར་འོང་ངོ༌། །རེ་ཞིག་ན་དགེ་སློང་དེས་བསོད་སྙོམས་གློ་བུར་བ་བླངས་ནས་འོངས་པ་དང༌། གནས་ཁང་ན་མགར་བའི་སྦུད་པ་འབུད་པ་ལྟ་བུའི་སྒྲ་ཐོས་ནས། དེས་གཏན་པའི་བུ་ག་ནས་བལྟས་པས། གནས་ཁང་དེ་ཐམས་ཅད་ཀླུའི་ལུས་འཁྱིལ་བས་གང་བ་མཐོང་ནས་དེས། སྤྲུལ་པ་སྤྲུལ་པ་ཞེས་སྨྲས་པ་དང༌། དེ་སྒྲ་ལ་མཁས་པས་མྱུར་བར་སད་ནས་རང་བཞིན་གྱི་ཆ་ལུགས་མི་གནང་བར་བྱས་ཏེ་སྤྲུལ་པའི་ཆ་ལུགས་སུ་འདུག་གོ །དགེ་སློང་དག་ལྷགས་ནས། འདི་ཅི་ཡིན། སྤྲུལ་པའོ། །དེ་ཁ་ཏོན་ལ་བརྩོན་པ་ཡིན་ནའང་ཁྱོད་སེར་སྣ་བྱེད་དམ། མི་བྱེད་དེ། འདི་ནི་སྤྲུལ་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ནས། འདི་ཅི་ཡིན། སྤྲུལ་པའོ། །དགེ་སློང་དག །སྤྲུལ་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ། སྤྲུལ་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཀླུའི་རང་བཞིན་ལྔ་པོ་འདི་དག་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་དང༌། འཆི་བ་དང༌། ཉལ་བ་དང༌། ཟ་བ་དང༌། འཁྲིག་པའི་ཆོས་སྟེན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་(༤༣བ)པ། བཞིན་བཟང༌། ཁྱོད་ཀྱི་ཕུང་པོ་འདིས་ཡོན་ཏན་འགའ་ཡང་མི་འཐོབ་ཀྱིས། དགེ་སློང་རྣམས་ལ་མ་འཚེ་བར་སོང་ཞིག །དེས་བསམས་པ། འབབ་པར་མི་བྱའོ་སྙམ་ནས། ས་ལའི་དགོན་པ་ཞིག་ཏུ་སོང་སྟེ། གཙུག་ལག་ཁང་རྟ་བབས་མཐོན་པོ་དང་ལྡན་པ། མཐོང་ཁུང་དང༌། སྐར་ཁུང་དྲ་བ་ཅན་དང༌། ལན་ཀན་གྱིས་བརྒྱན་པ། སྙིང་དང་མིག་འཕྲོག་པ། མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ། ཡོ་བྱད་ཕུན་སུམ་ཚོགས་པ་ཞིག་སྤྲུལ་ནས། དགེ་སློང་གློ་བུར་དུ་འོངས་པ་དང༌། འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །རྒན་ཞུགས་ཤིག་གཙུག་ལག་ཁང་དེར་དབྱར་གནས་ནས་མཉན་ཡོད་དུ་སོང་ངོ༌། །
དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི། འདིར་བདག་ཅག་གིས་བྲམ་ཟེར་དང༌། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལའང་ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད། རང་གི་གྲགས་པའང་བསྒྲག་པར་བྱའོ་སྙམ་ནས། དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས། ཉེ་དགའ་རྒྱལ་བྱེད་ཚལ་གྱི་སྒོ་ན་འཆག་ཅིང་འདུག་གོ །དེས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ། སྨིན་མ་འཕྱང་བ་ཞིག་ཐག་རིང་པོ་ནས་འོང་བ་མཐོང་སྟེ། འདི་ནི་གནས་བརྟན་ཞིག་གོ་སྙམ་ནས་བསུ་སྟེ། གནས་བརྟན་བྱོན་པ་ལགས་སོ་ཞེས་སྨྲས་པ་དང༌། དེས་སྨྲས་པ། སློབ་དཔོན། ཕྱག་འཚལ་ལོ། །ཉེ་དགས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཤིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོའང་མི་ཤེས་སོ་སྙམ་ནས། རྒན་ཞུགས། ཁྱོད་གང་ནས་འོངས། ས་ལའི་དགོན་པ་ནས་སོ། །དེ་ན་གཙུག་ལག་ཁང་ཡོད་དམ། ཡོད་དོ། །དེ་གཙུག་ལག་ཁང་ཡིན་ནམ། ཕོངས་པ་ཡིན། གཙུག་ལག་ཁང་ནི་ཅི་འདྲ། ཕོངས་པ་ནི་ཅི་འདྲ། ཡོ་བྱད་ཐམས་ཅད་དང་ལྡན་པ་ནི་གཙུག་ལག་ཁང་ཡིན་ལ། ཡོ་བྱད་ཐམས་ཅད་དང་བྲལ་བ་ནི་ཕོངས་པ་ཡིན་ནོ། །དེ་གཙུག་ལག་ཁང་ཡིན་ནོ། །དེ་ན་ཅི་ཡོད། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱི་སྟོབ་པར་བྱེད་དོ། །
ཉེ་དགའ་གཙུག་ལག་ཁང་དུ་སོང་སྟེ་དྲུག་སྡེ་དག་ལ་སྨྲས་པ། བདག་ཅག་གིས་ཡུན་ཇི་སྲིད་ཀྱི་བྲེལ་བ་སྤང་བར་བྱ། ཁྱོད་ཀྱིས་ཐོས་པ་ཅུང་ཟད་ཅིག་ཡོད་དམ། ཡོད་དེ། ས་ལའི་དགོན་པའི་གཙུག་ལག་ཁང་ན་དགེ་སློང་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་ཀྱིས་དེར་འདོང་ངོ༌། །དེ་དག་དོང་བ་དང་དེས་མཐོང་ནས། གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་དག་འདིར་འོང་མོད། ཡོ་བྱད་ཐམས་ཆད་ཀྱིས་བསྟབས་པས་འདི་དག་གིས་བདག་ལ་(༤༤ན)ཅི་བྱར་ཡོད་སྙམ་ནས། རྒན་རིམ་གྱིས་གནས་མལ་བསྐོས་ཤིང་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དེ་དག་ཉི་མ་ཉུང་ཤས་ཤིག་འཁོད་ནས། དེ་ལ་སྨྲས་པ། རྒན་ཞུགས་ཁྱོད་ལ་འདུ་བ་དང་འགོད་པའང་མི་སྣང་བས་གྲངས་ཐོབ་ཅིག །ཅུང་ཟད་ཉམས་པའམ། གཅིག་ཏུ་མ་གྱུར་ཏམ། མ་གྱུར་མོད། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས། དྲུག་སྡེ་གཙུག་ལག་ཁང་དེར་དབྱར་གནས་ན། འདུ་འགོད་མི་ཤེས་སོ་ཞེས་བདག་ཅག་སྨད་པར་འགྱུར་རོ། །དེ་ལྟ་ན་བགྱིའོ། །ཇི་ཙམ་ན། ལོ་བཅུ་གཉིས་ནའོ། །ལོ་བཅུ་གཉིས་ན་ཁྱོད་ཀྱིས་གཙུག་ལག་ཁང་འདིའི་སྒོ་འཕར་ཡང་ཟོས་པར་འགྱུར་རོ། །ལོ་བདུན་ནའོ། །མི་རུང་ངོ༌། །ཟླ་བ་བདུན་ནའོ། །མི་རུང་ངོ༌། །ཉིན་ཞག་བདུན་ནའོ། །དེ་བཞིན་དུ་བྱའོ། །དེས་བསམས་པ། ཞག་བདུན་ན་གཙུག་ལག་ཁང་འདི་མི་སྣང་བར་འགྱུར་རོ་སྙམ་ནས། དེས་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་རྣམས་ལ་ཆོས་གོས་གསུམ་དང༌། རྔུལ་གཟན་དང༌། ལྷུང་བཟེད་དང༌། ལྷུང་བཟེད་ཆུང་ངུ་ཕུལ་ལོ། །དེ་དྲུག་སྡེས་མཐོང་ནས། འདི་ཕྱོགས་ཚོལ་གྱིས་ཞག་བདུན་ནས་ཕྱོགས་དང་བཅས་པ་གདོན་ནོ། །དེས་ཞག་བདུན་འདས་ནས་དེ་དག་ཉལ་བ་དང༌། གཙུག་ལག་ཁང་དེ་མི་སྣང་བར་བྱས་ནས་རྒྱ་མཚོའི་འགྲམ་དུ་སོང་ངོ༌། །དྲུག་སྡེས་སྒྲེ་བོ་ལ་ཉལ་ཞིང་འཁོད་ནས་སྨྲས་པ། དགའ་བོ་ཉེ་དགའ། ལོངས་ལ་རྡོ་རྒྱུས་ལོངས་ཤིག་དང་གྲངས་འདེབས་སུ་གཞུག་གོ །དེ་དག་གིས་ས་སྒྲེ་བོ་ལ་ཉལ་བར་མཐོང་ནས། དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་མཐོ་བཙམས་པས། གཙུག་ལག་ཁང་མི་སྣང་བར་བྱས་ཏེ་སོང་བ་དེ་ལྷའམ་ཀླུའམ་སུ་ཡིན་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་དག །དགེ་སློང་ཞལ་ཏ་བྱེད་པ་དེ་ནི་སྤྲུལ་པ་དེ་ཉིད་ཡིན་ཏེ། དྲུག་སྡེས་མཐོ་མ་བཙམས་ན་བསྟན་པ་མཐར་ཐུག་གི་བར་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པར་འགྱུར་རོ། །ཉེས་དམིགས་གང་ཅི་བྱུང་བ་དེ་ནི་གཙུག་ལག་ཁང་འདུ་འགོད་མི་མངོན་པ་དེར་གྲངས་འདེབས་སུ་གཞུག་པ་ལས་གྱུར་པ་ཡིན་པས་འདུ་འགོད་མི་མངོན་པ་དེར་གྲངས་འདེབས་སུ་གཞུག་པར་མི་བྱའོ། །འདུ་བ་མངོན་ལ་འགོད་མི་མངོན་པ་དེར་ཡང་གྲངས་འདེབས་སུ་གཞུག་པར་མི་བྱའོ། །འགོད་པ་མངོན་ལ་འདུ་བ་མི་མངོན་པ་དེར་ཡང་གྲངས་འདེབས་སུ་གཞུག་པར་མི་བྱའོ། །འདུ་འགོད་མངོན་པ་དེར་ནི་དྲན་པ་དང་ཤེས་བཞིན་གྱིས་ཚོད་རིག་པར་བྱའོ། །དེའི་འོག་ཏུ་རྒྱ་མཚོའི་འགྲམ་དུ་གཙུག་ལག་ཞིག་སྤྲུལ་ཏེ། རྒྱ་མཚོ་ཆེན་པོའི་ཀླུ་རྣམས་བྲམ་ཟེ་དང་ཁྱིམ་བདག་གི་ཆ་བྱད་དུ་སྤྲུལ་ནས་དེ་ལ་ཆོས་ཉན་ཏོ། །ཆོས་ཐོས་ནས་གློ་བུར་དུ་འོངས་པ་དང་(༤༤བ)འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབ་པར་བྱེད་དོ། །རྒན་ཞུགས་ཤིག་དེར་དབྱར་གནས་ནས་མཉན་ཡོད་དུ་སོང་བ་སོགས་སྔར་དང་འདྲ་བ་ལ། དེས་དེ་དག་ཐག་རིང་པོ་ནས་མཐོང་ནས་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་དག་འདིར་འོང་མོད། འདི་དག་གིས་བདག་ལ་ཅི་བྱར་ཡོད་སྙམ་མོ། །
དེ་ནས་རྒྱ་མཚོ་ཆེན་པོའི་ཀླུ་བྲམ་ཟེ་དང་ཁྱིམ་བདག་གི་ཆ་ལུགས་སུ་བྱས་པ་དེ་དག་ལ་ཆོས་སྟོན་པ་ཐོས་ནས་གློ་བུར་དུ་འོངས་པ་དང་འགྲོ་བར་ཆས་པ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང༌། དྲུག་སྡེས་སྨྲས་པ། འདིས་ཅི་ཤེས། གཅིག་ལས་འཕྲོས་པའོ། །འདི་ནི་རྫུབས་པས་གཅིག་ལས་འཕྲོས་པའི་ཆོས་སྟོན་གྱི། འདི་དག་ནི་སྡེ་སྣོད་གསུམ་པ། ཆོས་སྒྲོག་པ། རིག་པ་དང༌། གྲོལ་བའི་སྤོབས་པ་ཅན་ཤ་སྟག་ཡིན་ན། ཅིའི་ཕྱིར་འདི་ལ་གསོལ་བ་མི་འདེབས། འཕགས་པ། བདག་གིས་བཟློག་གམ། ཁྱེད་ཅིའི་ཕྱིར་མི་སྟོན། དགའ་བོ་ཉེ་དགའ། རྒན་ཞུགས་འདི་བདག་ཅག་ལ་མི་མཐུན་པར་བྱེད་ཀྱིས་གནས་ནས་དབྱུང་ངོ༌། །དེས་བསམས་པ། བདག་གནས་དབྱུུང་བྱས་ན་ཀླུའི་གནས་སུའང་སྐབས་མི་རྙེད་དོ་སྙམ་ནས་དེ་དག་ཉལ་བ་དང་གཙུག་ལག་ཁང་དེའང་མི་སྣང་བར་བྱས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་དག་བྱེ་མའི་ཐང་ལ་ཉལ་ཞིང་འཁོད་ནས་སྨྲས་པ། སེངྒེའི་ཁྲི་ཤོམས་དང༌། ཆོས་བསྟན་པར་བྱའོ། །དེ་དག་གིས་བྱེ་མའི་ཐང་ལ་ཉལ་བ་མཐོང་ནས་སྨྲས་པ། དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པ་ཞིག་བདག་ཅག་གིས་མཐོ་བཙམས་པས་གཙུག་ལག་ཁང་མི་སྣང་བར་བྱས་ནས་སོང་བ་དེ་ལྷའམ། ཀླུའམ། སུ་ཡིན་ཞེས་པའི་སྐབས་དེ་གསོལ་བ་དང༌། ཆོས་སྨྲ་བ་དེ་ནི་སྤྲུལ་པ་དེ་ཉིད་ཡིན་ཏེ། དྲུག་སྡེས་མཐོ་མ་བཙམས་ན་བསྟན་པ་མཐར་ཐུག་གི་བར་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པར་འགྱུར་རོ། །ཉེས་དམིགས་དེ་ནི་མ་གསོལ་བར་ཆོས་བསྟན་པ་ལས་གྱུར་པ་ཡིན་པས། མ་གསོལ་བར་ཆོས་བསྟན་པར་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ན་བྲམ་ཟེ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་མ་ནིང་སྐྱེས་པ་འདྲ་བ་ཞིག་བྱུང་ནས་ཆེར་སྐྱེས་པ་ན་དེ་ཁྱེའུ་དག་དང་ལྷན་ཅིག་རྩེ་བ་ན་དེས་དེ་དག་ལ་མཚན་མ་བསྟན་པ་དང༌། ཁྱོད་ཅི་ཡིན། མ་ནིང་ངོ༌། །དེ་དག་གིས། ཁྱོད་བྲམ་ཟེ་ཡིན་པས་ཁྱིམ་དུ་མི་སྙན་པ་གྲགས་ན་མི་རུང་གིས་དེ་ལྟར་མ་བྱེད་ཅིག །ཕ་མ་ལའང་བསྒོ་ནས་ཕ་མས་བཟློག་ཀྱང་མི་ཉན་ནོ། །
དེ་རེ་ཞིག་ན་རྒྱལ་བྱེད་ཚལ་དུ་སོང་བ་དང༌། དགེ་སློང་གཞོན་ནུ་དག་མཐོང་ནས། འདི་དག་གི་ནང་དུ་རབ་ཏུ་བྱུང་ན་འདི་དག་གིས་བདག་ལ་སྐྱེས་པའི་བྱ་བ་བྱེད་པར་འགྱུར་རོ་སྙམ་ནས། དགེ་སློང་ཞིག་ལ། བདག་རབ་ཏུ་འབྱུང་བར་འཚལ་ལོ། །ཁྱོད་(༤༥ན)ཕ་མས་གནང་ངམ། མ་གནང་ངོ༌། །སོང་ལ་ཕ་མ་ལ་གསོལ་ཅིག །དེ་ཕ་མའི་གན་དུ་སོང་ནས། བདག་རབ་ཏུ་འབྱུང་བར་འཚལ་ལོ། །བདག་ཅག་འདི་དང་བྲལ་ན་རུང་གི་སྙམ་ནས་གནང་ངོ༌། །དེས་དགེ་སློང་གི་གན་དུ་སོང་ནས། ཕ་མས་གནང་གིས་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དང༌། དགེ་སློང་རྣམས་ཀྱི་མདུན་དུ་མཚན་མ་སྟོན་ནས། ཁྱོད་མ་ནིང་ཡིན་ནམ། ཡིན་ནོ་ཟེར་བའི་སྐབས་དེ་གསོལ་བས། མ་ནིང་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །ཉེ་བར་འོངས་པ་ལ། མ་ནིང་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་ནིང་ནི་ལྔ་པོ་འདི་དག་ཡིན་ཏེ་ཞེས་པ་ནས། ཉམས་པ་མ་ནིང་ནི་རབ་ཏུ་མ་བྱུང་ན་རབ་ཏུ་དབྱུང་བར་མི་བྱ། རབ་ཏུ་བྱུང་ན་འགྱུར་བ་མི་བསྟེན་པ་བཏང་སྙོམས་སུ་བྱ། འགྱུར་བ་བསྟེན་ན་བསྙིལ་བར་བྱའོ། །སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ནས་ཁྱིམ་བདག་ཅིག་རྒྱལ་བྱེད་ཚལ་དུ་འོངས་སོ། །དགེ་སློང་དག་འདོད་ཆགས་དང་མ་བྲལ་བ་ན་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་ཅིང༌། གཞོན་ནུའི་དུས་སུ་ལྟུང་བ་བྱུང་ནས་རྒས། ཁ་ཅིག་རྒན་པོའི་དུས་སུ་ལྟུང་བ་འབྱིན་ནོ། །དེ་དག་གིས་ཕྱིས་སྡེ་སྣོད་འཛིན་པ་རྣམས་ལས་ཐོས་ནས། སྤོ་མགུ་སྤྱོད་པའི་ཚེ། དགེ་འདུན་ལ་རིམ་གྲོ་བྱེད་པ་མཐོང་ཞིང༌། དགེ་འདུན་ལ་ཁ་ཟས་བསོད་པ་སྤྱི་བུངས་སུ་བཤམས་པ་མཐོང་ནས། འདི་དག་ཆོས་ནི་བཟང་ན་འདི་དག་ལ་སྐྱོན་ཡོད་དེ། རྗེ་ས་དང་གུས་པ་མེད་དེ། རྒན་པ་དག་ལས་བྱེད་དུ་འཇུག་གོ་སྙམ་ནས་དེ་སྐད་སྨྲས་པ་དྲུག་སྡེས་ཐོས་ནས། རྒན་པ་དག་ལའང་ལས་བྱེད་དགོས་པ་ཡོད་དོ། །ཁྱེད་ཀྱི་ནང་དུ་བདག་རབ་ཏུ་བྱུང་ནའང་ལས་བྱེད་དུ་འཇུག་གམ། ཁྱོད་པས་ཆེས་ཁྱད་པར་དུ་འཕགས་པ་རབ་ཏུ་བྱུང་ནའང་ལས་བྱེད་དུ་འཇུག་ན་ཁྱོད་ལྟ་ཅི་སྨོས། དེས་བསམས་པ། འདི་དག་གི་ནང་དུ་རབ་ཏུ་བྱུང་ན་ལས་བྱེད་དུ་འཇུག་གིས་ཐབས་ཤིག་བྱའོ་སྙམ་ནས། དེ་མཁས་པའི་རང་བཞིན་ཅན་ཡིན་པས། དེས་དགེ་སློང་གི་གན་དུ་ཀུན་སྤྱོད་བསླབས་ནས། མཐའ་འཁོབ་ཅིག་ཏུ་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་བགོས་ཏེ་འདུག་པ་དང༌། དེ་དགེ་སློང་དག་གིས་མཐོང་ནས། མཉན་ཡོད་ན་ཆོས་ཀྱི་རྗེ་མངོན་སུམ་དུ་བཞུགས་ཤིང༌། དུས་དུས་སུ་ལྷའི་གཟུགས་མཐོང༌། སྒྲ་ཐོས། ཀུན་ཤེས་པ་བརྡ་སྤྲོད་པ་དག་ཀྱང་གྲག །ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱང་ཡོད་ན་ཅིའི་ཕྱིར་མཉན་ཡོད་དུ་མི་འགྲོ། དེས་སྨྲས་པ། འདི་ཉིད་དུ་འདུག་གོ །
དེ་དག་གིས་ཡང་ཡང་བསྐུལ་བས་དེ་མཉན་ཡོད་དུ་སོང་བ་དང༌། དེ་གནས་མལ་བཟང་པོ་བཤམས་ཤིང༌། ཁ་ཟས་བསོད་པ་སྤྱི་བུངས་བཤམས་པ་མཐོང་ནས། གྲལ་གྱི་དང་པོར་འདུག་ན་ཡོན་བཤད་དགོས་པར་འགྱུར་རོ་སྙམ་སྟེ། སྟན་(༤༥བ)གཅིག་བོར་ནས་གཉིས་པ་ལ་འདུག་གོ །ཀུན་ཤེས་ཀོའུ་དི་ནྱ་འོངས་ནས། བཅོམ་ལྡན་འདས་ཀྱིས་བདག་སྣམ་སྦྱར་གྱི་རྒྱལ་མཚན་འཆང་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ན་འདི་སུ་ཡིན་བསམས་པ་དང༌། རྐུ་ཐབས་སུ་གནས་པ་ཡིན་པར་ཤེས་ནས་དེ་སེ་གོལ་གྱི་སྒྲས་བསྐྲད་དོ། །རྟ་ཐུལ་དང༌། བཟང་ལྡན་དང༌། རླངས་པ་དང༌། མིང་ཆེན་དང༌། གྲགས་པ་དང༌། གང་པོ་དང༌། དྲི་མེད་དང༌། བ་ལང་བདག་དང༌། ལག་བཟང་དང༌། ཤཱ་རིའི་བུ་དང༌། མོའུ་གལ་གྱི་བུ་དང༌། དགེ་སློང་གནས་བརྟན་རྣམས་ཀྱིས་ཀྱང་སེ་གོལ་གྱི་སྒྲས་བསྐྲད་དོ། །དྲུག་སྡེའི་གན་དུ་སོང་བ་དང༌། དེ་དག་གིས། གནས་བརྟན་ལོ་དུ་ལོན། དེས་ན་ཚོད་ཀྱི་དབང་དུ་བྱས་ཏེ་ལོ་དྲུག་ཅུ་ལོན་ནོ། །
དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང་ལོ་དྲུག་ཅུ་མ་བཞེས་ན་འདིས་ག་ལ་ལོན། རྒན་ཞུགས། ཁྱོད་ཀྱི་མཁན་པོ་གང་ཡིན། དེས་དགེ་སྦྱོང་གོའུ་ཏ་མའི་མཁན་པོ་གང་ཡིན། དེ་དག་གིས། རྒན་ཞུགས་འདི་ནི་རང་གིས་རྟགས་བླངས་པ་ཡིན་ནོ་ཞེས་དེའི་རྐང་ལག་ནས་བཟུང་སྟེ་རྒན་པའི་མཐར་ཁྲིད་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འཇིག་རྟེན་ན་རང་བྱུང་གཅིག་ནི་བཅོམ་ལྡན་འདས་ལགས་ན་གཉིས་པ་ནི་རྒན་ཞུགས་འདི་ལགས་སོ། །འདི་ནི་གསོལ་བའོ་ཞེས་བསྐྲད་དོ། །སྟོན་པས། དགེ་སློང་དག །རྐུ་ཐབས་སུ་གནས་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །ཉེ་བར་འོངས་པ་ལ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་སོགས་རྐུ་ཐབས་སུ་གནས་པའི་མཚན་ཉིད་དང་བཅས་པའོ། །སྟོན་པ་མཉན་ཡོད་ནའོ། །མུ་སྟེགས་ཅན་ཞིག་རྒྱལ་བྱེད་ཚལ་དུ་ཕྱིན་པ་དང༌། དེས་སྟན་བཟང་པོ་བཤམས་ཤིང་བཟའ་བཏུང་བསོད་པ་སྤྱི་བུངས་བཤམས་པ་མཐོང་ནས། ཟང་ཟིང་གི་ལོངས་སྤྱོད་འདི་དག་བཟང་ལ། ཆོས་ནི་བདག་ཅག་བཟང་བས། འདི་དག་གི་ནང་དུ་རབ་ཏུ་བྱུང་ལ་ཟང་ཟིང་གི་ལོངས་སྤྱོད་འདིར་བྱ། ཆོས་ནི་དེར་བྱའོ་སྙམ་ནས། དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་བྱུང་བསྙེན་རྫོགས་བྱས་སོ། །མུ་སྟེགས་ཅན་རྣམས་ཀྱི་གསོ་སྦྱོང་བཅུ་བཞི་པ་དང༌། དགེ་སློང་རྣམས་ཀྱི་བཅོ་ལྔ་པ་ཡིན་པས། བཅུ་བཞི་ལ་མུ་སྟེགས་ཅན་དང༌། བཅོ་ལྔ་ལ་དགེ་སློང་རྣམས་ཀྱི་ནང་དུ་གསོ་སྦྱོང་ལ་ཕྱིན་ཏོ། །རེ་ཞིག་ན་ཞག་བྲི་ནས་དགེ་སློང་རྣམས་ཀྱི་གསོ་སྦྱོང་བཅུ་བཞི་པ་ལ་བབ་པ་དང༌། དེས་གང་དུ་འགྲོ་བསམས་པ། དགེ་སློང་འདི་དག་ནི་དེས་པ། འགྲོགས་ན་བདེ་བ། བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ནི་ངང་ཚུལ་ངན་པ་ཡིན་པས། བདག་གི་ཚུལ་ཤིང་ཡང་ཕྱུང་བར་འགྱུར། སྤང་ལེབ་ཀྱང་སྐྱུར་བར་འགྱུར། །སློང་ཕོར་ཁ་ཕུབ་བར་འགྱུར། འཁར་བའང་བོར་བར་འགྱུར། (༤༦ན)དེ་རྣམས་ཀྱི་ནང་ནས་ཀྱང་ཕྱུང་བར་འགྱུར་སྙམ་ནས་མུ་སྟགས་ཅན་རྣམས་ཀྱི་ནང་དུ་སོང་ངོ༌། །དགེ་སྐོས་ཀྱིས་དགེ་སློང་རྣམས་བསྔོས་པ་ན་དེ་མ་ཚང་བར་ཤེས་ནས་ཕྱོགས་བཞིར་བལྟས་ཀྱང་མ་རྙེད་པར་གསོ་སྦྱོང་བྱས་སོ། །
ཕྱི་དེ་ཉིན་པར་དེ་འོངས་པ་ན། ཁྱོད་གང་ནས་འོངས། ཚངས་པ་མཚུངས་པར་སྤྱོད་པ་དག་གི་གནས་ནས་སོ། །སུ་ཡིན། མུ་སྟེགས་ཅན་དག་ཡིན་ཏེ། ཁོ་བོ་ཟང་ཟིང་གི་ལོངས་སྤྱོད་འདིར་བྱེད་ལ། ཆོས་ཀྱི་ལོངས་སྤྱོད་དེར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་གསོལ་བ་དང༌། འདི་ནི་མུ་སྟེགས་ཅན་ཞུགས་པ་ཡིན་ཏེ། མུ་སྟེགས་ཅན་ཞུགས་པ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །ཉེ་བར་འོངས་པ་ལ། མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཇི་ཙམ་གྱིས་མུ་སྟེགས་ཅན་ཞུགས་པ་ལགས་ཞེས་ཞུས་པས། རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ། ལྟ་བ་དེ་དང་ལྡན་པ། ཆོས་གོས་འདི་བོར་ཏེ་རྒྱལ་མཚན་དེས་དེར་སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་ནས། ཆུང་མ་ལ། འུ་བུ་ཅག་གི་བུ་ལོན་འཁོར་བར་བྱེད་པ་བྱུང་གིས། ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །རྗེའི་སྲས། དེ་བཞིན་དུ་མཛོད་ཅིག །དེ་ཡུལ་གཞན་དུ་སོང་བ་དང་ཤི་ནས། མས་བུ་དེ་ཉེ་དུ་དང་ལག་མཐུས་བསྐྱེད་དེ་ཆེར་སྐྱེས་པ་ན། ནེའུ་ལྡངས་དང་ལྷན་ཅིག་ཁྱིམ་ཞིག་གི་དྲུང་དུ་སོང་བ་དང༌། ཁྱིམ་དེའི་སྟེང་ནས་བུ་མོ་ཞིག་གིས་དེའི་སྟེང་དུ་མེ་ཏོག་གི་ཆུན་པོ་འཕངས་པ་དེས་མཐོང་ངོ༌། །
ནེའུ་ལྡངས་དེས་སྨྲས་པ། ཁྱོད་ཀྱིས་ཁྱིམ་དེར་བརྡ་མ་བྱས་སམ། བྱས་སོ། །གྲོགས་པོ། ཁྱིམ་འདི་ནི་ཡ་ང་བ་ཡིན་གྱིས་མ་འཇུག་ཅེས་སྨྲས་ནས། ཉིན་ཐོག་ཐག་མཆན་དུ་བཅུག་སྟེ་མའི་གན་དུ་ཁྲིད་ནས། ཁྱོད་ཀྱི་བུ་འདིས་ཆེ་གེ་མོར་བརྡ་བྱས་ཀྱིས་སྲུངས་ཤིག །དེས། བུ། ཁྱོད་ཀྱིས་ཁོ་མོ་ལ་བསྙད་པ་ལེགས་སོ། །དེས་དེ་ཁྱིམ་དུ་མལ་བཅས་ནས་གྱོ་མོ་གཉིས་དང་ཆུ་དང་ས་བཞག་སྟེ། རང་ཉིད་སྒོར་ཁྲི་བཅས་ནས་ཉལ་ལོ། །དེས། མ། སྒོ་ཕྱེ་ཞིག །ཅིའི་ཕྱིར། གཅིར་འགྲོའོ། །གྱོ་མོ་བཞག་གིས་དེར་གཅིས་ཤིག །དེས་ཡུད་ཙམ་ཞིག་བསྡད་ནས་སྨྲས་པ། སྒོ་ཕྱེ་ཞིག །ཅིའི་ཕྱིར། བཤང་དུ་འགྲོའོ། །གྱོ་མོ་དང་ཆུ་དང་ས་བཞག་གིས་དེར་གཅིས་ཤིག །ཡང་ཡུད་ཙམ་ཞིག་བསྡད་ནས། མ། སྒོ་ཕྱེ་ཞིག །བུ། ཁྱོད་གང་དུ་འགྲོ་ཤེས་ཀྱིས་སྒོ་མི་དབྱེའོ། །མི་འབྱེད་ན་གསད་དོ། །བུ། ཁོ་མོ་ཤི་བ་བླ་ཡི། བུ་ཤི་བ་ལ་ལྟ་མི་ཕོད་དོ། །འདོད་པ་བསྟེན་པས་ནི་སྡིག་པ་མི་བྱ་བ་མེད་པས་འཇིག་རྟེན་ཕ་རོལ་བཏང་བ་དེས་རལ་གྲིས་མའི་མགོ་བཅད་དེ་ས་ལ་བསྒྱེལ་ལོ། །དེས་མ་བསད་ནས་སོང་བ་དང༌། སྡིག་པ་བྱས་པ་འདར་བས། བུ་མོ་དེས་སྨྲས་པ། རྗེའི་སྲས། གཞན་སུ་ཡང་མ་མཆིས་ཀྱིས་མ་འཇིགས་ཤིག །(༤༦བ)དེས་བསམས་པ། དེ་འདི་ལ་སྨྲས་ན་དགའ་བར་འགྱུར་སྙམ་ནས། ཁོ་བོས་ཁྱོད་ཀྱི་ཕྱིར་དུ་མ་བསད་དོ། །ཅི་མ་མའམ། སྐྱེད་མ་མོ། སྐྱེད་མ་མོའོ། །
དེས་བསམས་པ། འདི་ཡོན་ཏན་མི་ཤེས་པར་མ་བསད་པས། བདག་ལ་ཁྲོས་ན་སྐབས་ཅི་ཞིག་འབྱུང་བར་འགྱུར་སྙམ་ནས་སྨྲས་པ། རྗེའི་སྲས། བདག་ཁང་ཐོག་ཏུ་འཛེགས་ནས་སླར་མཆི་བའི་བར་དུ་ཡུད་ཙམ་བཞེས་ཤིག །དེ་བཞིན་གྱིས་ཤིག །དེ་ཁང་ཐོག་ཏུ་འཛེགས་ནས། ཆོམ་རྐུན་པ་ཆོམ་རྐུན་པ་ཞེས་སྒྲ་ཕྱུང་བ་དང༌། དེ་སྐྲག་ནས་བྲོས་ཏེ་རང་གི་ཁྱིམ་དུ་སོང་ནས་སྒོ་དྲུང་དུ་རལ་གྲི་བཞག་སྟེ། ཆོམ་རྐུན་མ་དེས་ཁོ་བོའི་མ་བསད་ནས་བྲོས་སོ་ཞེས་མའི་རོ་དེ་བཀུར་སྟི་བྱས་ནས་སོང་ངོ༌། །སྡིག་པའི་ལས་བྱས་པས་བརྟན་པ་མི་རྙེད་པས། དེ་མུ་སྟེགས་ཅན་གྱི་གནས་དང༌། དཀའ་ཐུབ་ཀྱི་གནས་སུ་སོང་ནས། ཅི་ཞིག་བྱས་ན་སྡིག་པ་ཟད་པར་འགྱུར། ཁ་ཅིག་ན་རེ། མེར་མཆོངས་ཤིག །དུག་ཟོ་ཞིག །གཡང་སར་མཆོངས་ཤིག །ཐག་པས་འགགས་ཏེ་ཤི་ཞིག་ཅེས་ཟེར་ཏེ་ཐམས་ཅད་ཀྱང་འཆི་བའི་ཐབས་སྟོན་གྱི། ངེས་འབྱུང་གི་ཐབས་སྟོན་པ་ནི་འགའ་ཡང་མེད་དོ། །དེ་རྒྱལ་བྱེད་ཚལ་དུ་སོང་བ་དང༌། དགེ་སློང་ཞིག །གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ནས་བྱུང་བ་ལྟར། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་ཁ་དོན་བྱེད་པ་ཐོས་ནས། དེས་བསམས་པ། སྡིག་པའི་ལས་ཀྱང་འགག་ནུས་ཀྱིས་འདི་དག་གི་ནང་དུ་རབ་ཏུ་འབྱུང་ངོ་སྙམ་ནས། དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱས་ཏེ། བརྩོན་འགྲུས་བརྩམས་པས་སྡེ་སྣོད་གསུམ་དང་ལྡན་པ། རིག་པ་དང་གྲོལ་བའི་སྤོབས་པ་ཅན་དུ་གྱུར་ཏོ། །དེ་ལ་དགེ་སློང་རྣམས་ཀྱིས། ཁྱོད་བརྩོན་འགྲུས་འདིས་ཅི་ཞིག་དོན་དུ་གཉེར། དེས་སྨྲས་པ། སྡིག་པ་ཟད་པར་བྱའོ། །སྡིག་པ་ཅི་བྱས། མ་བསད་དོ། །ཅི། མ་མའམ་འོན་ཏེ་སྐྱེད་མ་མོ་ཡིན། སྐྱེད་མ་མོའོ་ཟེར་བའི་སྐབས་དེ་གསོལ་བ་དང༌། མ་བསད་པ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །ཉེ་བར་འོངས་པ་ལ། མ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེས་བསམས་པ། ཅི། འབབ་བམ་མཐའ་འཁོབ་ཏུ་འགྲོ་སྙམ་ནས་མཐའ་འཁོབ་ཏུ་སོང་སྟེ། ཁྱིམ་བདག་ཅིག་དད་པར་བྱས་ནས། གཙུག་ལག་ཁང་རྩིག་ཏུ་བཅུག་སྟེ། དེ་ནས་གནས་པ་དང་ཕྱོགས་ཐ་དད་ནས་འོངས་པའི་དགེ་སློང་མང་པོ་དེའི་གདམས་ངག་གིས་དགྲ་བཅོམ་པ་ཐོབ་བོ། །རེ་ཞིག་ན་དེ་ན་ནས་རྩ་བའི་སྨན་ལ་སོགས་པས་གསོས་ཀྱང་ཉམས་དམས་ཏེ། དེས་ལྷན་ཅིག་གནས་པ་རྣམས་ལ། ཁོ་བོའི་ཕྱིར་དུ་དགེ་འདུན་ལ་བསྲོ་ཁང་གྱིས་ཤིག །དེ་རྣམས་ཀྱིས་དེའི་ཕྱིར་དུ་བསྲོ་ཁང་བྱས་སོ། །བསགས་པ་ཀུན་གྱི་མཐའ་(༤༧ན)འཛད་ཅིང༌། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ཡིན་པས། དེ་ཤི་ནས་མནར་མེད་དུ་སྐྱེས་སོ། །དེའི་ལྷན་ཅིག་གནས་པ་དགྲ་བཅོམ་པ་ཞིག་གིས་དེ་གང་དུ་སྐྱེས་བལྟས་པ་ན་མནར་མེད་དུ་སྐྱེས་པར་མཐོང་ནས། མཁན་པོ་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ་ཡིན་ན། ལས་ཅི་བྱས་པས་མནར་མེད་དུ་སྐྱེས་བསམས་པས་མ་བསད་པར་མཐོང་ངོ༌། །དེ་མནར་མེད་ཀྱི་མེའི་འོད་ཀྱིས་ཕོག་པ་དང༌། ཀྱེ། བསྲོ་ཁང་མེ་རེ་ཚ་ཞེས་སྨྲས་པ་དང༌། དམྱལ་སྲུང་གིས་ཐོ་བ་མགོར་བསྣུན་ནས། སྐལ་ཆད་ཁྱོད་ཀྱི་བསྲོ་ཁང་གང་ན་ཡོད། འདི་ནི་མནར་མེད་པ་ཡིན་ནོ་ཞེས་སྨྲས་སོ། །དེ་དགེ་བའི་སེམས་ཀྱིས་ཤི་ནས་རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་སོ། །ལྷའི་བུ་དང་བུ་མོ་ནི་སྐྱེས་ནས་རིང་པོ་མ་ལོན་པ་ན་སེམས་གསུམ་སྐྱེ་སྟེ། གང་ནས་ཤི། གང་དུ་སྐྱེ། ལས་གང་གིས་སྐྱེས་པའོ། །དེ་དམྱལ་བ་ནས་ཤི་འཕོས་པ་དང༌། རྒྱལ་ཆེན་རིས་བཞིའི་ལྷར་སྐྱེས་པ་དང༌། དགེ་འདུན་ལ་བསྲོ་ཁང་གི་ཁྲུས་བྱས་པས་སྐྱེས་པར་མཐོང་ནས། བདག་ཞག་ལོན་ཏེ་བཅོམ་ལྡན་འདས་ལ་ལྟ་བ་དང༌། བསྙེན་བཀུར་བ་ནི་ཚུལ་དང་མི་མཐུན་པས་ད་ལྟ་འགྲོའོ་སྙམ་ནས། ལྷའི་ཨུཏྤལ་དང༌། པད་མ་ལ་སོགས་པས་ཐུ་བ་བཀའ་སྟེ། བཅོམ་ལྡན་འདས་ལ་མངོན་པར་གཏོར་ནས་ཕྱག་འཚལ་ཏེ་འདུག་པ་དང༌། དེའི་འོད་ཀྱིས་རྒྱལ་བྱེད་ཚལ་ཐམས་ཅད་སྣང་བར་བྱས་སོ། །
བཅོམ་ལྡན་འདས་ཀྱིས་དེའི་བསམས་པ་དང༌། བག་ལ་ཉལ་དང༌། ཁམས་དང༌། རང་བཞིན་ཐུགས་སུ་ཆུད་ནས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་བཞི་རྟོགས་པར་བྱེད་པའི་ཆོས་བསྟན་པས་བདེན་པ་མཐོང་སྟེ། བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བྱིན། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་དག་གིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱལ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དག་ནས་ནི་རྐང་པ་ཕྱུང༌། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་དེ་ཚོང་པ་ཁེ་སྤོགས་རྙེད་པ་དང༌། ཞིང་པ་ལོ་ཏོག་འབྱོར་བ་དང༌། དཔའ་བོ་གཡུལ་ལས་རྒྱལ་བ་དང༌། ནད་པ་ནད་ལས་ཐར་པ་ལྟ་བུར་གྱུར་ཏེ། སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ༌། །(༤༧བ)དེའི་ལྷན་ཅིག་གནས་པ་དགེ་འདུན་གྱི་གནས་བརྟན་དགྲ་བཅོམ་པ་ཟས་ཀྱི་གྲལ་ན་འདུག་སྟེ། གཞན་ཞིག་གིས་ལག་ཆུ་གྲང་མོ་བྲིམས་པ་དང༌། བདག་ཅག་ཆུ་གྲང་མོ་འདི་ལྟ་བུ་འཐུང་ན། མཁན་པོ་ནི་མནར་མེད་ན་ཟངས་ཁུ་བསྐོལ་མ་འཐུང་ངོ་སྙམ་ནས། དེས་མནར་མེད་དུ་བལྟས་པ་ན་མི་སྣང་ངོ༌། །
དམྱལ་བ་གཞན་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། མི་རྣམས་ཀྱི་ནང་ནའང་མི་སྣང་སྟེ། རྒྱལ་ཆེན་རིས་བཞི་པའི་ལྷར་སྐྱེས་ནས་སྟོན་པའི་སྤྱན་སྔར་བདེན་པ་མཐོང་སྟེ་ལྷ་རྣམས་ཀྱི་ནང་ན་འདུག་པ་མཐོང་ནས། འཛུམ་པ་སྔོན་དུ་བཏང་སྟེ། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ནི་ལེགས་པར་གསུངས་པ་ཉིད། སྡིག་པ་བྱེད་པ། ལོག་པར་ལྟུང་བ་དེ་ལྟ་བུས་ཀྱང་ཡོན་ཏན་ཚོགས་འདི་ལྟ་བུ་ཐོབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ལག་ཆུ་འབྲིམ་པ་དེས། ཁྱོད་མཁན་པོ་འདས་པས་དགེ་འདུན་གྱི་གནས་བརྟན་དུ་གྱུར་ཏོ་སྙམ་ནས་དགའ་འམ། དེས་སྨྲས་པ། དགེ་འདུན་གྱི་ནང་དུ་དྲིས་ཤིག །དེར་ལན་གདབ་པར་བྱའོ། །དགེ་འདུན་ཚོགས་པའི་ཚེ་གནས་བརྟན་གྱིས་དེ་ལ། ཁྱོད་ཀྱིས་དེའི་ཚེ་ཅི་སྨྲས། དེས་སྔར་བཞིན་སྨྲས་པ་དང༌། དགྲ་བཅོམ་པ་དེས་སྐབས་དེ་དགེ་འདུན་གྱི་ནང་དུ་རྒྱ་ཆེར་བརྗོད་པ་དང༌། དེ་རྣམས་ཀྱང་ཡི་རང་ནས། ཀྱེ་མ་སངས་རྒྱས་ཞེས་སོགས་ཆེད་དུ་བརྗོད་དོ། །ཕ་བསད་པ་ནི། མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་སྟེ་ཆེར་སྐྱེས་པ་ན་ནེའུ་ལྡངས་དང་ལྷན་ཅིག་ཁྱིམ་ཞིག་གི་དྲུང་དུ་སོང་བ་ན་ཞེས་སོགས་ཕ་མའི་མིང་བརྗེ་བ་མ་གཏོགས་སྔ་མ་དང་ཐམས་ཅད་འདྲའོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །
གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྟང་བྲང་གི་ཚལ་གསེབ་ཏུ་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་བྲམ་ཟེ་དང་ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བདེན་པ་ལ་བཀོད་པ་ན། དེས་རང་གི་ཡུལ་དུ་དྲིལ་བསྒྲགས་ཏེ། ངའི་ཡུལ་དུ་ཆོམ་རྐུན་བྱེད་པ་ན་ངས་དེ་ཡུལ་མེད་པར་བྱ་ཞིང༌། སྐྱིན་པ་ནི་ངའི་མཛོད་ནས་སྦྱིན་པར་བྱའོ་ཞེས་བསྒོའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གཞོན་ནུའི་དཔེའི་མདོ་སྡེས་བཏུལ་བའི་ཚེ་ན་དེས་ཀྱང་དེ་ལྟར་དྲིལ་བསྒྲགས་པ་དང༌། ཡུལ་མ་ག་དྷའི་ཆོམ་རྐུན་པ་དང༌། ཀོ་ས་ལའི་ཆོམ་རྐུན་པ་རྣམས་ས་མཚམས་སུ་འཁོད་དེ་ཡུལ་དེ་གཉིས་ནས་འོང་བའི་དོན་མཐུན་འཇོམས་སོ། །རེ་ཞིག་ན་མ་ག་དྷ་ནས་དོན་མཐུན་བསེལ་པ་དང་བཅས་པ་ཀོ་ས་ལར་འཕགས་ནས་ས་མཚམས་ཀྱི་བར་དུ་ཕྱིན་པའི་ཚེ། དེད་དཔོན་གྱིས་སྨྲས་པ། རྒྱལ་པོ་གསལ་རྒྱལ་ནི་གདུག་པ། ཕ་རོལ་གནོན་པ་ཡིན་པས། བདག་ཅག་ལ་བསྐྱིན་པ་སྦྱིན་དུ་འཇུག་ནུས་པ་ཡིན་ན། ཅིའི་ཕྱིར་བསེལ་པ་ལ་གླ་སྦྱིན་ཞེས་དེ་དག་བཟློག་སྟེ་དོན་མཐུན་(༤༨ན)ཆས་པ་དང༌། ཆོམ་རྐུན་པ་དེ་དག་གིས་མཐོང་ནས་ཚོང་པ་ཁ་ཅིག་སྲོག་དང་ཕྲལ། ཁ་ཅིག་བྲོས་སོ། །དགྲ་བཅོམ་པ་ནི་མ་བསམས་པར་ཤེས་པ་མི་འཇུག་པས། དགྲ་བཅོམ་པ་དོན་མཐུན་པ་དང་འགྲོགས་པ་ཞིག་ཀྱང་བསད་དོ། །
དེ་ནས་དོན་མཐུན་པ་བྲོས་པ་དེ་དག་ཀུ་ཅོ་འདོན་ཅིང་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་ཕྱིན་ནས། ལྷ། ཁྱོད་ཀྱི་ཡུལ་དུ་བདག་ཅག་ཚོང་པར་མི་རུང་བར་བྱས་སོ། །ཅི་བྱས། ཆོམ་རྐུན་པས་བཅོམ་མོ། །རྒྱལ་པོས་འཕགས་སྐྱེས་པོ་ལ། རྐུན་རྫས་དང་ཆོམ་རྐུན་པ་རྣམས་མྱུར་དུ་ཁུག་ཅིག །དེ་དཔུང་ཚོགས་དང་བཅས་པ་ཕྱིར་བྱུང་བ་དང༌། ཆོམ་རྐུན་པ་རྣམས་གོ་ཕུད་ནས་བག་ཡངས་སུ་རྐུན་རྫས་བགོད་པ་ལས། ཕྱོགས་བཞི་ནས་བསྐོར་ཏེ་དུང་དང་རྔའི་སྒྲ་བསྒྲགས་པ་དང༌། དེ་རྣམས་ལས་ཁ་ཅིག་ནི་རྐུན་རྫས་བོར་ཏེ་བྲོས། ཁ་ཅིག་བསད། དྲུག་ཅུ་བཟུང་སྟེ་རྐུན་རྫས་དང་བཅས་པ་རྒྱལ་པོ་ལ་ཕུལ་བ་དང༌། རྒྱལ་པོས་དེ་རྣམས་ལ་སྨྲས་པ། ཁྱེད་ཀྱིས། ངའི་ཡུལ་དུ་སུས་ཀྱང་ཆོམ་རྐུན་མི་བྱའོ། །བྱས་ནས་དེ་གསད་ཅིང་བསྐྱིན་པ་ངའི་མཛོད་ནས་སྦྱིན་ནོ་ཞེས་བསྒྲགས་པ་མ་ཐོས་སམ། ལྷ། ཐོས་སོ། འོ་ན་ཅིའི་ཕྱིར་ཚོང་པ་བཅོམ། ལྷ། འཚོ་བ་མ་མཆིས་སོ། །ཅིའི་ཕྱིར་སྲོག་དང་ཕྲལ། འཇིགས་པ་བསྟན་པའི་སླད་དུའོ། །འོ་ན་ཁྱེད་ལངའ་སྔོན་སུས་ཀྱང་མ་མཐོང་བའི་འཇིགས་པ་བསྟན་པར་བྱའོ། །རྒྱལ་པོས་བློན་པོ་རྣམས་ལ། འདི་ཐམས་ཅད་སོད་ཅིག །དེ་དག་གིས་ལམ་པོ་ཆེ་ལ་སོགས་པར་སྒྲོག་ཅིང་བསད་སར་ཁྲིད་པ་ན་ཆོམ་རྐུན་པ་ཞིག་བྲོས་ནས་རྒྱལ་བྱེད་ཚལ་དུ་དགེ་སློང་གི་གན་དུ་སོང་སྟེ། བདག་རབ་ཏུ་དབྱུང་དུ་གསོལ། དེས་དེ་རབ་བྱུང་བསྙེན་རྫོགས་བྱས་སོ། །སྟོན་པས། དེ་སློང་དག །རང་གཞན་གྱི་འབྱོར་རྒུད་ལ་རྟོགས་ཤིག །དེ་ནི་སྐྱོ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་གསུངས་པས། དགེ་སློང་རྣམས་དུར་ཁྲོད་རྒྱུར་སོང་བ་ན་དགེ་སློང་དེའང་སོང་བ་ལས་དེས་ཆོམ་རྐུན་པ་དེ་དག་བསད་པ་མཐོང་ནས་མཆི་མས་བརྣངས་ཏེ་འདུག་པ་དང༌། དགེ་སློང་རྣམས་ཀྱིས་སྨྲས་པ། འདི་གསར་དུ་རབ་ཏུ་བྱུང་བ་ཡིན་ན་ཡང་བསམ་པ་འདི་ལྟར་བཟང་ངོ༌། །དེས་སྐད་ཕྱུང་སྟེ་ངུས་པ་དང༌། ཅིའི་ཕྱིར་དུ། འདི་ནི་བདག་གི་ཕའོ། །འདི་ནི་ཕུ་ནུའོ། །འདི་ནི་ཁུ་བོའོ། །འདི་ནི་ཞང་པོའོ། །འདི་རྣམས་ཀྱིས་དགྲ་བཅོམ་པ་བསད་དམ། བསད་དོ། །ཟེར་བའི་སྐབས་དེ་གསོལ་བ་དང༌། འདི་ནི་དགྲ་བཅོམ་པ་བསད་པ་ཡིན་ཏེ། དགྲ་བཅོམ་པ་བསད་པ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་པས་བསྙིལ་བར་བྱའོ། །རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ། གང་གིས་སྔོན་རབ་ཏུ་བྱུང་ནས། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཕྱེ་བ་དེ་གལ་ཏེ་(༤༨བ)རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན་རབ་ཏུ་དབྱུང་བར་བགྱིའམ། ཉེ་བར་འཁོར་མི་བྱའོ། །དེས་ན་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ། གང་གིས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ན་རབ་ཏུ་དབྱུང་བར་བགྱིའམ། ཉེ་བར་འཁོར། མི་བྱའོ། །དེས་ན་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །སྟོན་པ་ཡུལ་ཀ་ཤིར་ལྗོངས་རྒྱུ་ཞིང་གཤེགས་ནས་ཕྱོགས་ཤིག་ཏུ་བྱོན་པ་ན་འཛུམ་པ་མཛད་པའི་ཞལ་ནས་འོད་ཟེར་བཀྱེ་སྟེ་ལས་གཉིས་མཛད་ནས་ཞབས་མཐིལ་དུ་ནུབ་བོ། །ཀུན་དགའ་བོས་རྒྱུ་ཞུས་པ། ཀུན་དགའ་བོ། ཕྱོགས་འདི་ཉིད་དུ་གཡོན་ཅན་རབ་ཏུ་མང་པོས་དགེ་སློང་མ་རབ་ཏུ་མང་པོ་ལུས་བསྐྱོད་པས་སུན་ཕྱུང་སྟེ་ཤི་འཕོས་ནས་དམྱལ་བར་སྐྱེ་བར་འགྱུར་རོ། །
དེ་ནས་དགེ་སློང་ཞིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། གཡོན་ཅན་རབ་ཏུ་མང་པོས་དགེ་སློང་མ་སུན་ཕྱུང་བ་དེ་དག་གི་ནང་ནས་གཅིག་བདག་ལགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་ཀྱང་དགེ་སློང་མ་སུན་ཕྱུང་ངམ། བཙུན་པ། ཕྱུང་ལགས་སོ། །སྟོན་པས། དགེ་སློང་དག །དགེ་སློང་མ་སུན་ཕྱུང་བ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཉིད་ཡིན་པས་བསྙིལ་བར་བྱའོ། །རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ། སྔོན་རབ་ཏུ་བྱུང་བ་ན་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་དེ་གལ་ཏེ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འཚལ་ན། རབ་ཏུ་དབྱུང་བར་བགྱིའམ། མི་བྱའོ། །དེས་ན་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ། ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་བཀའ་སྩལ་པ། གལ་ཏེ་མ་མཐོང་བ་གནས་ནས་ཕྱུང་བ་བབས་པ་ཞིག །ཡང་ཕྱིར་འོངས་ནས། ལྟུང་བ་མཐོང་གིས་བདག་རབ་ཏུ་དབྱུང་བར་གསོལ་ཟེར་ན་རབ་ཏུ་དབྱུང་བར་བྱའོ། །རབ་ཏུ་བྱུང་ནས། ལྟུང་བ་བཤགས་པར་བྱ་ཡི་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཟེར་ན་བསྙེན་པར་རྫོགས་པར་བྱའོ། །བསྙེན་པར་རྫོགས་ནས། ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ཚོགས་པ་ཡོད་ནའང་མ་མཐོང་བ་གནས་ནས་དབྱུང་བར་བྱའོ། །ཚོགས་པ་མེད་ལ་བསྙེན་པར་རྫོགས་ན་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཏེ། གང་ཟག་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་རྙེད་དཀའ་བའི་ཕྱིར་རོ། །དེ་བཞིན་(༤༩ན)དུ་ཕྱིར་མི་འཆོས་པ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་གནས་ནས་ཕྱུང་བ་ལའང་ངོ༌། །དྲུག་སྡེས་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་བྱས་པ་རྣམས། དེ་དག་གནས་ངན་ལེན་ཀུན་ཏུ་སྤྱོད་པར་མི་ཤེས་ཀྱི་བར་དུ་དེ་དག་དང་ལྷན་ཅིག་གནས་པར་བྱེད་ལ། ཤེས་པའི་ཚེ་དགེ་སློང་གཞན་དང་ལྷན་ཅིག་གནས་པར་བྱེད་དེ། སྟོན་པའི་བཀའ་ལུང་གིས་དུས་གསུམ་དུ་བལྟར་འགྲོ་བ་འབའ་ཞིག་བྱེད་དོ། །དེ་དག་གིས་གྲོས་བྱས་པ། ལྷུང་བཟེད་ནག་པོ་ཅན་འདི་དག་ནི་བཅས་འཕྲོག་པ་དང་འདྲ་སྟེ། བདག་ཅག་གིས་རབ་ཏུ་བྱུང་བ་རྣམས་འཕྲོག་པར་བྱེད་ཀྱིས། ད་ནི་དེ་དག་གིས་དབྲོག་པར་མི་ནུས་པ་དེ་འདྲ་རབ་ཏུ་དབྱུང་ངོ་ཞེས་ཟེར་ནས། ཉེ་དགས་མི་ལག་རྡུམ་ཞིག་མཐོང་སྟེ། སྨྲས་པ། བཞིན་བཟང༌། ཅིའི་ཕྱིར་རབ་ཏུ་མི་འབྱུང༌། བདག་ལག་པ་མ་ཚང་བ་སུ་ཞིག་གིས་རབ་ཏུ་འབྱིན། ཉེ་དགས། སྟོན་པའི་བསྟན་པ་ཐུགས་རྗེས་རབ་ཏུ་ཕྱེ་བ་ཡིན་གྱིས་ཁོ་བོས་རབ་ཏུ་དབྱུང་ངོ་ཞེས་དེ་རབ་བྱུང་བསྙེན་རྫོགས་བྱས་ནས་ཞག་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་རྣམས་བསླབས་ཏེ། རི་དྭགས་ཀྱིས་རི་དྭགས་མི་སོས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཡབ་ཀྱི་སྤྱོད་ཡུལ་ཡིན་པས་བསོད་སྙོམས་ཀྱིས་འཚོ་བར་གྱིས་ཤིག །མཁན་པོ། ཇི་ལྟར་བསོད་སྙོམས་བགྱི། ཁྱོད་ཀྱིས་དེ་ཙམ་ཡང་མི་ཤེས་སམ། ངས་བསྟན་པར་བྱའོ་ཞེས་དེའི་ཤམ་ཐབས་ནི་སྲད་བུས་བཅིངས། ཆོས་གོས་ནི་ཚེར་མས་གཏུམས་ཏེ་བསྐོན། དཔུང་པ་གཡོན་པར་ལྷུང་བཟེད་ཀྱི་སྣོད་བཞག །དཔུང་པ་གཡས་པར་འཁར་གསིལ་བཏགས་སོ། །དེ་མཉན་ཡོད་དུ་ཞུགས་པ་དང༌། བུད་མེད་ཀྱིས་བྲང་བརྡུངས་ནས། སུས་ཁྱོད་རབ་བྱུང་གི་ལག་པ་གཉིས་བཅད། སྲིང་མོ། ཁྱིམ་པའི་དུས་ཁོ་བོའི་ལག་པ་ཆད་ཀྱི། རབ་ཏུ་བྱུུང་ནས་ཆད་པ་མ་ཡིན་ནོ། །ཁྱོད་སུས་རབ་ཏུ་བྱུང༌། མཁན་པོ་ཉེ་དགས་སོ། །གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་མ་གཏོགས་གཞན་སུས་འདི་རབ་ཏུ་འབྱིན་ཟེར་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་གང་བྱུང་བ་དེ་ནི་ལག་རྡུམ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས། ལག་རྡུམ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །
དེ་བཞིན་དུ་རྐང་རྡུམ་ནས། རྒན་ཆེས་པའི་བར་དེ་བཞིན་ནོ། །དགེ་སློང་དག་གིས་གཞོན་ཆེས་པ་རབ་ཏུ་བྱུང༌། དེ་དག་གིས་དགེ་འདུན་གྱི་གནས་མལ་བཤང་གཅིས་མ་རུང་བར་བྱས་པས། དེ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །དེ་བཞིན་དུ་འཐེང་བོ་དང༌། སྨད་འཆལ་དང༌། ཞར་བ་དང༌། ལག་སོར་རྡུམ་པོ་དང༌། སྒུར་པོ་དང༌། མིའུ་ཐུང་དང༌། ལྦ་བ་ཅན་དང༌། ལྐུགས་པ་དང༌། འོན་པ་དང༌། རྟེན་འཕྱེ་དང་སྟེ་རྐང་བམ་དག་རབ་ཏུ་འབྱིན་པར་བྱེད་ན། དེ་དག་ཀྱང་རབ་ཏུ་དབྱུང་བར་(༤༩བ)མི་བྱའོ། །བུད་མེད་ཀྱིས་དུབ་པ་དང༌། ཁུར་གྱིས་དུབ་པ་དང༌། ལམ་གྱིས་དུབ་པ་དང༌། ཡ་ཟ་མ་ལུག་དང༌། གཏའ་གམ་པ་རབ་ཏུ་འབྱིན་པར་བྱེད་ནས། དེ་དག་ཀྱང་རབ་ཏུ་དབྱུང་བར་མི་བྱའོ། །

༡༽ ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ།

ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ནི། སྟོན་པ་མཉན་ཡོད་ནའོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ནང་མི་གཅུགས་པ་ཆེན་པོ་ཞེས་བྱ་བ་ཡོད་པ་རེ་ཞིག་ན་རྒྱལ་པོས་སྤྱོས་པས། །འདི་མགུ་དཀའ་ཡིས་རབ་ཏུ་འབྱུང་ངོ་སྙམ་ནས་རྒྱལ་བྱེད་ཚལ་དུ་སོང་ངོ༌། །དྲུག་སྡེ་གང་རུང་གིས་རྒྱལ་བྱེད་ཚལ་གྱི་སྒོ་མི་སྟོང་པ་ཡིན་པས་ཉེ་དགའ་སྒོ་ན་འདུག་གོ །དེས་དེ་སྔ་ནས་ངོ་ཤེས་པས། འོངས་པ་ལེགས་སོ། །ཆེནཔོ་ཁྱོད་ཟླ་བ་ལྟ་བུར་གནས་ན་རིང་མོ་ཞིག་ལོན་ཏེ་གང་ལས་འོངས། འཕགས་པ། ཡང་ཡང་མཐོང་བས་ནི་བརྙས་པར་འགྱུར་གྱིས། ཡུན་རིང་ཞིག་ལོན་ནས་མཐོང་བ་ནི་ལེགས་པ་ཡིན་ནོ། །ཆེན་པོ་གང་ལས་འོངས། རྒྱལ་པོ་མགུ་དཀའ་བས་མཉེས་པར་མི་ནུས་ཏེ་རབ་ཏུ་འབྱུང་ངོ༌། །ཁྱོད་ཀྱི་སེམས་བསྐྱེད་བཟང་སྟེ་རབ་ཏུ་བྱུང་བ་ནི་མཆོག་ཡིན་ཏེ། སྟོན་པས་ཕན་ཡོན་ལྔ་གསུངས་པས་སོ། །དེས་དེ་རབ་ཏུ་བྱུང་ནས་བསྙེན་རྫོགས་བྱས་སོ། །རྒྱལ་པོས་བློན་པོ་རྣམས་ལ། ཆེན་པོ་མི་སྣང་ན། མི་ནའམ། ལྷ། དེ་ན་བ་ནི་མ་མཆིས་མོད། ལྷས་ཅི་གསུངས་ན་རྒྱལ་བྱེད་ཚལ་དུ་རབ་ཏུ་བྱུང་ལགས། སུས། ཉེ་དགས་སོ། །རྒྱལ་པོ་ཁྲོས་ཏེ་ཕོ་ཉ་བཏང་ནས། བདག་གིས་སྤྱོས་པ་ཁྱོད་ཀྱིས་རབ་ཏུ་དབྱུང་ངམ། ཆེན་པོ་རབ་ཏུ་བྱུང་ན། ད་བདག་དང༌། འཕགས་སྐྱེས་པོ་དང༌། ཕྲེང་ལྡན་མ་དང༌། དབྱར་ཚུལ་མ་རྣམས་ཀྱང་རབ་ཏུ་བྱུང་ལ་ཁྱོད་རྒྱལ་སྲིད་གྱིས་ཤིག །དེས་དེ་ལ་ལན་སྤྲིངས་པ། ལྟོ་སྐྱེས་ཚུར་ཤོག །ཁྱོད་དང་འཕགས་སྐྱེས་པོ་སོགས་རབ་ཏུ་བྱུང་ལ་ང་རྒྱལ་སྲིད་བྱེད་དོ། །ངས་ཁྱོད་ཀྱི་ཆེན་པོའམ། གཞན་ཡང་བསླུས་ཏེ་རབ་ཏུ་བྱུང་ངམ། ངེད་ནི་རྒྱལ་བྱེད་ཚལ་དུ་འོངས་ནས་གསོལ་བ་འདེབས་པ་དེ་རབ་ཏུ་འབྱིན་ནོ། །རྒྱལ་པོས་ཐོས་ནས་མ་དད་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་རྒྱལ་པོས་བཀྲབས་པ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་ལ། རྒྱལ་པོས་བཀྲམས་པ་རབ་ཏུ་དབྱུང་བར་མི་བྱའོ། །ཉེ་བར་འོངས་པ་ལ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །རྒྱལ་པོས་བཀྲབས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་པ་དང༌། དགེ་སློང་རྣམས་ཡུལ་ཐག་རིང་བ་དང༌། རྒྱུས་མི་ཤེས་པའང་རབ་ཏུ་མི་འབྱིན་ནས། ཡུལ་ཐག་རིང་པོ་དང་རྒྱུས་མི་ཤེས་པ་དག་རབ་ཏུ་དབྱུང་བར་བྱ་སྟེ་འགྱོད་པར་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །ཆོམ་རྐུན་པར་གྲགས་པ་ཞིག་རྐུར་ཕྱིན་པ་མིས་ཚོར་བ་དང་ནོར་བོར་ནས་བྲོས་སོ། །དེ་ལམ་གྱིས་དུབ་ནས་རྒྱལ་བྱེད་ཚལ་གྱི་ལམ་ཤིང་དྲུང་ཞིག་ན་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་(༥༠ན)དང༌། ཉེ་དགའ་མཉན་ཡོད་དུ་བསོད་སྙོམས་ལ་ཆས་པས་མཐོང་ནས། ཁྱོད་སུ། བདག་མགོན་མེད་པ་ཞིག་གོ །དེ་ལྟ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། ཁྱོད་རབ་བྱུང་ལགས་པས་དྲང་པོར་སྨྲ་བར་བགྱི་སྟེ་བདག་ཆོམ་རྐུན་པར་གྲགས་པ་ལགས་ན་སུས་རབ་ཏུ་འབྱིན། བུ། སྟོན་པའི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས། སེམས་སྟོན་ཅིག །ངས་རབ་ཏུ་དབྱུང་ངོ་། །ལེགས་ཏེ་རབ་ཏུ་འབྱུང་ངོ༌། །དེས་དེ་རབ་བྱུང་བསྙེན་བྱས་ནས། བཞིན་བཟང་རི་དྭགས་ཀྱིས་རི་དྭགས་མི་སོས། བསོད་སྙོམས་རྒྱུས་ལ་འཚོ་བར་གྱིས་ཤིག །དེ་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ངོ་ཤེས་ནས། ཁ་ཅིག་ན་རེ། འདི་ནི་ཆོམ་རྐུན་པར་གྲགས་པ་དེ་ཡིན་ན་རབ་ཏུ་བྱུང་ངོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། ཤཱཀྱའི་དགེ་སྦྱོང་རྣམས་ནི་ཆོམ་རྐུན་པར་གྲགས་པའམ་རབ་ཏུ་འབྱིན་ཏེ། འདི་དག་ཉིན་མོ་བསོད་སྙོམས་སྤྱོད་པའི་ཆ་བྱད་ཀྱིས་གླགས་དཔྱད་ནས་མཚན་མོ་རྐུ་རུ་འོང་ངོ་ཟེར་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་ཆོམ་རྐུན་པར་གྲགས་པ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས། ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བར་མི་བྱའོ། །དེ་སྐད་གསུངས་པ་དང༌། དགེ་སློང་དག་གིས་ཆོམ་རྐུན་པ་ཡིན་པར་མི་མངོན་པའང་རབ་ཏུ་མ་བྱུང་བས་དེའི་རབ་བྱུང་བསྙེན་རྫོགས་ཀྱི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། ཆོམ་རྐུན་པར་མངོན་པར་རབ་ཏུ་དབྱུང་བར་མི་བྱ་ཡི་མི་མངོན་པ་རབ་ཏུ་དབྱུང་བར་བྱའོ། །ཉེ་བར་འོངས་པ་ལ། ཆོམ་རྐུན་པར་གྲགས་པ་ཡིན་ནམ་ཞེས་དྲི་བར་བྱའོ། །ལྷམ་མཁན་དང་གདོལ་པ་དང་གཡུང་པོ་གསུམ་གྱི་གླེང་གཞི་འདིར་མི་སྣང་ངོ༌། །སྟོན་པ་མཉན་ཡོད་ནའོ། །སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་ཅན་རྣམས་ཐག་བཅུག །ལྷ་དང་མི་རྣམས་དགའ་བར་མཛད་པའི་ཚེ་ཡུལ་ཐ་དད་ན་གནས་པའི་མི་མ་ཡིན་རྣམས་ཀྱང་འཇིག་རྟེན་གྱི་ཁམས་གཞན་ནས་མཉན་ཡོད་དུ་འོངས་སོ། །སྟོན་པ་ལ་དད་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང༌། རྒྱལ་པོ་གསལ་རྒྱལ་དང༌། བཙུན་མོ་ཕྲེང་ལྡན་མ་དང༌། རྒྱལ་རིགས་དབྱར་ཚུལ་མ་དང༌། ཕྱྭ་མཁན་དྲང་སྲོང་བྱིན་དང༌། རྙིང་པ་དག་དང༌། རི་དྭགས་འཛིན་གྱི་མ་ས་ག་དང༌། དད་པ་ཅན་མང་པོ་མཉན་ཡོད་དུ་འོངས་ནས་ཟང་ཟིང་གི་རྙེད་པ་དང་མཆོད་པས་སྐྱེ་བོའི་ཚོགས་རྣམས་ཚིམ་པར་བྱས་སོ། །
དེ་ལྟ་བུའི་འབྱོར་པ་མཆོག་མཐོང་ནས་མི་མ་ཡིན་ཁ་ཅིག་དེ་ཉིད་དུ་མངོན་པར་དགའ་ནས་འདུག་པ་དེ་དག་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པར་གྱུར་པའི་ཚེ། བུད་མེད་དག་གི་ཁྱོ་ཕྱི་རོལ་ཏུ་སོང་བའི་ཆ་ལུགས་སུ་བདག་ཉིད་སྤྲུལ་ནས་དེ་དག་དང་དགའ་མགུར་སྤྱད་པས་རྒྱུ་མཐུན་པ་ལས་ཁྱེའུ་དང་བུ་མོ་རྐང་ལག་དང༌། མིག་དང༌། ལུས་མི་སྡུག་པ་སྐྱེས་ཏེ། ཁ་ཅིག་ནག་ལ་མི་དམར། (༥༠བ)ཁ་ཅིག་མགོ་བོ་ཆེ་ལ་ལུས་ཆུང༌། ཁ་ཅིག་མགོ་སེར། ཁ་ཅིག་སྐྲ་ལྗང་གུའོ། །དེ་དག་མཐོང་བས། མ་དངངས་ཏེ་ཁྱིམ་གྱི་བར་དང༌། ཚང་ཚིང་བར་དུ་བོར་ནས་མི་མ་ཡིན་གྱི་མདངས་ཀྱིས་གསོའོ། །ཁ་ཅིག་མིའི་གཟུགས་སུ་གསལ་བར་སྐྱེ་ཞིང་ཆེར་སྐྱེས་པའི་ཚེ་འགྱུར་བ་སྟོན་པ་དག་ཀྱང་མས་ལམ་པོ་ཆེའི་ཁར་བོར་ནས་མི་མ་ཡིན་གྱི་མདངས་ཀྱིས་གསོའོ། །ཉེ་དགའ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། སྐྲ་ལྗང་ཁུ་ཅན་མཐོང་ནས། འདི་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་འཕྲོག་པར་མི་འགྱུར་བས་རབ་ཏུ་དབྱུང་ངོ་སྙམ་སྟེ། ཁྱོད་སུ་ཡིན། བདག་མགོན་མེད་པ་ཞིག་གོ །འོ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། བདག་སྐྲ་ལྗང་ཁུ་ཅན་སུས་རབ་ཏུ་འབྱིན། བཞིན་བཟང༌། སྟོན་པའི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་པས་ཚུར་ཤོག །ངས་རབ་ཏུ་དབྱུང་ངོ་ཞེས་དེ་རབ་ཏུ་བྱུང༌། བསྙེན་རྫོགས་བྱས་སོ། །
དེ་ནས་ཉིན་ཞག་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ནས། བཞིན་བཟང༌། རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱིས། མཉན་ཡོད་རྒྱ་ཆེ་ལ་རང་གི་སྤྱོད་ཡུལ་དང་ཕའི་སྤྱོད་ཡུལ་ཡང་ཡིན་པས་བསོད་སྙོམས་རྒྱུས་ལ་འཚོ་བར་གྱིས་ཤིག །དེ་མི་དགའ་ནས་ཕྱི་དེ་ཉིན་བསོད་སྙོམས་ལ་ཞུགས་པ་བུད་མེད་ཅིག་གིས་བསོད་སྙོམས་ཁྱེར་ཏེ་ཕྱིར་བྱུང་བས་མཐོང་ནས་བྲང་བརྡུངས་ཏེ། ཁྱོད་སྐྲ་ལྗང་ཁུ་ཅན་ཡིན་ན་སུས་རབ་ཏུ་བྱུང༌། མཁན་པོ་ཉེ་དགས་སྙིང་རྗེས་རབ་ཏུ་བྱུང་ངོ༌། །གནས་ངན་ལེན་ཀུན་ཏུ་སྤྱོད་པ་དེ་མ་གཏོགས་པ་གཞན་སུ་ཞིག་བསྟན་པ་ཀུན་ནས་མཛེས་པ་སུན་འབྱིན་ཞེས་བྱས་པ་དང༌། གཞན་དག་ཀྱང༌། དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ཞིག་གོ །ཚངས་པའི་ཚུལ་ཡང་ཚིག་སྟེ་སྐྲ་ལྗང་ཁུ་ཅན་ཡང་རབ་ཏུ་འབྱིན་ནོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་དེ་ལྟ་བུ་རབ་ཏུ་འབྱིན་པ་ལས་གྱུར་པ་ཡིན་པས་དགེ་སློང་གིས་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ་སྙམ་དུ་དགོངས་ནས། དགེ་སློང་གིས་འཁོར་སུན་འབྱིན་པར་བྱེད་པའི་འཁོར་ཉེ་བར་བཞག་པར་མི་བྱའོ། །དགེ་སློང་རྣམས་ཀྱིས་དེ་མ་ཤེས་ནས་ཞུས་པ། འཁོར་སུན་འབྱིན་པར་བྱེད་པ་ལ་རྒྱུ་གཉིས་ཀྱིས་ཏེ། རིགས་དང༌། མཚན་མས་སོ། །རིགས་ཀྱིས་ནི། མ་རབས། དམན་པ། ཕོངས་པ། ཀོས་ཐག་པ། བཀྲེན་པའི་རིགས་སུ་སྐྱེས་པ་དག་རབ་ཏུ་འབྱིན་ན་རིགས་ཀྱིས་ཡིན་ནོ། །མཚན་མས་ནི། སྐྲ་སེར་དང་ནི་སྐྲ་སེར་སྐྱ། །ཞེས་སོགས་གསུངས་སོ། །སྟོན་པ་མཉན་ཡོད་ནའོ། །ཉེ་བར་འཁོར་གྱི་དགེ་ཚུལ་བྲན་ཅན་དང་སྐྱོང་བ་གཉིས་ཕན་ཚུན་གཏམ་འདྲེས་པ། ཕེབས་པར་སྨྲ་བ། སྨོན་འདྲིན་འགྲོགས་བཤེས་ཡིན་པས། གཅིག་གིས། ཁྱོད་བསྙེན་པར་རྫོགས་ཤིག །ངས་མཁན་བུ་དང་ཁྱོད་ཀྱི་རིམ་གྲོ་བྱའོ། །ཅིག་ཤོས་ཀྱང་དེ་བཞིན་དུ་ཟེར་ནས་གཉིས་ཀ་བསྙེན་པར་མ་རྫོགས་པ་དང༌། ཉེ་བར་འཁོར་གྱིས། སྟོན་པ་ལ། བཙུན་པ། (༥༡ན)མཁན་པོ་གཅིག་དང༌། སློབ་དཔོན་གཅིག་དང༌། ལས་གཅིག་གིས་གཉིས་བསྙེན་པར་རྫོགས་སུ་རུང་ངམ། རུང་ངོ༌། །གསུང་རུང་ངམ། རུང་ངོ༌། །དེ་དག་ལས་གང་རྒན་ལགས། གང་ཡང་མ་ཡིན་ནོ། །བཞི་རུང་ངམ། །མི་རུང་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱ་བས་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཉེ་བར་འཁོར་གྱིས་དེ་གཉིས་ལས་གཅིག་གིས་བསྙེན་པར་རྫོགས་པར་བྱས་པ་དང༌། དེ་གཉིས་གང་ལ་ཕྱག་བྱ་བ་དང༌། ལས་སུ་ཇི་ལྟར་བསྐོ་བ་དང༌། རྙེད་པ་ཇི་ལྟར་བླང་བ་མ་ཤེས་པའི་སྐབས་དེ་གསོལ་བ་དང༌། གཅིག་ལ་གཅིག་ཕྱག་མི་བྱ། རྙེད་པ་ནི་སྔར་འོངས་པས་བླང་ངོ༌། །ཕྱིས་འོངས་པ་ནི་སྔར་ལས་སུ་བསྐོ་ཞིང་རྙེད་པ་ཕྱིས་སྦྱིན་པར་བྱའོ། །སྟོན་པ་མཉན་ཡོད་ནའོ། །ཚེ་དང་ལྡན་པ་བ་ལང་གནས་ཀོའུ་ཤཱམྦཱི་ན་རི་ཆུས་བསྐོར་ལ་བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་སྐྱེད་མོས་ཚལ་གྱི་ཕག་མོའི་ཕུག་ན་འདུག་གོ །དཔྱིད་ཀྱི་དུས་ལ་བབ་པའི་ཚེ། ཤིང་ལྗོན་པ་རྣམས་མེ་ཏོག་རྒྱས་ཤིང་ངང་པ་དང༌། ཁྲུང་ཁྲུང་ལ་སོགས་པ་སྒྲ་འབྱིན་པར་བྱེད་པ་ན། རྒྱལ་པོས་སྐྱེད་མོས་ཚལ་སྲུང་བའི་མི་བོས་ཏེ། ང་སྐྱེད་མོས་ཚུལ་དུ་འགྲོ་ཡིས། སྐྱེད་མོས་ཚལ་བྱི་དོར་གྱིས། ཚལ་རྟོགས་ལ། ལ་གཅན་པ་དག་ཀྱང་སྐོས་ཤིག །ལྷ། བཀའ་བཞིན་འཚལ་ཞེས་དེའི་ཚིག་ཉན་ནས་དེ་ལྟར་བྱས་ཏེ་རྒྱལ་པོ་ལ། ལྷ། མཁྱེན་པར་མཛད་དུ་གསོལ། དེ་ལྟར་བྱས་ལགས་སོ། །དེ་ནས་རྒྱལ་པོ་བཙུན་མོའི་ཚོགས་ཀྱིས་བསྐོར་ནས་སྐྱེད་མོས་ཚལ་དུ་སོང་སྟེ། རྩེ་བ་དང་དགའ་མགུར་སྤྱད་ནས་གཉིད་ལོག་གོ །བུད་མེད་རྣམས་ནི་མེ་ཏོག་དང་འབྲས་བུ་ལ་དགའ་བས། སྐྱེད་མོས་ཚལ་རྒྱུ་ཞིང་སོང་བས། ཚེ་དང་ལྡན་པ་བ་ལང་གནས་སྐྲ་དང་ཁ་སྤུ་རིང་ཞིང་ཆོས་གོས་རྙིང་པ་དང་ཤམ་ཐབས་ཧྲུལ་པོ་གྱོན་ནས་ཤིང་ལྗོན་པ་ཞིག་གི་དྲུང་ན་འདུག་པ་མཐོང་སྟེ། ཨ་ཙི་འདི་ན་འདྲེ་ཞིག་གདའོ་ཞེས་བྲེད་སྐད་ཕྱུང་བ་དང༌། དེ་ནས་བ་ལང་གནས་རིངས་པ་རིངས་པར་ཕག་མོའི་ཕུག་ཏུ་སོང་ངོ༌། །སྒྲ་དེས་རྒྱལ་པོ་གཉིད་སད་དེ་རལ་གྲི་ཤུབས་ནས་ཕྱུང་སྟེ་བརྒྱུགས་ནས། འདྲེ་གང་ན་འདུག །ལྷ། ཕག་མོའི་ཕུག་ཏུ་སོང་ངོ༌། །
དེ་ནས་རྒྱལ་པོ་མཚོན་ཐོགས་ཏེ་ཕུག་གི་སྒོར་བསྡད་ནས། ཀྭ་ཡེ་འབྱུང་པོ་ཁྱོད་སུ་ཡིན། ལྷ། དགེ་སྦྱོང་ལགས་སོ། །སུའི། ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ལགས་སོ། །ཁྱོད་དགྲ་བཅོམ་པ་ཡིན་ནམ། མ་ལགས་སོ། །ཕྱིར་མི་འོང་དང༌། ཕྱིར་འོང་དང༌། རྒྱུན་ཞུགས་དང༌། བསམ་གཏན་བཞི་པ་ཐོབ་པ་དང༌། གསུམ་པ་དང༌། གཉིས་པ་དང༌། དང་པོ་ཐོབ་བམ། མ་ལགས་སོ། །རྒྱལ་པོ་བཙུན་མོའི་འཁོར་ལ་ཕྲག་དོག་ཟ་བས་ལྷག་པར་ཁྲོས་ཏེ། བློན་པོ་རྣམས་ལ། དགེ་སྦྱོང་འདིས་ངའི་བཙུན་མོའི་འཁོར་རྣམས་མ་རུང་བར་བྱས་ཀྱིས། (༥༡བ)རྔ་མོའི་གྲོག་མ་ཆེན་པོ་དག་འདིར་ལྷོགས་ཤིག །དེ་དག་གིས་ཕུག་འདི་ཁྱབ་པར་བཀང་སྟེ་དགེ་སྦྱོང་འདི་གསད་དོ། །ཕག་མོའི་ཕུག་གི་ལྷ་ཞིག་འདུག་པ་དེས་བསམས་པ། རྒྱལ་པོ་གཏུམ་པོ་འདིས་ང་ལ་སྐྱབས་སུ་འོངས་པའི་དགེ་སྦྱོང་ཉེས་པ་མེད་པ་བསད་ན་མི་རུང་གིས། འདི་ཐར་བའི་ཐབས་ལ་བརྩོན་པར་བྱའོ་སྙམ་ནས་ཕག་མོའི་གཟུགས་སུ་སྤྲུལ་ཏེ་སྒོར་བྱུང་བ་དང༌། རྒྱལ་པོ་དེ་ལིངས་ལ་དགའ་བས། ངའི་རྟ་དང་མདའ་གཞུ་ཁྱེར་ཏེ་ཤོག་ཟེར་བ་དང༌། རྟ་དང་མདའ་གཞུ་ཕུལ་ལོ། །ཕག་མོ་དེ་སྐྱེད་མོས་ཚལ་ནས་ཕྱིར་བྲོས་པ་དང༌། རྒྱལ་པོའང་དེའི་ཕྱི་བཞིན་བསྙེགས་ནས་ཐག་རིང་པོར་སོང་ངོ༌། །དེ་ནས་བཙུན་མོ་རྣམས་ཀྱིས་བ་ལང་གནས་ལ། རྒྱལ་པོ་འདི་གཏུམ་པོ་ལགས་པས་ཁྱོད་བཀྲོངས་ན་མི་རུང་གིས་མྱུར་བར་བཞུད་ཅིག །བ་ལང་གནས་ཀྱང་མྱུར་བ་མྱུར་བར་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཉན་ཡོད་དུ་སོང་ངོ༌། །དེ་དགེ་སློང་དག་གིས་མཐོང་ནས། འོངས་པ་ལེགས་སོ། །གང་ནས་འོངས། ཀོའུ་ཤཱམྦཱི་ནས་སོ། །བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། རྒྱལ་པོ་འཆར་བྱེད་ཀྱིས་ཧད་པོར་དེའུ་བསད་དོ། །ཅིའི་ཕྱིར། དེས་རྒྱས་པར་སྨྲས་པའི་སྐབས་དེ་གསོལ་བ་དང༌། སྟོན་པས་དགེ་སློང་ཞིག་ལ། ཁྱོད་བ་ལང་གནས་ཅན་སོང་ལ། སྟོན་པའི་སྤྱན་སྔར་ཤོག་ཅེས་སྒོས་ཤིག །དེས། བཙུན་པ། བཀའ་བཞིན་འཚལ་ཞེས་བ་ལང་གནས་ལ་དེ་སྐད་བསྒོ་བ་དང༌། དེ་ཡང་སྟོན་པའི་སྤྱན་སྔར་སོང་ནས་ཕྱག་འཚལ་ཏེ་མཐའ་ཞིག་ཏུ་འདུག་གོ །སྟོན་པས། ཁྱོད་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཅིའི་ཕྱིར་དེའུ་བསད། དེས་སྐབས་དེ་རྒྱས་པར་གསོལ་བ་དང༌། མི་གཏི་མུག་ཅན་ཁྱོད་ཕུག་དེ་ལ་ལྷག་པར་ཆགས་པས་སྡུག་བསྔལ་བར་གྱུར་ཏོ། །ཉེས་དམིགས་དེ་ནི་སྐྲ་རིང་པོར་འཇོག་པ་ལས་གྱུར་པ་ཡིན་པས་སྐྲ་རིང་པོ་བཞག་པར་མི་བྱའོ། །དེ་སྐད་བཀའ་སྩལ་པ་དང༌། དགོན་པ་བ་དག་གིས་འབྲེག་མཁན་མ་རྙེད་ནས་དགོན་པའི་གནས་མལ་སྤངས་ཏེ་གྲོང་མཁར་འཁོད་དོ། །སྟོན་པས་མཁྱེན་བཞིན་དུ་རྨེད་པ་དང༌། དེ་རྒྱས་པར་གསོལ་བས། དེ་བས་ནས་དགོན་པ་བས་སྐྲ་སོར་གཉིས་ཀྱི་ཚད་དུ་བཞག་པར་རྗེས་སུ་གནང་ངོ༌། །གྲོང་མཐའ་བས་ནི་དེ་བས་ཐུང་ངུར་བྱའོ། །སྟོན་པ་མཉན་ཡོད་ནའོ། །མགོན་མེད་ཟས་སྦྱིན་གྱིས་ཕྱོགས་བཞིའི་དགེ་འདུན་ལ་རྒྱལ་བྱེད་ཚལ་ཕུལ་པའི་ཚེ། དེས། འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེགས་ཤིག་ཅེས་འབྲེག་མཁན་བཏང་བ་དང༌། ཉེ་དགའ་སྒོ་ན་འདུག་པས་མཐོང་ནས། བཞིན་བཟང༌། གང་ལ་འོངས། ཁྱིམ་བདག་གིས་འདི་ལ་བཏང་ངོ༌། །སྐྲ་ཆན་པས་འདྲེག་ཤེས་སམ། འདི་ནི་བདག་གི་བཟོ་ལགས་སོ། །དེ་ལྟར་ན་བྲེགས་ཤིག །དེས་ཆན་པས་བྲེགས་པ་དང༌། ཡང་བྲེགས་ཤིག །ཡང་བྲེགས་པ་དང༌། ད་དུང་ཡང་བྲེགས་ཤིག་ཅེས་ཉི་མ་ནུབ་ཀྱི་བར་དུ་མ་བཏང་བར། དེའི་འོག་ཏུ། བཀྲེན་པ།(༥༢ན) ཁྱོད་ཅི་ཡང་མི་ཤེས་པ་ཞིག་སྟེ། མཉམ་པར་བྱོས་ཏེ་སོང་ཞིག །ཅེས་པའི་སྐབས་དེ་གསོལ་བ་དང༌། སྐྲ་ཆན་བྲེག་པར་མི་བྱའོ། །
དེ་ནས་དགེ་སློང་གི་མགོ་ལ་རྨ་བྱུང་སྟེ་སྤུ་གྲིས་རེག་པ་ན་སྣད་པའི་སྐབས་དེ་གསོལ་བ་དང༌། རྨའི་ཐན་ཀོར་ནི་མ་གཏོགས་ཏེ་ལྷག་པ་སྤུ་གྲིས་བྲེག་པར་བྱའོ། །སྟོན་པ་མཉན་ཡོད་ན་བཞུགས་སོ། །མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་རྒྱལ་བྱེད་ཚལ་ཕུལ་པའི་ཚེ། དེས་འདྲེག་མཁན་བཏང་བ་དང༌། ཉེ་དགས། བཞིན་བཟང༌། གཙུག་ཕུད་འཇོག་ཤེས་སམ། དེ་ཉིད་བདག་གི་སུག་ལས་ལགས་སོ། །བལྟ་ཡི་ཞོག་ཅིག །ཇི་ལྟར་བཞག །ཆེན་པོ་རོ། །ཆེན་པོ་བཞག་པ་དང༌། ཕྱོགས་གཅིག་ནས་བྲེགས་ཤིག །དེས་ཕྱོགས་གཅིག་བྲེགས་པ་དང༌། དེས། གཉིས་པ་ནས་བདུན་པའི་བར་བྲེགས་ཤིག་ཟེར་ནས། བྲེགས་པ་དང༌། བཀྲེན་པ། ཁྱོད་ཅིའང་མི་ཤེས་པ་ཞིག་གིས། སྔ་མ་བཞིན་དུ་བྱོས་ལ་སོང་ཞིག །ཅེས་པའི་སྐབས་དེ་གསོལ་བ་དང༌། དགེ་སློང་གིས་གཙུག་ཕུད་བཞག་པར་མི་བྱའོ། །ཡང་ཁྱིམ་བདག་གིས་འདྲེག་མཁན་བཏང་བ་དང༌། ཉེ་དགས། བཞིན། བཞིན་བཟང༌། འདོམས་ཀྱི་སྤུ་འདྲེག་ཤེས་སམ། དེ་ཉིད་བདག་གི་བཟོ་ལགས་སོ། །དེ་ལྟ་ན་བྲེགས་ཤིག །ཇི་ལྟར་འདྲེག །མཛེས་པར་བྲེགས་ཤིག །དེས་བྲེགས་པ་དང༌། འདི་ལྟར་བྲེགས་ཤིག །དེ་བཞིན་དུ་བྱས་པ་དང༌། འདི་ལྟར་ཡང་བྱོས་ཤིག་ཅེས་ཉི་མ་ནུབ་ཀྱི་བར་དུ་མ་བཏང་བས། ཤཱཀྱའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཉམས་ཏེ། གསང་བའི་སྤུའང་འདྲེག་པར་བྱེད་དོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་གིས་འདོམས་ཀྱི་སྤུ་བྲེག་པར་མི་བྱའོ། །དེ་སྐད་གསུངས་པ་དང༌། འདོམས་ཀྱི་ཕྱོགས་སུ་རྨ་བྱུང་བ་དང་སྲིན་བུ་བྱུང་བའམ་སྤུ་མི་འདྲེག་པས་སྣད་པའི་སྐབས་དེ་གསོལ་བ་དང༌། དགེ་སློང་གནས་བརྟན་གནས་བརྟན་དག་ལ་བསྟན་ནས། རྨའམ་སྲིན་བུའི་ཕྱིར་འདོམས་ཀྱི་སྤུ་བྲེག་པར་བྱའོ། །ཡང་ཁྱིམ་བདག་གིས་འདྲེག་མཁན་བཏང་བ་དང༌། ཉེ་དགས། བྱིན་སྤུ་འདྲེག་ཤེས་སམ། དེ་ཉིད་བདག་གི་བཟོ་ལགས་སོ། །དེ་ལྟ་ན་བྲེགས་ཤིག །ཇི་ལྟར་འདྲེག །མཛེས་པར་རོ། །དེས་བྲེགས་པ་དང༌། འདི་ལྟར་བྱོས་ཤིག །དེ་བཞིན་དུ་བྱས་པ་དང༌། འདི་ལྟར་ཡང་བྱོས་ཤིག་ཅེས་ཉི་མ་ནུབ་ཀྱི་བར་དུ་མ་བཏང་བས། སྨོད་པའི་སྐབས་དེ་གསོལ་བ་དང༌། བྱིན་སྤུ་བྲེག་པར་མི་བྱའོ། །སྟོན་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་བརྩེགས་པ་ན་བཞུགས་སོ། །བྱིན་སྤུ་མི་འདྲེག་པར་གསུངས་པ་དང༌། དགེ་སློང་རྣམས་བརླ་ལ་རྨ་དང་སྲིན་བུ་བྱུང་ནས་སྣད་པའི་སྐབས་དེ་གསོལ་བ་དང༌། རྨ་དང་སྲིན་བུའི་ཕྱིར་ནི་བྱིན་སྤུ་འདྲེག་པར་བྱའོ། །སྟོན་པ་མཉན་ཡོད་ནའོ། །ཁྱིམ་བདག་གིས་འདྲེག་མཁན་ལ། རྒྱལ་བྱེད་(༥༢བ)ཚལ་དུ་སོང་ལ། འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེགས་ཤིག །དེས་རྒྱལ་བྱེད་ཚལ་དུ་སོང་བ་དང༌། ཉེ་དགས་མཐོང་ནས། འོངས་པ་ལེགས་སོ། །ཅི་ལ་འོངས། ཁྱིམ་བདག་གིས་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེག་པའི་སླད་དུ་བཏང་ངོ༌། །སེན་མོ་འདྲེག་ཤེས་སམ། དེ་ཉིད་བདག་གི་བཟོ་ལགས་སོ། །བལྟ་ཡི་ཚུར་ཤོག །དེ་ཉེ་བར་འོངས་པ་དང༌། ཉེ་དགས་ལག་པ་བརྐྱངས་སོ། །ཇི་ལྟར་འདྲེག །འབྲུའི་རྩེ་མོ་ལྟར་བྲེགས་ཤིག །དེ་ལྟར་བྲེགས་པ་དང༌། ད་ནི་ར་བའི་ཅོག་ལྟ་བུ་དང༌། སྤུ་གྲིའི་སོ་ལྟ་བུ་དང༌། སྟེའུ་ཁ་ལྟ་བུ་དང༌། ཟླ་བ་ཚེས་པ་ལྟར་གྱིས་ཤིག །དེས་ཇི་ལྟར་བསྒོ་བ་བཞིན་བྱས་པ་དང༌། མཇུག་ཏུ། བཀྲེན་པ་ཁྱོད་ཅིའང་མི་ཤེས་པ་ཞིག་གིས། མཉན་པར་གྱིས་ལ་སོང་ཞིག །དེ་ཉི་མ་ནུབ་ནས་ཁྱིམ་བདག་གི་དྲུང་དུ་སོང་བ་དང༌། ཀྱེ་ཁྱོད་ཀྱིས་འཕགས་པ་ཇི་སྙེད་ཅིག་གི་སྐྲ་དང་ཁ་སྤུ་བྲེགས། བདག་གིས་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་ག་ལ་བྲེགས། གཟུ་ལུམས་ཅན་ཉེ་དགས་བགོར་ནས། འབྲུའི་རྩེ་མོ་དང་འདྲ་བ་སོགས་གྱིས་ཤིག་ཟེར་ཏེ། དེ་ལྟར་བྱས་པ་དང༌། བཀྲེན་པ་ཁྱོད་ཅིའང་མི་ཤེས་པ་ཞིག་གིས། མཉམ་པར་གྱིས་ལ་སོང་ཞིག །ཅེས་ཟེར་ན། ད་གཟོད་ཁོ་ན་ཤོར་ན་ཅི་བགྱི། ཁྱིམ་བདག་ཀྱང༌། དགེ་སློང་རྣམས་ཉེ་བར་མ་ཞི་བའོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་སེན་མོ་འདྲེག་པ་ལས་གྱུར་པ་ཡིན་པས་སེན་མོ་བྲེག་པར་མི་བྱའོ། །
དེ་ལྟར་གསུངས་པ་དང་དགེ་སློང་རྣམས་སེན་མོ་རིང་པོར་འདུག་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། འཕགས་པ་དག །ཅིའི་ཕྱིར་སེན་མོ་རིང་པོར་འཇོག །བཞིན་བཟང༌། སྟོན་པས་མ་གནང་ངོ༌། །ཁྱེད་སེན་མོ་བཅངས་པས་འདག་པར་འགྱུར་རམ། སྐབས་དེ་གསོལ་བ་དང༌། སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་ཡིན་ཏེ། སེན་མོ་སྤུ་གྲིའི་སོ་ལྟ་བུའམ། སྟེའུའི་ཁ་ལྟ་བུར་བྲེག་པར་བྱའོ། །ཁྱིམ་བདག་གིས་སེན་མོ་འཆོས་མཁན་བཏང་བ་དང༌། ཉེ་དགས། སོན་སེན་མོ་འཆོས་ཤེས་སམ། དེ་ཉིད་བདག་གི་བཟོ་ལགས་སོ། །ཆོས་ཤིག །ཇི་ལྟར་བྱ། སེར་པོ་དང་དམར་པོ་དང་དཀར་པོ་དང་གསེར་གྱི་ཁ་དོག་ལྟ་བུར་གྱིས་ཤིག །དེ་བཞིན་དུ་བྱས་པ་དང༌། བཀྲེན་པ་ཁྱོད་ཅི་ཡང་མི་ཤེས་པ་ཞིག་གིས། མཉན་པར་གྱིས་ལ་སོང་ཞིག །ཅེས་དེ་ཉི་མ་ནུབ་ནས་ཁྱིམ་བདག་གི་དྲུང་དུ་སོང་བ་སོགས་སྔར་དང་འདྲ། སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་སེན་མོ་བྱི་དོར་བྱེད་པ་ལས་གྱུར་པ་ཡིན་པས། དགེ་སློང་གིས་སེན་མོ་དག་བྱི་དོར་མི་བྱའོ། །དེ་གསུངས་པ་དང༌། ཚོན་རྩིའི་ལས་དང༌། ལྷུང་བཟེད་ཀྱི་ལས་བྱེད་པ་རྣམས་ཀྱི་སེན་མོ་དྲི་མ་ཆགས་ལ་མདོག་མི་སྡུག་པར་གྱུར་པས་བསོད་སྙོམས་ལ་ཞུགས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཁྱེད་ཅིའི་ཕྱིར་སེན་(༥༣ན)མོ་དྲི་མ་ཆགས་ཤིང་མདོག་མི་སྡུག །དེ་དག་གིས་བསྙད་པ་དང༌། ཅིའི་ཕྱིར་དྲི་མ་མི་དབྱི། མ་གནང་ངོ༌། །ཁྱེད་ཅག་དྲི་མའི་འདམ་བཅངས་པས་འདག་པར་འགྱུར་རམ། སྐབས་དེ་གསོལ་བ་དང༌། དྲི་མ་བསལ་བའི་ཕྱིར་སེན་མོ་དྲུད་པར་བྱའོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་རྣམས་ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་འདྲེག་པར་བྱེད་པ་དང༌། དེ་ཉིད་གྱོན་བཞིན་ཟན་ཟ། སྟོན་པ་ལ་ཕྱག་འཚལ་བ་དང༌། མ་དད་པ་རྣམས། ཤཱཀྱའི་དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པའོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའོ། །འོན་ཀྱང་སྐྲ་བཟེད་ཀྱི་གོས་བཅང་བར་བྱ་ཞིང་དེ་བགོས་ནས་སྐྲ་བྲེག་པར་བྱའོ། །ཁ་ཅིག་ལ་འབྱོར་པ་མེད་ན། འབྱོར་པ་མེད་པ་དེ་དག་གིས་རྔུལ་གཟན་གྱིས་ལུས་དཀྲིས་ལ་སྐྲ་བྲེག་པར་བྱའོ། །སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་དག །ཉི་མ་ནི་ཤར། བྱ་རོག་ནི་སྐད་འབྱིན། ཞིང་པ་ནི་ཞིང་རྨོ། ཆོས་རྐུན་པ་ནི་ངུའོ། །དེའི་དོན་ཉི་མ་ཤར་བ་ནི་སངས་རྒྱས་བྱོན་པའོ། །བྱ་རོག་སྐད་འབྱིན་པ་ནི་ཆོས་འཆད་པའོ། །ཞིང་པ་ཞིང་རྨོ་བ་སྦྱིན་བདག་སྦྱིན་པར་བྱེད་པའོ། །ཆོམ་རྐུན་པ་ངུ་བ་ནི་བདུད་ཀྱི་འཁོར་རོ། །དེ་བས་ན། དགེ་སློང་དག །སྟོན་པ་ནི་ཉན་ཐོས་རྣམས་ལ་ཐུགས་བརྩེ་བས་ཐུགས་རྗེའི་དོན་སྟོན་པ། ཕན་པར་དགོངས་པ། ཐུགས་རྗེ་བཞིན་པས་ན་ངས་ཁྱེད་ལ་དོན་བྱས་ཀྱིས། ཁྱེད་ཀྱིས་དབྱེ་བའི་རིགས་སོ། །
དེ་ན་འདི་ལྟར། དགོན་པ་དང༌། ཤིང་དྲུང་དང༌། ཁང་སྟོང་དང༌། རི་དང༌། གྲོག་པོ་དང༌། རི་ཕུག་དང༌། སོག་མའི་ཕུང་པོ་དང༌། བླ་གབ་མེད་པ་དང༌། དུར་ཁྲོད་དང༌། ནགས་ཚལ་གྱི་ཕྱོགས་དང༌། བས་མཐར་གནས་པར་བྱ་སྟེ། དགེ་སློང་དག །བག་མེད་པར་མ་བྱེད་ཅིག །ཕྱིས་འགྱོད་པར་གྱུར་ཏ་རེ། ངས་བསྟན་པ་འདི་ནི་ངས་རྗེས་སུ་བསྟན་པའོ་ཞེས་གསུངས་པ་དང༌། དགེ་སློང་དག་དགོན་པ་དང༌། ནགས་ཚལ་སོགས་བས་མཐར་བསམ་གཏན་བྱེད་པ་ལ་ཞུགས་སོ། །ཁྱིམ་བདག་ཅིག་གིས་དགེ་སློང་གི་ཕྱིར་དགོན་པར་ཁང་པ་ཕུལ། དེར་དགེ་སློང་ཞིག་འདུག་པ་དེ་སྐྲ་དང་ཁ་སྤུ་རིང་པོར་གྱུར་ཏེ། སྐྲ་དང་ཁ་སྤུ་རིང་བ་ཁྱིམ་བདག་གིས་མཐོང་ནས། དགེ་སློང༌། སྐྲ་དང་ཁ་སྤུ་རིང་པོ་འཇོག་གམ་ཅི། འདྲེན་མཁན་མེད་དོ། །ཁོ་བོས་གཏང་ངོ༌། །དེས་འདྲེག་མཁན་བཏང༌། དེ་ལེ་ལོ་ཅན་ཞིག་པས་གདིང་བའི་སྟེང་དུ་འདུག་བཞིན་པས་སྐྲ་བྲེགས་པས་སྐྲ་གདིང་བའི་སྟེང་དུ་ལྷུང་སྟེ་ཟད་པར་དོར་མ་ནུས་སོ། །ཁྱིམ་བདག་དེ་ལྟར་སོང་ནས་གདིང་བའི་སྟེང་དུ་འདུག་པས་དེའི་གོས་ལ་སྐྲ་ཆགས་ཏེ། ཁྱིམ་དུ་སོང་བ་དང༌། ཆུང་མས། ཁྱོད་འདྲེག་མཁན་གྱི་ཁྱིམ་ན་འདུག་གམ། དེས་གོས་ལ་སྐྲ་ཆགས་པ་མཐོང་ནས་ལྟར་སོང་སྟེ་གདིང་བ་སྐྲས་གང་བ་མཐོང་ནས། དགེ་སློང༌། གདིང་བའི་སྟེང་དུ་སྐྲ་མི་འདྲེག་(༥༣བ)ཙམ་ཡང་མི་ཤེས་སམ། དེས་དེར་འཕྱས་པ་དེ་གསོལ་བ་དང༌། དེ་ཡུས་ཏེ། གདིང་བར་ཡང་མི་བྱའོ། །དགེ་སློང་དག་གིས་གནས་ཁང་དང༌། འཆག་ས་དང༌། སྒོ་ཁང་དུ་བྲེགས་པས་ཉེས་དམིགས་དེ་ཉིད་བྱུང་ནས། གང་དུ་དགེ་འདུག་ཕྱག་དར་འཆག་པར་ཡང་མི་བྱའོ། །ཁ་ཅིག་རྒས། ཁ་ཅིག་ན་ནས་འགྲོ་མ་ནུས། རེས་ཉི་མ་དང་ཆར་པས་གནོད་པ་དེ་གསོལ་བ་དང༌། རྒན་པོ་དང༌། ནད་པ་དང༌། རླུང་དང༌། ཉི་མ་དང༌། ཆར་པ་དག་ལ་ཁྱམས་ལ་སོགས་པར་འདྲེག་ཏུ་གཞུག་གོ་ཞེས་སོགས་སོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་མ་དག་གཞོན་ནུས་སྐྲ་བྲེགས་པ་དང་ཆགས་པར་གྱུར་པ་དེ་གསོལ་བ་དང༌། སེམས་ནི་རྒོད་པ་སྟེ། དྲན་པ་ཉེ་བར་མ་བཞག་པས་བསླུས་པར་འགྱུར་རོ། །བུད་མེད་ཕལ་ཆེར་འདོད་ཆགས་རབ་ཏུ་ཆེ་བས། དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་ཞལ་ཏ་མ་བྱས་པར་སྐྱེས་པས་སྐྲ་མི་བྲེག་གོ །དགེ་སློང་མ་ཀུན་ཏུ་ཆགས་པར་གྱུར་ན་ཞལ་ཏེ་བྱེད་པ་མོས་རྗེས་སུ་བསྟན་པར་བྱ་སྟེ། དྲན་པ་ཉེ་བར་ཞོག་ཅིག །ཕུ་ནུ་མོ། ཁྱིམ་པའི་ལས་ནི་ཁྱོད་ཀྱིས་སྤངས་ན། བསྙེན་པར་རྫོགས་པའི་ཚེ་དགེ་འདུན་སྡེ་གཉིས་ལས་ཁྱོད་ཀྱིས་ཁས་བླངས་པ་དེ་སོམས་ཤིག །འདོད་པ་ནི་བདེ་བ་ཆུང་ཞིང་སྡུག་བསྔལ་མང་ལ་ཉེས་དམིགས་གང་བར་གསུངས་ཀྱིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤོངས་ལ་རབ་ཏུ་བྱུང་བའི་སེམས་ཉེ་བར་ཞོག་ཅིག །འདྲེག་མཁན་དེ་ཆགས་ན་ནི། དགེ་སློང་མ་འདིའི་ལུས་ནི་རུས་པའི་འཁྲུལ་འཁོར། འདི་ནི་རྒྱན་མེད་ལ་ལུས་དྲི་མ་ཅན། འདི་རབ་ཏུ་བྱུང་བ་ཡིན་གྱིས་དེ་ལྟ་བུའི་སེམས་ཟློག་ཅིག་ཅེས་སོ། །དགེ་སློང་དག་གིས་སྐྲ་དང་ཁ་སྤུ་བྲེགས་ནས་ཁྲུས་མ་བྱས་པར་སོང་བ་དང༌། བྲམ་ཟེ་དང་ཁྱིམ་བདག་རྣམས། དགེ་སྦྱོང་རྣམས་སྤུ་གྲིའི་ལས་བྱས་ནས་ཁྲུས་མི་བྱེད་པས་གཙང་སྦྲ་མེད་པའོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། སྤུ་གྲིའི་ལས་དེ་བྱས་ནས་ཁྲུས་བྱའོ། །ཁ་ཅིག་རྒས་པ་དང༌། ཁ་ཅིག་ན་ནས་ཁྲུས་མ་ནུས། ཁ་ཅིག་གིས་ཆུ་མ་རྙེད་ནས་གསོལ་བ་དང༌། དེ་དག་གིས་ནས། ཡང་ན་ཡན་ལག་ལྔའི་ཁྲུས་བྱའོ། །
སྟོན་པ་མཉན་ཡོད་ནའོ། །དྲུག་སྡེ་རྣམས་ཆུ་བོ་དྲེགས་ལྡན་ལ་གཅེར་བུས་ཁྲུས་བྱེད་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། གཅེར་བུར་ཁྲུས་བྱེད་པ་འདི་དག་སུ་ཞིག །གཞན་དག་གིས། ཤཱཀྱའི་བུ་ཡིན་ནོ། །དེ་དག་འཕྱ་ཞིང༌། སྟོན་པ་ངོ་ཚ་ཤེས་པ་དེ་ལྟ་བུ་ལ་ངོ་ཚ་དང་ཁྲེལ་དང་བྲལ་བ་འདི་ལྟ་བུ་ག་ལ་ཡོད་ཟེར་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་སྒྲེན་མོར་ཁྲུས་བྱེད་པ་ལས་གྱུར་པ་ཡིན་པས་དགེ་སློང་གིས་སྒྲེན་མོར་ཁྲུས་མི་བྱའོ། །འོན་ཀྱང་ཁྲུས་རས་བཅང་བར་བྱའོ། །སྟོན་པ་མཉན་ཡོད་ནའོ། །སྦོམ་དགའ་མོས་སྐྱེས་པ་ཁྲུས་བྱེད་སར་ཁྲུས་བྱས་པ་དང༌། ཁྱེའུ་གཞོན་ནུ་དག་གིས་དེ་མཐོང་ནས། ཀྱེ་ལྟོས་ཤིག་དགེ་སློང་མ་མགོ་བྱི་མོ་དེའི་(༥༤ན)ལུས་ནི་ནགས་ཀྱི་མ་ཧེ་བཞིན་ནོ་ཞེས་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་ཁྲུས་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ན་བུད་མེད་ཅིག་ཆུ་བོ་ཨ་ཛི་ར་བ་ཏིའི་བུད་མེད་ཀྱི་ཁྲུས་སའི་འགྲམ་ན་སྐྲ་བཤད་ཀྱིན་འདུག་པ་དང༌། སྦོམ་དགའ་མོ་ཁྲུས་བྱེད་པར་འདོད་དེ། ཁྲུས་ཀྱི་ཕྱེ་མ་ཁྱེར་ནས་ཆུ་བོ་ཨ་ཛི་ར་བ་ཏིར་སོང་ངོ༌། །དེས་བུད་མེད་དེ་མཐོང་ནས་ཕྲག་དོག་གི་ཀུན་ནས་དཀྲིས་པས། འདིས་བདག་ལ་འགྲན་ཏེ། འདི་མི་དགའ་བར་འགྱུར་བ་དང༌། ཕྱིས་བདག་མཐོང་ན་སྐྲས་འགྲན་བར་མི་འགྱུར་བར་བྱའོ་སྙམ་ནས་སྐྱུ་རུ་རའི་ཕྱེ་མ་སྐྲ་ལ་གཏོར་རོ། །འཕགས་མ། བདག་གིས་ཉེས་པ་ཅི་བྱས་ན་ཁྲུས་བྱས་ཟིན་པ་ལ་ཕྱེ་མས་གཏོར། བུ་ཟན་མོ། ང་ལ་སྔོན་སྐྲ་ཡོད་མ་མྱོང་ངམ། དེས་ན་ཁྱོད་གཙེ་ཡིས། སོངས། ཁྲུས་བྱོས། ངས་ཁྱོད་ཀྱི་སྐྲ་ལ་མི་གཙང་བ་སྣ་ཚོགས་ཀྱིས་མ་རུང་བར་བྱས་སམ། དེ་འཕྱ་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་མས་བུད་མེད་ཁྲུས་བྱས་ཟིན་པ་ལ་ཕྱེ་མ་མི་གཏོར་རོ། །སྟོན་པ་མཉན་ཡོད་ནའོ། །སྟོན་པས། སྟོངས་མོ་བྱའོ་ཞེས་གསུངས་པ་དང༌། དགེ་སློང་ཞིག་སྐས་ལ་འཛེག་པ་ན་འོག་ན་ཤིང་མཁན་ཞིག་འདུག་པས་དེ་འདོམས་དང་བ་མཐོང་ནས། ཁྱོད་སྐྱེས་པའི་དབང་པོ་དང་ལྡན་པས་ཕོ་ཡིན་པར་གདོད་ཤེས་སོ་ཞེས་སྨྲས་པས་དེ་གནོང་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་གོས་མདུད་པ་མ་བོར་བར་སྐས་ལ་འཛེག་པ་ལས་གྱུར་པ་ཡིན་པས་གོས་མདུད་པ་བོར་ནས་མཁར་ལན་བྱའོ། །དགེ་སློང་རྣམས་གོས་མདུད་པ་བོར་ནས་མཁར་ལན་བྱེད་པ་ན་མ་དད་པ་རྣམས་འཕྱ་སྟེ། ཅི་སྟོབས་འགྱེད་དམ། བཞིན་བཟང༌། མཁར་ལན་བྱེད་དོ། །དེ་དག་ཅིའང་མི་སྨྲ་བའི་སྐབས་དེ་གསོལ་བ་དང༌། སྐས་ལ་འཛེག་པ་ལས་གཞན་གྱི་དུས་སུ་དེ་ལྟར་མི་བྱའོ། །དགེ་སློང་ཞིག་གིས་ཁ་མ་བཀབ་པར་གླལ་བ་དང༌། གཟན་གིས་དེའི་ཁར་ཕོ་མཚན་བཅུག་པས། ཁ་མ་བཀབ་པར་གདང་བར་མི་བྱའོ། །ཁྲུས་རས་བཅང་བར་བྱའོ་ཞེས་གསུངས་པ་དང༌། ཉིས་རིམ་འཆང་ནས། ཆིག་རྐྱང་འཆང་གི་ཉིས་རིམ་ལ་ནི་སྲོག་ཆགས་ཀུན་ཏུ་འཆགས་པས་ཉིས་རིམ་ཡོད་པ་དེས་ཆུ་བརྟགས་ལ་བཀྲུའོ། །ཆོས་གོས་གསུམ་པ་རྣམས། མི་རུང་སྙམ་ནས་མི་འཆང་བ་དང༌། ཆོས་གོས་གསུམ་པས་ཀྱང་བྱིན་གྱིས་བརླབས་ཏེ་བཅང་ངོ༌། །ཁ་ཅིག་གིས་ཁྲུས་རས་མ་རྙེད་ནས། ཁྲུས་རས་མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ། །ཁྲུས་རས་གཅུས་ཏེ་འགྱོད་པ་དང༌། རས་ཆིག་རྐྱང་ལ་ནི་སྲོག་ཆགས་མེད་ཀྱིས། སྲོག་ཆགས་ཆགས་ནས་བཤལ་ནས་གཅུས་པས་མེད་པར་འགྱུར་རོ། །དགེ་སློང་རྣམས་ཁང་(༥༤བ)བཟང་དུ་ཁྲུས་བྱས་པས་རི་མོ་བྱིད་ནས། དེར་མི་བྱ་ཡི། རྫིང་གི་གྲྭ་ཞིག་ཏུ་ཁྲུས་ཁང་བྱའོ། །འདམ་རྫབ་ཏུ་གྱུར་ནས། དེར་སོ་ཕག་གི་གཅལ་དགྲམ་མོ། །ཆུ་འཁྱིལ་ནས། གཏོར་ཁུང་གདོད་དོ། །དེའི་ཁ་འགགས་ནས་ལྗན་ལྗིན་བསལ་བར་བྱའོ། །གཏོར་ཁུང་དུ་ཁྲུས་བྱེད་ན་འདམ་རྫབ་མི་འབྱུང་ངོ༌། །སྟོན་པ་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དྲུག་སྡེ་རྣམས་ཡངས་པ་ཅན་དུ་བསོད་སྙོམས་ལ་ཞུགས་པ་དང༌། ཡངས་པ་ཅན་དང་ཁང་པ་བརྩེགས་པའི་འགྲམ་ན་ཡངས་པ་ཅན་གྱིས་ལི་ཙ་བྱི་རྣམས་ཀྱི་སྐྱེད་མོས་ཚལ་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པ། བྱ་སྣ་ཚོགས་སྐད་འབྱིན་པ། དགའ་བའི་ཚལ་དང་འདྲ་བ་དེ་ན་དེ་དག་གིས་བརྩལ་བའི་ཡོ་བྱད་དང༌། གླུ་གར་དང༌། རོལ་མོའི་ཆ་བྱད་དང༌། ཁྲུས་ཀྱི་ཡོ་བྱད་སྣ་ཚོགས་བཞག་པ་དང༌། དྲུག་སྡེས་སྨྲས་པ། སྟོན་པས་ཡངས་པ་ཅན་གྱི་སྐྱེད་མོས་ཚལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དང་འདྲའོ་ཞེས་ཟེར་གྱིས་ལྟར་འདོང་ངོ་ཞེས་སྐྱེད་མོས་ཚལ་དུ་ཞུགས་པ་དང༌། ད་ན་བརྩལ་བའི་ཡོ་བྱད་མདའ་བོ་ཆེ་ལ་སོགས་པ་དང༌། རོལ་མོའི་ཆ་བྱད་པི་ཝང་ལ་སོགས་པ་དང༌། ཁྲུས་ཀྱི་ཡོ་བྱད་སོ་ཕག་ལ་སོགས་པ་མཐོང་བ་དང༌། དགའ་བོ་ཉེ་དགས། ཡོ་བྱད་ཕུན་སུམ་ཚོགས་པ་དུ་མ་ཡོད་ན། རེ་ཞིག་བརྩལ་བ་བྱའམ། གར་བྱའམ། གླུ་བླང་ངམ། རོལ་མོའི་སྒྲ་བྱའམ། ཁྲུས་བྱ། སྨྲས་པ། བདག་ཅག་ཁྲུས་བྱས་ནས་རིང་ཞིག་ལོན་གྱིས། ཁྲུས་བྱའོ། །དེ་དག་གློད་ནས་སོ་ཕག་གི་དུམ་བུས་དྲུད་ཅིང་ཁྲུས་བྱས་པས། དེ་དག་གཟོ་དང་ལས་ཀྱི་གནས་ལ་མཁས་པས་སིལ་སྙན་ཡན་ལག་ལྔ་པ་ལྟ་བུའི་སྒྲ་སྙན་པ་བྱུང་སྟེ། ལམ་དེ་ནས་འགྲོ་བའི་སྐྱེ་བོའི་ཚོགས་ཀྱིས་སྒྲ་དེ་ཐོས་ནས་ཡུད་ཙམ་ཉན་ཏེ། ལི་ཙ་བྱི་རྣམས་ཀྱི་སྐྱེད་མོས་ཚལ་ན་གར་མཁན་གར་བྱེད་པ་ལྟར་འདོང་ཞེས་མྱུར་བར་ཕྱིན་པ་དང༌། དྲུག་སྡེ་རྣམས་ཕྱིར་བྱུང་ངོ༌། །དེ་དག་གིས། ཕྱོགས་གང་ན་གར་མཁན་རྣམས་གར་བགྱིད། བཀྲེན་པ། གར་མཁན་གར་བྱེད་པ་ལ་སྒྲ་འདི་ལྟ་བུ་འབྱུང་ངམ། ཁོ་བོ་ཅག་ལུས་དྲུད་ནས་ཁྲུས་བྱས་པ་ཡིན་ནོ། །ཅི་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་གྱིས་གཟིར་ཏམ། བཀྲེན་པ། ཁྱེད་ཀྱི་མགྲིན་པ་རྡོག་པས་མནན་ལ་ཁོ་བོ་ཅག་འདོད་པའི་ཡོན་ཏན་གྱིས་གཟིར་ཏོ། །ཁྱེད་ཁོ་བོ་ཅག་གི་རྗེས་སུ་སྟོན་པ་ཡིན་ནམ། མ་སྨྲ་བར་སོང༌། གནོད་པ་བྱས་པ་རེ་ཞིག་བསྡིགས་པ་དང་སྤ་གོང་ནས་སོང་སྟེ་འཕྱ་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་སོ་ཕག་གི་དུམ་བུས་ལུས་དྲུད་དེ་ཁྲུས་བྱེད་པ་ལས་གྱུར་པ་ཡིན་པས། སོ་ཕག་གིས་ལུས་དྲུད་དེ་ཁྲུས་མི་བྱའོ། །དགེ་སློང་དག་རྐང་པ་སེར་ག་བྱུང་ཞིང་དྲི་མ་དང་བཅས་བཞིན་དུ་བསོད་སྙོམས་ལ་ཞུགས་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས། ཅིའི་ཕྱིར་དྲི་མ་མི་སྦྱང་། སྟོན་པས་མ་གནང་ངོ༌། །(༥༥ན)ཁྱེད་དྲི་མའི་འདམ་བཅངས་པས་དག་པར་འགྱུར་རམ། །སྐབས་དེ་གསོལ་བ་དང༌། སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་སྟེ། སོ་ཕག་གིས་རྐང་པ་དྲུད་པར་བྱ། ལུས་གཞན་ནི་མ་ཡིན་ནོ། །སོ་ཕག་གིས་ལུས་དྲུད་པར་མི་བྱའོ་ཞེས་གསུངས་པ་དང༌། དགེ་སློང་རྣམས་ཉ་ཕྱིས་ཀྱིས་འདྲུད་པར་བྱེད་པ་དང༌། བཀའ་སྩལ་པ། ཉ་ཕྱིས་ཀྱིས་དྲུད་པར་མི་བྱའོ། །མཉན་ཡོད་དུ་སྦོམ་དགའ་མོས་བྱིས་པ་གཞོན་ནུ་དག་ལུས་འཁྲུ་བའི་ནང་དུ་ཞུགས་ཏེ་སོ་ཕག་གི་དུམ་བུས་ལུས་དྲུད་ཅིང་ཁྲུས་བྱས་པ་དང༌། དེ་དག་ཆགས་པར་གྱུར་ཏེ། མགོ་རེག་མ་ཕ་བི་གྱད་ཆེན་པོ་གོ་ཆ་བགོས་པ་དང་འདྲ་བ་ཞིག །ལུས་ཕ་གུས་འཕྱི་ཞིང་འདུག་གོ་ཞེས་འཕྱ་བ་དེ་གསོལ་བ་དང༌། དགེ་སློང་མས་ལུས་ཕ་གུས་མ་འཕྱི་ཞིག །སྟོན་པ་མཉན་ཡོད་ནའོ། །དེ་བཞིན་དུ་རྡོ་ལེབ་དང༌། གོས་དཀྲིས་པ་དང༌། ཁུ་ཚུར་གྱིས་ཕྱིས་པས་ཉེས་དམིགས་སུ་གྱུར་ནས། དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང༌། གོས་དྲིལ་བ་དག་ཡན་ཆད་ཀྱིས་ཀྱང་དྲུད་པར་མི་བྱའོ། །མཉན་ཡོད་ནའོ། །དགེ་སློང་རྣམས་ཁྲུས་བྱས་ནས་ལུས་གཤེར་བཞིན་དུ་ཆོས་གོས་གྱོན་པས་ཁྲ་བོ་དང་དྲི་མི་ཞིམ་པར་གྱུར་ཏོ། །སྐབས་དེ་གསོལ་བ་དང༌། ལུས་ཕྱིས་བཅང་བར་བྱའོ། །ཁ་ཅིག་ལ་དེ་མེད་ནས། མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ལུས་ཕྱིས་ཏེ་ཆོས་གོས་བགོ་བར་བྱའོ། །མཉན་ཡོད་ནའོ། །དགེ་སློང་ནད་པ་ཞིག་སྨན་པའི་གན་དུ་སོང་ནས། བཞིན་བཟང༌། བདག་ལ་སྨན་སྟོན་ཅིག །འཕགས་པ། བསྲོ་ཁང་སྟེན་དང་སོས་པར་འགྱུར་རོ། །
བཞིན་བཟང༌། ཁོ་བོས་འདོད་པ་དག་སྤྱད་པར་བྱའམ། ཁྱད་ཀྱི་སྨན་འདི་ལགས་ཀྱིས། གཞན་གྱིས་མི་འཚོའོ་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་གིས་བསྲོ་ཁང་པསྟེན་པར་བྱའོ། །དགེ་སློང་དག་གིས་སྨན་པ་ལ། བཞིན་བཟང༌། སྟོན་པས་གནང་ངོ༌། །བསྲོ་ཁང་ཇི་ལྟ་བུ། འཕགས་པ། བདག་གིས་འཁོར་ལོས་བསྒྱུར་བའི་གསོ་བ་བཀླགས་པ་ལས་བསྲོ་ཁང་ཞེས་འབྱུང་བར་ཟད་ཀྱིས། བསྲོ་ཁང་ཇི་ལྟ་བུ་མ་འཚལ་ཏེ། སྟོན་པ་ཐམས་ཅད་མཁྱེན་པ་ལགས་པས་མཁྱེན་ཏོ་ཟེར་བའི་སྐབས་དེ་གསོལ་བ་དང༌། བསྲོ་ཁང་གི་ཁང་པ་ཟླུམ་པོ་བྱའོ། །དེ་དག་སྐར་ཁུང་མི་གདོད་ནས། སྐར་ཁུང་གདོད་པར་བྱའོ། །དེ་དག་སྐར་ཁུང་ཕྱི་ཡངས་ལ་ནང་དོག་པ་བྱེད་ནས། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་བྱའོ། །མཐོན་པོར་གཏོད་བ་ན་མུན་པ་ནག་པ་དང༌། དམའ་བར་གཏོད་བ་ན་དུ་བ་འཚང་དུ་མི་བཏུབ་ནས། དཀྱིལ་དུ་གདོད་པར་བྱའོ། །བྱེའུ་དང་ཕུག་རོན་འཇུག་ནས། སྐར་ཁུང་དྲ་བ་ཅན་བྱའོ། །རླུང་དང་ཆར་ཆུ་འོང་ནས། སྐར་ཁུང་ལ་སྒོ་གླེགས་བྱའོ། །རླུང་གིས་འདུག་ཏུ་མི་བཏུབ་ནས། འཁོར་གཏན་དང་གནམ་གཟེར་དང༌། (༥༥བ)འཕྲེད་གཏན་དང་བཅས་པ་གཞུག་གོ །དབྱེ་བ་དང་གཅད་དཀའ་ནས། དབྱུ་གུ་སྐམ་ཁའང་ཉེ་བར་གཞག་གོ །སྒོ་ལ་སྒོ་གླེགས་མི་འཇུག་ནས། སྒོར་སྒོ་གླེགས་དང༌། སྒོ་གཏན་དང༌། ཡང་མིག་དང༌། ལག་ཟུང་ལེགས་པར་བྱའོ། །ཆུ་དམའ་སར་བཞག་པས་གྲང་ནས། ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་གཞག་སྟེགས་བྱ་ཞིང་དེར་བུམ་པ་གཞག་པར་བྱའོ། །མེ་བུས་པས་ཞལ་བ་ཉམས་ནས། མེ་བུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་དགྲམ་པར་བྱའོ། །མེ་གདལ་བས་ཤི་ནས། མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ། །ཅིས་བཅེར་བ་མི་ཤེས་ནས་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ། །མེ་འབར་བ་ན་ཞུགས་པས་རྨྱ་བར་གྱུར་ནས། མེ་འབར་བ་ན་མི་རྨ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ། །ཞུགས་པ་ན་མེའི་དུགས་ཀྱིས་བོག་བོགས་ནས་ས་ལ་འགྱེལ་བས། བོགས་བོག་པ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཉུངས་མར་དུ་བསྲེགས་པ་དག་མེར་བླུགས་སོ། །དེས་དྲི་མི་ཞིམ་ནས། དྲི་མི་ཞིམ་པ་ཉིད་བསལ་བའི་ཕྱིར་བདུག་སྤོས་བླུགས་སོ། །དུད་པས་མཆི་མ་འཛག་ནས། མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་གཅད་དོ། །འོན་ཀྱང་འཛག་ནས། སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ༌། །སྟན་མེད་ན་སྟན་ཁྱེར་ཏེ་སོང་ལ་སྣུམ་གྱིས་ཆུད་ཟོས་ནས། དེར་རྩྭ་བམ་གྱི་སྟན་གདིང་ངོ༌། །རྐང་པ་ལ་ས་རྡུལ་གོས་ནས། ས་གཞིར་རྩྭ་དག་དགྲམ་མོ། །སྐམ་པོ་བཏིང་བ་མེས་ཚིག་ནས། སྔོན་པོ་དགྲམ་མོ། །སྔོན་པོ་མ་རྙེད་ནས། ཆུས་སྦངས་ལ་དགྲམ་མོ། །འབྲུ་མར་གྱིས་སྣུམ་པ་ན་འཇག་མ་དང་གསེག་མས་ལུས་ལ་ཕྲུགས་པས་རྨ་བྱུང་ནས། གཡན་པ་འཕྲུག་པའི་ཆེད་དུ་ལྕགས་ཀྱི་འཕྲུག་སྤྱད་བྱའོ། །དེ་གར་བབ་བབ་ཏུ་བཞག་པས་མ་རུང་ནས། རྫས་ཀྱི་བླས་ལུང་མིག་ནས་ཐ་གུས་བཏགས་ཏེ་དབེན་པར་གཞག་གོ །དེ་སྣུམ་པས་ཡང་ཡང་སྦྱོང་ནས། དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ། །དེར་ཁྲུས་བྱས་པས་འདམ་རྫབ་ཏུ་གྱུར་ནས། དེར་ཁྲུས་མི་བྱ་བར་དེའི་ཕྱི་རོལ་ཏུ་ཁྲུས་བྱའོ། །ཁྲུས་བྱེད་པ་ལ་ཆུས་གནོད་ནས། ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་སྒྲོན་པའི་ཁྲུས་དོང་བྱས་ལ་ཁྲུས་བྱེད་པ་དེ་ཁྲུས་དོང་དུ་ཞུགས། ཁྲུས་ཆུ་ལྡུགས་པ་ཁར་འདུག་ནས་ཁྲུས་ཆུ་བླུགས་སོ། །དེ་ཆུས་གང་ནས། དེ་ལ་གཏོར་ཁུང་གདོད་དོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་ལ་སྦྲན་པར་བྱའོ། །དེར་གྲང་མོས་བསྲེའོ། །དགེ་སློང་རྣམས་ཁྲུས་བྱས་ནས་འདག་རྫས་སོགས་གཙུག་ལག་ཁང་དུ་ལེན་པས་འགོད་ནས། དེ་ཉིད་དུ་ཐལ་བ་དང༌། བ་ལང་གི་ལྕི་བ་དང༌། སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། །མེའི་དུགས་ཀྱིས་ཉམས་དམས་ནས། ཁྱེའུ་སུས་བྱའོ། །མཉན་ཡོད་ན་འཚོ་བ་པ་ཞིག་ན་ནས་སྨན་པ་ལ་དྲིས་པས། བསྲོ་ཁང་གི་ཁྲུས་གྱིས་ཤིག །བདག་ནི་སློང་(༥༦ན)མོས་འཚོ་བ་ཡིན་ན། ཇི་ལྟར་བསྲོ་ཁང་དུ་ཁྲུས་འབྱོར། དགེ་སློང་རྣམས་ཟླ་བ་ཕྱེད་ཅིང་ཁྲུས་བྱེད་ཀྱིས། དེར་སོང་ལ་ཁྲུས་གྱིས་ཤིག །དེས་གོས་ས་དམར་དུ་ཁ་བསྒྱུར་བ་གྱོན་ནས་དགེ་སློང་གི་ནད་དུ་ཞུགས་པ་དང༌། དགེ་སློང་རྣམས་ཀྱིས་དེའང་དགེ་སློང་ངོ་སྙམ་ནས་མ་བཀག་གོ །དེ་མྱུར་བར་ཁྲུས་བྱས་ཏེ། མི་ལྡེ་ཞིང་འདུག་པ་དང༌། དགེ་སློང་ཞིག་གིས་མཐོང་ནས། ཚུར་ཤོག་ཁྲུས་བྱའོ། །དེས་མགོ་དྲིལ་བ་དང༌། དེའི་དཔུང་བ་ནས་བཟུང་སྟེ་བསླང་པས། ཤཱཀྱའི་བུ་མི་གཙང་བ་ཁྲུས་མ་བྱས་པས་ཁྲུས་བྱས་པ་ལ་རེག་གོ །ངེད་ཤཱཀྱའི་བུ་ཡིན་ན། ཁྱོད་སུ། འཚོ་བ་པའོ། །སྐབས་དེ་གསོལ་བ་དང༌། དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན། དེར་གཏོགས་པས་ངེས་པར་ཤེས་པར་བྱ་བའི་ཕྱིར་མིང་དྲི་བར་བྱ་ཞིང༌། དགེ་སློང་སྒོ་བ་བསྐོའོ། །མིང་ཤེས་པའང་དྲིས་པ་དང༌། ངོ་ཤེས་པ་མ་འདྲི་ཞིག །མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་དགེ་འདུན་གྱི་ཕྱིར་དུ་དུགས་ཁང་བྱས་པ་དང༌། དེར་དགེ་སློང་དག་གིས་འབྲུ་མར་བྱུགས་ཏེ་རྐང་པ་ལ་རེག་ནས་མགོ་ལ་རེག །མགོ་ལ་རེག་ནས་ཁ་ལ་རེག །ཁ་ལ་རེག་ནས་ལག་པ་དང་རྐང་པ་ལ་རེག་ཅིང༌། སླར་ཡང་ཁ་ལ་རེག་སྟེ་གོས་ངན་པ་ཞིག་གིས་སྨད་གཡོགས་ནས་འདུག་པ་དང༌། ཁྱིམ་པ་མ་དད་པ་ཞིག་ཕྱོགས་དེར་འོངས་པས་མཐོང་ནས་འཕྱ་བའི་སྐབས་དེ་གསོལ་བ་དང༌། དེ་བས་ན་དུགས་ཁང་དུ་ཁྱིམ་པ་མ་དད་པ་འཇུག་ཏུ་མི་གཞུག་གོ །
དེ་ནས་རེ་ཞིག་ནས་དགེ་སློང་རྣམས་དུགས་ཁང་དུ་ཞུགས་པའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་འོངས་པ་དང༌། སྒོ་བས། ཁྱིམ་བདག་ནང་དུ་མ་འགྲོ་ཞིག །སྟོན་པས་དུགས་ཁང་དུ་ཁྱིམ་པ་མ་བཏང་ཞིག་གསུངས་སོ། །དེས་ཁོ་བོའང་གཞན་དུ་འགྱུར་རམ། ཁོ་བོས་ངེས་པར་འཕགས་པ་དག་གི་ལས་བྱའོ། །དེ་གསོལ་བ་དང༌། དད་པ་ནི་དུགས་ཁང་དུ་ཐོངས། ལས་ཀྱང་བྱེད་དུ་ཆུག་ཅིག །དེ་ནས་མགོན་མེད་ཟས་སྦྱིན་ནང་དུ་འགྲོ་བ་དང་ལྷན་ཅིག་ཏུ་བྲམ་ཟེ་ཞིག་ཀྱང་འོངས་ནས་དེ་མ་བཏང་བ་དང༌། དེས་ཅིའི་ཕྱིར་ཁྱིམ་བདག་བཏང་ལ་བདག་མི་གཏོང༌། དེ་ལ་སྨྲས་པ། ཁྱིམ་བདག་ནི་དད་པས་ནང་དུ་བཏང་ངོ༌། །འོ་ན་བདག་ཀྱང་དད་ན་ནང་དུ་གཏོང་ངམ། དེ་གསོལ་བ་དང༌། དད་པར་གྱུར་ན་ནང་དུ་ཐོང་ཞིག །དེ་ནང་དུ་བཏང་བས། དགེ་སློང་རྐང་པ་རེག་ནས་ཁ་ལ་རེག་ཅིང་སྒྲེན་མོར་འདུག་པ་མཐོང་ནས་མ་དད་པར་འཕྱ་བའི་སྐབས་དེ་གསོལ་བ་དང༌། དད་པ་ཆུང་བ་མ་བཏང་ཞིག །བསྲོ་ཁང་དུ་བྱི་དོར་གྱི་ལས་བྱའོ་ཞེས་གསུངས་པ་དང༌། བྱི་དོར་གྱི་ལས་སུས་བྱ་བ་མ་ཤེས་ནས། བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང༌། ཉེ་གནས་དག་གིས་བྱའོ། །དེ་དག་གིས་ནི་གཅིག་གིས་གཅིག་(༥༦བ)ལའོ། །ཁྲིའུ་དང་ཞེས་སོགས་ནས། འཕགས་པའི་མི་སྨྲ་བ་ཉིད་ལ་དམིགས་པའོ་ཞེས་པའི་བར་མ་མོ་ལས་གསུངས་ཤིང༌། བསྲོ་ཁང་གནང་བའང་རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འཁྲུལ་བའི་ཕྱིར་མ་ཡིན་གྱི། ལུས་འདི་གསོ་བའི་ཕྱིར་རོ། །དུགས་ཁང་ལ་ཡོན་ཏན་ལྔ་སྟེ། རྡུལ་དང་དྲི་མ་འབྱང༌། པགས་པ་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་སེལ། ནད་མེད་པར་བྱེད་པའོ། །མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་དགེ་འདུན་གྱི་ཕྱིར་དུགས་ཁང་བྱས་སོ། །
དྲུག་སྡེས་གོས་གཅིག་པུས་སྨད་གཡོགས་བྱས་ཏེ་གཅིག་ལ་གཅིག་ལས་བྱས་ཏེ་འཁོད་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས། འདི་ལྟ་བུ་བྱེད་པ་སུ་ཞིག །ཁ་ཅིག་གིས། མུ་སྟེགས་སོ། །ཁ་ཅིག་གིས། མུ་སྟེགས་མ་ཡིན་གྱི། དགེ་སྦྱོང་ངོ༌། །སྟོན་པ་ངོ་ཚ་དང་ལྡན་ན། ཅིའི་ཕྱིར་འདི་དག་ངོ་ཚ་དང་ཁྲེལ་མེད། དེ་གསོལ་བ་དང༌། དེ་བས་ན་དུགས་ཁང་དུ་གོས་གཅིག་པས་བྱི་དོར་གྱིས་ལས་མི་བྱའོ། །ལུས་ཀྱི་དེ། མ་དད་པ་བྱེད་དུ་མི་གཞུག་གོ་ཞེས་པའི་གླེང་གཞི། དེར་མ་དད་པ་འཇུག་ཏུ་མི་གཞུག་པ་དང་གཅིག་གོ །མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དུགས་ཁང་དུ་སྤྱན་དྲངས་པ་དང༌། དགེ་སློང་དགྲ་བཅོམ་པ་ཞིག་གིས་དགེ་སློང་ཉམས་པ་ཁ་ཅིག་གིས་ལས་བྱེད་པ་གཟིགས་ནས། ཁྱེད་ཅག་གིས་དགེ་སློང་འདི་ལ་དགེ་སློང་འདིས་ལས་བྱེད་པ་མཐོང་ངམ། བཙུན་པ། མཐོང་ངོ༌། །ལས་བྱེད་པ་འདི་ནི་དགྲ་བཅོམ་པའོ། །གང་ལ་ལས་བྱ་བ་འདི་ནི་ཚུལ་ཁྲིམས་ཉམས་པ། སྡིག་པའི་ཆོས་ཅན། ཁོང་རུལ་པ་སྟེ། དེ་བས་ན་སེངྒེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ། །
དེ་ནས་མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་ཁྱེའུ་གཟུགས་བཟང་བ་ཞིག་བཙས་ཏེ་ཆེར་སྐྱེས་པ་དང༌། རབ་ཏུ་བྱུང་ནས་མཛོད་གསུམ་དང་ལྡན་པར་གྱུར་ཏེ་དེས་འདི་སྙམ་དུ། སྟོན་པས། ཕ་མ་ནི་བྱ་བ་བྱེད་པ། ཕན་པར་བྱེད་པའོ། །བུས་ཕྲག་པ་གཅིག་ལ་ནི་མ། གཉིས་པ་ལ་ནི་ཕ་ཁྱེར་ཏེ་ལོ་བརྒྱ་ཚང་གི་བར་དུ་ཁྱེར་ཏམ། ཡང་ན་ས་གཞི་ཆེན་པོ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དེའི་དབང་ཕྱུག་ཏུ་བཅུག་ཀྱང་དེས་ནི་ཕ་དང་མ་ལ་ཕན་པར་མི་འགྱུར་གྱི། གང་གིས་ཕ་མ་དད་པ་མེད་པ་དད་པ་ཕུན་སུམ་ཚོགས་པར་བྱས་སམ། ཚུལ་ཁྲིམས་ངན་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར། སེར་སྣ་ཅན་ལས་གཏོང་བ་ཕུན་སུམ་ཚོགས་པར། ཤེས་རབ་འཆལ་བ་ལས་ཤེས་རབ་ཕུན་སུམ་ཚོགས་པ་ལ་བཀོད་ན་ཕ་མ་ལ་ཕན་བཏགས་པར་འགྱུར་རོ་ཞེས་གསུངས་སོ། །བདག་གིས་ཀྱང་ཕ་མ་ལ་ཕན་པ་ཅུང་ཟད་ཅིག་བྱའོ་སྙམ་ནས་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་ཕ་མ་(༥༧ན)གཉིས་སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཀོད། ཕ་ལ་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་ཡོན་ཏན་རྒྱས་པར་བརྗོད་པ་དང༌། དེས། བདག་གིས་ཀྱང་བསོད་ནམས་ཀྱི་དངོས་པོ་ཅུང་ཟད་ཅིག་བྱའོ། །ལེགས་ཀྱིས། གྱིས་ཤིག །ཅི་ཞིག་བྱ། དུགས་ཁང་གྱིས་ཤིག །དེས་དུགས་ཁང་བྱས་ཏེ་ཁྱིམ་བདག་དེ་རང་གིས་དུགས་ཁང་དུ་ལས་བྱས་པས་ཤིན་ཏུ་ངལ་ནས། དེས། བུ། བདག་རབ་ཏུ་ངལ་གྱིས་ངའི་རྒྱ་ཅུང་ཞིག་མཉེས་ཤིག །སྟོན་པས། སེངྒེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མ་བྱེད་ཅིག་ཅེས་མ་གནང་ངོ༌། །བུ། སེངྒེ་དང༌། ཝ་ལྟ་བུ་གང༌། ཡབ། བདག་ནི་སེངྒེ་ལྟ་བུ་སྟེ། ཚུལ་ཁྲིམས་དང་ལྡན་པའོ། །ཁྱོད་ནི་ཝ་ལྟ་བུ་སྟེ། ཚུལ་ཁྲིམས་ངན་པ་དང་ལྡན་ནོ། །བུ། ཝ་དང་འདྲ་བ་ང་ལྟ་བུ་ལས་སེངྒེ་དང་འདྲ་བ་ཁྱོད་ལྟ་བུ་སྐྱེས་སམ་ཞེས་ཟེར་བའི་སྐབས་དེ་གསོལ་བ་དང༌། གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་སྐྱོང་བར་བྱེད་པའི་རིགས་དེ་ནི་ཚངས་པ་དང་བཅས་པ། སློན་དཔོན་དང་བཅས་པ། སྦྱིན་པར་རིགས་པ། མེ་དང་བཅས་པ། ལྷ་དང་བཅས་པའོ། །ཕ་དང་མ་གཉིས་ཚངས་པ་སྟེ། སློབ་དཔོན་སྔ་མའང་དེ་བཞིན་ནོ། །ཇི་ལྟར་མེ་ཡི་ལྷ་བྲན་བཞིན། །བུ་ཡི་སྦྱིན་པའི་གནས་ཡིན་ནོ། །དེ་བས་དེ་གཉིས་ཕྱག་བྱ་ཞིང༌། །ཕྱི་བར་བྱ་ཞིང་བཀྲུ་བ་དང༌། །རྐང་པ་གཉིས་ཀྱང་བཀྲུ་བར་བྱ། །དེ་བཞིན་མཁས་པས་བསྙེན་བཀུར་བྱ། །ཡང་ན་བཟའ་བ་ལྟུང་བ་དང༌། །བགོ་བ་མལ་སྟན་དེ་བཞིན་ཏེ། །དེས་ནི་ཕ་དང་མ་གཉིས་ལ། །མཁས་པས་བསྙེན་བཀུར་བཅས་བྱེད་ན། །འདིར་ནི་མནར་བར་མི་འགྱུར་ཏེ། །སོང་ནས་མཐོ་རིས་དགའ་བར་འགྱུར། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཕ་མ་དང་བླ་མ་ལ་རིམ་གྲོ་བགྱིད་པའི་ཡོན་ཏན་བརྗོད་པ་ངོ་མཚར་ཆེའོ། །
བཀའ་སྩལ་པ། འདི་ལ་ངོ་མཚར་ཅི་ཆེ། ང་ཉོན་མོངས་པ་དང་བཅས་པའི་དུས་ནའང་མ་ལ་གནོད་པ་ཅུང་ཟད་བྱས་པས་སྡུག་བསྔལ་ཆེན་པོ་མྱོང་བ་དང༌། ཕན་པ་ཅུང་ཟད་བྱས་པས་བདེ་བ་ཆེན་པོ་མྱོང་བར་འགྱུར་ཏེ། དེ་དག་ལེགས་པར་ཡིད་ལ་གྱིས་དང་བཤད་པར་བྱའོ། །སྔོན་ཝཱ་ར་ཎཱ་སཱི་ན་དེད་དཔོན་མཛའ་བོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བྱུང་ཡང་ཤི་ནས་བུ་འདོད་པས་ལྷ་ལ་གསོལ་ཀྱང༌། བུ་མ་གསོས་པས། གཞན་ཞིག་གིས། ཁྱོད་ལ་བུ་བཙས་ན་བུ་མོའི་མིང་དུ་ཐོགས་ཤིག་རིང་དུ་འཚོ་བར་འགྱུར་རོ་ཞེས་བསྒོའོ། །རེ་ཞིག་ན་དེའི་ཆུང་མ་ལ་བུ་གཟུགས་བཟང་བ་ཞིག་བཙས་ཏེ་བཙས་སྟོན་བྱས་ནས་མིང་འདོགས་པ་ན། མཛའ་བོའི་བུ་ཡིན་ལ། (༥༧བ)བུ་མོའི་མིང་དུ་གདགས་པས་ན་མཛའ་བོའི་བུ་མོར་བཏགས་སོ། །དེའི་ཕ་རྒྱ་མཚོ་ཆེན་པོར་ཞུགས་ནས་དེ་ཉིད་དུ་ཤིའོ། །དེ་ནས་མཛའ་བོའི་བུ་མོས། མ་ལ། བདག་གི་ཕ་སྔོན་ལས་གང་གིས་འཚོ། བདག་ཀྱང་དེ་བཞིན་བསྒྲུབ་བོ། །མས་བསམས་པ། རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ཞེས་སྨྲས་ན། འདིའང་དེར་ཞུགས་ནས་ཤི་དོགས་ཏེ། ཁྱོད་ཀྱི་ཕ་འབྲུ་འཚོང་པ་སྟེ། ཁྱོད་ཀྱང་དགའ་ན་འབྲུ་འཚོང་པར་གྱིས་ཤིག །དེས་འབྲུའི་ཚོང་ཁང་བརྩིགས་ཏེ་ཐོག་མའི་ཉིན་པར་ཀརྵ་པ་ན་བཞི་རྙེད་དེ་དེ་དག་མ་ལ་བྱིན་ཏོ། །རེ་ཞིག་ན་གཞན་ཞིག་གིས། ཁྱོད་ཀྱི་ཕ་ནི་དྲི་འཚོང་པའོ་ཞེས་སྨྲས་པ་དང༌། དེས་འབྲུ་འཚོང་པ་བཏང་ནས་དྲིའི་ཚོང་བྱས་པའི་ཉི་མ་དང་པོ་ལ་ཀརྵ་པ་ན་བརྒྱད་རྙེད་དེ་དེ་དག་ཀྱང་མ་ལ་བྱིན་ཏོ། །ཡང་གཞན་ཞིག་གིས། ཁྱོད་ཀྱི་ཕ་གསེར་འཚོང་པའོ་ཞེས་སྨྲས་པ་དང༌། དེ་དྲི་འཚོང་པ་བཏང་ནས་གསེར་འཚོང་པའི་ཉི་མ་དང་པོ་ལ་ཀརྵ་པ་ན་བཅུ་དྲུག་རྙེད་དེ་མ་ལ་བྱིན་ཏོ། །དེའི་ཕྱི་ཉིན་ཀརྵ་པ་ན་སུམ་ཅུ་རྩ་གཉིས་རྙེད་དེ་དེ་དག་ཀྱང་མ་ལ་བྱིན་ཏོ། །
དེ་ནས་གསེར་འཚོང་ཕྲག་དོག་ཅན་དག་གིས། གྲོང་ཁྱེར་ཐམས་ཅད་ཀྱི་གསེར་འདིས་བསྡུས་སོ་སྙམ་ནས། མཛའ་བོའི་བུ་མོ་ལ། ཁྱོད་ཀྱི་ཕ་སྔོན་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ན། ཁྱོད་སུས་འདི་འདྲ་ངན་པས་འཚོ་བ་ལ་འཇུག་ཏུ་བཅུག་ཅེས་སྨྲས་པ་དང༌། དེས་མ་ལ། བདག་གི་ཕ་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་པར་ཐོས་ཀྱིས། བདག་ཀྱང་རྒྱ་མཚོ་ཆེན་པོར་འཇུག་གོ །མས། བུ། དེ་ནི་བདེན་མོད། ཁྱོད་ནི་གཞོན་ལ་བུ་གཅིག་པུ་ཡིན་པས་ཁོ་མོ་བོར་ནས་རྒྱ་མཚོ་ཆེན་པོར་མ་འགྲོ་ཞིག །དེས་མའི་ཚིག་མ་ཉན་པར། རྒྱ་མཚོ་ཆེན་པོར་འགྲོ་འདོད་པ་རྣམས་འདོང་ངོ་ཞེས་བསྒྲགས་ནས་ཚོང་པ་ལྔ་བརྒྱས་བསྐོར་ཏེ་ཆས་པ་དང༌། མས་མཆི་མས་བརྣངས་བཞིན་དུ་དེའི་རྐང་པ་གཉིས་ལས་བཟུང་སྟེ། ཁོ་མོ་བོར་ནས་མ་འགྲོ་ཞིག་ཅེས་སྨྲས་པ་དང༌། ཁྲོས་ནས་མའི་མགོ་རྐང་པས་ཕུལ་ཏེ་སོང་ངོ༌། །མས། བུ། ཁྱོད་ལ་ལས་འདི་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །དེ་རིམ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང༌། དོང་ཚེ་རྙིང་པ་ལྔ་བརྒྱས་གྲུ་བོ་ཆེ་ཉོས་ནས་རྒྱ་མཚོའི་ནང་དུ་ཞུགས་པ་དང༌། ཆུ་སྲིན་ཉའི་རིགས་ཀྱིས་གྲུ་མ་རུང་བར་བྱས་ཏེ་མཛའ་བོའི་བུ་མོ་གྲུ་ཚལ་ཞིག་ལ་འཇུས་ནས་མཐར་ཕྱིན་ཏེ་སྐམ་ལ་སོང་བ་དང༌། དགའ་བ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེར་སོང་བ་ན་ལྷའི་བུ་མོ་གཟུགས་ལེགས་ཤིང་ལྟ་ན་སྡུག་པ་བཞི་བྱུང་སྟེ་བདེ་བར་འོངས་སམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་བདག་ཅག་དང་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ༌། །
དེ་དག་གིས། ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའང་མ་ཉན་པར་(༥༨ན)སོང་བ་དང༌། དེས་རྟག་ཏུ་ང་རོ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང༌། སྔར་གྱི་དེ་བས་གཟུགས་མཛེས་པའི་ལྷ་མོ་བརྒྱད་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ༌། །དེ་དག་གིས་ཀྱང༌། ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས་སོང་བ་དང༌། དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང༌། དེ་བས་ཀྱང་གཟུགས་མཛེས་པའི་ལྷའི་བུ་མོ་བཅུ་དྲུག་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ༌། །དེ་དག་གིས་ཀྱང༌། ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས་སོང་བ་དང༌། བླ་མའི་ཚངས་པ་ཞེས་བྱ་བའི་ཁང་པ་བཟང་པོ་མཐོང་ནས་དེའི་སྒོར་ཕྱིན་པ་དང༌། དེ་བས་ཀྱང་གཟུགས་མཛེས་པའི་ལྷ་མོ་སུམ་ཅུ་རྩ་གཉིས་བྱུང་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་བཟའ་བཏུང་དང་གོས་དང་རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་ལྷན་ཅིག་བཞུགས་ཤིག །དེས་དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱོང་ངོ༌། །དེ་དག་གིས་ཀྱང༌། ལྷོ་ཕྱོགས་སུ་མ་འགྲོ་ཞིག་ཅེས་བསྒོའང་འགྲོ་འདོད་ནས་སོང་བ་དང༌། ལྕགས་ཀྱི་ཁང་པ་ཞིག་མཐོང་ནས་དེའི་ནང་དུ་ཞུགས་པ་དང༌། ཞུགས་མ་ཐག་སྒོ་བཅད་དོ། །དེ་བཞིན་དུ་སྒོ་སུམ་རིམ་གྱི་ནང་དུ་ཞུགས་པ་དང་ཐམས་ཅད་སྒོ་བཅད་དོ། །དེ་ན་སྐྱེས་བུ་ལུས་རབ་ཏུ་ཆེ་བ་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་ཞིག་འཁོར་ཞིང་འདུག་སྟེ་མགོ་ལས་རྣག་ཁྲག་བྱུང་བ་ཟས་སུ་ཟ་བ་མཐོང་ནས། ཁྱོད་ཅིའི་ཕྱིར་འདི་ལྟར་གྱུར་ཅེས་དྲིས་པས། ངས་མ་ལ་གནོད་པ་བྱས་པའི་ཕྱིར་རོ། །མཛའ་བོའི་བུ་མོའི་ལས་ཀྱང་མངོན་སུམ་དུ་སྨིན་ཏེ། བདག་གིས་ཀྱང་མ་ལ་གནོད་པ་བྱས་པའི་ལས་ཀྱིས་ཁྲིད་ནས་འདིར་འོངས་སོ་སྙམ་པ་དང༌། དེ་མ་ཐག་ཏུ་ནམ་མཁའ་ལས། གང་བཅིངས་པ་དེ་ནི་ཐར། གང་མ་བཅིངས་པ་དེ་ནི་བཅིངས་པའོ་ཞེས་པའི་སྒྲ་བྱུང་མ་ཐག་ཏུ་མཛའ་བོའི་བུ་མོའི་སྤྱི་བོར་འཁོར་ལོ་དེ་བྱུང་ངོ༌། །
དེ་ནས་སྐྱེས་བུ་དེས་མཛའ་བོའི་བུ་མོ་སྡུག་བསྔལ་བར་མཐོང་ནས། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང༌། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །ཅི་ཡི་ཕྱིར་ནི་ཁྱོད་འདིར་འོངས། སྨྲས་པ། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང༌། །སྐྱིད་པ་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །འདིར་ནི་འོང་བར་འདོད་གྱུར་པ། །ཡུན་རིང་པོ་ཡི་ལས་ཀྱིས་གཉེར། །ལས་ཀྱིས་རིང་ནས་གཉེར་ནས་ཀྱང༌། །གང་དུ་(༥༨བ)ལས་ཀྱིས་གཉེར་བ་དེར། །ལས་ཀྱང་རྣམ་པར་སྨིན་པར་འགྱུར། །ལས་གང་རྣམ་པར་སྨིན་གྱུར་ནས། །འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་གནོད་གྱུར་ཏེ། །ཀླད་ལ་འཁོར་ལོ་འབར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་ངན་པའི་སེམས་བསྐྱེད་དེ། །དཀའ་བ་བྱེད་པའི་མ་ཡི་མགོར། །ཁྱོད་ཀྱིས་རྡོག་པས་བརྒྱབ་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །སྨྲས་པ། འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་གནོད་བྱེད་པ། །ལོ་གྲངས་སྟོང་ཕྲག་ཇི་སྲིད་དུ། །ང་ཡི་ཀླད་ན་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་གྲངས་སྟོང་ཕྲག་དྲུག་ཅུ་དང༌། །ལོ་གྲངས་བརྒྱ་ཡི་བར་དུ་ནི། །འབར་བའི་ལྕགས་ཀྱི་འཁོར་ལོས་ཀྱང༌། །ཁྱོད་ཀྱི་མགོ་ལ་འཇོག་པར་བྱེད། །དེས་དེ་ལ། གཞན་ཡང་འདིར་འོང་བ་ཡོད་དམ། མི་དེས་སྨྲས་པ། གང་གིས་འདི་འདྲའི་ལས་བྱས་པ་རྣམས་འོང་བར་འགྱུར་རོ། །
དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱིས་གཟིར་བ་དང་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས། ངས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཁོར་ལོ་འདི་བཟོད་པར་བྱ་ཡིས། གཞན་གང་གིས་ནི་འདི་འདྲའི་ལས་བྱས་པ་དེ་དག་འདིར་མ་འོང་ཞིག་ཅེས་སྨྲས་མ་ཐག་ཏུ་དེའི་མགོ་ལས་འཁོར་ལོ་དེ་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འདུག་པ་དང༌། དེའང་ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་སོ། །དེའི་དུས་ཀྱི་མཛའ་བོའི་བུ་མོ་དེ་ནི་ང་ཡིན་ཏེ། མ་ལ་ཀརྵ་པ་ན་བྱིན་པས་གྲོང་ཁྱེར་ཆེན་པོ་བཞིར་བདེ་བ་མྱོང་ངོ༌། །མ་ལ་གནོད་པ་ཅུང་ཟད་ཅིག་བྱས་པས་དེ་ལྟ་བུའི་སྡུག་བསྔལ་མྱོང་ངོ༌། །དེ་བས་ན་ཕ་མ་ལ་ཕན་པར་བྱ་ཡི། གནོད་པར་མ་བྱེད་ཅིག །དེ་བས་ན་ཚུལ་ཁྲིམས་རབ་ཏུ་ཉམས་པར་གྱུར་ཀྱང་རྣམ་པ་ལྔ་ལ་བསྙེན་བཀུར་བྱ་སྟེ། ཕ་དང༌། མ་དང༌། མཁན་པོ་དང༌། སློབ་དཔོན་དང༌། ནད་པའོ། །མཉན་ཡོད་ནའོ། །དགེ་སློང་ནད་པ་ཞིག་གིས་སྨན་པ་ལ། བཞིན་བཟང༌། སྨན་སྟོན་ཅིག །ལེགས་སྦྱར་གྱི་ཁྲུས་མཛོད་ཅིག །མ་གནང་ངོ༌། །སྟོན་པ་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་གསོལ་བ་དང༌། སྨན་པས་བསྟན་ན་ལེགས་སྦྱར་གྱི་ཁྲུས་བྱའོ། །དེ་ཇི་ལྟར་ཡིན་པ་མ་ཤེས་ནས་སྨན་པའི་དྲུང་དུ་སོང་སྟེ། སྟོན་པས་གནང་ན། དེ་ཇི་ལྟར་ཡིན་པ་སྟོན་ཅིག །འཕགས་པ། འཁོར་ལོས་སྒྱུར་བའི་གསོ་བའི་སྤྱད་ལས་ལེགས་སྦྱར་གྱི་ཁྲུས་ཞེས་འབྱུང་ན་ཇི་ལྟ་བུ་ཡིན་པ་མི་ཤེས་སོ། །འོན་ཀྱང་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པས་ཞུས་ཤིག །དེ་གསོལ་བ་དང༌། རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སྐོལ་བས་ཁྲུས་བྱ་བ་ནི་དེའི་མིང་ཡིན་ནོ། །དེ་དག་སྐོལ་ནས་ཁྲུས་བྱས་པས་རྩུབ་པོར་གྱུར་ནས། བསྐུ་མཉེ་བྱས་ནས་ཏེ། མི་རྩུབ་པ་ཉིད་ཀྱི་ཕྱིར་རོ། །བསྐུ་མཉེ་བྱས་པ་དང༌། ཧ་ཅང་སྣུམ་ཆེས་པས་(༥༩ན)གནས་མལ་མ་རུང་བར་གྱུར་པ་དང༌། སྣུམ་དེ་དང་བྲལ་བའི་ཕྱིར་ཁྲུས་ཆལ་གྱིས་བཀྲུ་བར་བྱའོ། །ཡང་རྩུབ་པར་གྱུར་ནས། སྔ་མ་མི་རྩུབ་པའི་ཆེད་དུ་ཆུའི་བུམ་པ་ཕྱི་མར་སྣུམ་ཐིགས་པ་གཉིས་སམ་གསུམ་བླུགས་སོ། །སྟོན་པ་རྒྱལ་པོའི་ཁབ་ནའོ། །པི་ལེན་དའི་བུ་རབ་ཏུ་བྱུང་ཕྱིན་ཆད་རྟག་ཏུ་ནའོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས། གནས་བརྟན། བདེའམ། བཞིན་བཟང༌། ན་སྟེ་མི་བདེའོ། །གནས་བརྟན། ཁྱོད་ཀྱིས་སྔོན་ཅི་ཞིག་བཅངས། བཞིན་བཟང༌། ལྕགས་ཀྱི་གཞོང་རིང་ངོ༌། །ད་ཅིའི་ཕྱིར་མི་འཆང༌། མ་གནང་ངོ༌། །སྐབས་དེ་གསོལ་བ་དང༌། ལྕགས་ཀྱི་གཞོང་རིང་བཅང་བར་བྱའོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་གར་བབ་བབ་ཏུ་རྐང་པ་འཁྲུ་བ་དེར་སྦྲང་བུས་གང་བ་ཁྱིམ་པ་དག་གིས་མཐོང་ནས། འཕགས་པ། སྦྲང་བུ་ཟི་ཟི་བས་གང་བའི་ཕྱོགས་འདི་ཅི་ཡིན། འདིར་རྐང་པ་བཀྲུས་སོ། །དེ་དག་འཕྱ་སྟེ། དགེ་སྦྱོང་རྣམས་ནི་གཙང་སྦྲ་མེད་པ། གར་བབ་བབ་ཏུ་རྐང་པ་འཁྲུའོ། །དེ་གསོལ་བ་དང༌། གར་བབ་བབ་ཏུ་རྐང་པ་མི་བཀྲུ་ཡི་གཙུག་ལག་ཁང་གི་སྟེང་གི་ཤར་ལྷོའི་མཚམས་སུ་རྐང་ཁྲུས་ཀྱི་གཞི་བྱའོ། །དེ་ཇི་ལྟ་བུ་བྱ་བ་མ་ཤེས་ནས། རུས་སྦལ་ལྟ་བུ་བྱའོ། །རབ་ཏུ་འཇམ་པོ་བྱེད་པ་དང༌། རྩུབ་པར་བྱའོ། །ཉམ་ཆུང་བ་དག་གིས་ཕྱོགས་དེར་འགྲོ་མ་ནུས་པ་དང༌། དེ་དག་གིས་གྱོ་མོ་བཞག་གོ །གྱོ་མོར་འཁྲུ་བ་ན་ཆག་ནས་མ་རུང་བར་གྱུར་པ་དང༌། ཆོལ་ཟངས་ཉེ་བར་གཞག་པར་བྱའོ། །དྲུག་སྡེ་རྣམས་ཀྱིས་གསེར་དངུལ་ལས་བྱས་པ་བཞག་པ་དང༌། ཁྱིམ་པ་རྣམས་ཀྱིས་མཐོང་ནས། འདི་ཅི་ཡིན། བཞིན་བཟང་དག །སྟོན་པས་ཆོལ་ཟངས་གནང་ངོ༌། །ཅི་ཁྱེད་འདོད་པའི་ཡོན་ཏན་གྱིས་གནོད་དམ། ཁྱེད་ཀྱི་མགྲིན་པ་རྡོག་པས་མནན་ཏེ་གནོད་དོ། །དེ་གསོལ་བ་དང༌། དེ་ལྟ་བུ་མི་གཞག་གི །ས་ལས་བྱས་པའི་ཆོལ་ཟངས་གཞག་པར་བྱའོ། །རྔ་མོ་ལྟ་བུ་འཇོག་པ་དང༌། དེ་ལྡེག་ནས༌། ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་ལ། དབུས་ན་སྙིང་པོ་ཅན་ཡོད་པ། ཀ་དམ་པའི་མེ་ཏོག་འདྲ་བ་བྱའོ། །ཤིན་ཏུ་འཇམ་པ་བྱས་པ་དང༌། རྩུབ་པར་བྱའོ། །ཆོལ་ཟངས་གར་བབ་བབ་ཏུ་འཇོག་ནས། བཀྲུས་ཏེ་ཁས་ཕུབ་ཏུ་གཞག་གོ །དགེ་འདུན་གྱི་ནི་ཁང་ཐོག་ཏུའོ། །གང་ཟག་གི་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་དག་གིས་ལྷུང་བཟེད་གར་བབ་བབ་ཏུ་བཀྲུས་པ་དང༌། ཕྱོགས་དེ་སྦྲང་མས་གང་ནས་མི་སྡུག་པར་གྱུར་པ་ཁྱིམ་པ་དག་གིས་མཐོང་སྟེ། ཕྱོགས་འདིར་བཤང་གཅི་བགྱིས་སམ། བཞིན་བཟང༌། ཕྱོགས་འདིར་སུས་ཀྱང་བཤང་གཅི་མ་བྱས་ཀྱི། ལྷུང་བཟེད་བཀྲུས་སོ། །
འཕགས་པ། (༥༩བ)ཁྱེད་ཀྱིས་འདིར་དཀྱིལ་འཁོར་བྱ་བའི་རིགས་སོ། །དེ་དག་སྤ་བཀོང་ནས་ཅང་མི་ཟེར་བར་འདུག་གོ །དེ་དག །དགེ་སློང་དག་གཙང་སྦྲ་མེད་པ། ལྷུང་བཟེད་གར་བབ་བབ་ཏུ་འཁྲུའོ་ཟེར་བའི་སྐབས་དེ་གསོལ་བ་དང༌། དེ་དག་འཕྱ་བ་ཡུས་ཀྱིས། གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་ལ་སོགས་པ་བྱས་པ་དེར་ཆུས་བྱུག་གོ །ཡང་ན་བསྐུའོ། །དེ་དག་གིས་ལྷུང་བཟེད་བཀྲུས་པའི་གནས་དེར་དཀྱིལ་འཁོར་ཟླུམ་པོ་བྱས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས། འདི་དག་ནི་ཉི་མ་ལ་དད་དོ་ཞེས་འཕྱ་བ་དང༌། ཉི་མ་འདྲ་བའི་དཀྱིལ་འཁོར་མ་བྱེད་ཅིག །དེ་ནས་ཟླ་གམ་བྱས་པས། ཟླ་བ་ལ་དད་དོ་ཞེས་འཕྱ་བ་དང༌། ཟླ་བ་འདྲ་བའི་ཕྱིར་དཀྱིལ་འཁོར་ཡང་མ་བྱེད་ཅིག །གྲུ་བཞི་བྱས་པ་དང༌། བ་ལང་ལ་དད་དོ་ཞེས་འཕྱ་བ་དང༌། དེ་ལྟར་མ་བྱེད་པར་མདུང་རྩེའི་རྣམ་པ་ལྟ་བུའམ། རྫ་རྔའི་རྣམ་པ་ལྟ་བུར་གྱིས་ཤིག །ཅིས་བསྐུ་བ་མ་ཤེས་ནས། བ་ལང་གི་ལྕི་བའམ། འཇིམ་པས་བྱུགས་ཤིག །དཀོན་མཆོག་མཆོད་པའི་དོན་དུ་དཀྱིལ་འཁོར་དེ་འདྲ་བྱས་ཏེ་མགུ་བ་དང༌། དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་ལ་ནི་ཉི་མའམ། ཟླ་བའམ། ཇི་ལྟར་དད་པ་བྱ་སྟེ། རྣམ་པ་ངེས་པ་མེད་དོ། །མཉན་ཡོད་ནའོ། །ཉེ་དགས་ལྷུང་བཟེད་མེད་པ་ཞིག་རབ་ཏུ་བྱུང་ངོ༌། །དགེ་སློང་རྣམས་ཀྱིས་ལྷུང་བཟེད་བཀྲུས་ནས་ལྷུང་བཟེད་གཞི་ལ་བཞག་སྟེ་མཆོད་རྟེན་ལ་ཕྱག་བྱས་ནས་རང་རང་གི་ལྷུང་བཟེད་བླངས་ཏེ་ཟས་ཟ་བའི་གནས་སུ་དགེ་སློང་རྣམས་ཟས་ཟ་བའི་ཚེ། བཀྲུས་ནས་མཆོད་རྟེན་ལ་ཕྱག་བྱེད་པ་ལ་ཞུགས་པ་དང༌། གསར་དུ་བྱུང་བ་དེས། ལྷུང་བཟེད་མང་པོ་འདུག་པས་གང་དགོས་པ་དེ་བླངས་ནས་འདི་ཉིད་དུ་འཇོག་གིས། བདག་གིས་ཀྱང་བླང་ངོ་སྙམ་ནས་ལྷུང་བཟེད་ཅིག་བླངས་པ་དང༌། གནས་བརྟན་ཀུན་ཤེས་ཀོའུ་དི་ནྱའི་ཡིན་གྱིས་མ་ལེན་ཅིག །དེ་བཞིན་དུ་གང་པོ་དང༌། མིང་ཆེན་དང༌། མ་འགགས་པ་དང༌། ཤཱ་རིའི་བུ་དང༌། མོའུ་གལ་གྱི་བུ་ལ་སོགས་པའི་ལྷུང་བཟེད་བླངས་པ་དེ་དག་གིས་ཀྱང་བཟློག་པ་དང༌། དེ་མིག་མཆི་མས་གང་བཞིན་དུ་ཕྱོགས་གཅིག་ཏུ་འདུག་གོ །ཁྱོད་ལ་ལྷུང་བཟེད་མེད་དམ། མེད་དོ། །སུས་རབ་ཏུ་བྱུང༌། ཉེ་དགས་སོ། །དེ་མ་གཏོགས་པ་གཞན་སུ་ཞིག་གིས་རབ་ཏུ་འབྱིན། དེ་གསོལ་བ་དང༌། དགེ་སློང་གིས་ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པར་མི་བྱའོ། །ཉེ་བར་འཁོར་གྱིས། ལྷུང་བཟེད་མེད་པར་བསྙེན་པར་རྫོགས་པར་བགྱིས་ན་རྫོགས་ཞེས་བགྱིའམ། རྫོགས་ཞེས་བྱ་ལ། བྱེད་པ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །ལྷུང་བཟེད་ཆུང་ངུའམ། ཆེན་པོའམ། སྐྱ་བོས་བསྙེན་པར་རྫོགས་པར་བགྱིས་ན་རྫོགས་ཞེས་བགྱིའམ། བྱ་སྟེ། བྱེད་པ་ནི་འགལ་ཚབས་ཅན་དུ་འགྱུར་(༦༠ན)རོ་ཞེས་གསུངས་པས། ཆུང་ངུ་དང་ཆེན་པོ་དང་སྐྱ་བོས་ཀྱང་མི་བྱའོ། །ལྷུང་བཟེད་ཀྱི་ཚད་ནི། ལྷུང་བཟེད་གསུམ་སྟེ། ཆེན་པོ་དང༌། འབྲིང་དང༌། ཆུང་ངུའོ། །དེ་ལ་ཆེན་པོ་ནི་གང་དུ་འབྲས་འཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་པ་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོང་གི་ལྟོ་གང་གིས་མ་རེག་པའོ། །
ཆུང་ངུ་ནི་གང་དུ་འབྲས་འཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས། ཚོད་མ་དང་བཅས་བླུགས་ན་ཁའི་ཆའི་མཐའ་ཁོ་ན་ནས་མཐེ་བོང་གི་ལྟོ་གང་གིས་མ་རེག་པའོ། །འབྲིང་ནི་དེ་གཉིས་ཀྱི་བར་རོ། །མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་ཞིག་གིས་ཆུང་མ་བླངས་ནས་དེ་དང་རྩེ་བ་དང༌། བཟང་མོ། ང་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོ་ཡིས་ཁྱོད་མི་གཡེང་ཞིང་བག་ཡོད་པར་ཁྱིམ་སྲུངས་ཤིག །ཇོ་བོ། ལེགས་ཏེ་དེ་བཞིན་དུ་བགྱི་ཡིས། དུས་དུས་སུ་གཏམ་སྤྲིངས་ཤིག །དེ་ཟོང་ཁྱེར་ནས་ཡུལ་གཞན་དུ་སོང་བ་དང༌། དེའི་ཆུང་མ་གོས་ཟས་བཟང་བས་ཉོན་མོངས་པས་གཟིར་ཏེ། སྐྱེས་པ་གཞན་དང་སྤྱད་པས་སེམས་ཅན་ཅན་དང་ལྡན་པ་ལས་བསམས་པ། ཁྱོ་འོངས་པ་དང་མ་རུང་བར་བྱེད་དོ་སྙམ་ནས། མངལ་ན་གནས་པ་བསད་དེ་ཇི་ལྟར་དོར་བ་མ་ཤེས་པར་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང༌། སྦོམ་དགའ་མོ་ཁྱིམ་དེར་བསོད་སྙོམས་ལ་ཞུགས་ནས། མཚན་བཟང་མ། བསོད་སྙོམས་བྱིན་ཅིག །དེས། བདག་མི་དགའ་བས་གཟིར་བས་བསོད་སྙོམས་སྦྱིན་པ་སུའང་མེད་ཀྱིས། བཞུད་ཅིག །མཚན་བཟང་མ། ཤིའམ་ཅི་མེད་དམ། མ་ཤི་མོད་ཀྱི། བདག་ལ་བུ་ཞིག་བྱུང་བ་གང་དུ་ཇི་ལྟར་དོར་མ་ཤེས་སོ། །མཚན་བཟང་མ། དེ་བདག་གིས་དོར་ན་བདག་ལ་བསོད་སྙོམས་སྦྱིན་ནམ། སྦྱིན་ནོ། །ཕྱི་བཞིན་འབྲང་བའི་དགེ་སློང་མ་དང༌། དགེ་སྐོས་ལའང་སྦྱིན་ནམ། སྦྱིན་ནོ། །དེས་དེ་ལྷུང་བཟེད་ཆེན་པོར་བཅུག་སྟེ་ཁང་པ་སྟོང་པར་ཁྱེར་ནས་དོར་བ་དང༌། དེར་སྔར་སྐྱེས་པ་ཞིག་ཞུགས་པས་མཐོང་ནས། མགོ་རེག་མ། ཅི་བྱེད་ཅེས་སྨྲས་པ་དང༌། ཁྱོད་ལྟ་བུ་ནལ་གྱི་བུ་དང༌། སུའི་བུ་གཏོལ་མེད་པས་རིགས་ཀྱི་བུད་མེད་ལ་འདི་འདྲའི་ལས་བྱས་ཏེ་འདོར་རོ། །དེས་དེ་ལ་བརྒྱད་བཀག་བྱས་ཏེ་སོང་ངོ༌། །དེ་དགེ་སློང་མ་ཞིག་དང་ཕྲད་པ་དང༌། སྦོམ་དགའ་མོས་འདི་ལྟ་བུ་བྱས་སོ་ཞེས་སྨྲས་པ་དང༌། ལན་མེད་པར་ཅང་མི་ཟེར་བར་འདུག་གོ །སྐབས་དེ་གསོལ་བ་དང༌། དགེ་སློང་མས་ལྷུང་བཟེད་ཆེན་པོ་མ་འཆང་ཞིག །དགེ་སློང་གི་ལྷུང་བཟེད་ཆུང་ངུ་ནི་དགེ་སློང་མའི་ལྷུང་བཟེད་ཆེན་པོའོ། །མཉན་ཡོད་ནའོ། །དགེ་སློང་མ་རྣམས་ཀྱིས་ལྷུང་བཟེད་གར་བབ་བབ་ཏུ་བཞག་པས་སྲིལ་གྱིས་ཟོས། བོང་བ་དང་དབྱུག་པ་ལྷུང་བས་ཀྱང་ཕོག་པའི་སྐབས་དེ་གསོལ་བ་དང༌། དགེ་སློང་མ་རྣམས་ཀྱིས་ལྷུང་བཟེད་གར་བབ་བབ་ཏུ་མི་བཞག་པར་ལྷུང་བཟེད་དེའི་གཞིར་ཞ་ཉེའི་དབྱར་འདབ་བཞག་པར་(༦༠བ)བྱའོ། །དེ་དག་གིས་ལྷུང་བཟེད་ཐམས་ཅད་ཞ་ཉེས་དཀྲིས་པ་དང༌། ཁྱིམ་པ་དག་གིས་མཐོང་ནས། ཅི་ཡིན། སྟོན་པས་གནང་ངོ༌། །ཨེ་མ། སྟོན་པས། ལྷུང་བཟེད་ཐམས་ཅད་ཞ་ཉེས་གཡོགས་ཤིག་ཅེས་གསུང་ངམ། བྱུང་རྒྱལ་དུ་མ་ཟེར། ཁྱེད་འདོད་པའི་ཡོན་ཏན་ལ་ཆགས་སམ་ཅི། དེ་དག་སྤོབས་པ་མེད་པར་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། དེ་བས་ན་ལྷུང་བཟེད་ཐམས་ཅད་ཞ་ཉེས་མི་དཀྲི་བར་ཞབས་ཉི་ཚེ་ཞ་ཉེས་དཀྲི་བར་བྱའོ། །དེ་དག་གིས་རིའི་རྩེ་མོ་དང༌། རྭ་བའི་ཅོག་འདྲ་བས་དཀྲིས་པ་དང༌། བྱང་ཆུབ་ཀྱི་ཤིང་གི་ལོ་མ་དང༌། ལག་མཐིལ་འདྲ་བས་དཀྲི་བར་བྱའོ། །མཉན་ཡོད་དུ་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་བུ་ཞིག་བཙས་ཏེ་བསྐྱེད་བསྲིངས་ཆེན་པོར་གྱུར་ཏོ། །རེ་ཞིག་ན་ཕས་སྤྱོས་པ་དང༌། འདི་མགུ་དཀའ་ཡིས། རྒྱལ་བྱེད་ཚལ་དུ་སོང་ལ་རབ་ཏུ་འབྱུང་ངོ་སྙམ་ནས། རྒྱལ་བྱེད་ཚལ་དུ་སོང་བ་དང༌། ཉེ་དགའ་སྒོ་ན་འདུག་པས་མཐོང་ནས། བཞིན་བཟང༌། འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟར་གནས་པ་ཡིན་ན་གང་ལས་འོངས། རབ་ཏུ་འབྱུང་བར་འཚལ་གྱིས། རབ་ཏུ་བྱུང་ཞིག །བཞིན་བཟང༌། ཁྱོད་ཀྱི་སེམས་བསྐྱེད་བཟང་སྟེ། རབ་ཏུ་བྱུང་བ་ནི་མཆོག་གོ །འོན་ཀྱང་འདི་ལ་ཡོ་བྱད་དྲུག་དགོས་ན་ཡོད་དམ། དྲུག་པོ་གང་ལགས། ལྷུང་བཟེད་དང༌། ཆུ་ཚགས་དང༌། ཆོས་གོས་གསུམ་དང༌། གདིང་བའོ། །འཕགས་པ། མ་མཆིས་སོ། །ཁོ་བོ་ལའང་མེད་དེ། རེ་ཞིག་སོང་དང༌། ཁོ་བོས་བཙལ་ལོ། །དེས་ཕ་སྤངས་ནས་གཉེན་དག་གི་ཐད་དུ་སོང་བ་དང༌། དེ་དག་གིས་དེ་ལ་ཆུང་མ་བླངས་སོ། །ཉེ་དགས་ཡོ་བྱད་དྲུག་རྙེད་ནས་བསོད་སྙོམས་ལ་ཞུགས་པ་དང༌། ཁྱེའུ་དེ་མཐོང་ནས། ཁོ་བོས་ཡོ་བྱད་དྲུག་རྙེད་ཀྱིས་ཚུར་ཤོག །དེས་སྨྲས་པ། ཁོ་བོས་ཀྱང་ཡོ་བྱད་དྲུག་རྙེད་དོ། །ཇི་འདྲ་ཞིག་རྙེད། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དོ། །དེ་ཅིའི་ཐ་ཚིག །བདག་ལ་ཉེ་དུ་རྣམས་ཀྱིས་ཆུང་མ་བླངས་ན་ད་ཅི་ལྟར་རབ་ཏུ་འབྱུང༌། དེ་ཉིད་དེའི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། ཡོ་བྱད་དྲུག་པོ་བརྙས་ནས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱའོ། །ཆོས་འདུལ་བ་དང་རབ་བྱུང་བསྙེན་རྫོགས་རྙེད་དཀའ་བས་སོ། །ཡོ་བྱད་དྲུག་རིམ་གྱིས་བཙལ་ནས་བརྙས་པ་སླར་བྱིན་ཅིག །ཉེ་དགས། ལྷུང་བཟེད་མེད་པ་ཞིག་རབ་ཏུ་བྱུང་སྟེ། དེ་དགེ་སློང་རྣམས་དང་ལྷན་ཅིག་ལྗོངས་རྒྱུར་སོང་ནས། ཡུངས་ཀར་སྤར་གང་ཀར་ཕྱིན་པ་དང༌། ཁྱིམ་བདག་ཅིག་གིས་དགེ་སློང་རྣམས་བསོད་སྙོམས་ལ་སྤྱན་དྲངས་པ་དང༌། དེ་ལ་ལྷུང་བཟེད་མེད་པས་ཁྱིམ་པ་འཕྱ་ནས། དབྱར་དག་ལྷུང་བཟེད་(༦༡ན)མེད་དུ་མི་རུང་ངོ༌། །ལྷུང་བཟེད་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ཆོམ་རྐུན་པས་བཅོམ་ནས་གསོལ་བ་དང༌། འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་བཞག་ནས་ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ། །མཉན་ཡོད་དུ་དགེ་སློང་ཞིག་འགྲེང་བཞིན་དུ་ལྷུང་བཟེད་ཀྱི་སྣོད་ནས་ལྷུང་བཟེད་འབྱིན་པ་དང༌། དགེ་སློང་དག་གིས་དེ་ལ་སྨྲས་པ། འགྲེང་བཞིན་དུ་ལྷུང་བཟེད་མ་འབྱིན་ཅིག །དེས་སྨྲས་པ། ཅི་ཉེས། ལྷུང་བཟེད་དེ་འཆག་པར་འགྱུར་མོད། གཞན་ཅི་ཉེས་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་གིས་འགྲེང་བཞིན་དུ་ལྷུང་བཟེད་དབྱུང་བར་མི་བྱའོ། །དེ་བཞིན་དུ་གཞུག་པ་དང༌། བཀྲུ་བ་དང༌། སྐམ་པ་དག་ལའང་རྒྱ་ཆེར་སྦྱར་རོ། །མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་ན་ནས། སྨན་པའི་གན་དུ་སོང་སྟེ། བཀྲ་ཤིས་པར་གྱུར་ཅིག །སྨན་པས་སྨྲས་པ། ཇོ་བོ། ཅི་བཞེད། བུ་ན་ཡིས། སྨན་སྟོན་ཅིག །སྨན་པ་དེ་དད་པ་ཅན་ཞིག་ཡིན་པས། བྲམ་ཟེ། འཕགས་པ་རྣམས་ཀྱི་དྲུང་དུ་བཞུད་ལ། ལྷུང་བཟེད་ཀྱི་ཆུ་སློངས་ལ་ཁྲུས་ཤིག །སོས་པར་འགྱུར་རོ། །བྲམ་ཟེ་དེ་རྒྱལ་བྱེད་ཚལ་དུ་སོང་བ་དང༌། ཉེ་དགའ་སྒོ་ན་འདུག་པས་མཐོང་ནས། བྲམ་ཟེ་ཆེན་པོ། འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་པ་ཡིན་ན་གང་ལས་འོངས༌། འཕགས་པ། ཕྱག་འཚལ་ལོ། །རིང་མོ་ཞིག་ནས་མཐོང་བ་ནི་ལེགས་ཏེ། ཡང་ཡང་མཐོང་བས་ནས་བརྙས་པར་འགྱུར་རོ། །གང་ལ་འོངས། བུ་ནད་ཀྱིས་ཐེབས་ཏེ། སྨན་པས། འཕགས་པ་རྣམས་ཀྱི་ཐད་ནས་ལྷུང་བཟེད་ཀྱི་ཆུ་བསླངས་ཏེ་བཀྲུས་ན་སོས་པར་འགྱུར་རོ་ཞེས་བསྟན་པས། ཆུ་སྩོལ་ཅིག །དེ་ལྟ་ན་སྡོད་ཅིག །ཁོ་བོས་ལྷུང་བཟེད་ཀྱི་ཆུ་བླང་ངོ་ཞེས་སྨྲས་ནས། ནང་དུ་སོང་སྟེ་ཟན་ཟོས་ནས་ལྷུང་བཟེད་བཀྲུས་ཏེ། དེར་རུས་པ་དང༌། ཤའི་ཁམ་ཚད་དང༌། ཉའི་གྲ་མ་དང༌། འབྲས་ཆེན་གྱི་བྲུལ་མ་དང༌། ཕྱེ་དང༌། ཚོད་ཞོལ་དང༌། འཁུར་བ་ཅུང་ཟད་ཅིག་བླུགས་ནས། བྲམ་ཟེ། ལྷུང་བཟེད་ཀྱི་ཆུ་འདིར། ཁྱེར་ཅིག །བྲམ་ཟེས་མཐོང་ནས། བུ་གུམ་པ་བླ་ཡིས་ཆུ་མི་གཙང་བ་འདི་ལྟ་བུས་ཁྲུས་བགྱིད་པ་མི་རུང་ངོ༌། །
ཉེ་དགས་སྨྲས་པ། ཁྱོད་དད་པ་འདི་ལྟ་བུ་དང་ལྡན་པས་བུ་སོས་སུ་ཟད་དོ། །བྲམ་ཟེ་འཕྱ་བའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་ལྷུང་བཟེད་ནས་ལྷག་རོལ་དོར་བ་ལས་གྱུར་པ་ཡིན་པས། གཞན་གྱིས་སྤངས་པ་དེར་མི་བླུགས་སོ། །དགེ་སློང་ཞིག་གིས་དགེ་ཚུལ་ལ་ལྷུང་བཟེད་འཁྲུར་བཅུག་པས་ལག་ནས་ལྷུང་སྟེ་ཆག་གོ །དེ་ཕོངས་པར་གྱུར་པའི་སྐབས་དེ་གསོལ་བ་དང༌། དགེ་ཚུལ་འཁྲུར་མ་གཞུག་ཅིག །ཤཱ་རིའི་བུའི་དགེ་ཚུལ་ཙུན་དས། མཁན་པོ། ལྷུང་བཟེད་སྩོལ་ཅིག་བཀྲུའོ། །མ་(༦༡བ)གནང་གིས། ང་ཉིད་འཁྲུ་ཡིས་སོང་ཞིག །བདག་གིས་ཀྱང་ཉེས་དམིགས་སུ་འགྱུར་རམ། སྟོན་པ་ཆོས་ཀྱི་བདག་པོ་ཡིན་པས་ངས་ཇི་ལྟར་བྱ་ཞེས་པའི་སྐབས་དེ་གསོལ་བ་དང༌། དགེ་ཚུལ་བག་མེད་པའི་ཆོས་ཅན་བྱི་དོར་བྱེད་དུ་མི་གཞུག་གོ །དགེ་ཚུལ་དྲན་པ་ཉེ་བར་བཞག་པ་ལ་ནི་ཉེས་པ་མེད་དོ། །ལུང་མ་མོ་ལས། ལྷུང་བཟེད་ལངས་ནས་བཀྲུ་བར་མི་བྱ་བ་ནས། ཧ་ཅང་སྐམ་པར་མི་བྱ་བའི་བར་གསུངས་སོ། །མཉན་ཡོད་ན་དགེ་སློང་བསོད་སྙོམས་པ་ཞིག་འདུག་པ་དེ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ལ་ཞུགས་པ་དང༌། ཆོས་གོས་ནར་བས་མྱུར་བར་ལྷུང་བཟེད་ས་ལ་བཞག་ནས་གོས་ཚགས་བྱས་པ་དང༌། བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས། དགེ་སློང་རྣམས་གཙང་སྦྲ་མེད་དེ། ལྷུང་བཟེད་གར་བབ་ཏུ་འཇོག་གོ་ཞེས་འཕྱ་བའི་སྐབས་དེ་གསོལ་བ་དང༌། ལྷུང་བཟེད་གར་བབ་བབ་ཏུ་གཞག་པར་མི་བྱའོ། །དགེ་སློང་དག་ལྷུང་བཟེད་བབ་ཆོལ་དུ་འཇོག་པས་མ་རུང་བར་གྱུར་པའི་སྐབས་དེ་གསོལ་བ་དང༌། ལྷུང་བཟེད་བབ་ཆོལ་དུ་མི་བཞག་གི །ལྷུང་བཟེད་གཞག་པ་དེའི་ཆེད་དུ་ངོས་ཁུང་བྱའོ། །དགེ་སློང་དག་རྩིག་པ་རྐོ་བར་བྱེད་ནས། གཙུག་ལག་ཁང་དང་ཁང་ཁྱིམ་རྩིག་པའི་ཚེ་ལྷུང་བཟེད་གཞག་པའི་བུ་ག་བྱ་ཡི། རྩིག་པ་རྐོ་བས་ནི་མ་ཡིན་ནོ། །དགོན་པ་བ་ལ་ལྷུང་བཟེད་གཞག་པའི་བུ་ག་མེད་ནས། དགོན་པ་བ་རྣམས་ཀྱིས་ལྕུག་མའང་སྲད་བུ་ལས་བྱས་པའི་སྐོན་བུ་བྱས་ཏེ་བ་ལང་གི་ལྕི་བས་བྱུགས་པར་གཞག་གོ །དེ་རྡུལ་གྱིས་ཁྱེར་ནས། ཁ་གབ་རྣམ་པ་དེ་ལྟ་བུ་དང་བཅས་པའོ། །དེ་ས་ལ་བཞག་པས། དེ་ནི་ས་ལ་མི་བཞག་གི །གཟར་ཐག་གིས་ཤིང་གི་ཡལ་ག་ལ་དཔྱངས་ན་བཟང་ངོ༌། །ལྗོངས་རྒྱུ་བའི་ཚེ་དེ་ཁྱེར་བས། མ་དད་པ་རྣམས། ཅི་འདིར་ཁྱིམ་བྱའམ་སྤྲེའུ་ཁྱེར་ཞེས་འཕྱ་ནས། སྐོན་བུ་དེ་ནི་གཞན་དུ་མི་བཀུར་རོ། །དགེ་སློང་ཞིག་ལྷུང་བཟེད་ལག་ཏུ་ཐོགས་ཏེ་སོང་བ་དང༌། འགྱེལ་ནས་ལྷུང་བཟེད་ཆག་པའི་སྐབས་དེ་གསོལ་བ་དང༌། དེ་བས་ན་ལག་པས་མི་བཀུར་བར། སྣོད་དུ་བཅུག་སྟེ་བཀུར་བར་བྱའོ། །སྣོད་དུ་བཅུག་སྟེ་ལག་ཏུ་ཁྱེར་བས་ཉེས་དམིགས་དེ་ཉིད་དུ་གྱུར་པ་དང༌། ལྷུང་བཟེད་དེ་བཀུར་བ་ནི་སྣོད་ལག་ཏུ་མི་བཀུར་བར་ལུང་ཐག་བཏགས་ཏེ་མཆན་ཁུང་གིས་བཀུར་བར་བྱའོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་རྣམས་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་སོང་བ་དང༌། བྲམ་ཟེར་ཞིག་ན་ནས་སྨན་པ་ལ། སྨན་སྟོན་ཅིག །ཨ་རུ་ར་གསོལ་དང་གདངས་པར་འགྱུར་རོ། །ལམ་ཁ་འདི་ན་ཨ་རུ་ར་ག་ལ་ཡོད། དེས་སྨྲས་པ། དགེ་སློང་འདི་དག་མཁས་པ་ལགས་པས་འདི་དག་ལ་བསླངས་ན་ཡོད་དོ། །དེས་དེ་དག་ལ་སྨན་བསླངས་པས་དགེ་སློང་དེས་དེའི་ནང་(༦༢ན)དུ་ལྷུང་བཟེད་ཀྱི་སྣོད་ཕྱེ་བ་དང༌། སྙུང་དང༌། གྲི་དང༌། འབྲེང་བ་དང༌། སྨན་དག་འདུག་པ་བྲམ་ཟེས་མཐོང་ནས། ཁྱེད་ནི་ཀུན་སྤྱོད་མི་གཙང་སྟེ། བདག་ཤིའང་བླ་ཡིས་མི་གཙང་བ་ཟ་བ་ནི་དེ་ལྟ་མ་ཡིན་ནོ་ཟེར་བའི་སྐབས་དེ་གསོལ་བ་དང༌། ལྷུང་བཟེད་དང༌། སྨན་དང༌། ག་བུར་དག་སྣོད་ཐ་དད་པར་གཞུག་གོ །སྣོད་གསུམ་པོ་དེ་དག་བཅང་བར་བྱའོ། །
དགེ་སློང་དག་གིས་སྣོད་གསུམ་པོ་དེའི་ལུང་ཐག་མཉམ་པར་བཏགས་པས་མཆན་ཁུང་རློ་བར་གྱུར་པ་དང༌། མ་དད་པ་རྣམས། ཅི་ཁྱེད་རྫ་རྔ་ཐོགས་ཏེ་འགྲོའམ་ཞེས་ཅོ་འདྲི་བའི་སྐབས་དེ་གསོལ་བ་དང༌། སྣོད་གསུམ་པོ་དེ་དག་ལ་དཔྱང་བའི་ལུང་ཐག་མཉམ་པར་གདགས་པར་མི་བྱ་བར་ཅི་རིགས་པར་གདགས་པར་བྱའོ། །རས་ཕྲ་མོ་བཏགས་པས་ན་བར་གྱུར་ནས། སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུང་ངུ་དག་ཀྱང་མི་གདགས་པར་ཞེང་ཆེན་པོར་གདགས་པར་བྱའོ། །ཞེང་ཆེན་པོ་བཏགས་པ་དང་ཞུམ་ནས། ཞུམ་པར་མི་འགྱུར་བྱ་བའི་ཕྱིར་དབུས་སུ་ཕྱིང་བུས་སྦྱར་ཏེ་དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོགས་རྐང་དྲུབ་པར་བྱའོ། །མཉན་ཡོད་ན་དགེ་སློང་ཞིག་ལྷུང་བཟེད་ལ་བཙའ་ཞུགས་ཀྱང་འཆོས་པར་མི་བྱེད་ནས་དྲིས་པ་དང༌། དགེ་སློང་ནད་པ་ཞིག་ལ་ལྷུང་བཟེད་བཟང་པོ་ཞིག་ཡོད་པས། དེ་བླངས་བར་བྱའོ་ཞེས་ཟེར་བའི་སྐབས་དེ་གསོལ་བ་དང༌། ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ། །གླན་པར་འོས་པ་གླན། བསྲེག་པར་འོས་པ་བསྲེག་གོ །དགེ་སློང་ཞིག་ཆོས་གོས་རྙིང་ཞིང་རྡོལ་ཡང་ཕྱིར་མི་འཆོས་ནས་དྲིས་པ་དང༌། ནད་པ་ཞིག་ལ་སྣམ་སྦྱར་བཟང་པོ་ཞིག་ཡོད་པས་དེ་བླང་ངོ་ཟེར་བའི་སྐབས་དེ་གསོལ་བ་དང་། སྣམ་སྦྱར་པགས་པ་དང་འདྲ་བར་བསྐྱང་བར་བྱའོ། །མཉན་ཡོད་ན་དགེ་སློང་ཞིག་གི་ལྷུང་བཟེད་རྡོལ་ནས། དེ་མགར་བའི་གན་དུ་ཁྱེར་ཏེ་སོང་ནས། བཞིན་བཟང༌། ལྷུང་བཟེད་རྡོལ་པ་འདི་གློན་ལ་བྱིན་ཅིག །འདི་དག་ནི་ཁས་ལས་བྱེད་དུ་འཇུག་པ་ཡིན་གྱི་གླ་རྔན་ནི་མི་སྟེར་བས། ཡུན་རིང་དུ་བསྒྱངས་ན་ཕྱིར་ལེན་པར་འགྱུར་རོ་སྙམ་ནས། སང་ངམ་གནངས་སམ་བྱོན་ཅིག་ཅེས་བསྒྱངས་སོ། །དགེ་སློང་དེ་ཉིན་རེ་ཞིང་འགྲོ་བ་དང༌། དེའི་མཛའ་བོ་ཞིག་གིས་མཐོང་ནས། ཁྱོད་ཉིན་རེ་ཞིང་དེར་འགྲོ་ན། དེ་ཁྱོད་ཀྱི་ཉེ་དུའམ་སྦྱིན་བདག་གི་ཁྱིམ་ཡིན། མ་ཡིན་ཏེ། ཁོ་བོའི་ལྷུང་བཟེད་རྡོལ་ནས་དེ་གློན་དུ་བཅུག་པ་ན་འགྱོད་པར་བྱེད་པས་དེའི་ཕྱིར་འགྲོའོ། །དེས་སྨྲས་པ། ཁྱོད་ཀྱིས་ལག་བཟོ་བ་དེ་བདེན་པར་སྨྲ་བ་དཀོན་ནོ་ཟེར་བ་མ་ཐོས་སམ། ཁོ་བོས་བཟོ་ཤེས་མོད་ཀྱང་སྟོན་པས་མ་གནང་ངོ་ཟེར་བའི་སྐབས་དེ་གསོལ་བ་དང༌། གནང་གིས་ལྷུང་བཟེད་གླན་པ་ལ་ནན་ཏན་བྱའོ། །དབེན་པའི་ཕྱོགས་སུའོ། །དེ་དགེ་སློང་(༦༢བ)དེའི་གན་དུ་སོང་ནས། སྟོན་པས་གནང་གིས་ལྷུང་བཟེད་འདི་གློན་ཅིག །དེས་སྨྲས་པ། ལག་པ་འབའ་ཞིག་གིས་གླན་དུ་མི་རུང་གིས་མགར་དཔྱད་དག་ཀྱང་དགོས་སོ་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་འདུན་གྱིས་མགར་དཔྱད་དག་བསྲེལ་བར་བྱའོ། །
དགེ་སློང་ཞིག་གི་ལྷུང་བཟེད་རྡོལ་ནས་དེ་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང༌། ཕྱེ་རྙེད་པ་ལྷུང་བཟེད་ཀྱི་སྣོད་དུ་བླངས། འབྲས་ཆན་གཤེར་བ་རྙེད་པ་ལྷུང་བཟེད་དུ་བླངས་པས་དེ་ཟགས་པས་ཕྱེ་གཤེར་བར་གྱུར་ཏེ། དེས་ལྷུང་བཟེད་ཀྱི་སྣོད་མ་རུང་བར་གྱུར་ནས། དེ་སྦྲང་བུ་དག་གིས་བསྐོར་བ་དང༌། དེ་ལ་ཁྱེའུ་དང་བུ་མོ་དག་གིས། འཕགས་པའི་ནོར་ཅན་དང༌། ཚོང་དཔོན་དང༌། དེད་དཔོན་དག་བཞིན་དུ་འཁོར་མང་པོར་འགྱུར་བའི་ལས་བྱས་པས་སྦྲང་བུ་དག་གིས་བསྐོར་ཅིང་བཞུད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་མཐོང་ནས། ཅིའི་ཕྱིར་འཕགས་པ་ལ་མཐོ་འཚམ། ཁྱིམ་བདག་གིས་དགེ་སློང་དེ་ལ་སྨྲས་པ། སྟོན་པའི་བསྟན་པ་མཛེས་པ་ལ། ཁྱོད་ཅལ་ཅོལ་ཅི་བྱེད། ཁྱིམ་བདག །ཁྱོད་ཀྱིས་ཁོ་བོ་རོལ་མོ་མཁན་ལ་སོགས་པའི་ཁྱིམ་དུ་ཞུགས་པ་མཐོང་ངམ། འོ་ན་ཁྱོད་ཅིའི་ཕྱིར་བྱིས་པ་དག་གིས་བསྐོར། ཁྱིམ་བདག །ཁོ་བོའི་ལྷུང་བཟེད་ཟག་གོ །ཅིའི་ཕྱིར་གཞན་མི་འཚོལ། སྟོན་པས་ལྷུང་བཟེད་བདོག་བཞིན་དུ་གཞན་མི་བཙལ་བར་གསུངས་སོ། །ཁྱོད་ཀྱི་ལྷུང་བཟེད་འདི་འདྲ་བ་བདོག་པ་ཡིན་ནམ་ཟེར་བའི་སྐབས་དེ་གསོལ་བ་དང༌། ལྷུང་བཟེད་རྡོལ་བ་དེས་གླན་པར་བྱའོ། །དགེ་སློང་དག་ལྷན་པ་སྙི་བ་ལྔ་པོ་བུ་རམ་ལ་སོགས་པས་གློན་པར་བྱེད་ནས། དེ་དག་ཚ་བ་དང་ཕྲད་པས་ཟགས་པའི་སྐབས་དེ་གསོལ་བ་དང༌། བུ་གུའི་ལྷན་པར་བུ་རམ་དང༌། རྒྱ་སྐྱེགས་ཀྱི་ཚིགས་མ་དང༌། སྤྲ་ཚིལ་དང༌། རོ་ཉེ་དང༌། ཚོན་མོ་སྟེང་དེ་དག་མི་བཟང་བས་སྤངས་ཏེ། ལྷན་པ་སྲ་བ་ལྔས་གླན་པར་བྱའོ། །ལྔ་པོ་གང་ཡིན་མ་ཤེས་ནས། ལྷན་རིང་དང༌། ཐམ་ཕྲན་དང༌། ལྷན་པ་དང༌། ཆུ་སྲིན་གྱི་སོ་ལྟ་བུ་དང༌། ཕྱེ་མས་ཀྱང་ངོ༌། །ཕྱེ་མ་དུ་ཡོད་མ་ཤེས་ནས། ཕྱེ་མ་གཉིས་ཏེ། ལྕགས་ཀྱི་ཕྱེ་མ་དང༌། རྡོའི་ཕྱེ་མའོ། །ལྕགས་ཀྱི་ལྷུང་བཟེད་ལྕགས་ཀྱི་ཕྱེ་མ་དང༌། རྫའི་ལྷུང་བཟེད་རྡོའི་ཕྱེ་མས་གླན་ནོ། །དེ་དག་ཆུར་ཕྱེ་མ་བརྡར་ཏེ་གློན་པར་བྱེད་ནས་གོགས་པ་དང༌། འབྲུ་མར་དང་འདྲ་བ་སྤྲ་ཚིལ་འདྲ་བ་ལ་ཐུག་པར་འགྱུར་བས་གླན་ནོ། །ཧ་ཅང་བསྲེགས་པས་གོགས། ཧ་ཅང་ཆུང་ངུར་བསྲོས་པས་མི་འཆགས་ནས། རན་ཙམ་དུ་བསྲོའོ། །ཧ་ཅང་རྩུབ་ནས། བདར་རོ། །ཆུས་བདར་བས་གོགས་ནས། ས་ལས་བྱས་པའི་ལྷུང་བཟེད་རྡོལ་ནས། ས་ལས་བྱས་པའི་ལྷུང་བཟེད་ནི་བུ་རམ་དང༌། འཇིམ་པས་གླན་པར་བྱའོ། །
དགེ་སློང་རྣམས་ལྷུང་བཟེད་དུ་ཟན་ཟོས་ནས་(༦༣ན)མ་བཙོས་པས་བཙས་ཁྱེར་ཏེ་རྡོལ་བ་དེ་གསོལ་བ་དང༌། ལྷུང་བཟེད་དེ་བསྲེག་པར་བྱའོ། །ཤིང་གིས་བསྲེགས་པས་མ་རུང་བར་གྱུར་ནས། ཤིང་གིས་མ་སྲེག་ཅིག །རྩྭ་དང་སོག་མས་གཡོགས་ནས་བསྲེགས་པས་ཉེས་དམིགས་སུ་གྱུར་ནས། དེ་དག་གིས་མ་སྲེག་ཅིག །ཇི་ལྟར་བསྲེག་མ་ཤེས་ནས། ལྷུང་བཟེད་སྲེག་པས་དེའི་ཆེད་དུ་སྲེག་འགེབས་རྫ་བོ་བསྲེལ་བར་བྱའོ། །དེ་ཇི་ལྟར་སྦྱར་མ་ཤེས་ནས། སྲེག་འགེབས་གཉིས་ཏེ། སློབ་དཔོན་གྱིས་བྱས་པ་དང༌། བདག་གིས་བྱས་པའོ། །སློབ་དཔོན་གྱིས་བྱས་པ་ནི་བུམ་པ་ལྟ་བུའོ། །བདག་གིས་བྱས་པ་ནི་ཕྲུ་བའམ་རྫ་མའང་རུང་སྟེ། ཐལ་བས་བཀང་ལ། ཇི་ཙམ་རན་པ་ཕྲི་ཞིག །གྱོ་མོའི་ནང་དུ་བསྲེགས་པས་མ་རུང་བར་གྱུར་ནས། ཕུབ་མ་དང་འཇིམ་པ་སྦྱར་བས་ཕྱི་རོལ་བྱུགས་ལ། འབྲུ་མར་གྱི་ཚིགས་མའམ་བ་ལང་གི་ལྕི་བས་ནང་བྱུགས་ཏེ་བསྐམས་པ་དང༌། ས་གཞི་བྱི་དོར་བྱས་པར་ཕུབ་མ་དང་དུ་བ་འཚེར་བར་བྱེད་པ་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ལྷུང་བཟེད་ཁ་བུབ་ཏུ་བཞག་པ་ལ་ལྕི་བ་དང་སོག་མ་གཅེར་ཏེ། རྫ་བོ་དེས་དུ་བ་མི་འཆོར་བར་བཀབ་ལ་མེ་སྦར་རོ། །བསྲེགས་པ་དེ་གྲང་བ་དང་དབྱུང་སྟེ་ཁ་དོག་ཞེན་པར་གྱུར་གྱི་བར་དུ་བཟླས་པར་བྱའོ། །ཁྲུས་བྱས་ཏེ་གཞུག །སྲོག་ཆགས་དག་བདེ་བར་བྱ་བའི་ཕྱིར། དེའི་གཡས་གཡོན་ཆག་ཆག་ཐོབ་ལ་སྐྱང་ནུལ་གྱིས་ཤིག །དགེ་ཚུལ་ཕོ་ཞིག་ལོ་གྲངས་ནི་མི་ཤེས་བོངས་ཚོད་ནི་ཆེ་སྟེ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་བསྙེན་པར་རྫོགས་པར་མི་བགྱིད་ནས། དེ་ལ་ཇི་ལྟར་བགྱི་ཞུས་པས། ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་ཁས་བླང་བར་བྱའོ། །དེ་གཅེར་བུར་ཕྱུང་སྟེ་མཚན་བརྟགས་པ་དང་དེ་ཤིན་ཏུ་ངོ་ཚ་ནས། དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ། །ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་ལྷུང་བཟེད་དང་ཆོས་གོས་ཀྱི་སྣོད་དབབ་པ་ལ་སོགས་པས་སོ། །
སྟོན་པ་མཉན་ཡོད་ནའོ། །ཉེ་དགའི་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་ནས། ལས་བྱེད་པ་དང༌། གསང་སྟེ་སྟོན་པ་དང༌། དགེ་སློང་རྣམས་ལ་གསོལ་བ་བཏབ་སྟེ། དེས་སྔར་སོང་ནས་ཕྱག་བདར་བྱས། སྟན་བཤམས་ཏེ་དགེ་སློང་རྣམས་མ་འོངས་པ་དང༌། ཉེ་དགས་མེ་ཏོག་གི་ཤིང་ཞིག་མཐོང་སྟེ། དགེ་ཚུལ། མེ་ཏོག་ལྷོགས་ལ་དགེ་སློང་རྣམས་ལ་བྲིམས་ཤིག །དེས་ཤིང་ལ་འཛེགས་པས་ལྷུང་ནས་ལག་པ་ཆག་སྟེ། དགེ་སློང་གི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། འཁོར་ལོས་སྒྱུར་བའི་བུ་ཐུ་བོ་དབང་བསྐུར་བར་འོས་པ་དབང་མ་བསྐུར་བར་འདུག་ཅིང་འཚམས་ལ་བབ་པ་བསྲུང་བ་དང་བསྐྱང་བར་བྱ་བ་བཞིན་དུ། (༦༣བ)དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པའང་བསྐྱང་བར་བྱ་བ་ཡིན་པས། དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ །སྟོན་པ་མཉན་ཡོད་ནའོ། །དགེ་སློང་ཞིག་ལ་དགེ་ཚུལ་ཞིག་བསྙེན་པར་རྫོགས་པར་འདོད་ནས། དེས་དགེ་སློང་རྣམས་སྦྲན་ཏེ། དགེ་ཚུལ་ཁྲིད་ནས་དཀྱིལ་འཁོར་དུ་ཞུགས་པ་དང༌། དེ་མཚམས་ཀྱི་ཕྱི་རོལ་ཏུ་མངགས་ཏེ་བཏང་བས། གཉེན་གྱིས་ཁྲིད་དེ་དགེ་སློང་གི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང་། དེ་བས་ན་བསྙེན་པར་རྫོགས་པར་འདོད་པ་མཚམས་ཀྱི་ཕྱི་རོལ་ཏུ་མི་གཏང་ངོ༌། །དེ་ཚིག་མི་ཐོས་བལྟར་སྣང་བའི་ཉེ་འཁོར་དུ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ། །དེ་ལྟ་ན་ཉེས་དམིགས་སུ་མི་འགྱུར་རོ། །སྟོན་པ་མཉན་ཡོད་ནའོ། །བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་ཞིག་རྒྱལ་བྱེད་ཚལ་དུ་སོང་བ་དང༌། དགེ་སློང་ལྷུང་བཟེད་དང་འཁར་གསིལ་ཐོགས་པ་མང་པོ་མཐོང་ནས། འཕགས་པ་དག །གང་དུ་བཞུད། བསོད་སྙོམས་ལ་འགྲོའོ། །དགེ་སློང་ཐམས་ཅད་བསོད་སྙོམས་ལ་རྒྱུའམ། དགེ་སློང་ཤེས་ཉེན་ཅན་རྣམས་ལ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་གཙུག་ལག་ཁང་དུ་བསོད་སྙོམས་འབུལ་ལོ། །ཤེས་ཉེན་མེད་པ་རྣམས་བསོད་སྙོམས་ལ་འགྲོའོ། །དེས་བསམས་པ། བདག་ཀྱང་བསོད་སྙོམས་ལ་འགྲོའོ་སྙམ་མོ། །ཡང་བསམས་པ། དགེ་སློང་གཞན་ཞིག་ལའང་འདི་དག་བསོད་སྙོམས་ཁོ་ན་ལ་གནས་ཏེ་རབ་ཏུ་བྱུང་ངམ། གནས་གཞན་ཡང་ཡོད་དྲིའོ་སྙམ་ནས། དགེ་སློང་ཞིག་གི་དྲུང་དུ་སོང་བ་དང༌། དེས། བྲམ་ཟེ། ཅིའི་ཕྱིར་དུ་འོངས། ཁྱོད་བལྟ་བའི་ཕྱིར་འོངས་ཏེ། ཁྱོད་ཅི་ལ་གནས་ནས་རབ་ཏུ་བྱུང༌། བྲམ་ཟེ། ཁྱོད་ཀྱི་རྟོག་པ་ནི་བཟང་སྟེ། འདུག་ཅིག་གཏམ་བྱའོ། །དེས་ཕྱག་བྱས་ནས་འདུག་པ་དང༌། གོས་ཕྱག་དར་ཁྲོད་དང༌། ཟས་བསོད་སྙོམས་དང༌། གནས་མལ་ཤིང་དྲུང་དང༌། སྨན་བཀུས་ཏེ་བོར་བ་རྣམས་བརྗོད་པ་དང༌། བྲམ་ཟེས་སྨྲས་པ། སུ་ཞིག་གནས་འདི་དག་གིས་འཚོ་བར་ནུས། བདག་རབ་ཏུ་འབྱུང་ངོ་སྙམ་ནས་འདིར་འོངས་ན། དེའང་དཀའ་བ་ཞིག་པས་ཕྱག་འཚལ་ལོ་མཆིའི་ཞེས་སོང་ངོ༌། །དེ་ཉིད་དེའི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་ཁྱིམ་པ་ལ་གནས་རྣམས་བརྗོད་པ་ལས་གྱུར་པ་ཡིན་པས། ཁྱིམ་པ་ལ་གནས་རྣམས་བརྗོད་པར་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །རི་བྲག་ཅིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་དོ། །རེ་ཞིག་ན་ཉེ་དུ་དང་ནོར་ཟད་ནས། ཆུང་མ་ལ། བཟང་མོ། ང་རྒས་པས་ནོར་སྒྲུབ་ཀྱང་མི་ནུས། ཉེ་དུ་དང་ལོངས་སྤྱོད་ཀྱང་ཟད་པས། རབ་ཏུ་འབྱུང་ངོ༌། །དེ་དྲང་པོ་ཞིག་ཡིན་ལ། བུད་མེད་དེ་ནི་གཡོན་ཅན། རྟག་(༦༤ན)ཏུ་སྐྱེས་པ་གཞན་ལ་ལྟ་བ་ཞིག་ཡིན་པས། རྗེའི་སྲས། དེ་བཞིན་དུ་མཛོད་ལ་དུས་དུས་སུ་ལྟར་སྤྱོན་ཅིག །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་རྒྱལ་བྱེད་ཚལ་དུ་སོང་སྟེ། དགེ་སློང་ཞིག་ལ། བདག་རབ་ཏུ་དབྱུང་དུ་གསོལ། བཞིན་བཟང༌། ཁྱོད་འཇིགས་པ་མེད་པ། སྤོབས་པ་དགེ་སྟེ། ལེགས་སོ། །ཕན་ཡོན་ལྔ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བར་མོས་པས་འོས་ཏེ། རང་གི་དོན་མ་འདྲེས་པར་ཐོབ་པར་འགྱུར་བ་དང༌། བྲན་དང་མངག་གཞུག་པ་དང་བཀོལ་པ་དང་རང་དབང་མེད་པ་དང་དགའ་མགུར་འགྲོར་མེད་པ་དག་གིས་མཆོད་པ་དང་བསྟོད་པར་བྱ་བར་འགྱུར་བ་དང༌། མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་མ་ཐོབ་པ་ལས་ཉམས་པ་དང༌། ལྷར་སྐྱེས་པ་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་སྐྱེས་བུ་དམ་པ་ཡང་དག་པར་སོང་བ་མཆོག་རྣམས་ཀྱིས་རྣམ་གྲངས་དུ་མར་རབ་ཏུ་འབྱུང་བ་བསྔགས་པར་ཡང་དག་པར་མཐོང་བས་མཁས་པས་རབ་ཏུ་འབྱུང་བར་མོས་པར་བྱ་བར་འོས་པ་ཉིད་དོ་ཞེས་གསུངས་པས་རབ་ཏུ་བྱུང་ཞིག །དེ་རབ་བྱུང་བསྙེན་རྫོགས་བྱས་སོ། །
ཞག་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ནས། བཞིན་བཟང༌། རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱིས། མཉན་ཡོད་རྒྱ་ཆེ་ལ་རང་དང་ཕའི་སྤྱོད་ཡུལ་ཡིན་པས་བསོད་སྙོམས་ཀྱིས་འཚོ་བར་གྱིས་ཤིག །དེས་བསོད་སྙོམས་ལ་ཞུགས་པ་དང༌། རང་གི་ཆུང་མ་འདྲ་བའི་བུད་མེད་ཅིག་མཐོང་ནས། སྔར་དམ་བཅས་པ་དྲན་ཏེ་མཁན་པོ་ལ་སྨྲས་པ། བདག་ལ་སྔོན་གྱི་ཆུང་མ་ཞིག་མཆིས་ཏེ། དེ་ལ། རབ་ཏུ་བྱུང་ནས་ལྟར་མཆིའོ་ཞེས་དམ་བཅས་པས། གནང་བར་མཛོད་ཅིག་མཆིའོ། །བུ། སོང་ལ་སེམས་སྲུངས་ཤིག །བསྲུང་བར་བགྱིའོ་ཞེས་སྨྲས་ནས་སོང་བ་དང༌། དེས་དེ་རྒྱང་རིང་པོ་ནས་མཐོང་བ་དང་བསུ་ནས། རྗེའི་སྲས། བྱོན་པ་ལེགས་སོ། །ཞེས་སྨྲས་ནས་རེག་པར་བརྩམས་པ་དང༌། ཅི་བྱེད། ཆོས་གོས་དག་བླངས་ནས་ངལ་གསོར་གཞུག་མོད། སྨྲས་པ། མ་རེག་ཅིག །ཅིའི་ཕྱིར། མཁན་པོས་ང་ལ་སེམས་སྲུངས་ཤིག་ཅེས་བསྒོའོ། །
དེས་སྨྲས་པ། སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ་ཅི། ཞེས་དེའི་ཆོས་གོས་བླངས་ནས་སྟན་བཏིང་སྟེ། རྐང་པ་བཀྲུས་ནས་བསྐུས། ཁྲུས་བྱས་ནས་ཟན་བྱིན། དེའང་ལྷན་ཅིག་ཟ་བའི་ཕྱིར་འདུག་པ་དང༌། ཅི་བྱེད། རྗེའི་སྲས། ཁྱོད་དང་ལྷན་ཅིག་ཟན་ཟོས་ནས་རིང་མོ་ཞིག་ལོན་ནོ། །མཁན་པོས་ང་ལ། སེམས་སྲུངས་ཤིག་ཅེས་བསྒོའོ། །སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ་ཅི། ཁྱོད་དང་ལྷན་ཅིག་ཟན་ཟོས་ནས་རིང་མོ་ཞིག་ལོན་པས་ངེས་པར་བཟའ་འོ་ཞེས་དེ་དང་ལྷན་ཅིག་ཟན་ཟོས་སོ། །མལ་བཤམས་ནས་ཉལ་བ་དང༌། དེའང་ཉལ་བར་བརྩམས་སོ། །ཅི་བྱེད། ཁྱོད་(༦༤བ)དང་ལྷན་ཅིག་ཉལ་ནས་རིང་མོ་ཞིག་ལོན་པས་མ་བཀྱོན་ཅིག །མཁན་པོས་ང་ལ་སེམས་སྲུངས་ཤིག་ཅེས་བསྒོའོ། །ཁྱོད་སེམས་སྲུང་ལ་རག་མོད། བདག་གིས་བཀག་གམ་ཅི། ཁྱོད་དང་ལྷན་ཅིག་ཉལ་ནས་རིང་མོ་ཞིག་ལོན་པས་ངེས་པར་ཉལ་ལོ། །དེས་མ་བཏུབ་པ་དང༌། མགུལ་ནས་འཇུས་ནས་བདག་གི་དབང་དུ་འགྱུར་རོ་སྙམ་ནས། དེའི་མགུལ་ནས་འཇུས་པ་དང༌། བུད་མེད་ནི་རེག་པའི་དུག་ཅན་ཡིན་པས། རེག་པ་ཙམ་གྱིས་ལོག་པར་སྤྱད་དོ། །རིང་ཞིག་འདུག་ནས། བཟང་མོ། འགྲོའོ། །དེས་བསམས་པ། འདི་དང་བདག་ལྷན་ཅིག་གསང་བ་བྱས་པ་དེ་དགེ་སློང་རྣམས་ཀྱིས་མི་ཤེས་ཏེ་དེ་རྣམས་ཀྱིས་ཤེས་ནས་བསྐྲད་ན་འདིར་འོང་བར་འགྱུར་རོ་སྙམ་ནས། ལམ་རྒྱགས་ཀརྵ་པ་ན་སྣོམས་ཤིག །དགེ་སློང་རྣམས་དབྱིག་ལ་མི་རེག་ན་ཇི་ལྟར་བླང༌། བདག་གིས་མི་རེག་པར་བགྱི་ཡིས་སྣོམས་ཤིག་ཅེས་དབྱིག་ཐུམ་པོར་གཏུམས་ནས་མཁར་གསིལ་གྱི་རྩ་བ་ལ་བཏགས་སོ། །དྲེགས་པ་དང་སྲེད་པས་ལྡོངས་པ་རྣམས་ནི་མི་བྱེད་པ་མེད་པས་དེ་ཁྱེར་ཏེ་མཉན་ཡོད་དུ་ཕྱིན་པ་དང༌། དྲུག་སྡེའི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་གར་རུང་གིས་རྒྱལ་བྱེད་ཚལ་དུ་སྒོ་མི་སྟོང་པ་ཡིན་པས། ཉེ་དགས་སྒོ་ན་འདུག་པས་དེ་ཐག་རིང་པོ་ནས་མགོ་སྤྲ་བའི་མེ་ཏོག་ལྟ་བུ་སྨིན་མ་འཕྱང་བ་ཞིག་འོང་བ་མཐོང་ནས། གནས་བརྟན་ཞིག་འོང་གིས་བསུའོ་ཞེས་བསུ་སྟེ། གནས་བརྟན། བྱོན་པ་ལེགས་སོ་བྱས་པ་དང༌། དེས། སློབ་དཔོན། ཕྱག་འཚལ་ལོ་ཟེར་བས། འདི་ནི་རྒན་ཞུགས་ཏེ་སློབ་དཔོན་དང་མཁན་པོའང་མི་ཤེས་སོ་སྙམ་ནས། རྒན་ཞུགས། གང་ནས་འོངས། སློབ་དཔོན། བདག་སྔོན་གྱི་ཆུང་མ་ཞིག་ཡོད་པ་ལྟར་ཕྱིན་ཏེ། དེ་ནས་འོངས་སོ། །དེ་ལེགས་ཏེ་ཁྱོད་ནི་བྱས་པ་གཟོ་བ་ཞིག་གོ །སྔོན་གྱི་ཆུང་མ་མཐོང་ངམ། མཐོང་ངོ༌། །དེ་ཁམས་བདེའམ། །བདེའོ། །འཁར་གསིལ་གྱི་རྩ་བ་ལ་འཕྱང་བ་ནི་ཅི་ཡིན། དེ་བཤུལ་བརྒྱགས་ཀྱི་པ་ནའོ། །ཁྱོད་བསོད་ནམས་ཆེ་སྟེ། སྔོན་གྱི་ཆུང་མའང་མཐོང་ལ་རྙེད་པའང་གྲུབ་བོ། །འདི་ལས་གཞན་ཡང་འབྱུང་གིས་དྲིའོ་སྙམ་ནས་ཚིག་འཇམ་པོས་ཐམས་ཅད་དྲིས་པ་དང༌། དེ་དྲང་པོའི་རང་བཞིན་ཅན་ཞིག་ཡིན་པས་ཇི་ལྟར་གྱུར་པ་བསྙད་དོ། །རྒན་ཞུགས། དེ་ཐམས་ཅད་མཁན་པོ་ལ་སྨྲོས་ཤིག །ཡིད་དགའ་བར་འགྱུར་རོ། །དེས་མཁན་པོ་ལ་བསྙད་པའི་སྐབས་དེ་གསོལ་བ་དང༌། སྐྱེས་བུ་གཏི་མུག་ཅན་འདི་སྦྱོར་བ་ཉམས་ཀྱི། བསམ་པ་ནི་མ་ཉམས་སོ། །འདི་ལ་ཕས་ཕམ་པ་བྱུང་སྟེ། དེ་བས་ན་བསྙེན་པར་རྫོགས་མ་ཐག་པ་ལ་ཕམ་པར་འགྱུར་བའི་ཆོས་བཞི་མི་བརྗོད་པར་མི་བྱའོ། །སྟོན་པ་མཉན་ཡོད་ནའོ། །གནས་ཤིག་ན་དགེ་སློང་མང་པོ་ཞིག་གཅིག་ལ་གནས་བཅས་ཏེ་འདུག་པ་དང༌། གནས་ཀྱི་སློབ་དཔོན་དེ་ཤི་ནས་འཕྲལ་གྱི་བྱ་བ་ཞུ་བ་དང༌། གང་ལ་གནས་(༦༥ན)བཅས་ནས་འདུག་པ་མ་ཤེས་པའི་སྐབས་དེ་གསོལ་བ་དང༌། དེ་དག་གིས་དགེ་སློང་ཞིག་ལས་སུ་བསྐོ་བ་དང༌། གནས་ཁང་དང༌། མལ་སྟན་དང༌། ཉེ་གནས་ཀྱི་སྟ་གོན་གྱིས་བཙལ་བར་བྱའོ། །མ་རྙེད་ན་གང་ན་གནས་མེད་པ་དེར་གསོ་སྦྱོང་གཉིས་པ་ལ་བསྡད་པར་མི་བྱའོ། །དགེ་སློང་ཞིག་གནས་ཀྱི་སློབ་དཔོན་ཞིག་དང་དབྱར་ཁས་བླང་བར་འདོད་པ་ལས། གནས་ཀྱི་སློབ་དཔོན་དེ་ཤི་ནས། ཇི་ལྟ་བྱ་བ་མི་ཤེས་པའི་སྐབས་དེ་གསོལ་བ་དང༌། གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ། །མ་རྙེད་ན་གནས་དེར་དབྱར་སྔ་མ་གནས་པར་ཁས་བླང་བར་མི་བྱའོ། །
དགེ་སློང་དག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་ཞིག་དང་དབྱར་སྔ་མར་གནས་པར་ཁས་བླངས་པ་དང༌། དེ་དག་གིས་སློབ་དཔོན་ཤི་ནས། ཇི་ལྟར་བྱ་བ་མི་ཤེས་པའི་སྐབས་དེ་གསོལ་བ་དང༌། གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ། །མ་རྙེད་ན་གནས་དེར་དབྱར་གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ། །དགེ་སློང་དག་གནས་ཤིག་ཏུ་གནས་ཀྱི་སློབ་དཔོན་ཞིག་དང་དབྱར་ཕྱི་མ་གནས་པར་ཁས་བླངས་པ་ལས། དེ་དག་གི་སློབ་དཔོན་དེ་ཤི་ནས། ཇི་ལྟར་བྱ་བ་མི་ཤེས་པའི་སྐབས་དེ་གསོལ་བ་དང༌། དེ་དག་གིས་ཕྱི་མ་ཟླ་བ་གཉིས་ཀྱི་བར་དུ་གཅིག་ལ་གཅིག་དྲི་ཞིང་སོ་སོར་བརྟགས་པས་གནས་པར་བྱའོ། །ཟླ་བ་གཉིས་འདས་ནས་གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ། །མ་རྙེད་ན་གནས་དེར་གསོ་སྦྱོང་གཉིས་པའི་བར་དུ་འདུག་པར་མི་བྱའོ། །མཁན་པོ་ལ་ཡང་སློབ་དཔོན་ཇི་ལྟ་བ་བཞིན་སྦྱར་རོ། །ཡོད་ནའང་རེ་ཞིག་གི་གནས་ཉིད་ཀྱིས་ཞུ་བ་ནི། མཁན་པོས་དེ་ལ། འདི་ནི་ཁྱོད་དང་མཁན་པོ་གཅིག་པ་ཡིན་གྱིས། ཁྱོད་ཀྱིས་འདི་ལ་ཞུ་བར་བྱའོ་ཞེས་སོ། །གནས་མ་བཅས་པ་ལ་རྙེད་པ་སྩལ་བར་བགྱིའམ། མང་ནའང་ཞག་ལྔའི་བར་དུ་གནས་བཅའ་བ་འཚོལ་ཞིང་སྦྱོར་བ་མ་བཏང་བའོ་ཞེས་པ། གནས་པར་འོས་པ་ཡོངས་སུ་འཚོལ་བ་ལ་ཞུགས་པ་སོགས་སོ། །སློབ་མ་དག་ལས་སུ་བསྐོས་ཏེ་འགྲོ་བ་ན་མཁན་སློབ་ལ་ཞུས་ཏེ་སོང་བས་དེར་ཕྱིན་པ་ན་ལས་གཞན་བྱུང་ནས། ཡང་ཕྱིར་འོངས་ཏེ་ཞུ་བྱེད་པ་དེ་གསོལ་བ་དང༌། ལས་སུ་བསྐོས་པར་སོང་བ་ན་དེ་གཞན་བྱུང་ན་ཡང་ཡང་མ་ཞུས་ཀྱང་ཉེས་པ་མེད་དེ། སྔར་ཞུས་པ་ཐམས་ཅད་ཞུས་པའོ། །
སྟོན་པས། གློ་བུར་དུ་ལྷགས་པའི་དགེ་སློང་གིས་གནས་བཅའ་བའི་ཕྱིར་གཙུག་ལག་ཁང་དུ་འོངས་ནས་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་ཕྱི། ཆུ་སྣོད་མ་ལེན་ཅིག་ཅེས་གསུངས་པ་དང༌། གློ་བུར་དུ་ལྷགས་པ་ཞིག་གིས། བསླབ་པ་བཅས་པ་དེ་ཐོས་ནས། གནས་བཅའ་བའི་ཕྱིར་ལུས་ངལ་དུབ་བཞིན་དུ་ཕན་ཚུན་བརྒྱུགས་པས་འགྱེལ་(༦༥བ)ནས་ཤིའོ། །དེ་གསོལ་བ་དང༌། གློ་བུར་དུ་འོངས་པས་ནི་ངལ་བསོས་ནས་གནས་བཅའ་བར་བྱའོ་ཞེས་གསུངས་པ་དང༌། གར་བབ་བབ་ཏུ་གནས་བཅས་པས་དགེ་བའི་ཆོས་ཡལ་ནས། གང་ཡང་རུང་བ་ལ་གནས་བཅའ་བར་མི་བྱའོ། །ཞག་གསུམ་གྱི་བར་དུ་གང་ལ་གནས་འཆའ་བའི་དགེ་སློང་དེ་སྤྱོད་པ་དང༌། འཁོར་དང༌། ཕྱི་བཞིན་འབྲང་བའི་གྲོགས་དང༌། ལུང་བསྒོ་མི་བསྒོ། རྗེས་སུ་སྟོན་མི་སྟོན། དགེ་བའི་ཆོས་སྐྱེའམ་འབྲི་བསམས། བརྟགས། ཤིན་ཏུ་དཔྱོད་ལ་གནས་ཆོས་ཤིག །གནས་སྦྱིན་པའི་དགེ་སློང་གིས་ཀྱང་གང་ཡང་རུང་བ་རིངས་སྟབས་སུ་མ་སྦྱིན་པར་ཞག་གསུམ་གྱི་བར་དུ་དེའི་སྤྱོད་པ་དང༌། དེས་བདག་ལ་རིམ་གྲོ་བྱེད་མི་བྱེད། དགེ་བའི་ཆོས་འཕེལ་མི་འཕེལ་ཡོངས་སུ་བརྟགས་ནས་སྦྱིན་ནོ། །གནས་འཆའ་བ་ལེན་འདོད་པས་ཆོ་ག་ལན་གསུམ་ཐབས་ལེགས་དང་བཅས་པ། སྡོམ་པ་བཞིན་ནོ། །སྟན་ནས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས། ལག་པ་གཉིས་ཀྱིས་རྐང་མཐིལ་བཅངས་ནས་ལན་གཉིས་བཙིར་ལ་གནས་བཅའ་འོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་ཞིག་གིས་གཞོན་ནུ་ཞིག་ལ་གནས་བྱིན་ནས་བུ་བཞིན་དུ་བསྐྱངས་སོ། །རེ་ཞིག་ན། སློབ་དཔོན། ཕྱག་འཚལ་ལོ་མཁྱེན་པར་མཛོད་ཅིག །ལྗོངས་རྒྱུར་མཆིའོ། །བུ། མི་བདེ་བ་མེད་དམ། མེད་དེ་ལྗོངས་རྒྱུར་སྤྲོ་བས་སླར་མཆིའོ། །དེ་ལྟ་ན་སོང་ལ་ལམ་དུ་འགྱོད་ན་སླར་ལོག་ཅིག །ལེགས་ཀྱིས་སླར་མཆིའོ་ཞེས་ཆས་པ་དང༌། ལམ་དུ་བསམས་པ་བདག་ལ་སློབ་དཔོན་གྱིས་ཡོ་བྱད་ཐམས་ཅད་སྦྱར་བ་ལས་སོང་བ་མི་ལེགས་སོ་སྙམ་ནས་སླར་ལོག་པ་དང༌། སློབ་དཔོན་གྱིས་མཐོང་ནས། ཅིའི་ཕྱིར་ལོག །ཅུང་ཟད་བརྗེད་པ་མེད་དམ། བརྗེད་པ་མ་མཆིས་མོད་བདག་ལ་སློབ་དཔོན་གྱིས་ཡོ་བྱད་སྦྱར་ན་ཅི་ལ་འགྲོ་སྙམ་ནས་སླར་ལོག་གོ །བུ། སླར་ལོག་ན་ལེགས་སོ། །ཁྱོད་ཀྱི་སློབ་དཔོན་ནི་ང་ཉིད་ཡིན་ནོ་ཞེས་སྨྲས་ནས་བསམས་པ། འདིའི་གནས་བཅས་པ་དེས་ཆོག་གམ། གདོད་སྦྱིན་དགོས་སྙམ་ནས། སྐབས་དེ་གསོལ་བ་དང༌། སློབ་དཔོན་གྱིས་མ་བཏང་ལ་ཉེ་གནས་ཀྱིས་བཏང་ན་གནས་བཅས་པ་མ་ཞིག་གོ །སློབ་དཔོན་གྱིས་བཏང་ལ་ཉེ་གནས་ཀྱིས་མ་བཏང་ན་གནས་བཅས་པ་མ་ཞིག་གོ །གཉིས་ཀས་མ་བཏང་ན་མ་ཞིག་གོ །དཔོན་སློབ་གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་བ་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ། །སྟོན་པ་མཉན་ཡོད་ནའོ། །རབ་ཏུ་འབྱུང་བར་འདོད་པ་ཞིག་གེ་སློང་ཞིག་གི་དྲུང་དུ་སོང་བ་དང༌། དེས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པ་བྱས་ནས་དེ་བཞག་སྟེ་ལྗོངས་རྒྱུར་སོང་ངོ༌། །དེ་ཟང་ཟིང་གིས་བསྡུས་ཀྱང་ཆོས་ཀྱིས་མ་བསྡུས་པས་གཞན་ཞིག་ལ་གནས་ཏེ་འདུག་གོ །དེས་(༦༦ན)བསྡུ་བའི་དངོས་པོ་བཞིས་བསྡུས་པས་དེ་སློབ་དཔོན་དེ་ལ་རྟག་ཏུ་ལྟ་ཞིང་སེམས་འཛིན་ནོ། །རེ་ཞིག་ན་དེའི་མཁན་པོ་ལྗོངས་རྒྱུས་ནས་སླར་ཕྱིན་པ་དང༌། དེ་མཐོང་ནས་ཚངས་པ་མཚུངས་པར་སྤྱོད་པ་གསར་བུ་རྣམས་ནི་སྟན་ལས་ལྡང་བར་བྱེད། རྒན་པ་དག་གིས། འོངས་པ་ལེགས་སོ་ཞེས་བྱས་སོ། །དེའི་ལྷན་ཅིག་གནས་པ་དེ་སྟན་ལས་ལངས་པ་དང༌། དེ་ལ་དགེ་སློང་དག་གིས། ཚེ་དང་ལྡན་པ། ཁྱོད་ཀྱི་མཁན་པོ་འོངས་པ་ལ་ཁ་ཅིག་གིས་སྟན་ལས་ལངས། ཁ་ཅིག་གིས། འོངས་པ་ལེགས་སོ་ཞེས་བྱས་ན། ཁྱོད་ཀྱིས་དེ་མཐོང་བཞིན་དུ་སྟན་ལས་མ་ལངས་པ་ནི་རིགས་པ་མ་ཡིན་ནོ། །དེས་སྨྲས་པ། འདིས་བདག་རབ་ཏུ་ཕྱུང་ནས་ཟང་ཟིང་གིས་བསྡུས་སམ། ཆོས་ཀྱིས་བསྡུས། གང་དྲན་ནས་ལྡང་བར་བྱ། དེ་དག་གིས་སྨྲས་པ། དེ་སྐད་མ་ཟེར་ཅིག །སྟོན་པས་ཀྱང༌། གང་ཟག་གཅིག་གང་ཟག་གཅིག་ལ་བརྟེན་ནས་སྐྲ་དང་ཁ་སྤུ་བྲེགས། གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེས་ནི་དེ་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང༌། བསོད་སྙོམས་དང༌། ནད་ཀྱི་གསོ་སྨན་དང༌། མལ་སྟན་དང༌། ཡོ་བྱད་དག་གིས་ལན་གླན་པར་སླ་བ་མ་ཡིན་ནོ་ཞེས་མ་གསུངས་སམ། ཁྱོད་དེ་སྐད་ཟེར་བ་ནི་མ་ལེགས་སོ་ཞེས་སྨྲས་པས་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །
མཁན་པོས་མཐོང་མ་ཐག་ཏུ་གནས་བཅས་པའང་མེད་པར་འགྱུར་རོ། །དེ་སྐད་གསུངས་པ་དང༌། གཞན་ཞིག་གི་མཁན་པོ་འདུག་མི་ཕོད་པ་ཞིག་འོངས་ཤིང་ཅུང་ཟད་འདུག་ནས་འགྲོ་ལ། ཁ་ཅིག་ལ་ནི་མཁན་སློབ་རྣམས་གཤེ། ཁ་ཅིག་ལ་ནི་དགའ་ཞིང༌། གཤེ་བ་དེ་དག་ལ་ནི་སྔར་གནས་པ་ལའང་མི་སྟེར། བདག་ཉིད་ཀྱང་མི་སྡུད། དགའ་བ་དེ་དག་ནི་སྡུད་པར་བྱེད་ནས་སྔར་གྱི་སློབ་དཔོན་རྣམས་འཁྲུགས་པར་གྱུར་པའི་སྐབས་དེ་གསོལ་བ་དང༌། འདུག་མི་ཕོད་པ་དེ་དག་ལའང་ཐམས་ཅད་བྱ་ཞིང༌། སྔོན་གྱི་སློབ་དཔོན་རྣམས་ལའང་ཐམས་ཅད་བྱ་མོད། གཉིས་ཀའི་སེམས་མགུ་བ་ལྷུར་བླང༌། གཉིས་ཀ་ལའང་དྲི་བར་བྱའོ། །ཐམས་ཅད་དུ་མཁན་པོ་འདུག་ན་དེ་ཉིད་ལ་དྲི་བར་བྱའོ། །དགེ་སློང་ཞིག་གིས་གཞོན་ནུ་ཞིག་ལ་གནས་བྱིན་ནས། དེ་གསོ་སྦྱོང་གི་ཚེ་དེའི་ཐད་དུ་སོང་སྟེ། སློབ་དཔོན། ཕྱག་འཚལ་ལོ། །ཞུའོ། །གསོ་སྦྱོང་བྱིན་གྱིས་བརླབ་བོ། །
དེས་སྨྲས་པ། ང་ཇི་ལྟར་ཁྱོད་ཀྱི་སློབ་དཔོན་དུ་གྱུར། བདག་ཁྱོད་ལ་གནས་བཅས་ཏེ་མཆིས་པས་སོ། །ཁྱོད་ལྟ་བུ་མ་གུས་ཤིང་ཞེ་ས་མེད་པ་ལ་གནས་སྟེར་བ་དེ་ལ་གནས་ཆོས་ཏེ་དེ་ལ་ཞུས་ཤིག །དེ་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་(༦༦བ)དང༌། ཉེས་དམིགས་དེ་ནི་དགེ་སློང་དག་དུས་གསུམ་དུ་མཁན་པོ་དང༌། སློབ་དཔོན་ལྟར་མི་འགྲོ་བ་ལས་གྱུར་པས། དེ་བས་ན་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་དུས་གསུམ་དུ་མཁན་པོ་དང་སློབ་དཔོན་བལྟ་བའི་ཕྱིར་འགྲོ་བར་བྱའོ། །ཨུ་པ་ལིས་ཞུས་པ། ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་དུས་གསུམ་དུ་མཁན་སློབ་བལྟར་སོང་ཞིག །ཅེས་གསུངས་ལ། མཚམས་ཆེན་པོ་དཔག་ཚད་ཕྱེད་དང་གསུམ་དུ་ཆོད་ཅིག་ཅེས་ཀྱང་གསུངས་ན། མཁན་སློབ་དཔག་ཚད་ཕྱེད་དང་གསུམ་ན་མཆིས་ན་དེ་དག་གིས་ཇི་ཙམ་ན་བལྟ་བར་བགྱི། གསོ་སྦྱོང་གི་ཚེའོ། །དེ་དག་རྒྱང་གྲགས་ལྔ་ན་ཡོད་ན་ཞག་བདུན་ནམ་བརྒྱད་ན་བལྟར་སོང་ཞིག །འདོམ་ལྔ་བརྒྱ་ན་གནས་ན་དུས་གསུམ་དུ་བལྟར་སོང་ཞིག །སྟོན་པ་མཉན་ཡོད་ནའོ། །ཤཱ་རིའི་བུ་ལ་དགེ་ཚུལ་ཙུན་ད་དང༌། སྒྲ་གཅན་ཟིན་གཉིས་ཡོད་པ་ལས། རེ་ཞིག་ན་ཤཱ་རིའི་བུ་ལྗོངས་རྒྱུར་ཆས་ནས། དགེ་ཚུལ་དག །ང་ལྗོངས་རྒྱུར་འགྲོ་ན་ཁྱེད་འདུག་གམ་འགྲོ། ཙུན་དས། མཁན་པོ། བདག་ནི་ཁྱོད་དང་ལྷན་ཅིག་མཆིའོ། །སྒྲ་གཅན་ཟིན་གྱིས། འདི་ཉིད་ན་མཆིའོ། །དེ་ལྟ་ན་སུ་ལ་གཏད། བཙུན་པ་འཆར་ཀ་ལ་གཏད་དུ་གསོལ། དེ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་པས་ཁྱོད་ལ་གནོད་པ་བྱེད་པར་མི་འགྱུར་གྲང༌། དེ་ནི་བདག་གི་ཕ་མ་དང་འདྲ་བས་གནོད་པ་ཅི་བགྱིད། དེས་དེ་ལ་གཏད་ནས་ལྗོངས་རྒྱུར་སོང་ངོ༌། །དེ་དང་སྒྲ་གཅན་ཟིན་ཡང་གཙུག་ལག་ཁང་ནས་བྱུང་ངོ༌། །སྒྲ་གཅན་ཟིན། འདི་དང་འདི་གྱིས་ཤིག །མི་བྱེད་དོ། །འཆར་ཀ་ཁྲོས་ནས། བླུན་པོ། འདི་ཙམ་ཡང་མི་བྱ་ན་གཞན་ཅི་བྱ། དེས་སྨྲས་པ། ཁྱོད་ངའི་སློབ་དཔོན་ཡིན་ནམ་མཁན་པོ་ཡིན། མི་བྱེད་དོ། །དེས་དེའི་མགུལ་ནས་བཟུང་སྟེ་གཙུག་ལག་ཁང་ནས་བསྐྲད་པ་དང༌། དེ་རྒྱལ་བྱེད་ཚལ་གྱི་སྒོ་ན་ངུ་ཞིང་འདུག་པ་དང༌། སྐྱེ་དགུའི་བདག་མོ་འཁོར་ལྔ་བརྒྱ་དང་བཅས་པས་མཐོང་ནས། ཅི་སྟེ་བཤུམ། བདག་བསྐྲད་དོ། །སུས། འཆར་ཀས་སོ། །དེས་བདག་སངས་རྒྱས་ཀྱི་སྲས་ལ་རྒྱབ་བསྟན་ནས་འགྲོ་བ་ཆ་མ་ཡིན་ནོ་སྙམ་སྟེ་དེ་དག་གིས་བསྐོར་ནས་འཁོད་དོ། །ཇི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་པ་དང༌། དེས་ཀྱང་དྲིས་པ། ཅི་སྟེ་བཤུམ། དེས་ཇི་ལྟར་གྱུར་པ་བསྙད་པ་དང༌། དེས་བདག་སངས་རྒྱས་ཀྱི་སྲས་དང་སངས་རྒྱས་ཀྱི་སྲུ་ལ་རྒྱབ་བསྟན་ནས་འགྲོ་བ་ཆ་མ་ཡིན་ནོ་སྙམ་སྟེ། དེས་ཀྱང་བསྐོར་ནས་འཁོད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་འོངས་པ་དང༌། དེས་ཀྱང༌། ཅི་སྟེ་བཤུམ། དེས་ཇི་ལྟར་གྱུར་པ་བསྙད་པ་དང༌། དེས་བདག་སངས་རྒྱས་ཀྱི་སྲས་དང༌། སངས་རྒྱས་ཀྱི་སྲུ་དང༌། རྒྱལ་པོ་ལ་རྒྱབ་བསྟན་(༦༧ན)ནས་འགྲོ་བ་ཆ་མ་ཡིན་ནོ་སྙམ་སྟེ། དེས་ཀྱང་བསྐོར་ཏེ་འཁོད་དོ། །སྐབས་དེ་ཀུན་དགའ་ར་བར་སྐྱེ་བོའི་ཚོགས་ཕལ་པོ་ཆེའི་སྒྲ་བྱུང་བ་དང༌། སངས་རྒྱས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པས། ཀུན་དགའ་བོ་ལ་དྲིས་ནས། དེས་དེ་རྒྱས་པར་གསོལ་བ་དང༌། དགེ་སློང་དག །དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་དམ། སྐྲོད་དོ། །དགེ་སློང་ནི་རང་གི་གནས་ཁང་ལ་དབང་གིས་དགེ་འདུན་གྱི་གཙུག་ལག་ཁང་ལ་དབང་བ་མ་ཡིན་པས་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲད་པར་མི་བྱའོ། །དེ་སྐད་གསུངས་པ་དང༌། དགེ་སློང་རྣམས་ཀྱིས་ལྷན་ཅིག་གནས་པ་དང༌། ཉེ་གནས་ལ་ཅུང་ཟད་ཀྱང་མ་སྨྲས་པས། དེ་དག་དབང་དུ་མ་གྱུར་ཅིང་མ་དུལ་བས། གནས་པ་ཆད་པས་གཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ། །ཆད་པ་མ་ཤེས་ནས་ཞུས་པས། ཆད་པ་ནི་ལྔའོ། །གཏམ་འདྲེ་བར་མི་བྱ་བ་དང༌། གདམས་ངག་མི་སྦྱིན་པ་དང༌། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་ལོངས་སྤྱོད་དུ་མི་གཞུག་པ་དང༌། དགེ་བའི་ཕྱོགས་བརྩམས་པ་རྒྱུན་གཅད་པ་དང༌། གནས་དགག་པར་བྱ་བའོ། །
དགེ་སློང་རྣམས་ཁྱད་པར་མེད་པར་ཆད་པས་གཅོད་ནས། ཆོས་ལྔ་དང་ལྡན་ན་ཆད་པས་གཅད་པར་བྱ་སྟེ། མ་དད་པ་དང༌། ལེ་ལོ་ཅན་དང༌། བཀའ་བློ་མི་བདེ་བ་དང༌། མ་གུས་པ་དང༌། སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ། །ཆོས་ལྔ་ཆར་དང་ལྡན་པ་ཆད་པས་གཅོད་ཀྱི། གང་རུང་དང་ལྡན་ན་ཆད་པས་མི་གཅོད་ནས། ལྔ་པོ་འདི་ལས་གང་རུང་དང་ལྡན་ནའང་ཆད་པས་གཅད་པར་བྱའོ། །ཆད་པས་བཅད་པ་གཞན་གྱིས་སྡུད་པར་བྱེད་ནས། ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་ན་དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །དེར་སུས་ཀྱང་མ་བསྡུས་པས། ཤིན་ཏུ་མ་གུས་པར་གྱུར་ཏེ། ཁ་ཅིག་ཡུལ་གཞན་དུ་འགྲོ། ཁ་ཅིག་བསྟན་པ་ལས་འདའ་བར་བྱེད་ནས། གུས་པར་མི་བྱེད་ན། དྲང་པོར་བྱ་བའི་ཕྱིར་སྡུམ་བྱེད་པའི་དགེ་སློང་བསྐོའོ། །དེ་དག་གིས་མི་མཁས་པ་བསྐོས་ཏེ། དེ་སོང་ནས། མཁན་པོ་ན་རེ། ཚུར་ཤོག །བཟོད་པ་མཛོད་ཅིག་ཟེར་རོ་བྱས་པ་དང༌། དེ་ཁེངས་པར་གྱུར་ནས། སྡུམ་བྱེད་པའི་དགེ་སློང་ཤེས་ཉེན་ཅན་བསྐོ་བར་བྱའོ། །ཐམས་ཅད་ལ་ཁྱད་པར་མེད་པར་བཟོད་པ་གསོལ་བས་དེ་དག་དགེ་བའི་ཆོས་མི་འཕེལ་ཞིང༌། གསར་བུ་གཞན་དག་ཀྱང་བསྟན་པ་ལས་གྱེད་ནས། རྒྱུ་བཏང་བ་དད་པ་ལ་སོགས་པ་ལྔ་དང་ལྡན་པ་བཟོད་པ་གསོལ་བར་བྱེད་པ་ལ་བཟོད་པར་བྱའོ། །ཆོས་ལྔ་ཆར་དང་ལྡན་པ་ལ་བཟོད་པ་གསོལ་ནས། གང་རུང་དང་ལྡན་པ་ལ་བཟོད་པ་གསོལ་བར་བྱའོ། །ཆད་པ་གཅད་པར་མི་འོས་པ་ལ་ཆད་པ་གཅད་པར་(༦༧བ)མི་བྱའོ། །བཟོད་པ་གསོལ་བར་འོས་པ་ལ་མི་བཟོད་པར་མི་བྱའོ། །བཟོད་པ་མི་བྱེད་པ་ཉིད་ཡིན་ན་གནས་ཁང་ནས་བསྐྲད་པར་བྱའོ། །དགེ་ཚུལ་ལ་ནི་ཆུ་ཚགས་དང༌། རིལ་བ་སྤྱི་བླུགས་དང༌། མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་ཏེའོ། །གལ་ཏེ་བསྙེན་པར་རྫོགས་པའམ། བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔ་བྱིན་ཏེ་བསྐྲད་པར་བྱ་ཡི་སྒྲེན་མོར་ནི་མི་བྱའོ། །མཉན་ཡོད་ན་དགེ་སློང་རྒན་པོ་ཞིག་དང༌། གསར་བུ་ཞིག་ལྗོངས་རྒྱུར་སོང་བ་དང༌། རྒན་པོ་ནི་སྣོད་དང་ཡོ་བྱད་མང་ལ། གསར་བུ་ནི་ཆོས་གོས་གསུམ་ལས་ལྷག་པ་མེད་པ་ཞིག་པས། རྒན་པོས་སྨྲས་པ། ཁོ་བོ་ངལ་གྱིས་ཆོས་གོས་ཀྱི་གཏུར་བུ་ཁྱེར་ཏེ་ཤོག་ཅིག །གསར་བུས་སྨྲས་པ། གནས་བརྟན། བཀའ་མི་དབབ་ན་ཅུང་ཟད་གསོལ་བ་མཆིས་སོ། །
འདི་ལ་སུ་གཤེ། སྨྲོས་ཤིག །གནས་བརྟན། དཀོན་མཆོག་གསུམ་ལ་མ་གཟིགས་སམ། རྨོངས་པའི་ཡོ་བྱད་འདིས་ཅི་བགྱི། གལ་ཏེ་མི་བཀུར་བ་ནི་རུང་ན། ཁྱོད་ཁོ་བོའི་མཁན་སློབ་ཡིན་ནམ། ཅིའི་ཕྱིར་རྗེས་སུ་སྟོན། བཀྲེན་པ་འདི་མི་དགའ་བར་བྱའོ་སྙམ་ནས། དེ་གཉིས་གཙུག་ལག་ཁང་དུ་སོང་བ་དང༌། དེ་ན་ནུབ་གཅིག་ཀྱང་མི་གནས་པར་མི་འདུག་པའི་ཁྲིམས་ཡོད་དེ། དེ་གཉིས་ལ་གནས་མལ་གྱི་ཞལ་ཏ་བྱེད་པས། གནས་མལ་སྣོམས་ཤིག །ཅེས་སྨྲས་པ་དང༌། རྒན་པོས་ནི་བླངས། གསར་བུས། ཁོ་བོས་གནས་མ་བཅས་ཀྱིས། དང་པོར་གནས་བཅའ་འོ་ཞེས་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ། གནས་བརྟན། བདག་གི་གནས་མཛད་དུ་གསོལ། བཞིན་བཟང༌། ཁྱོད་སུ་དང་ལྷན་ཅིག་འོངས། ཆེ་གེ་མོ་ཞིག་དང་ངོ༌། །དེ། དགེ་འདུན་གྱི་གནས་བརྟན་གྱིས་བདག་ལ་འཁོར་ཕྱེའོ་ཞེས་ཟེར་དུ་འོང་གིས། དེ་ཉིད་ལ་གནས་གསོལ་ཅིག །དེ་གཞན་དག་གི་གན་དུ་སོང་བ་དང༌། ཐམས་ཅད་ཀྱིས་དེ་བཞིན་དུ་སྤངས་ནས། ནམ་སྲོས་ཏེ་རྒན་པོ་དེ་ཉིད་ཀྱི་གན་དུ་སོང་ནས་སྒོ་ལ་བརྡབས་ཏེ་སྨྲས་པ། གནས་བརྟན། ཕྱག་འཚལ་ལོ། །ཁྱོད་སུ། འདི་ཞེས་བགྱི་བའོ། །འདི་ན་ཁྲིམས་འདི་ལྟ་བུ་མཆིས་ཀྱིས། བདག་གི་གནས་མཛད་དུ་གསོལ། བཞིན་བཟང༌། དགེ་འདུན་གྱིས་དེ་ལྟ་བུའི་ཁྲིམས་མཛད་པ་ལེགས་ཏེ། གལ་ཏེ་མ་མཛད་ན་ཁོ་བོས་འཆར་གཞུག་པ་ཞིག་གོ །སྔར་ནི་ཁོ་བོ་སྣོད་དང་ཡོ་བྱད་མང་བ་ཡིན་ལ། ད་ནི་གནས་བརྟན་ཡིན་ནམ། མ་གུས་པ་བྱས་ཀྱང་གནས་སྟེར་བ་དེ་ལ་གནས་ཆོས་ཤིག །དེ་ཅང་མི་ཟེར་བར་འདུག་སྟེ། དེའི་གནས་ཀྱི་བར་ཆད་དུ་གྱུར་པའི་སྐབས་དེ་གསོལ་བ་དང༌། གནས་མེད་པར་ལྗོངས་རྒྱུ་བར་མི་བྱ། དགེ་སློང་གིས་སེངྒེ་ལྟར་གྱ་ཚོམ་མི་བྱའོ། །དགེ་འདུན་གྱིས་ཀྱང་(༦༨ན)དགེ་སློང་རྣམས་ལ་གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་མི་བྱའོ། །
སྟོན་པ་མཉན་ཡོད་ནའོ། །ཆུ་བོ་སྙན་ལྡན་གྱི་དགེ་སློང་རྣམས་ཀྱིས་དང་པོ་བུམ་པ་དང༌། ཕོ་ལོང་གི་སྦྱོར་བས་འབད་དེ་བསྒོམས་པས་དགྲ་བཅོམ་པ་ཐོབ་པའི་ཚེ་དེ་དག་གི་སྤྱོད་ལམ་ལ་སྐྱེ་བོ་མང་པོ་དད་དོ། །དེ་ནས་སྟོན་པས། དགེ་སློང་དག །གང་གིས་གྲོང་གི་ཞིང་ན་ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་རྣམས་གནས་པའི་མི་དེ་དག་ནི་རྙེད་པ་ལེགས་པར་རྙེད་དོ། །ཀུན་དགའ་བོས་སྟོན་པའི་དགོངས་པ་ཤེས་ནས། དེས་དེ་དག་ལ། སྟོན་པ་ནི་ཁྱོད་ཀྱི་བསྔགས་པ་བརྗོད་ཅིང༌། གཟིགས་པར་བཞེད་ཀྱིས། འོང་བའི་རིགས་སོ་ཞེས་སྤྲིངས་སོ། །དེ་དག་གིས་སྐྱེ་བོའི་ཚོགས་མང་པོ་སྦྲན་ནས་སོང་ངོ༌། །དེ་དག་གིས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག །ཤེས་པར་གྱིས་ཤིག །སྟོན་པ་བདག་ཅག་གི་ཡོན་ཏན་བརྗོད་ཅིང༌། གཟིགས་པར་བཞེད་དེ། ཁྱེད་ལ་བལྟས་ནས་འདོང་བ་ཡིན་ནོ། །དེ་དག་གིས་སྨྲས་པ། དེ་ལྟ་ན་བདག་ཅག་ཀྱང་འགྲོའོ། །དེ་ལྟར་གྱིས་ཤིག །དེ་རྣམས་དེ་དག་དང་ལྷན་ཅིག་ཆས་ཏེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང༌། དེ་ནས་ཀུན་དགའ་ར་བར་དགེ་སློང་གློ་བུར་བ་དང༌། གཞི་བ་རྣམས་ཕན་ཚུན་དགའ་བར་བྱེད་པའི་སྒྲ་ཆེན་པོ་དང༌། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་སྒྲ་སྐད་བྱུང་ངོ༌། །སྟོན་པས་ཀུན་དགའ་བོ་ལ་དྲིས་པས། ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་རྣམས་ཀྱིས་སྐྱེ་བོ་མང་པོ་སྦྲན་ནས་དགེ་སློང་མང་པོ་དང་ལྷན་ཅིག་འདིར་མཆིས་ཏེ། གཞི་བ་དང༌། གློ་བུར་བ་རྣམས་ཕན་ཚུན་དགའ་བར་བྱེད་པའི་སྒྲ་ཆེན་པོ་དང༌། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་སྒྲ་སྐད་ལགས་སོ། །སྟོན་པས། ཀུན་དགའ་བོ། སོང་ལ། དགེ་སློང་དེ་དག་ལ། ཁྱེད་འདི་ན་མ་གནས་པར་དེངས་ཤིག་ཅེས་སྐྲོད་ཅིག་ཅེས་ལན་གསུམ་གྱི་བར་དུ་བསྐྲད་དོ། །ཡང་སྟོན་པས་དེ་དག་གི་བསྔགས་པ་བརྗོད་པ་དང༌། ཀུན་དགའ་བོས་དེ་དག་ལ། འོང་བའི་རིགས་སོ་ཞེས་སྤྲིངས་པ་དང༌། ཅིའི་ཕྱིར་སྟོན་པ་བདག་ཅག་གི་བསྔགས་པ་བརྗོད་ཅིང༌། གཟིགས་པར་ཡང་བཞེད་ལ། འོན་ཀྱང་སོང་དགུ་ན་སྟོན་པས་བསྐྲད། གདོན་མི་ཟ་བར། སྐྱེ་བོ་མང་པོ་སྦྲན་པས་བསྐྲད་ཀྱིས། ད་ནི་བདག་ཅག་གིས་མ་སྦྲན་པ་ཁོ་ནར་འདོང་ངོ་ཞེས་དེ་དག་ཉི་ཚེ་སོང་བ་དང༌། སྟོན་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་སྟོན་པས་ཀུན་དགའ་བོ་ལ། གཙུག་ལག་ཁང་གཅིག་ཏུ་དེ་བཞིན་གཤེགས་པ་དང༌། ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་དག་གི་ཁྲི་ཤོམས་ཤིག །ཀུན་དགའ་བོས་དེ་བཞིན་དུ་བཤམས་ནས་གསོལ་བ་དང༌། དེ་ནས་སྟོན་པས་གཙུག་ལག་ཁང་དེར་གཤེགས་ནས་ཕྱི་རོལ་ཏུ་ཞབས་བཀྲུས་ཏེ་ཁྲི་བཤམས་པ་ལ་བཞུགས་(༦༨བ)སོ། །དགེ་སློང་དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །དེ་ནས་སྟོན་པས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་སྙོམས་པར་ཞུགས་པ་དང༌། དགེ་སློང་དག་གིས་ཀྱང་དེ་བཞིན་དུ་ཞུགས་སོ། །ཡང་སྟོན་པས་སྲིད་རྩེ་ནས་བསམ་གཏན་དང་པོའི་བར་ལ་སྙོམས་པར་ཞུགས་པ་དང༌། དགེ་སློང་དེ་དག་གིས་ཀྱང་དེ་བཞིན་དུ་ཞུགས་སོ། །དེ་ནས་སྟོན་པས་ཉན་རང་ཐམས་ཅད་རྡུགས་པའི་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་བཞུགས་སོ། །དེ་དག་ཀྱང་རང་རང་གི་གནས་པས་གནས་སོ། །
དེ་ནས་སྟོན་པ་ནངས་པར་སྔ་བར་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཀུན་དགའ་བོས་སྟོན་པ་ལ་གསོལ་བ། སྟོན་པ་ཡང་དང་ཡང་དུ་ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་དག་གི་བསྔགས་པ་བརྗོད་ཅིང་གཟིགས་པར་ཡང་བཞེད་ལ། འོན་ཀྱང་དེ་དག་ལ་སྟོན་པས་ཡང་དག་པར་དགའ་བར་ནི་མ་མཛད་དོ། །བཀའ་སྩལ་པ། དེ་རྣམས་ལ་འཕགས་པའི་ཡང་དག་པར་དགའ་བས་ཡང་དག་པར་དགའ་བར་བྱས་སོ། །དེ་ཉེ་འཁོར་ན་འཁོད་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཐོས་ནས་དེ་རྣམས་བལྟ་བའི་ཕྱིར་འོངས་པ་དང༌། དགེ་སློང་དེ་དག་ཉེ་བར་འོངས་པ་རྣམས་ལ་ཆོས་བསྟན་ནོ་སྙམ་པ་ན། ཁ་ནས་དྲི་མི་ཞིམ་པ་བྱུང་ནས། འཕགས་པ། དྲི་མི་ཞིམ་པ་འདི་སུ་ལས་བྱུང༌། ཁོ་བོ་ཅག་གི་ཁ་ནས་བྱུང་ངོ༌། །འཕགས་པ་དག །སོ་ཤིང་མི་འདོར་རམ། མི་འདོར་རོ། །ཅིའི་ཕྱིར། མ་གནང་ངོ༌། །ཅི་ཁྱེད་སོ་ཤིང་མ་ཟོས་པས་དག་པར་འགྱུར་རམ། དེ་དག་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། གནང་གིས་སོ་ཤིང་དོར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སོ་ཤིང་ལ་ཡོན་ཏན་ལྔ་སྟེ། མཁྲིས་པ་འདྲེན་པར་བྱེད། བད་ཀན་འདྲེན། རླུང་འདྲེན། ཁའི་དྲི་མི་ཞིམ་པ་སེལ། ཡི་ག་འབྱེད་ཅིང༌། སོ་ཤིང་ནི་མིག་ལ་ཕན་པ་ཡིན་ནོ། །སོ་ཤིང་དོར་བར་བྱའོ་ཞེས་གསུངས་པ་དང༌། གཞོན་ནུ་དག་གིས་མི་དབེན་པར་འདུག་སྟེ་སོ་ཤིང་ཐུང་ངུ་ཞིག་འདོར་བར་བརྩམས་པ་ན་སྟོན་པའང་ཕྱོགས་དེར་གཤེགས་སོ། །དེས་སྟོན་པ་མཐོང་བས་སྤ་བཀོང་ནས་དེ་འདི་སྙམ་དུ། བདག་གིས་སྟོན་པའི་སྤྱན་སྔར་ཁ་གདངས་ཏེ་སོ་ཤིང་བཟའ་བ་ནི་ཆ་མ་ཡིན་ནོ་སྙམ་ནས་དེས་མིད་པ་དང་མགྲིན་པར་ཐོགས་སོ། །སྟོན་པ་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་ཏེ། དེ་ནས་སྟོན་པས་ཕྱག་གཡོན་པ་འཁོར་ལོ་དང་བཀྲ་ཤིས་དང་གཡུང་དྲུང་ཅན། བསོད་ནམས་བརྒྱ་ཕྲག་དུ་མ་ལས་སྐྱེས་པ། འཇིགས་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་མགོ་ནས་མནན་ཏེ། ཕྱག་གཡས་པའི་མཛུབ་མོ་བཀུག་པས་ཁྲག་དང་བཅས་དེ་ཁ་ནས་ཕྱུང་སྟེ། འདི་ཅི་ཡིན། སོ་ཤིང་ངོ༌། །ཉེས་དམིགས་དེ་ནི་མི་དབེན་པར་སོ་ཤིང་ཟ་བ་ལས་གྱུར་པ་ཡིན་(༦༩ན)པས་སོ་ཤིང་དབེན་པར་དོར་རོ། །ཐུང་ངུར་ཡང་མི་བྱའོ། །གསུམ་ནི་དབེན་པར་བྱ་སྟེ། བཤང་བ་དང༌། གཅི་བ་དང༌། སོ་ཤིང་བཟའ་བའོ། །ལོངས་སྤྱད་དུ་རུང་བའི་ཤིང་ངམ། རྩིག་པའི་དྲུང་དུ་མི་དོར་རོ། །སོ་ཤིང་ཐུང་ངུ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང༌། དྲུག་སྡེ་རྣམས་ལྕུག་མ་རིང་པོ་དག་ཟ་བ་དགེ་སློང་དག་གིས་མཐོང་ནས། ཅི་ལྷག་ཆད་དུ་བྱེད་དམ། འདི་ལ་ལྷག་ཆད་ཅི་ཡོད། ཁྱེད་ཀྱིས་སོ་ཤིང་ཐུང་ངུ་ཟོས་ཏེ། དེ་ཤི་བ་ལས་སྟོན་པས་བསྐྱབས་པ་མ་མཐོང་ངམ། ཅི་ཁྱེད་ཅག་ངེད་ཀྱི་ལྷུང་བཟེད་དང་ཆོས་གོས་འདོད་དམ། འདི་ལ་ཕན་ཡོན་གཞན་ཡང་ཡོད་དེ། རྫ་མའི་འོག་ཏུ་བུད་པ་དང༌། དགེ་སྦྱོང་བརྡབ་པའོ། །སྐབས་དེ་གསོལ་བ་དང༌། སོ་ཤིང་རིང་པོ་བཟའ་བར་མི་བྱའོ། །ཚད་ཇི་ཙམ་བཟའ་བ་མ་ཤེས་ནས། སོ་ཤིང་གསུམ་སྟེ། རིང་པོ་དང༌། འབྲིང་དང༌། ཐུང་ངུའོ། །དེའི་ཚད་ནི། རིང་པོ་ནི་སོར་བཅུ་གཉིས་སོ། །ཐུང་ངུ་ནི་སོར་བརྒྱད་དོ། །དེའི་བར་ནི་འབྲིང་བོའོ། །ནད་པ་དང་རྒན་པོ་དག་གིས་གནས་དབེན་པར་འགྲོ་མ་ནུས་ནས། གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་བ་ལ་མི་རིགས་པ་མེད་དོ། །
ཁ་ཅིག་གིས་ཆོལ་ཟངས་མ་རྙེད་ནས་སོ་ཤིང་དོར་བ་དེ་ལ་ཝ་ཁའང་མི་དབེན་པར་མི་འགྱུར་རོ། །ཝ་ཁ་ནས་ཧ་ཅང་ཐག་རིང་བ་ན་ཟ་བར་བྱེད་ནས། ཝ་ཁ་དེར་ཁྲུ་གང་ཁོ་ར་ཁོར་ཡུག་ཏུ་སོ་ཤིང་དོར་བ་རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ། །སོ་ཤིང་ཟ་ཞིང་ལྕེ་མ་བཞར་བས་ཉེས་དམིགས་དེ་ཉིད་དུ་གྱུར་པ་དང༌། སོ་ཤིང་ཟོས་པ་དེའི་རྗེས་ལ་ལྕེ་བཞར་བར་བྱའོ། །གང་གིས་ལྕེ་བཞར་བ་མི་ཤེས་ནས། ལྕེ་བཞར་ཉེ་བར་གཞག་པར་བྱའོ། །དྲུག་སྡེ་རྣམས་ཀྱིས་གསེར་དངུལ་ལས་བྱས་པའི་ལྕེ་བཞར་བཅངས་པ་ཁྱིམ་བདག་དག་གིས་མཐོང་ནས། འདི་ཅི་ཡིན། སྟོན་པས་ལྕེ་བཞར་གནང་ངོ༌། །ཅི་ཁྱེད་འདོད་པའི་ཡོན་ཏན་གྱིས་གཟིར་ཏམ། དེ་དག་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། ལྕེ་བཞར་བཞི་བཅང་བར་བྱ་སྟེ། ཁབ་ཀྱི་རྫས་ར་གན་དང༌། ཟངས་དང༌། ལྕགས་དང༌། འཁར་བ་དག་ལས་བྱས་པའོ། །ཁ་ཅིག་གིས་མ་འབྱོར་ནས། དོན་འདི་ལ་སོ་ཤིང་གི་ཚལ་བ་དག་རུང་ངོ༌། །སོ་ཤིང་གི་ཚལ་བ་རྣོན་པོས་ལྕེ་བཞར་བར་བསྣད་ནས། དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་དྲུད་པར་བྱའོ། །མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུང་བཞར་བྱའོ། །དལ་གྱིས་མ་ཡིན་པར་མི་བྱའོ། །དེ་དག་གི་ཤ་ལ་མི་གནོད་པར་རོ། །སྟོན་པ་མཉན་ཡོད་ནའོ། །དེའི་ཚེ་ནགས་ན་སྦྲུལ་གདུག་པ་ཞིག་འདུག་པ་ནགས་དེར་བ་ལང་རྫིས་མེ་བཏང་བ་དང་སྦྲུལ་དེ་བསྲེགས་ནས་མ་ཤི་ཙམ་དུ་མེས་བསྲེགས་པ་ལས་མཆོངས་ཏེ། ཤིང་ཞིག་གི་དྲུང་(༦༩བ)དུ་བསྐྱིལ་ནས་འདུག་གོ །ཤཱ་རིའི་བུས་ཕྱོགས་དེར་སོང་བ་ན་དེ་མེས་ཚིག་སྟེ། སྡུག་བསྔལ་གྱི་ཚོར་བས་ཉམས་ཐག་པ་མཐོང་ནས། དེའི་རྒྱུད་ལ་དགེ་རྩ་ཅུང་ཟད་ཡོད་ཅིང་དེ་ཡང་བདག་ལ་རག་ལས་པར་མཐོང་སྟེ། ཆུ་བསིལ་བ་གཏོར་ནས། འདུས་བྱས་ཐམས་ཅད་མི་རྟག །ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་ཞི་བ་སྟེ། དེ་ལ་སེམས་རབ་ཏུ་དང་བར་གྱིས་ཤིག་དང་དུད་འགྲོའི་འདོད་ཆགས་དང་བྲལ་ནས་བདེ་འགྲོར་སྐྱེ་བར་འགྱུར་རོ་ཞེས་སྨྲས་ཏེ་སོང་བ་དང༌། དེ་མ་ཐག་ཏུ་ཁྭས་ཁྱེར་རོ། །ཤཱ་རིའི་བུས་བརྟགས་པས། སྦྲུལ་དེ་བྲམ་ཟེ་ལས་དྲུག་དང་ལྡན་པ་ཞིག་གི་ཁྱིམ་དུ་སྐྱེ་བར་མཐོང་ནས། དེའི་ཁྱིམ་དུ་སོང་སྟེ་བྲམ་ཟེ་ཆུང་མ་དང་བཅས་པ་སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཀོད་དོ། །
རེ་ཞིག་ན་གཅིག་པུ་དེའི་ཁྱིམ་དུ་སོང་བ་དང༌། འཕགས་པ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་མཆིས་སམ། བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་རྩྭ་ཀུ་ཤའམ་ཀ་ཤ་ལྟ་བུ་གཞན་ལས་སྐྱེ་བར་མི་འགྱུར་གྱི། ཁྱེད་ལྟ་བུ་ལས་ཐོབ་པ་དེ་བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་འགྱུར་རོ། །འཕགས་པ། བདག་གི་མཆིས་འབྲང་ལ་ཁྱེའུ་ཞིག་བཙས་ན་དེ་ཁྱེད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་དབུལ་ལོ། །ནད་མེད་པར་གྱུར་ཅིག་བླང་ངོ་ཞེས་སྨྲས་ནས་སོང་ངོ༌། །བྲམ་ཟེ་མོ་དེ་ལ་ཟླ་བ་དགུ་འདས་ཏེ་ཁྱེའུ་ཞིག་བཙས་ནས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས། དེ་འོ་མ་ལ་སོགས་པས་བསྐྱེད་དོ། །དེ་མའི་ནུ་མ་འཐུང་བ་ན་བག་མེད་པས་སོའམ་སེན་མོས་རེག་ན་སྐྲང་ངོ༌། །དེ་ཆེན་པོར་གྱུར་ནས་ཁྱེའུ་དང་བུ་མོ་རྣམས་དང་ལྷན་ཅིག་རྩེ་བའི་ཚེ་ཁྲོས་ནས་སོའམ་སེན་མོས་རེག་ན་སྐྲང་ངོ༌། །རེ་ཞིག་ན་ཤཱ་རིའི་བུས་དེ་རབ་ཏུ་འབྱུང་བའི་དུས་ཤེས་ནས་ཁྱིམ་དེར་སོང་སྟེ། བྲམ་ཟེ་མོ་དེ་ལ་ཆོས་བཤད་ནས། ཁྱེའུ་འདི་བདག་གི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཡིན་ནོ་ཞེས་མཚན་མ་ཞིག་བསྟན་པ་དང༌། བྲམ་ཟེ་དེས། བུ། ཁྱོད་མ་སྐྱེས་པ་ནས་འཕགས་པ་ལ་ཕུལ་གྱིས་སོང་ཞིག །སྲིད་པ་ཐ་མ་པའི་སེམས་ཅན་དེ་ཤཱ་རིའི་བུའི་གདོང་དུ་རིང་ཞིག་བརྟགས་ནས་དེའི་ཕྱི་བཞིན་དུ་འབྲངས་པ་དང༌། དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་སོ། །དེས་སོ་ཤིང་ཟོས་ལྕེ་བཞར་ནས་མ་བཀྲུས་པར་དོར་བ་དང༌། དེ་ལ་སྦྲང་མ་ཞིག་གིས་ཟོས་ནས་ཤི། དེ་ལ་སྲོག་ཆགས་ཁྱིམ་སྦྱོང་གི་ཟོས་པས་ཤི། དེ་བྱ་སྣ་ཚོགས་ཀྱིས་ཟོས་པས་ཤི། དེ་ལ་བྱི་ལས་ཟོས་པས་ཤི། དེ་ལ་སྦྲང་བུ་དང་གྲོག་མ་དག་གིས་ཟོས་པས་ཐམས་ཅད་ཀྱང་ཤི་ནས་སྲོག་ཆགས་མང་པོ་ཤི་བའི་རོ་དངར་ཞིང་འདུག་པ་དང༌། ཕྱི་དེ་ཉིན་ཕྱོགས་དེར་དགེ་སློང་རྣམས་སོ་ཤིང་བཟའ་བར་འདོད་པ་དང་དེ་དག་མཐོང་ནས། ཅི་ཡིན། (༧༠ན)མི་ཤེས་སོ། །
གཞོན་ནུ་ཞིག་གིས་ཇི་ལྟར་གྱུར་པར་ཤེས་ནས་སྨྲས་པས། དེ་གསོལ་བ་དང༌། སོ་ཤིང་མ་བཀྲུས་པར་མི་དོར་རོ། །ལ་ལ་ཆུ་ཉུང་ནས་ཇི་ལྟར་བྱ་བ་མ་ཤེས་པ་དང༌། སོ་དང་ལྕེ་གཉིས་ཀྱི་དྲུད་བཞར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མ་བསྐུས་པར་མི་དོར་རོ། །སོ་ཤིང་ཟོས་ནས་སྒྲ་མ་བྱས་པར་བོར་བ་དང༌། གཙུག་ལག་ཁང་ན་གནས་པ་དག་གིས་མགོར་ཕོག་པས་འཕྱ་ནས། སྒྲ་མ་བྱས་པར་མི་དོར་རོ། །དེ་དག་སོ་ཤིང་འདོར་བ་ན་སྒྲ་འབྱིན་གྱི། བཤང་གཅི་སོགས་འདོར་བ་ན་སྒྲ་མ་བྱས་པས་ཉེས་དམིགས་དེ་ཉིད་དུ་གྱུར་ནས། དེ་ནི་དཔེ་ཡིན་ནོ། །བཤང་བ་དང༌། གཅི་བ་དང༌། མཆིལ་མ་དང༌། སྣབས་དང༌། སྐྱུགས་པ་དང༌། རླུགས་པ་དང༌། གཞན་དག་ཀྱང་ངོ༌། །སོ་ཤིང་བཟའ་བར་གསུངས་པ་དང༌། ལམ་དུ་ཞུགས་པ་ཁ་ཅིག་གིས་སོ་ཤིང་མ་རྙེད་པར་ཟན་གཅོད་པར་བྱེད་པ་དང༌། ཟན་གཅད་པར་མི་བྱ་ཡི། སོ་ཤིང་དེ་ལས་བྱི་དོར་འབྱུང་བ་ཞིན་དུ་འདག་རྫས་དང་ལྕི་བ་ལས་ཀྱང་ཁ་རུང་བར་བྱས་ལ་ལན་གསུམ་བཤལ་ནས་བཟའ་བར་བྱའོ། །
སྟོན་པ་མཉན་ཡོད་ནའོ། །ཚེ་དང་ལྡན་པ་ངག་ལྡན་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ནས་སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ་འདུག་ནས་གསོལ་བ། བཙུན་པ། དགེ་སློང་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་མཁན་སློབ་ལ་ཇི་ལྟར་བསྒྲུབ་པར་བགྱི། ངག་ལྡན། ངས་ལྷན་ཅིག་གནས་པ་དང༌། ཉེ་གནས་རྣམས་ཀྱི་གནས་རྣམས་ཀྱི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱའོ། །ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ནངས་པར་སྔར་ལངས་ཏེ་བསྙུན་གསོལ་བ་ནས། ལྷམ་གཉིས་འཕྱི་བའི་བར་གོ་རིམ་ཅི་རིགས་པར་བསྟན་ལ། ལུང་མ་མོ་ལས་ཀྱང་གསུངས་སོ། །མཁན་སློབ་འཆགས་པའི་ཚེ་ཕྱག་བདར་བྱེད་པ་ན་སློབ་མ་ལག་པ་བརྐྱངས་ནས་འཁོད་པ་དེ་གསོལ་བ་དང༌། མཁར་ལན་སྒྲུབ་པར་བྱེད་པ་ཉིད་དུ་མ་བསྐོས་པར་ཕྱགས་མ་ཐོགས་པ་མཐོང་ན་མཁན་སློབ་ལས་ཆུང་བར་བྱའོ། །མཁན་སློབ་གོས་འཚེམ་པ་ན་སློབ་མ་སྙིང་ལས་ཆུང་བར་འདུག་པ་དེ་གསོལ་བ་དང༌། མཁན་སློབ་གོས་འཚེམ་པ་ཉིད་དུ་མ་བསྐོས་པར་ཁབ་ཐོགས་པའང་ངོ༌། །
དགེ་ཚུལ་གྱི་བྱ་བ་ནི། རུང་བར་བྱ་བ་དང༌། སྔོ་ཆུང་ངུ་བརྔ་བ་དང༌། མེ་ཏོག་དང་འབྲས་བུ་འཐོག་པ་དང༌། སོ་ཤིང་ཉེ་བར་སྒྲུབ་པ་ལ་སོགས་པའང་དགེ་ཚུལ་བསྐོའང་ངོ༌། །སྒོ་གླེགས་ཀྱི་བྱ་བ་གང་ཞེ་ན། སྒོ་ལེབ་ཅེས་བྱ་བ་ནི་སྒོའི་འཕར་མ་སྟེ། སྒོ་གླེགས་ལ་བརྡབས་པས་ནང་ན་གནས་པ་ལ་གོ་བར་བྱའོ། །དེ་ནི་དལ་བུ་དང་ཡུན་མི་རིང་བར་བྱའོ་ཞེས་པ་ནས། སྒོ་སྐྱེས་ལ་མི་དྲུད་པར་བྱའོ། །དེ་དགེ་སློང་དག་གིས་རབ་ཏུ་བྱུང༌། བསྙེན་པར་རྫོགས་པར་བྱས་ན་སློབ་དཔོན་ལ་(༧༠བ)རིམ་གྲོ་མི་བྱེད་ནས། གསོལ་བ་དང༌། ཉེ་གནས་ཀྱིས་སློབ་དཔོན་དེ་ལ་བཀུར་སྟི་བྱའོ། །བཞར་བར་བྱའོ། །དེ་དང་ཞེ་འགྲས་པ་ལ་མི་བཞར་རོ་ཞེས་སོགས་ནས། རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་སྒྲུབ་པ་ལ་བརྩོན་པར་བྱའོ། །
སྟོན་པ་མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པ་ལས་དགེ་སློང་གི་དགེ་འདུན་ལྷགས། སྟོན་པ་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་སོ། །སྟོན་པ་རྒྱུ་ལྔས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ནས་བསོད་སྙོམས་ཀྱི་སྐུ་སྐལ་བཞེས་ཏེ། ནང་དུ་ཡང་དག་འཇོག་པ་དང༌། ལྷ་རྣམས་ལ་ཆོས་འཆད་པ་དང༌། གནས་མལ་གཟིགས་པ་དང༌། ནད་པ་ལ་གཟིགས་པ་དང༌། བསླབ་པ་བཅའ་བར་བཞེད་པ་སྟེ། སྐབས་འདིར་ནི་ནད་པ་ལ་གཟིགས་པ་དང༌། བསླབ་པ་འཆའ་བར་བཞེད་ནས། དགེ་སློང་གི་དགེ་འདུན་དོང་ནས་རིང་པོ་མ་ལོན་པར་ལྡེ་མིག་བསྣམས་ཏེ་གཙུག་ལག་ཁང་རྣམས་གཟིགས་པས། དེ་ན་དགེ་སློང་ནད་ཚབས་ཆེ་བ་ཤེས་པ་ཆུང་བ་གཅིན་དང་ངན་སྐྱུགས་ཀྱི་ནང་དུ་ནུབ་པ་ཞིག་གིས་སྟོན་པ་མཐོང་ནས། བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་ཞེས་སྐད་ངན་བཏོན་པ་དང༌། ང་ཁམས་གསུམ་གྱི་མགོན་པོའི་རྗེས་སུ་ཁྱོད་རབ་ཏུ་བྱུང་ན། ཅིའི་ཕྱིར། བཅོམ་ལྡན་འདས། བདག་ལ་མགོན་མ་མཆིས་སོ་ཞེས་ངུ་སྐད་འདོན། བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་འགའ་ཡང་རིམ་གྲོ་བགྱིད་པའམ་ལྟ་བ་མཆིས་སོ། །ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་འགའ་ལ་རིམ་གྲོ་དང་བལྟས་པ་ཡོད་དམ། མ་མཆིས་སོ། །དེས་ན་ཁྱོད་འདི་ལྟ་བུར་གྱུར་ཏོ། །སྟོན་པས། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཚོ་ཆེན་པོ་མ་དྲོས་པ་ནས་ཆུ་ཁྱེར་ཏེ་འོང་ཞིང༌། རི་སྤོས་ངད་ལྡང་བ་ལས་ས་ཁྱེར་ཏེ་འོང་བར་གྱུར་ཅིག་ཅེས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ཙམ་གྱིས། བརྒྱ་བྱིན་གྱིས་མ་དྲོས་པ་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གསེར་གྱི་རིལ་བ་བཀང༌། རི་སྤོས་ངད་ལྡང་ལས་ས་བླངས་ནས་མྱུར་བར་སྟོན་པའི་སྤྱན་སྔར་འོངས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཞུགས་ཤིག །དེའི་རིམ་གྲོ་བདག་གིས་བགྱིའོ། །ཀོའུ་ཤི་ཀ་འདི་ཁྱོད་ཀྱི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་གྱི། ངའི་ཕྱིར་ཡིན་ནོ། །
གཞན་ཡང༌། ཁྱོད་ཀྱིས་འདི་སྔོན་མ་མཐོང་ལ། ལྷ་རྣམས་ནི་གཙང་སྦྲ་ལ་དགའ་བ་ཡིན་པས་འདུག་ཅིག །ངས་འདིའི་རིམ་གྲོ་བྱའོ། །དེ་ནས་སྟོན་པས་ན་བཟའ་ཆོས་གོས་བརྫེས་ནས། ཕྱག་བསོད་ནམས་བརྒྱ་ཕྲག་དུ་མ་བསྒྲུབས་པ་སྐྲག་པ་རྣམས་དབུགས་འབྱིན་པར་མཛད་པས་དགེ་སློང་དེ་བཟུང་སྟེ། གཅིན་དང་ངན་སྐྱུགས་དང་ལས་ཕྱུང་ནས་མཐའ་ཞིག་ཏུ་བཞག །སྙུ་གུའི་ཚལ་བས་བཞར། (༧༡ན)ས་དཀར་པོས་དྲིལ་ཕྱིས་ཏེ་བཀྲུས་སོ། །དེ་ནས་དཀྱིལ་མོ་ཀྲུང་འཆར་བཅུག་སྟེ། དེའི་ཆོས་གོས་རྣམས་བཀྲུས། ཕྱོགས་དེའང་བའི་ལྕི་བ་འཇམ་པོའི་བྱུག་པ་མཛད་དོ། །དེ་ནས་ཕྱག་དང་ཞབས་བསིལ་ཏེ་བརྒྱ་བྱིན་ལ་ནད་པ་ལ་རིམ་གྲོ་བྱ་བའི་ཆོས་བསྟན་ནས། གཙུག་ལག་ཁང་དུ་ཞུགས་སོ། །ཀུན་དགའ་བོས་བསོད་སྙོམས་ཀྱི་སྐུ་སྐལ་ཁྱེར་ཏེ་སྤྱན་སྔར་སོང་བ་དང་། ཅི་དགེ་སློང་གི་དགེ་འདུན་ཁ་ཟས་བསོད་པས་ལེགས་པར་ཚིམ་པར་བྱས་སམ། བཙུན་པ། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ཞལ་ཟས་བསོད་པས་ལེགས་པར་ཚིམ་པར་བགྱིས་ལགས་སོ། །དེ་ནས་སྟོན་པས་བསོད་སྙོམས་ཀྱི་ཕྱེད་བཞེས་ཏེ། ཀུན་དགའ་བོ། སོང་ལ་གཙུག་ལག་ཁང་ཆེ་གེ་མོ་ན་དགེ་སློང་ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ལ་བསོད་སྙོམས་ཕྱེད་པོ་འདི་ཁྱེར་ལ་འདི་སྐད་ཅེས། ཁྱོད་ཀྱི་རིམ་གྲོ་སྟོན་པ་ཉིད་ཀྱིས་མཛད་དེ། བསོད་སྙོམས་ཕྱེད་ཀྱི་སྒོ་བཤའ་ཡང་མཛད་དོ་ཞེས་གྱིས་ཤིག །བཙུན་པ། བཀའ་བཞིན་དུ་འཚལ་ཞེས་དེ་ལ་བསོད་སྙོམས་བྱིན་ནས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དགེ་སློང་དེ་འདི་སྙམ་དུ་བདག་ནི་ཁམས་གསུམ་གྱི་བླ་མ་ཉིད་ཀྱིས་རིམ་གྲོ་མཛད་དེ་བསོད་སྙོམས་ཕྱེད་ཀྱང་གནང་གིས། བདག་དད་པས་བྱིན་པ་ལོངས་སྤྱད་ནས་ལེ་ལོས་དུས་འདའ་བ་མི་རིགས་པས། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་བྱས་པས་དགྲ་བཅོམ་པ་ཐོབ་བོ། །སྟོན་པས། དགེ་སློང་དག །ནད་པ་འདི་དག་ལ་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་ཁོ་ན་མ་གཏོགས་པ་ཕ་མེད། མ་མེད། རྩ་ལག་མེད་པས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཕན་ཚུན་དུ་རིམ་གྲོ་བྱ་སྟེ། ལྷན་ཅིག་གནས་པ་དང༌། ཉེ་གནས་དང༌། མཁན་པོ་དང༌། སློབ་དཔོན་དང༌། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོན་འདྲིན་དང༌། འགྲོགས་བཤེས་ཀྱིས་ནད་གཡོག་བྱའོ། །འཁོར་དང་བྲལ་བ་ཤེས་པ་ཆུང་བ་ནི་དགེ་འདུན་གྱིས་ནད་ལ་བརྟགས་ནས་རིམ་གྲོ་བ་གཅིག་གམ། གཉིས་སམ། མང་པོ་སྦྱིན་ཏེ། མཐར་ན་དགེ་འདུན་ཀུན་གྱིས་ཀྱང་རིམ་གྲོ་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། སྟོན་པ་ཉིད་ཀྱིས་དགེ་སློང་དེའི་རིམ་གྲོ་མཛད་ནས་དེས་དགྲ་བཅོམ་པ་ཐོབ་པ་ལ་གཟིགས། ད་ལྟ་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ནའང་ངས་འདིའི་རིམ་གྲོ་བྱས་ནས། དེ་མངོན་ཤེས་ལྔ་ཐོབ་པ་དེ་ཉོན་ཅིག །སྔོན་བསྟི་གནས་ཤིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གནས་པ་དེས་སློབ་མའི་རིམ་གྲོ་བྱས་ནས་སོས་པ་དང༌། དེས་མངོན་ཤེས་ལྔ་མངོན་དུ་བྱས་སོ། །དེའི་དུས་ཀྱི་དྲང་སྲོང་དེ་ནི་ང་ཡིན་ནོ། །སློབ་མ་དེ་ནི་དགེ་སློང་འདི་ཡིན་ཏེ། དེའི་ཚེའང་(༧༡བ)ངས་རིམ་གྲོ་བྱས། ད་ལྟར་ཡང་རིམ་གྲོ་བྱས་སོ། །
ཡང་ཞུས་པ། བཙུན་པ་བཅོམ་ལྡན་འདས་ལྷག་པར་ཡང་ནད་པ་རྣམས་ལ་བྱམས་པ་ལ་གཟིགས། ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི། འདས་པའི་དུས་ནའང་ང་ལྷག་པར་ནད་པ་རྣམས་ལ་བྱམས་པ་དེ་ཉོན་ཅིག །སྔོན་ཤི་བིའི་དབྱངས་ཀྱི་ཕོ་བྲང་ན་རྒྱལ་པོ་ཤི་བི་ཞེས་བྱ་བ། སློང་བ་རྣམས་ལ་མི་གཏོང་བ་ཅུང་ཟད་ཀྱང་མེད་དེ། ནད་པ་ལ་ཁྱད་པར་དུ་བྱེད་དོ། །རེ་ཞིག་ན་ཁྱིམ་བདག་ནད་པ། སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་རྒྱལ་པོའི་དྲུང་དུ་སོང་ནས། ལྷ། བདག་ལ་དཔྱད་མཛོད་ཅིག །དེས་སྨན་པ་རྣམས་བོས་ནས། དཔྱད་བྱོས་ཤིག །ལྷ། འདིའི་སྨན་ནི་དཀོན་ལགས་སོ། །དེ་ཅི་འདྲ་ཡིན། ལྷ། བཙས་ཚུན་ཆད་སུ་ལའང་ཁྲོ་མ་མྱོང་བའི་ཁྲག་ལས་ནས་ཐུག་བགྱིས་ཏེ་ཟླ་བ་དྲུག་ཏུ་སྩལ་ན་གསོས་སོ། །རྒྱལ་པོས་སྨྲས་པ། དེའི་སྨན་དཀོན་པ་བདེན་ནོ། །དེ་ནས་རང་གི་སྤྱོད་པ་ལ་བརྟགས་པ་ན་བརྟག་དཀའ་ནས། མ་མ་ལ་དྲིས་པ། ངས་སྔོན་འགའ་ལ་ཡང་ཁྲོས་པ་ཡོད་དམ། ཁྱོད་བདག་གི་པང་དུ་བྱོན་པ་དེ་ནས་བདག་ཀྱང་སུ་ལའང་ཁྲོ་མ་མྱོང་ན་ཁྱོད་ལྟ་ཅི་སྨོས། མའི་དྲུང་དུ་སོང་ནས་དྲིས་པ། ཡུམ། བདག་སུ་ལའང་ཁྲོ་བ་མ་མཆིས་སམ། ཁྱོད་བདག་གི་རུམ་དུ་ཞུགས་ནས་བདག་གིས་ཀྱང་ཁྲོ་མ་མྱོང་ན། ཁྱོད་ལྟ་ཅི་སྨོས། དེས་བསམས་པ། སྨན་རྙེད་དོ་སྙམ་ནས། སྨན་པ་ལ། ང་སྔོན་སུ་ལའང་ཁྲོ་མ་མྱོང་བས་ངའི་ཡན་ལག་ལྔའི་རྩ་གཏོར་ཞིག །ལྷ། བདག་ཅག་ནི་མི་ཕལ་པའི་དོན་དུ། ལྷའི་སྐུ་ལ་མཚོན་མི་འདེབས་སོ། །བྱང་ཆུབ་སེམས་དཔའ་བཟོ་དང་ལས་ཀྱི་གནས་ལ་མཁས་པ་ཡིན་པས་རང་ཉིད་ཀྱིས་རྩ་གཏར་ཏེ། ཁྲག་དེས་ཟླ་བ་རེ་རེ་ཞིང་ནས་ཐུགས་བླུད་པས་སོས་སོ། །དེའི་དུས་ཀྱི་རྒྱལ་པོ་དེ་ནི་ང་ཡིན་ནོ། །
ཡང་ཤི་བའི་རྒྱལ་པོའི་བུ་གཞོགས་ཕྱེད་བསྐམས་ནས། སྨན་པ་རྣམས་ལ། གཞོན་ནུའི་དཔྱད་གྱིས་ཤིག །ལྷ། བཅུད་ཐམས་ཅད་མར་དང་སྒྲོལ་ཅིག །ལོ་གཅིག་གཉིས་སུ་བཅུད་ཐམས་ཅད་བསགས་ཀྱང་ཤང་ཤང་ཏེའུའི་ཤ་མ་རྙེད་དོ། །སྨན་པས་བྱ་བ་ལ་བསྒོ་བ། མེ་ལོང་དང་བྱ་གག་ཁྱེར་ཏེ་རྒྱ་མཚོའི་འགྲམ་དུ་སོང་ལ་དེར་སྙི་ཚུགས་ཏེ་བྱ་གག་གི་མདུན་དུ་མེ་ལོང་ཞོག་དང༌། བྱ་གག་རང་གི་གཟུགས་བརྙན་མཐོང་ནས་འདི་བྱ་གག་ཡིན་སྙམ་སྟེ་སྐད་ཕྱུང་བ་དང༌། ཤང་ཤང་ཏེའུས་བྱ་གག་གི་སྐད་ཐོས་ནས་ངོ་མཚར་ཏེ་དེར་འོང་ངོ༌། །དེ་འཛིན་པའི་ཐབས་འདི་ཡིན་ནོ། །དེ་བཞིན་དུ་བྱས་པས་ལས་ཀྱི་ཞགས་པས་ཟིན་པའི་ཤང་ཤང་ཏེའུ་ཐོགས་པ་དེ་ཁྱེར་ཏེ་འོངས་སོ། །འཇིག་རྟེན་ཆགས་ནས་རིང་པོ་མ་ལོན་པ་ན་དུད་འགྲོ་རྣམས་ཀྱིས་སྨྲ་ཤེས་པས། ཤང་ཤང་ཏེའུས། བདག་གར་འཁྲིད། ཇི་ལྟར་གྱུར་པ་སྨྲས་པ་དང༌། བདག་ཐོང་ཞིག །ཤའི་མཐུ་ཡོད་(༧༢ན)པའི་སྨན་དང་རིན་པོ་ཆེ་རྣམས་སྨྲའོ། །ཁྱོད་ཀྱི་སྨན་པ་བལྟ་ཡི་སྟོན་ཅིག །དེས་སྨྲས་པ། བདག་གིས་ཁྲུས་བྱས་པའི་ཆུ་ནི་ཤའི་མཐུ་ཡོད་པ་ཡིན་པས་དེ་ཁྱེར་ལ་སོང་ཞིག །རིན་པོ་ཆེ་འདི་དག་ཡིན་ནོ། །དེ་དག་རྒྱལ་པོས་འཇིགས་ནས་རིན་པོ་ཆེ་རྣམས་བོར་ཏེ་ཤང་ཤང་ཏེའུ་ཁྱེར་ནས་རྒྱལ་པོ་ལ་ཕུལ་ཏེ། དེས་བསྟན་པའི་སྨན་ཡང་སྨྲས་སོ། །རྒྱལ་པོས་ཤང་ཤང་ཏེའུ་ལ་དྲིས་པ་དང༌། ལྷ། བདག་བཀྲུས་པའི་ཆུ་ཤའི་མཐུ་ཅན་དུ་བགྱིད་དོ། །རྒྱལ་པོས་ཆུ་སྣོད་བདུན་ཆུ་བཟང་པོས་བཀང་བར་བཞག་གོ །དེས་དེ་དག་ཏུ་ངལ་བསོས་ཀྱི་བར་དུ་ཁྲུས་བྱས་ནས་ལུས་ཀྱི་སྟོབས་ཤེས་པ་དང༌། མོད་ལ་འཕུར་ཏེ་ཁང་པའི་སྟེང་དུ་འདུག་ནས་འཇིགས་པ་དང་བག་ཚ་བ་མེད་པར་སྨྲས་པ། རེ་ཞིག་ཐོག་མར་བདག་བླུན་ཏེ། ཕྱི་ནས་བྱ་བ་འདི་དག་གོ །དེ་ནས་རྒྱལ་པོ་བླུན་པ་སྟེ། །བླུན་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས། །ཞེས་སྨྲས་ནས་སོང་ངོ༌། །
དེ་ནས་རྒྱལ་པོས་སྨན་པ་ལ། ཤང་ཤང་ཏེའུས་ཁྲུས་བྱས་པའི་ཆུ་དེ་ཤའི་མཐུ་ཡོད་པ་བདེན་ནམ། ལྷ། མད་ཀྱི་མར་དང་སྒྲོལ་ཅིག །དེ་རྣམས་ཀྱིས་བཅུད་ཐམས་ཅད་མར་དང་བཙོས་ཏེ། རྒྱལ་པོའི་བུ་ལ་བླུད་པར་ཞུགས་པ་དང༌། གངས་རིའི་སུལ་ཞིག་ན་རང་སངས་རྒྱས་ལྔ་བརྒྱ་གནས་པ་ལས་གཅིག་གཞོགས་ཕྱེད་བསྐམས་སོ། །དེ་ལ་རང་སངས་རྒྱས་དེ་རྣམས་ཀྱིས་སྨྲས་པ། ལྗོངས་སུ་སོང་ལ་སྨན་སྟེན་ཅིག་སོས་པར་འགྱུར་རོ། །དེས་སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་འཆི་བ་དེ་འོང་སྟེ། བདག་ནད་དང་བཅས་ནས་འཁྱེར་ན་ཅིའི་ཕྱིར་གྲོང་ཁྱེར་གྱི་མཐར་འགྲོ། དེ་ལྟ་མོད་ཀྱི། ཚུལ་ཁྲིམས་དང་ལྡན་པ་ཡུན་རིང་དུ་འཚོ་བ་དེ་ཙམ་དུ་བསོད་ནམས་མང་པོ་གསོག་གོ །བསོད་ནམས་མང་པོ་བསགས་པ་དེ་ཙམ་དུ་མཐོ་རིས་སུ་ཡུན་རིང་དུ་དགའ་བར་འགྱུར་རོ་ཞེས་བསྐུལ་བས། རིམ་གྱིས་ཤི་བའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་སོང་ནས། སྨན་པ་ལ། ཁོ་བོ་འདི་འདྲའི་ནད་ཀྱིས་ཐེབས་ཀྱིས་སྨན་སྟོན་ཅིག །ཁྱོད་ཀྱི་ནད་འདི་ཅི་འདྲ་བ་རྒྱལ་པོའི་བུ་ལ་བྱུང་གི །ལོ་གཅིག་གཉིས་སུ་བཅུད་ཐམས་ཅད་མར་དང་བཙོས་པ་ཡོད་པས་བཞུད་ལ་སློངས་དང༌། ཐོབ་ན་འཚོ་བར་འགྱུར་རོ། །དེ་སོང་ནས་སྒོར་བསྡད་དོ། །རྒྱལ་པོ་དེའི་ཀུན་སྤྱོད་ནི། སློང་བ་པོ་སྦྲོན་དུ་གཞུག་པའི་ཕྱིར་སྒོར་རྒྱུན་དུ་དྲིལ་བུ་འདོགས་ཏེ། སློང་བ་པོ་སྒོ་ན་འདུག་པའི་ཚེ་དྲིལ་བུ་འཁྲོལ་ལོ། །རང་སངས་རྒྱས་དེས་དྲིལ་བུ་དཀྲོལ་བ་དང༌། རྒྱལ་པོའི་བུས་ཕ་མ་ལ་སྨྲས་པ། སློང་བ་པོ་ཞིག་མཆིས་ཀྱིས། ཅི་སློང་དྲིས་ཤིག །བུ། ལོ་གཅིག་གཉིས་སུ་བསགས་ཏེ་བཙོས་པའི་བཅུད་འདི་རེ་ཞིག་འཐུང་དང༌། ཕྱིས་སློང་བ་པོ་བཀུག་ནས་ཅི་སློང་དྲིའོ། །ཡབ་ཡུམ། སློང་བ་པོ་མ་བཀུག་གི་(༧༢བ)བར་དུ་མ་འཐུང་ངོ༌། །རྒྱལ་པོས་བསྒོ་བ་ལ། སློང་བ་པོ་ནང་དུ་ཐོང་ཞིག །དེ་ནང་དུ་ཞུགས་པ་དང༌། རྒྱལ་པོའི་བུས། ལུས་མཛེས་ཤིང་སེམས་དང་བ་དང༌། སྤྱོད་ལམ་ཞི་བས་ཞུགས་པ་མཐོང་ནས། འཕགས་པ། ཅི་བཞེད། དེས་རྒྱས་པར་སྨྲས་པ་དང༌། བཅུད་ནི་ཁྱོད་ཁོ་ན་ལ་འོས་ཀྱི། བདག་ལ་མ་ལགས་པས་བཞེས་ཤིག །དེས་ལྷུང་བཟེད་བཟེད་པ་དང༌། རྒྱལ་པོའི་བུས་བསམ་པ་དྲག་པོས་ལྷུང་བཟེད་དེར་བཅུད་བླུགས་སོ། །
བདག་ཉིད་ཆེན་པོ་དེས་ཀྱང་རྒྱལ་པོའི་བུ་ལ་ཕན་པའི་སེམས་བསྐྱེད་པ་དང༌། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པས། གཉིས་ཀ་སོས་སོ། །དེའི་དུས་ཀྱི་རྒྱལ་བུ་གཞོན་ནུ་དེ་ནི་ང་ཡིན་ནོ། །བཙུན་པ། རྒྱལ་བུ་དང་རང་སངས་རྒྱས་དེས་ལས་ཅི་བགྱིས་ན། གཉིས་ཀ་མཉམ་དུ་བྲོས་ཐེབས་ནས་མཉམ་དུ་སོས་པར་གྱུར། སྔོན་ཝཱ་ར་ཎཱ་སཱིར་རྒྱལ་པོ་ཚངས་བྱིན་ལ་བུ་གཉིས་ཡོད་པ་ལས། ནུ་བོ་དེ་རྒྱལ་སྲིད་ལ་དགའ། མདུན་ན་འདོན་ལ་བུ་གཉིས་ཡོད་པའི་ནུ་བོ་དེ་མདུན་ལ་འདོན་ལ་དགའ་འོ། ། དེ་གཉིས་ཕན་ཚུན་ཡིད་གཅུགས་པས་རྒྱལ་བུས་སྨྲས་པ། ཐབས་ཅི་བྱས་ན་ང་རྒྱལ་པོར་འགྱུར། བདག་མདུན་ན་འདོན་དུ་འཇུག་ན་ཐབས་མཆིས་སོ། །འཇུག་གིས་སྨྲོས་ཤིག །བདག་གིས་ཁྱོད་ཀྱི་གཅེན་ཞ་བོར་བགྱིས་ན་ཁྱོད་རྒྱལ་པོར་འགྱུར་རོ། །དེས། ཡི་རང་ངོ༌། །དེས་དེ་ལ་སྨན་མ་ཡིན་པ་བྱིན་པས་ཞའོ། །རེ་ཞིག་ན་རྒྱལ་པོ་ཤི་ནས། བློན་པོ་རྣམས་ཀྱིས། དེ་ཞ་བོར་གྱུར་པས་ནུ་བོ་རྒྱལ་པོར་དབང་བསྐུར་ཏོ། །དེས་ཀྱང་མདུན་ན་འདོན་གྱི་བུ་ནུ་བོ་མདུན་ན་འདོན་དུ་བཅུག་གོ །ཇི་ཙམ་ན་ཕུ་བོ་ཞ་བ་མཐོང་ནས་འགྱོད་དེ། བདག་གིས་རྒྱལ་སྲིད་ཀྱི་ཕྱིར་ཕུ་བོ་ཞ་བར་བྱས་པ་མ་ལེགས་སོ། །དེས། ལྷ། བདག་ཀྱང་འགྱོད་དེ་དགྱེས་ན་འདི་སྔོན་བཞིན་དུ་བགྱིའོ། །གྱིས་ཤིག །དེས་དེ་ལ་སྨན་བྱིན་པས་སོས་སོ། །དེ་ནས་དེ་གཉིས་ཀྱིས་རང་སངས་རྒྱས་ཤིག་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པ། དགེ་བ་འདིས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང༌། ཞ་བོར་བྱས་པའི་རྣམ་སྨིན་མྱོང་བར་མ་གྱུར་ཅིག །དེའི་དུས་ཀྱི་རྒྱལ་པོའི་བུ་དེ་ནི་ང་ཡིན་ནོ། །མདུན་ན་འདོན་དེ་ནི་རང་སངས་རྒྱས་དེ་ཡིན་ནོ། །དེ་གཉིས་ཀྱིས་གྲོས་བྱས་ནས་རྒྱལ་བུ་ལ་སྨན་མ་ཡིན་པ་བྱིན་པས་མཉམ་དུ་ཞ་ལ། ཡང་འགྱོད་ནས་གྲོས་བྱས་ཏེ་སྨན་བྱིན་པས་མཉམ་དུ་སོས་སོ། །དེ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེས་མ་རྣམས་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩོན་པར་བྱའོ། །
སྟོན་པ་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་སྤོང་བ་པ་ཞིག་ལ་དགེ་སློང་གཞོན་ནུ་ཞིག་གིས་གནས་བཅས་པ་དང༌། སྟོན་པས། དགེ་(༧༣ན)སློང་དག །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་མ་བྱིན། རྗེས་སུ་མ་བསྟན་པ་བས་ནི་བཤན་པ་བྱེད་པ་བླའོ་ཞེས་གསུངས་ལ། འདིའང་སློབ་མ་ཡིན། བདག་ཀྱང་སྤོང་བ་པ་ཡིན་པས་སྦྱིན་པར་བྱེད་པ་གཞན་ཞིག་ལ་གཏང་ངོ་སྙམ་ནས། དགེ་སློང་ཞིག་ལ། འདི་ལ་སློབས་ཤིག །དེས་སྨྲས་པ། ཁྱོད་ཀྱིས་གཡོག་བྱེད་ན་བསླབ་བོ། །སློབས་ཤིག །བགྱིའོ། །དེས་དེ་ལ་བསླབས་པ་དང༌། དེ་ན་ནས། གནས་ཀྱི་སློབ་དཔོན་དེས་དེའི་ནད་གཡོག་བྱས་སོ། །རེ་ཞིག་ན་གནས་ཀྱི་སློབ་དཔོན་དེ་ན་བ་ལ་དེས་མ་བལྟས་ཤིང་ལན་གསུམ་གྱི་བར་དུ་ནའང་མ་བལྟས་པས། དེ་ལ་སྨྲས་པ། ཁྱོད་གཞན་ཞིག་གི་དྲུང་དུ་སོང་ལ་གནས་ཆོས་ཤིག །བདག་ཁྱོད་ཀྱི་དྲུང་དུ་མཆིས་ཏེ་ཕོངས་པ་ཅུང་ཟད་ཀྱང་མ་མཆིས་སོ། །ཁྱོད་ཕོངས་པ་མེད་པ་བདེན་ན། ཁོ་བོ་ཕོངས་ཏེ། ཁྱོད་ན་བ་ན་ཁོ་བོས་ནད་གཡོག་བྱས་ནས། ང་ལན་གསུམ་གྱི་བར་དུ་ནའང་ཁྱོད་ཀྱིས་མ་བལྟས་ཀྱིས། ཁྱོད་ལྟ་བུ་མ་གུས་པ་ལ་གནས་སྟེར་བ་དེ་ལ་གནས་ཆོས་ཤིག །དེ་སྤོབས་པ་མེད་པས་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། གནས་པས་སློབ་དཔོན་ལ་རིམ་གྲོ་བྱའོ། །རེ་ཞིག་ན་ཀློག་པའི་སློབ་དཔོན་ན་བ་ལ་དེས་མ་བལྟས་པར། སོས་པ་དང་དེའི་དྲུང་དུ་སོང་སྟེ། སློབ་དཔོན། བདག་ལ་ལུང་ཕོག་ཅིག །དེས་སྨྲས་པ། ཁོ་བོ་ན་བ་ཁྱོད་ཀྱིས་ལན་འགའ་ཡང་མ་བལྟས་ཀྱིས། ཁྱོད་ལྟ་བུ་མ་གུས་པ་ལ་ཀློག་ཏུ་འཇུག་པ་དེ་ལ་ལྷོགས་ཤིག །དེ་ཅང་མི་ཟེར་བའི་སྐབས་དེ་གསོལ་བ་དང༌། ཀློག་པའི་སློབ་དཔོན་ལ་རིམ་གྲོ་བྱའོ། །སྟོན་པས་དེ་ལྟར་གསུངས་པ་དང༌། རེ་ཞིག་ན་ཀློག་པའི་སློབ་དཔོན་དང༌། གནས་ཀྱི་སློབ་དཔོན་གཉིས་ཀ་ན་ནས། དེས་གང་གི་རིམ་གྲོ་བྱ་བ་མ་ཤེས་པའི་སྐབས་དེ་གསོལ་བ་དང༌། ནུས་ན་གཉིས་ཀའི་བྱའོ། །ཅིག་ཅར་མི་ནུས་ན་གནས་ཀྱི་སློབ་དཔོན་ལ་བྱ་སྟེ། ཀློག་པ་མེད་པར་འདུག་ཏུ་རུང་གི །གནས་མེད་པར་མ་ཡིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཚོང་དཔོན་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། བུ་མེད་ཅིང་བུ་འདོད་པས་ལྷ་རྣམས་ལ་གསོལ་བ་བཏབ་ཀྱང་བུ་མེད་པའི་ཚེ། ལྷ་རྣམས་སྤངས་ཏེ་སྟོན་པ་ལ་དད་ནས། དགེ་སློང་ཞིག་གི་དྲུང་དུ། འཕགས་པ། བདག་རབ་ཏུ་འབྱུང་བར་འཚལ་ལོ། །
བཞིན་བཟང༌། དེ་ལྟར་གྱིས་ཤིག་ཅེས་སྐྲ་བྲེགས་ནས་བསླབ་པའི་གཞི་རྣམས་སྦྱིན་པར་བརྩམས་པ་ལས། རིམས་ནད་ཀྱིས་ཐེབས་ནས་རབ་ཏུ་འབྱུང་བའི་བར་ཆད་དུ་གྱུར་པའི་སྐབས་དེ་(༧༣བ)གསོལ་བ་དང༌། སོས་ཀྱི་བར་དུ་བསླབ་པའི་གཞི་རྣམས་མི་སྦྱིན་པར་དེའི་རིམ་གྲོ་བྱའོ། །སུས་བྱ་བ་མ་ཤེས་ནས། དགེ་སློང་རྣམས་དང་སྨན་པས་སོ། །ཉིན་པར་སྨན་བྱས་ཀྱང་མཚན་མོ་ན་ནས། སྨན་པས། འདི་ཁྱིམ་དུ་སྐྱེལ་ན་བདག་ཅག་གི་ཉིན་མཚན་དུ་འདིའི་དཔྱད་བགྱིའོ་ཞེས་པའི་སྐབས་དེ་གསོལ་བ་དང༌། ཁྱིམ་དུ་སྐྱོལ་ལ་དེར་ཡང་དེའི་རིམ་གྲོ་བྱེད་པ་སྦྱིན་པར་བྱའོ་ཞེས་གསུངས་པས། འདིར་དེའི་རྟགས་བརྩམ་པ་ཡང་རབ་ཏུ་བྱུང་བ་དང་འདྲའོ། །དགེ་སློང་ནད་ཀྱིས་ཐེབས་པ། ནད་ཚབས་ཆེ་བ་ཞིག་ཡོད་པ་དེ་ཤེས་པ་ཆུང་བས་སྨན་མེད་ནས། དེས་ལུས་ལ་བརྟགས་ཏེ་ནད་གཡོག་ལ་སྨྲས་པ། བདག་ལ་ཅི་ཡང་མེད་ཀྱིས། བདག་གི་ཆེད་དུ་མཆོད་པ་གྱིས་ཤིག །དེས་ཁས་བླངས་ནས་མ་བྱས་པར། ཤི་ནས་ངན་སོང་དུ་སྐྱེས་སོ། །སྟོན་པས། དགེ་སློང་ཤི་བ་དེས་ནད་གཡོག་ལ་ཇི་སྐད་སྨྲས། ཇི་ལྟར་གྱུར་པ་གསོལ་བ་དང༌། དགེ་སློང་དག །དེ་ལོག་པར་ལྟུང་ངོ༌། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེའི་ཆེད་དུ་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན་དད་པ་སྐྱེས་ནས་ལོག་པར་མི་ལྟུང་བ་ཞིག་གོ །དེ་བས་ན་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་དོར་རོ། །ནད་གཡོག་སྦྱིན་པར་བྱའོ། །དེ་ལ་སྨན་མེད་ན་ཡོན་བདག་ལས་བླང་ངོ༌། །མ་གྲུབ་ན་དགེ་འདུན་གྱི་ལས་སྦྱིན་ནོ། །དེ་ཡང་མ་འབྱོར་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དྲི་གཙང་ཁང་གི་གདུགས་སམ། རྒྱལ་མཚན་ནམ། རྒྱན་གང་ཡིན་པ་དེ་དགེ་འདུན་གྱིས་ཕོག་ལ། རིམ་གྲོ་པས་བསྒྱུར་ནས་རིམ་གྲོ་དང་སྟོན་པ་མཆོད་པར་བྱའོ། །སོས་ན་དེ་ལ། འདི་སངས་རྒྱས་ཀྱི་ཡིན་ཏེ་ཁྱོད་ཀྱི་ཡོ་བྱད་དུ་སྤྱད་དོ་ཞེས་བརྗོད་དོ། །འབྱོར་པ་ཡོད་ན་བསབ་པ་ཉིད་དུ་བྱའོ། །མེད་ན་དེ་ནི་ལེགས་པར་སྤྱད་པ་ཡིན་ཏེ། ཕའི་ནོར་ལ་བུ་བཞིན་དུ་རིགས་པ་ཡིན་པས་དེ་ལ་འགྱོད་པར་མི་བྱའོ། །
སྟོན་པ་མཉན་ཡོད་ནའོ། །དགེ་སློང་ནད་ཚབས་ཆེ་བ་ཚོར་བས་ཉེན་པ་ཞིག་ཡོད་པ་དེ་ལ་ལྷུང་བཟེད་བཟང་པོ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་ནས། ནད་གཡོག་ལ། ཁོ་བོའི་ལྷུང་བཟེད་འོན་ཅིག །དེས་མ་བྱིན་པ་དང༌། དེ་ལ་ངན་སེམས་སྐྱེས་ཤིང་ལྷུང་བཟེད་ལ་ལྷག་པར་ཆགས་པས་ཤི་ནས་དེ་ལྷུང་བཟེད་དེའི་ནང་དུ་སྦྲུལ་དུ་སྐྱེས་སོ། །དགེ་སློང་རྣམས་ཀྱིས་དེ་བསྲེགས་ནས་གཙུག་ལག་ཁང་དུ་འདུས་སོ། །གོས་འགྱེད་པས་ཤི་བའི་ཡོ་བྱད་རྒན་པའི་མཐར་སྤུངས་པ་དང༌། སྟོན་པས། ཀུན་དགའ་བོ། སོང་ལ་དགེ་སློང་སུས་ཀྱང་དེའི་ལྷུང་བཟེད་ཀྱི་སྣོད་ཁ་མ་འབྱེད་ཅིག །དེ་བཞིན་གཤེགས་པ་ཉིད་ཀྱིས་འབྱེད་པར་འགྱུར་རོ་ཞེས་བསྒོ་ཞིག །དེས་བསྒོའོ། །སྟོན་པས་ཕྱེ་བ་དང་སྦྲུལ་ཞིག་མགོའི་གདེངས་ཀ་ཆེར་བྱས་ནས་འདུག་གོ །སྟོན་པས་(༧༤ན)སེ་གོལ་གྱི་སྒྲས་བསླངས་ནས། གཏི་མུག་ཅན། ལྷུང་བཟེད་འདི་སྤོངས་ལ་སོང་ཞིག །དགེ་སློང་རྣམས་ཀྱིས་འགྱེད་པར་འགྱུར་རོ། །དེ་འཁྲུགས་ནས་ནགས་སྟུག་པོ་ཞིག་ཏུ་ཞུགས་ཏེ་ཁྲོས་པའི་མེ་སྦར་བས་ནགས་དེ་འབར་ནས་དེ་ཉིད་དུ་ཚིགས། དགེ་སློང་རྣམས་ལ་ངན་སེམས་སྐྱེས་པས་དམྱལ་བར་སྐྱེས་སོ། །སྟོན་པས། དགེ་སློང་དག །སྲིད་པ་ཐམས་ཅད་ལས་སྐྲག་པར་གྱིས་ཤིག །ཡོ་བྱད་གང་གི་ཕྱིར་སེམས་ཅན་གཅིག་ལུས་དེ་གནས་གསུམ་པོ་ནགས་སྟུག་པོར་ཁྲོས་པའི་མེ་དང༌། དམྱལ་བའི་དམྱལ་མེ་དང༌། དུར་ཁྲོད་དུ་མེ་ཕལ་པས་བསྲེགས་པ་ལས་ཡིད་བྱུང་བར་བྱའོ། །དེ་བས་ན་ཡོ་བྱད་ལ་ལྷག་པར་ཆགས་པ་བསྐྱེད་པར་མི་བྱ་ཞིང་གང་ལ་སྐྱེ་བ་དེ་ཡོངས་སུ་སྤང་བར་བྱའོ། །ནད་པ་རང་གི་ལྷག་པར་ཆགས་པའི་དངོས་པོ་འགུགས་ན་དགག་པར་མི་བྱའོ། །
ནད་པ་མ་ཚོར་བར་དགེ་འདུན་གྱིས་གནས་མལ་ལ་ཤི་ནས། དེས་དེ་འཆིར་དོགས་ན་དགེ་འདུན་གྱི་མལ་སྟན་ལས་བླངས་ཏེ་གང་ཟག་གི་ལ་བཞག་པར་བྱའོ། །སྐུ་མཉེ་དང་ཁྲུས་སྔར་བྱ་བའི་སྒྱུ་ཐབས་ཀྱིས་སོ། །དེའི་གནས་སྐབས་ཀྱི་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན་པར་བྱའོ། །དེས་དམེ་པར་བྱས་པ་ཤི་བའི་གོས་དེ་དག་བཀྲུ་བ་ནི་དེས་བྱ་བ་ཉིད་ཡིན་ནོ། །དགེ་འདུན་འདུས་ན་དེའི་གནས་བརྟན་མདུན་དུ་འགྲོ་བར་བྱའོ་ཞེས་པ་ནས། གྲ་དག་པར་ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་པའི་བར་རྣམས་མ་མོའི་བྱ་བའི་ཕུང་པོ་ལས་གསུངས་ལ། བྱུང་བའི་གླེང་གཞི་མ་གསུངས་པས་འདིར་བདག་གིས་མ་བྲིས་སོ། །སྐྱེ་དགུའི་བདག་མོ་ལྕི་བའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པའི་ཚེ། ཉེ་བར་འཁོར་གྱིས་ཞུས་པ། བུད་མེད་གཞན་རྣམས་ཇི་ལྟར་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བགྱི། རིམ་པ་བཞིན་དུ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་གྱིས་ཤིག །དེ་ཇི་ལྟར་བྱ་བ་མ་ཤེས་ནས་གསོལ་བ་དང༌། སྐྱེ་དགུའི་བདག་མོ་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་ནི་བླ་མའི་ཆོས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །བུད་མེད་གཞན་ནི་རིམ་བཞིན་དུ་བྱ་སྟེ། དགེ་སློང་གང་ཡང་རུང་བ་ལ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་བར་ཆད་ཀྱི་ཆོས་རྣམས་དྲིས་ལ་གཟུང་བར་བྱའོ། །སྐྱབས་འགྲོ་དང༌། དགེ་བསྙེན་མའི་བསླབ་པའི་གཞི་ལྔ་སྦྱིན། དེ་ནས་རབ་བྱུང་ཞུ་བའི་དགེ་སློང་མ་བསྐོས་ནས་དེས་ཞུ། དེ་ནས་སྐྲ་འདྲེག་པའི་དགེ་སློང་མ་བསྐོས་ནས་སྐྲ་བྲེགས་ཏེ་ཁྲུས་བྱ། དེས་ན་ཤམ་ཐབས་བསྐོན་ནས་མཚན་བརྟག །དེ་ནས་མཁན་མོས་དགེ་ཚུལ་མའི་བསླབ་པ་འབོག་པའི་དགེ་སློང་མ་གསོལ་ནས། དེས་བསླབ་པ་ཕོག་པ་དང༌། དེ་ནས་དགེ་སློབ་མ་དང༌། དེ་ལ་ལོ་གཉིས་སུ་བསླབས་ནས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དང༌། དེའི་འོག་ཏུ་བསྙེན་པར་(༧༤བ)རྫོགས་པར་བྱེད་པའི་ཚུལ་རྣམས་རྒྱས་པར་གསུངས་སོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་དག་གིས་དགེ་སློང་མའི་དགེ་འདུན་གྱི་དབུས་སུ། ཐུན་མོང་མ་ཡིན་པའི་བར་ཆད་དྲིས་པ་དང༌། དེ་ངོ་ཚ་ནས་གདོང་སྨད་དེ་འདུག་གོ །དེ་གསོལ་བ་དང༌། དགེ་སློང་གིས་དགེ་སློང་མ་ལ་ཐུན་མོང་མ་ཡིན་པའི་བར་ཆད་མ་དྲི་བར། དགེ་སློང་མས་དྲིས་ཤིག །དགེ་སློང་གིས་ཐུན་མོང་བའི་བར་ཆད་དྲིས་པས་ཀྱང་ངོ་ཚ་ནས་མ་སྨྲས་པ་དང༌། དགེ་སློང་མ་དྲུང་དུ་ཞོག་ལ་དྲིས་ཤིག །དེས་དགེ་སློབ་མ་ལ་དྲིས། དགེ་སློབ་མ་དེས་ཀྱང་དེ་ལ་ལན་ཐོབ་ཅིག །དེ་བར་ཆད་དྲི་བ་དགེ་སློང་མས་བསྒྲིབས་པ་ལ་བྱའོ། །སྟོན་པ་མཉན་ཡོད་ནའོ། །དགེ་སློང་མ་ཞིག་གིས་མཚན་གཉིས་པ་ཞིག་རབ་ཏུ་བྱུང་བ་དང༌། དེས་དགེ་སློང་དག་ལ་མཚན་མ་བསྟན་པས། ཁྱོད་ཅི་ཡིན། མཚན་གཉིས་པའོ། །དེ་གསོལ་བ་དང༌། མཚན་གཉིས་པ་དེ་སྐྲོད་ཅིག །མཚན་གཉིས་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། རབ་ཏུ་འབྱུང་བར་འདོད་པ་འོངས་ན། མཚན་གཉིས་པ་མ་ཡིན་ནམ་ཞེས་དྲིས་ཤིག །མཉན་ཡོད་ན་དགེ་སློང་མ་ཞིག་གིས་གླེ་འདམས་མ་ཞིག་རབ་ཏུ་བྱུང་ནས། དེ་ཆབ་ཁུང་སར་གཅིས་པས་བཤང་གཤི་གཉིས་ཀ་བྱུང་བ་དང༌། དེ་ནས་དགེ་སློང་མ་གཞན་ཞིག་གིས་དེར་ཞུགས་པ་ན། ཆབ་ཁུང་བཤང་བས་མ་རུང་བར་བྱས་པ་མཐོང་ནས། དེས། ཆབ་ཁུང་ས་འདི་བཤང་བས་མ་རུང་བར་སུས་བྱས་ཞེས་དྲིས་པ་དང༌། དེས། བདག་གིས་བག་མེད་པས་མ་རུང་བར་བགྱིས་སོ། །
ཁྱོད་ཀྱིས་བག་མེད་ཅི་བྱས། བདག་གླེ་འདམས་མ་སྟེ། གཅི་བར་བསམས་པ་དང༌། བཤང་བའང་བྱུང་ན་ཇི་ལྟར་བགྱི། དེ་ཡང་བརྒྱུད་ནས་གསོལ་བ་དང༌། གླེ་འདམས་མ་སྐྲོད་ཅིག །མཉན་ཡོད་ན་དགེ་སློང་མ་ཞིག་གིས་རྟག་ཏུ་ཁྲག་འཛག་པ་ཞིག་རབ་ཏུ་བྱུང་སྟེ། དེའི་སྨད་གཡོགས་ཁྲག་གིས་མ་རུང་བར་གྱུར་ནས་སྦྲང་བུས་གང་བ་དང༌། དེ་ལ་དགེ་སློང་མ་ཞིག་གིས། ཁྱོད་རྟག་ཏུ་ཁྲག་འཛག་གམ། རྟག་ཏུ་ཁྲག་འཛག་པའོ། །དེ་གསོལ་བ་དང་། རྟག་ཏུ་ཁྲག་འཛག་པ་ནི་མ་ནིང་ཡིན་ཏེ་སྐྲོད་ཅིག །མཉན་ཡོད་ན་དགེ་སློང་མ་ཞིག་གིས་ཁྲག་མེད་མ་ཞིག་རབ་ཏུ་བྱུང་སྟེ། དེས་དགེ་སློང་མ་དག་ལ་དུས་དུས་སུ་ཁྲག་འཛག་པ་མཐོང་ནས། ཅི། ཁྱེད་ཅག་ལོག་པར་རྟོག་པ་ལ་རྟོག་གམ། ཅིའི་ཕྱིར་ཁྱེད་ཁྲག་འཛག །ཕུ་ནུ་མོ། ཅི་བྱར་ཡོད། དེ་ནི་བུད་མེད་ཀྱི་ཆོས་ཉིད་ཡིན་མོད། ཁྱོད་ཁྲག་མི་འཛག་གམ། དེས་བདག་ལ་ཁྲག་མེད་ན་འཛག་ཏུ་ཅི་ཡོད། དེ་གསོལ་བ་དང༌། ཁྲག་མེད་མ་ནི་མ་ནིང་ཡིན་པས་སྐྲོད་ཅིག །མཉན་ཡོད་དུ་དགེ་སློང་མ་ཞིག་གིས་མཚན་མ་ཙམ་ཡོད་པ་ཞིག་རབ་ཏུ་བྱུང་སྟེ། ཆབ་ཁུང་སར་རིང་ཞིག་ལོན་ནས་སླར་བྱུང་བ་དང༌། དེ་ལ་དགེ་སློང་མ་དག་གིས། རིང་ཞིག་ཐོགས་(༧༥ན)ཏེ་བྱུང་ན་ཅི་བྱེད། བདག་ནི་མཚན་མ་ཙམ་ཡོད་པ་སྟེ་མོ་མཚན་མ་ཚང་ན་ཇི་ལྟར་བགྱི། དེ་གསོལ་བ་དང༌། མཚན་མ་ཙམ་ཡོད་པ་ནི་མ་ནིང་ཡིན་ཏེ་སྐྲོད་ཅིག །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་མོ་ཞིག་བཙས་ཏེ། བཙས་མ་ཐག་ཕ་ཤིའོ། །དེ་ནས་མས་གསོས་ནས་ཆེན་པོར་གྱུར་པ་དང༌། མའང་ཤིའོ། །སྦོམ་དགའ་མོས་བསོད་སྙོམས་ལ་ཞུགས་པ་དང༌། དེ་མཐོང་ནས། ཁྱོད་སུའི་ཡིན། བདག་སུའི་ཡང་མ་ལགས་ཏེ་མགོན་མེད་པའོ། །འོ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། སུ་ཞིག་གིས་རབ་ཏུ་འབྱིན། ངས་རབ་ཏུ་དབྱུང་གིས་ཚུར་ཤོག །དེ་དང་ལྷན་ཅིག་དབྱར་མོ་ཁང་དུ་སོང་ནས་དེས་དེ་རབ་ཏུ་བྱུང་བ་དང༌། དེ་ཉོན་མོངས་པས་གཟིར་ནས་སླར་བབས་སོ། །སྦོམ་དགའ་མོ་བསོད་སྙོམས་ལ་ཞུགས་པས་མཐོང་ནས། བུ་མོ། ཇི་ལྟར་འཚོ་ཞིང་འདུག །དེས་ཕྱག་བྱས་ཏེ། འཕགས་མ། སྡུག་བསྔལ་ཏེ་འཚོའོ། །འོ་ན་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། སུ་ཞིག་བདག་སླར་བབས་པར་རབ་ཏུ་འབྱིན། ཁོ་མོས་རབ་ཏུ་དབྱུང་ངམ། ལེགས་སོ། །དེས་རབ་ཏུ་བྱུང་སྟེ་བསོད་སྙོམས་ལ་ཞུགས་པ་དང༌། ཁྱིམ་བདག་གིས་མཐོང་ནས། མ་ལེགས་སོ། །ཤཱཀྱའི་བུ་མོ་དག་ནི་ཆོས་ལ་ངལ་བསོ་ཞིང་ཆོས་ལ་སྤྱོད་དོ་ཞེས་འཕྱ་བ་དེ་གསོལ་བ་དང༌། ཉེས་དམིགས་དེ་ནི་དགེ་སློང་མ་དག་བབས་ཤིང་སླར་ཡང་རབ་ཏུ་འབྱུང་བ་ཡིན་ནོ་དགོངས་ནས། ཁྱིམ་པ་རྣམས་རིགས་པར་འཕྱ་སྟེ། ལན་གཅིག་བབས་པ་མཐུ་མེད་པ་རབ་ཏུ་མ་དབྱུང་ཞིག །རབ་ཏུ་འབྱིན་ན་འདས་པ་དང་བཅས་པར་འགྱུར་རོ། །

༢༽ ད་ཆོག་ཞུ་བ་ཕལ་ཆེར་སྐབས།

ཞུ་བ་ཕལ་ཆེ་བའི་སྐབས་ནས་འབྱུང་བ་ནི། ཞུ་བ་དང༌། གླེང་གཞི་དང༌། གཏམ་གྱི་གཞི་ལ་སོགས་པར། ཞུ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་མ་གཏོགས། བྱུང་བའི་གླེང་གཞི་གཞན་མི་སྣང་བས། འདིར་བདག་གིས་མ་བྲིས་སོ།། །།

གཉིས་པ། སྡོམ་པ་ཐོབ་པ་མི་ཉམས་པར་སྲུང་བའི་ཐབས།

༈ གཉིས་པ་ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ལ་ལྔ། གང་ཟག་གཞན་ལ་བརྟེན་ནས་བསྲུང་བ། རང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བ། མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའོ། །

ཀ༽ གང་ཟག་གཞན་ལ་བརྟེན་ནས་བསྲུང་བ།

དང་པོ་ནི། གནས་པས་གནས་པ་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་སོགས་དང༌།

ཁ༽ རང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བ།

གཉིས་པ་ནི། རང་གི་དྲན་པ་དང་ཤེས་བཞིན་ལ་སོགས་པས་བསྲུང་བ་ཡིན་ལ། དེ་གཉིས་ནི་རབ་ཏུ་འབྱུང་བའི་གཞིའི་སྐབས་སུ་བཤད་ཟིན་ཏོ། །

ག༽ མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ།

གསུམ་པ་ནི། བསླབ་པ་འབུལ་བའི་ཆོ་ག་དང་རྣམ་འབྱེད་གཉིས་སྤྱིར་བསྟན་(༧༥བ)དང་བཅས་པས་བསྟན་པ་ཡིན་ལ། རྣམ་འབྱེད་ལ་ལྟུང་བ་སྡེ་ལྔ་ལས།

༡༽ ཕམ་པའི་སྡེ་བཞི་ལས། 1) མི་ཚངས་སྤྱོད་ཀྱི་ཕམ་པ།

ཕམ་པའི་སྡེ་ལ་བཞི་ཡོད་པའི་དང་པོ་མི་ཚངས་པར་སྤྱོད་པའི་ཕམ་པ་ལའང་བཞི་ལས། རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལོ་བཅུ་གཉིས་སུ་སྐྱོན་མེད་ཅིང༌། ཆུ་བུར་མེད་ལ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་ཡང་མདོར་བསྡུས་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པའང་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་སྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །ཞེས་བཏོན་པར་གྱུར་ཏོ། །
ལོ་བཅུ་གསུམ་པ་ལ་བབ་པ་ན་སངས་རྒྱས་བཅོམ་ལྡན་འདས་ཡུལ་སྤོང་བྱེད་ན། ཀ་ལན་ད་ཀའི་གྲོང་ན་བཞུགས་སོ། །དེའི་ཚེ་ཀ་ལན་ད་ཀའི་གྲོང་ན་ཀ་ལན་ད་ཀའི་བུ་བཟང་སྦྱིན་ཞེས་བྱ་བ། ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རེ་ཞིག་ན་དཀོན་མཆོག་གསུམ་ལ་དད་དེ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། བསླབ་པའི་གཞི་ལྔ་བླངས་ཏེ། དེ་དད་པ་སྔ་མ་དེ་རྗེས་སུ་སྤེལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ༌། །དེ་ཉེ་དུ་རྣམས་དང་འདྲེ་ཞིང་གནས་པ་ལས། དེ་འདི་སྙམ་དུ། བདག་རབ་ཏུ་བྱུང་ནས་ཉེ་དུ་དང་འདྲ་ཞིང་གནས་པ་ནི་རྙེད་པ་མ་རྙེད་དོ་སྙམ་ནས། ཉེ་དུ་དང་འབྲལ་བའི་ཕྱིར་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ལྗོངས་རྒྱུར་སོང་ངོ༌། །དེའི་ཚེ་མུ་གེ་ཉམ་ང་བ་སློང་མོ་བ་སློང་མོ་བས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་ལ་ཟས་སྦྱིན་པར་དཀའ་ན་སློང་མོ་བ་ལྟ་ཅི་སྨོས་དགོས་པ་ཞིག་བྱུང་ནས། བཟང་སྦྱིན་འདི་སྙམ་དུ། བདག་གི་ཉེ་དུ་ལ་ལོངས་སྤྱོད་ཡོད་པས། དགེ་འདུན་ལ་ཟས་སྦྱོར་དུ་གཞུག་ཅིང༌། སྐྱོ་མ་དང༌། ཐུག་པ་དང༌། རྟག་རེས་འཁོར་དང༌། མགྲོན་དུ་བོས་པ་དང༌། བརྒྱད་སྟོན་དང༌། བཅུ་བཞི་(༧༦ན)སྟོན་དང༌། ཉ་སྟོན་དང༌། སྤྱན་གཟིགས་ཕྲན་ཚེགས་སྦྱོར་རུ་གཞུག་གོ་སྙམ་སྟེ། ལྗོངས་སུ་ཅི་དགར་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རིམ་གྱིས་ཀ་ལན་ད་ཀའི་དགོན་པའི་སྤྱིལ་བུ་ན་འདུག་གོ །དེ་ནས་བཟང་སྦྱིན་ཉེ་དུ་རྣམས་ཀྱི་གན་དུ་སོང་ནས། དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་དེ་དགེ་འདུན་ལ་ཟས་སྦྱོར་དུ་བཅུག་གོ །དེའི་ཚེ་བཟང་སྦྱིན་དགོན་པ་བ། ཆོས་གོས་གསུམ་པ། ཕྱག་དར་ཁྲོད་པ། བསོད་སྙོམས་པ་མཐར་ཆགས་ཀྱིས་རྒྱུ་བ་ཞིག་ཏུ་གྱུར་ཏོ། །དེས་དང་པོར་དགེ་འདུན་ཐུག་པས་ཚིམ་པར་བྱས་ནས་རིམ་གྱིས་བསོད་སྙོམས་ལ་རྒྱུ་བའི་ཚེ་རང་གི་ཁྱིམ་དུ་སོང་བ་དང༌། དེའི་མ་བྱ་བ་ཞིག་ལ་ཕྱི་རོལ་ཏུ་སོང་བས། རང་གི་ཁྱིམ་ནས་བསོད་སྙོམས་མ་ཐོབ་པར་མྱུར་བར་ཕྱིར་སོང་ངོ༌། །དེ་བྲན་མོ་རྙིང་པ་རྒན་མོ་ཞིག་གིས་མཐོང་ནས། བཟང་སྦྱིན་གྱི་མ་ལ་སྨྲས་པ། ཇོ་མོ། མཁྱེན་པར་མཛོད་ཅིག །བཟང་སྦྱིན་རང་གི་ཁབ་ཏུ་བྱོན་པ་ལས། རང་གི་ཁབ་ནས་སྦྱིན་པ་མ་རྙེད་པར་སླར་སོང་ངོ༌། །
དེ་ནས་དེའི་མ་འདི་སྙམ་དུ། ཀྱེ་མ་བཟང་སྦྱིན་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང༌། དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སློང་གི་ཚུལ་གྱིས་སྒྱིད་ལུག་པའམ། རྨུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པའམ། དགེ་སྦྱོང་གི་ཚུལ་གཏོང་འདོད་པར་མ་གྱུར་གྲང་སྙམ་ནས། བཟང་སྦྱིན་ཅན་སོང་སྟེ་སྨྲས་པ། བུ། ཁྱོད་འདོད་པ་ནས། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ལྟ་ན། ཁྱོད་ཀྱི་ཕའི་དབྱིག་དང༌། གསེར་གྱི་ཕུང་པོ་གང་ལ་མཐའ་གཅིག་ན་འགྲེང་བའི་མིས་མཐའ་གཅིག་ན་འདུག་པའི་མི་མི་མཐོང་ལ། མཐའ་གཅིག་ལ་འགྲེང་བའི་མིས་མཐའ་གཅིག་ན་འགྲེང་བའི་མི་མི་མཐོང་བ་དང༌། ཕའི་དབྱིག་དང་གསེར་མཚན་མ་བཏབ་པའང་བརྒྱ་སྟོང་དུ་མ་ཡོད་ན། གཞན་དང་ཕལ་ལྟ་ཅི་སྨོས། བུ། ཚུར་ཤོག་འདོད་པ་ལ་ལོངས་སྤྱོད། སྦྱིན་པ་དག་ཀྱང་བྱིན། བསོད་ནམས་དག་ཀྱང་གྱིས་ཤིག །བཟང་སྦྱིན་གྱིས་སྨྲས་པ། མ། བདག་དེ་ལྟར་མ་ལགས་སོ། །མས་བསམས་པ། བདག་གིས་དེ་ལྟར་བྱས་ཀྱང༌། བཟང་སྦྱིན་ཕྱིར་བཟློག་མ་ནུས་ཀྱིས་འདིའི་བག་སར་རྦད་པར་བྱའོ་སྙམ་ནས། ཁྱིམ་དུ་སོང་སྟེ་མནའ་མ་ལ་སྨྲས་པ། སྲུ། ཁྱོད་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པའི་ཚེ་ཁོ་མོ་ལ་སྦྲོན་ཅིག །ཡུམ། བཀའ་བཞིན་འཚལ། དེ་རེ་ཞིག་ན་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པར་གྱུར་ནས། བཟང་སྦྱིན་གྱི་མ་ལ་སྨྲས་པ། ངན་བུ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་ན། བདག་གིས་ཅི་བགྱི། སྲུ། བཟང་སྦྱིན་སྔོན་ཁྱིམ་པ་ཉིད་ན་དགའ་བའི་ཁྲུས་དང་སྐུ་མཉེ་གྱིས། (༧༦བ)རྒྱན་ཐོགས་ལ་ཤོག་ཅེས་བསྒོའོ། །དེས་ཀྱང་མཉན་ནས། ཡུམ། ངན་བུ་འདི་འདྲ་ན་བདག་གིས་ཅི་བགྱི། དེ་ནས་དེ་གཉིས་ཤིང་རྟ་གཅིག་ཏུ་ཞུགས་ནས་བཟང་སྦྱིན་གྱི་གནས་སུ། བཞོན་པའི་ས་ཇི་སྲིད་པ་དེ་སྲིད་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པས་བཟང་སྦྱིན་གྱི་དྲུང་དུ་སོང་སྟེ། དེའི་ཚེ་བཟང་སྦྱིན་གནས་ཀྱི་ཕྱི་རོལ་བླ་གབ་མེད་པའི་འཆག་ས་ན་འཆག་པ། མས་ཐག་རིང་པོ་ནས་མཐོང་ནས། དེའི་དྲུང་དུ་སོང་སྟེ་སྨྲས་པ། བུ། བག་སར་འདི་ལ་ས་བོན་གྱི་ཆོས་ཅུང་ཞིག་བྱིན་ཅིག །ཁྱོད་ལ་བུ་མེད་པས་རྫས་ཐམས་ཅད་རྒྱལ་པོས་དབང་དུ་བྱས་ན་མི་རུང་ངོ༌། །
དེ་ནས་བཟང་སྦྱིན་གྱིས། སྔར་བསླབ་པའི་གཞི་མ་བཅས་ཤིང་ཉེས་པ་མ་མཐོང་ལ། བུད་མེད་གཞོན་ནུ་ཁ་དོག་བཟང་བ་ཆགས་པར་འགྱུར་བ་མཐོང་ནས་འདོད་ཆགས་ཀྱིས་སེམས་ཟིལ་གྱིས་ནོན་པས། ཡུམ། བདག་གིས་དེ་ལྟར་བགྱིར་རུང་ངམ། བུ། ས་བོན་གྱི་ཆོས་ལ་བརྟེན་ནས་ཤིན་ཏུ་རུང་ངོ༌། །དེ་ནས་དེ་མ་ལ་ཉན་ཏེ་སྔོན་གྱི་ཆུང་མའི་ལག་པ་གཉིས་ནས་བཟུང་སྟེ་ཕྱོགས་ཤིག་ཏུ་སོང་ནས་ཆོས་གོས་བཞག་སྟེ། དེ་དང་ལྷན་ཅིག་ཏུ་ལན་གཉིས་ལན་གསུམ་དུ་མི་ཚངས་པར་སྤྱད་དོ། །སེམས་ཅན་སྲིད་པ་ཐ་མ་པ། སྤྱོད་པ་ཚོལ་བ། ཐར་པའི་སྙིང་པོ་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མར་འཛིན་པ་ཞིག་ཀྱང༌། ལྷའི་རིས་བཟང་པོ་ཞིག་ནས་ཤི་འཕོས་ཏེ་དེའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང༌། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང༌། མངལ་ན་གནས་པ་ཞུགས་པ་ཤེས་པ་དང༌། གང་ལས་མངལ་ན་གནས་པ་ཞུགས་པ་ཤེས་པ་དང༌། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་དང༌། ཁྱེའུ་ཡིན་ན་དཀུ་གཡས་པར་བརྟེན་ལ། བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་ནོ། །དེ་ཡིད་དགའ་ནས་སྒྱུག་མོ་ལ་སྨྲས་པ། ཡུམ། མཁྱེན་པར་མཛོད་ཅིག །བདག་ལ་སེམས་ཅན་ཞུགས་པ་ནི་དཀུ་གཡས་སུ་བརྟེན་པས་ངེས་པར་ཁྱེའུར་འགྱུར་རོ། །
དེ་ཡང་ཡིད་དགའ་ནས། ཁོ་མོ་ཡུན་རིང་པོ་ནས་འདོད་པའི་ཚ་བོའི་ངོ་མཐོང་བ་དང༌། ཁོ་མོ་དང་མཐུན་པར་སྐྱེ་བ་དང༌། ཁོ་མོའི་བྱ་བ་བྱེད་པ་དང༌། གསོས་པས་ཕྱིར་གསོ་བ་དང༌། བགོ་སྐལ་ལ་སྤྱོད་པ་དང༌། ཁོ་མོའི་རིགས་རྒྱུན་རིང་དུ་གནས་པར་འགྱུར་བ་དང༌། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན། ཉུང་ངུའམ་མང་པོའང་རུང་བའི་སྦྱིན་པ་དག་བྱིན་ཅིང་བསོད་ནམས་བྱས་ནས། འདི་དེ་གཉིས་གང་(༧༧ན)དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བསྔོ་བ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་ལེགས་པར་བསྐྱངས་པས་ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། གསལ་བ། གསེར་གྱི་མདོག་འདྲ་བ། མགོ་གདུགས་ལྟ་བུ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འབྱར་བ། སྣའི་གཟེངས་མཐོ་བ་ཞིག་བཙས་སོ། །དེའི་ཉེ་དུ་དག་ལྷགས་ནས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས། ཁྱེའུའི་མིང་འདོགས་པ་ན། འདི་ས་བོན་གྱི་ཆོས་ལ་བརྟེན་ནས་རྙེད་པས་ན་ས་བོན་པ་ཞེས་མིང་བཏགས་སོ། །ཁྱེའུ་དེ་མ་མ་བརྒྱད་ལ་གཏད་ནས། འོ་མ་དང༌། ཞོ་དང༌། མར་དང༌། ཞུན་མར་དང༌། མར་གྱི་ཉིང་ཁུ་དང༌། གཞན་ཡང༌། ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་དག་གིས་བསྲིངས་བསྐྱེད་ཅིང༌། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་བསྐྱེད་དོ། །དེ་ཆེན་པོར་གྱུར་པའི་ཚེ་ཡི་གེ་དང༌། གྲངས་དང༌། རྩིས་དང༌། ལག་རྩིས་དང༌། དབྱུང་བ་དང༌། གཞུག་པ་དང༌། གཞག་པ་ལ་ཉེ་བར་ཞུགས་ནས་ཡི་གེའི་མཐར་ཕྱིན་ཅིང༌། འབྱེད་པ་དང༌། ཀློག་པ་དང༌། མཁས་པ་དང༌། སྤྱོད་པ་གསལ་བ་དང༌། བརྟག་པ་བརྒྱད་པོ་རིན་པོ་ཆེ་དང༌། གཞི་དང༌། གོས་དང༌། ཤིང་དང༌། གླང་པོ་ཆེ་དང༌། རྟ་དང༌། བུད་མེད་དང༌། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །དེ་རེ་ཞིག་ན་དཀོན་མཆོག་གསུམ་ལ་དད་ནས་སྐྱབས་སུ་སོང༌། དེ་ཕ་ལས་བྱུང་བའི་དད་པ་སྔ་མ་དེ་ཉིད་རྗེས་སུ་སྤེལ་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། གཅིག་པུ་དབེན་པ་བག་ཡོད་པ་བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པས། གང་གི་ཕྱིར་དུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང༌། དགྲ་བཅོམ་པ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང༌། རིག་པ་དང༌། མངོན་པར་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང༌། འདོད་པའི་རྙེད་པ་དང༌། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་རྗེད་(༧༧བ)པ་དང༌། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །
དེ་ནས་ས་བོན་པས་དགྲ་བཅོམ་པ་ཐོབ་ནས་ཚིགས་སུ་བཅད་པ་སྨྲས་པ། ཆོས་རྣམས་ལས་ནི་སྐལ་བ་ཐོབ། །ཡབ་ཀྱི་དཀོར་གྱིས་བདག་མི་སྟོང༌། །བདག་གིས་ཧ་ཅང་འཕྱི་ནས་ཤེས། །བདག་ནི་ཆུང་ངུས་ཤིན་ཏུ་འདས། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་དབུས་ན་བཞུགས་ཤིང་། ཉན་ཐོས་རྣམས་ལ་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང༌། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཏོ། །དེའི་ཚེ་བཟང་སྦྱིན་འཁོར་དེ་ཉིད་ན་འདུག་པ་འགྱོད་པ་དང༌། རྣམ་པར་འགྱོད་པ་དང༌། རབ་ཏུ་འགྱོད་པར་གྱུར་ཅིང༌། ཅང་མི་སྨྲ་བར་གྱུར། ཡུལ་ཡུལ་པོར་གྱུར། ཕྲག་པ་གློད། གདོང་སྨད། སྤོབས་པ་མེད། སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་དགེ་སློང་དག་གིས་མཐོང་ནས། ཁྱོད་དེ་ལྟར་གྱུར་པ་ལས། ལུས་ཀྱི་གནོད་པའམ་སེམས་ཀྱི་གདུང་བ་མེད་དམ། བདག་ལ་ད་ལྟར་ལུས་ཀྱི་གནོད་པ་ནི་མེད་མོད། སེམས་ཀྱི་གདུང་བ་ནི་ཡོད་དོ། །ཁྱོད་ཀྱི་སེམས་ཀྱི་གདུང་བ་གང་ཡིན། དེས་རྒྱས་པར་བརྗོད་པ་དང༌། དེ་དག་དེ་ལ་བསྟོད་པར་ཡང་མི་བྱེད། ཕྱིར་ཟློག་པར་ཡང་མི་བྱེད་པར། སྟོན་པའི་དྲུང་དུ་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་སྐབས་དེ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག །ཟག་པའི་གནས་ལྟ་བུའི་ཆོས་མང་པོ་རྣམས་ཀྱི་དང་པོ་ནི་བཟང་སྦྱིན་གྱིས་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་བྱས་པར་གྱུར་ཏོ། །
དེ་ནས། བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །དེ་བཞིན་གཤེགས་པ་ནི་དོན་གྱི་དབང་གཉིས་གཟིགས་པ་ན་དགེ་སློང་གི་དགེ་འདུན་སྡུད་པར་མཛད་དེ། ངའི་ཉན་ཐོས་རྣམས་ཀྱིས་ཀུན་ཤེས་པ་ཉིད་དུ་བྱ་བའི་ཕྱིར་དང༌། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་པ། མཁྱེན་ཀྱང་མི་རྨེད་པ། དུས་སུ་རྨེད་པ། དུས་ལས་ཡོལ་བར་མི་རྨེད་པ། དོན་དང་ལྡན་པ་རྨེད་པ། དོན་དང་མི་ལྡན་མི་རྨེད་པས་དོན་དང་མི་ལྡན་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཟང་སྦྱིན་ལ། (༧༨ན)བཟང་སྦྱིན། ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཙུན་པ། མད་དོ། །སྟོན་པས། དགེ་སློང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །བཟང་སྦྱིན། ངས་འདོད་ཆགས་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་འདོད་ཆགས་དང་བྲལ་བ་དང༌། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་པ་ལ་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ་དུག་དྲག་པ། དུག་རྣོ་བའི་ཁར་རང་གི་ཡན་ལག་གི་རྣམ་པ་བཅུག་པར་གྱུར་པ་ནི་བླ་ཡི། མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ། དུག་དྲག་པ། དུག་རྣོ་བའི་ཁར་རང་གི་ཡན་ལག་གི་རྣམ་པར་བཅུག་པར་གྱུར་པ་ནི་བླ་ཡི། དེ་ལྟར་གྱུར་པས་བུད་མེད་ཀྱི་ཡུལ་ལ་ནི་མ་ཡིན་ནོ་ཞེས་སྨད་ནས། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དགཔར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང༌། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང༌། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང༌། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང༌། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང༌། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པ་ཡངས་པར་གྱུར་པ་ལྷ་དང་མིའི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའི་ཕྱིར་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བཅའ་བ་མཛད་དོ། །སྟོན་པ་རྒྱལ་པའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ནའོ། །དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག་གོ །དེས་དགོན་པའི་སྤྲ་མོ་ཞིག་ཟས་ཀྱིས་བརྔོད་ནས་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏོ། །དེ་སན་དགེ་སློང་མང་པོ་གནས་ཉུལ་ཞིང་རྒྱུ་བ་ན། དེའི་སྤྱིལ་བུར་ཕྱིན་དེ་དང་ལྷན་ཅིག་གཏམ་སྣ་ཚོགས་བྱས་ཏེ་འཁོད་པ་དང༌། སྤྲ་མོ་དེ་དེར་འོངས་ཏེ་དགེ་སློང་དེའི་གདོང་དུ་ལྟ། རོ་སྨད་སྟོབ་པར་བྱེད་ནས། དེ་དེ་དག་ལ་ངོ་ཚ་བས་ལན་(༧༨)གསུམ་དུ་བཟློག་གོ །
དེ་ནས་སྤྲ་མོ་དེ་ཁྲོས་འཁྲུགས་བརྔམས་ཡིད་མི་དགའ་ནས། དགེ་སློང་དེའི་གདོང་དང་སྣ་དང་ཆོས་གོས་རྐང་པའི་སེན་མོས་བྲད་དེ་མཐའ་ཞིག་ཏུ་སོང་ནས་ངུ་རུ་རུ་ཟེར་ཞིང་ཁྱི་ཚུགས་སུ་འདུག་གོ །དགེ་སློང་དེ་དག་གིས། ཅིའི་ཕྱིར་འདི་ལྟར་བྱེད། དེས་བཤད་དོ། །འོ་ན། སྟོན་པས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་མ་བཀག་གམ། མི་ལ་བཀག་གི་དུད་འགྲོ་ལ་མ་བཀག་གོ །སྐབས་དེ་གསོལ་བ་དང༌། ངས་མི་ལའང་བཀག་ན་དུད་འགྲོ་ལྟ་ཅི་སྨོས་ཏེ། མི་གཏི་མུག་ཅན་དེ་ནི་ཕམ་པར་གྱུར་ཏོ། །དེ་ནས་བྱུང་བ་འདི་དང༌། གླེང་གཞི་འདི་དང༌། སྐབས་འདི་ལ་དགེ་འདུན་བསྡུ་བ་མཛད་ནས། དགེ་སློང༌། ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཙུན་པ། མད་དོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པ། དུག་དྲག་པ། དུག་རྣོ་བའི་ཁར་རང་གི་ཡན་ལག་གི་རྣམ་པ་བཅུག་པ་སླ་ཡི། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ནི་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མས་སྨད་ནས། སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་བཅས་པ་སྟེ། ངའི་ཉན་ཐོས་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནས། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །
ཡང་དགེ་སློང་གང་ཞེས་བྱ་བ་ནི། དགེ་སློང་བཞི་པོ་མིང་གི་དགེ་སློང་དང༌། ཁས་འཆེ་བའི་དགེ་སློང་དང༌། སློང་བའི་དགེ་སློང་དང༌། ཉོན་མོངས་པ་བཅོམ་པའི་དགེ་སློང་ལས། མིང་གི་དགེ་སློང་ནི་གང་གི་མིང་དང༌། མིང་དུ་བརྗོད་པ་དང༌། ཚིག་གཉིས་པ་དང༌། ཚིག་བླ་དྭགས་དང༌། འདུ་ཤེས་དང༌། བོད་པ་དང༌། གདགས་པ་དང༌། ཐ་སྙད་དགེ་སློང་ཞེའམ། དགེ་སློང་གི་རིགས་ཞེའམ། དགེ་སློང་དང་འདྲ་བར་གྱུར་པའོ། །ཁས་འཆེ་བའི་དགེ་སློང་ནི་དགེ་སློང་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་དུ་ཁས་འཆེ་བར་བྱེད་པའོ། །སློང་བས་དགེ་སློང་ནི་སློང་མོ་སྤྱོད་པས་འཚོ་བའོ། །ཉོན་མོངས་པ་བཅོམ་པའི་དགེ་སློང་ནི་དགྲ་བཅོམ་པའོ། །དོན་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་འོས་པས་བསྙེན་པར་རྫོགས་པ་དེ་དགེ་སློང་དུ་དགོངས་སོ། །དགེ་སློང་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ༌། །བསླབ་པ་མཚུངས་པར་གྱུར་པས་ཞེས་བྱ་བ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་(༧༩ན)པས་ཀྱང་ངོ་། །དེང་བསྙེན་པར་རྫོགས་པས་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ངོ་ཞེས་འདི་ལ་ཚུལ་ཁྲིམས་དང༌། བསླབ་པ་དང༌། སོ་སོ་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པའོ། །བསླབ་པ་མ་ཕུལ་ཞེས་བྱ་བ་ལ་ཇི་ཙམ་གྱིས་བསླབ་པ་ཕུལ་བ་ཡིན་ཞེ་ན། དགེ་སློང་ཁྲོ་བས་ཟིལ་གྱིས་ནོན་པ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པས་བསླབ་པ་ཕུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དེ་དག་ལ་མ་ཡིན་ནོ། །གླེན་པ་དང༌། ལྐུགས་པ་དང༌། འོན་པ་ལ་མ་ཡིན། དབེན་པར་མ་ཡིན། དབེན་པ་ལ་དབེན་པ་དང༌། མི་དབེན་པར་འདུ་ཤེས་པས་མ་ཡིན། དབུས་པས་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་དང༌། མཐའ་འཁོབ་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་དང༌། མཐའ་འཁོབ་པས་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་དང༌། དབུས་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་ལམ་ཤེས་པ་ལ་མ་ཡིན། གཉིད་ལོག་པ་དང༌། སྙོམས་པར་ཞུགས་པ་དང༌། ལྷ་དང༌། སྤྲུལ་པ་དང༌། དུད་འགྲོ་དང༌། གཟུགས་བརྙན་ལ་མ་ཡིན། ཀླག་ཅོར་ཅན་གྱིས་ཀླག་ཅོར་ཅན་ལ་མ་ཡིན། གཏོང་སེམས་མེད་པ་དང༌། དགེ་སྦྱོང་གི་ཚུལ་འདོད་པ་དང༌། ཁྱིམ་ན་གནས་པ་མི་འདོད་པ་དང༌། མི་རང་བཞིན་དུ་གནས་པ་ཤེས་པ་འགའ་ལའང་རྣམ་པར་རིག་པར་མི་བྱེད་ན་བསླབ་པ་མ་ཕུལ་བའོ། །བསླབ་པ་ཉམས་པར་མ་བྱས་ཞེས་བྱ་བ་ནི། བསླབ་པ་ཕུལ་ཉམས་ལ་མུ་བཞི་སྟེ། ཕུལ་ལ་ཉམས་པར་མ་བྱས་པ་ནི། འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང༌། དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། རྨུས་བྱུང་བའམ། ཐེ་ཚོམ་ཟ་བའམ། དགེ་སྦྱོང་གི་ཚུལ་གཏོང་འདོད་པ་ན། དགེ་སློང་གི་དྲུང་དུ་སོང་སྟེ། ཚེ་དང་ལྡན་པ། དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བསླབ་པ་དབུལ་ལོ། །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་དང༌། མཁན་པོ་དང༌། སློབ་དཔོན་དབུལ་ལོ། །བདག་ཁྱིམ་པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། རྐུ་ཐབས་སུ་གནས་པའམ། ཐ་དད་དུ་གནས་པའམ། གནས་པར་མི་བྱ་བར་གཟུང་དུ་གསོལ་ཞེའམ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་(༧༩)གནས་པས་ཆོག་གོ་ཞེས་ཟེར་བའོ། །བསླབ་པ་ཉམས་པར་བྱས་ལ་མ་ཕུལ་བ་ནི། གཏོང་འདོད་པ་ན་དགེ་སློང་གི་དྲུང་དུ་སོང་སྟེ། ཚེ་དང་ལྡན་པ། མཁྱེན་པར་མཛོད་ཅིག །ཚངས་པ་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའ་འོ། །གནས་མལ་དགོན་པ་དང༌། ནགས་ཁྲོད་དང༌། རི་དྲུང་དང༌། བས་མཐར་གནས་པ་ཁོང་དུ་ཆུད་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང༌། ཕུ་ནུ་དང༌། བུ་སྲིང་དྲན་ནོ། །བདག་བཟོ་སློབ་ཏུ་ཆུག་ཅིག །བདག་གི་ལས་ཀྱི་མཐའ་སྩོལ་ཅིག །བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་ཟེར་ལ། བསླབ་པ་དབུལ་ལོ་ཞེས་སོགས་མི་ཟེར་བའོ། །
ཕུལ་ཉམས་གཉིས་ཀ་ཡིན་པ་ནི། གཏོང་འདོད་པས། ཚངས་པར་སྤྱོད་པ་སྤྱད་དཀའ་འོ་ཞེས་སོགས་ཀྱང་ཟེར་ལ། བསླབ་པ་དབུལ་ལོ་ཞེས་སོགས་ཀྱང་ཟེར་བའོ། །ཕུལ་ཉམས་གཉིས་ཀ་མ་ཡིན་པ་ནི། དེ་དག་མ་གཏོགས་པའོ། །མི་ཚངས་པར་སྤྱོད་པ་ན་གཉིས་ཀྱིས་གཉིས་སྤྲོད་པའོ། །དེ་ཉིད་འཁྲིག་པའི་ཆོས་སོ། །བསྟེན་པ་ནི་སྤྱད་པའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། སྤྲ་མོའམ་དེ་དང་འདྲ་བར་རོ། །དགེ་སློང་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡོད་པའོ། །དེ་ཕམ་པར་གྱུར་པ་ཡིན་གྱིས་ཞེས་བྱ་བ་ནི་དེ་མཐར་གྱུར་པ་ལ་སོགས་པའོ། །ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་བཞིན་ནོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་དེ་དང་གསོ་སྦྱོང་དང༌། དགག་དབྱེ་དང༌། གསོལ་བ་དང༌། གསོལ་བ་དང་གཉིས་དང༌། གསོལ་བ་དང་བཞིའི་ལས་ལ་གནས་པར་མི་བྱའོ། །དེ་ལ་ལྟུང་བ་ཅིར་འགྱུར་ན། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ། །ཟག་བྱེད་དོ། །དེར་རོ། །མ་ཉམས་པར་རོ། །ཁའམ་བཤང་བའི་ལམ་དུའོ་ཞེས་སོགས་གསུངས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས། བུ་བྱི་ལ་ལྟར་རྒྱབ་མཉེན་པ་ཞིག་བཙས་པས། མིང་རྒྱབ་མཉེན་ཞེས་བཏགས་ཏེ་ཆེན་པོར་གྱུར་པའི་ཚེ་རབ་ཏུ་བྱུང་ནས། དེ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། ལུས་མ་བསྲུངས། དབང་པོ་མ་བསྡམས། དྲན་པ་ཉེ་བར་མ་བཞག་པར། བསོད་སྙོམས་ལ་བརྒྱུས་ནས། ཟས་ཀྱི་བྱ་བ་བྱས་ཏེ། ལྷུང་(༨༠ན)བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །དེ་འདོད་ཆགས་ཀྱིས་དཀྲིས་པས་རང་གི་ཡན་ལག་གི་རྣམ་པ་ཁར་བཅུག་ནས་རྩོལ་བར་བྱེད་པ་དགེ་སློང་དག་གིས་མཐོང་ནས། ཚེ་དང་ལྡན་པ། ཅི་བྱེད། རེག་པ་བདག་གིར་བྱེད་དོ། །འོན་ན་སྟོན་པས་མ་བཀག་གམ། གཞན་གྱི་ལ་བཀག་གི །རང་གི་ལ་མ་བཀག་གོ །སྐབས་དེ་གསོལ་བ་དང༌། དགེ་སློང་དག །ངས་གཞན་གྱི་ལའང་བཀག་ན་རང་གི་ལ་ལྟ་ཅི་སྨོས། རང་གི་བསྟེན་པར་བྱ་བ་བཅུག་ན་ཕམ་པར་འགྱུར་རོ། །
མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས། ཁྱེའུ་ཡན་ལག་གི་རྣམ་པ་ཤིན་ཏུ་ཚད་ལས་འདས་པ་ཞིག་བཙས་པས་མིང་འཕྱང་བ་ཅན་ཞེས་བཏགས་སོ། །དེ་ཆེན་པོར་གྱུར་པའི་ཚེ་རབ་ཏུ་བྱུང་ནས་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་ཡན་ལག་གི་རྣམ་པར་རང་གི་བཤང་ལམ་དུ་བཅུག་སྟེ་རྩོལ་བར་བྱེད་པ་དགེ་སློང་དག་གིས་མཐོང་ནས། ཚེ་དང་ལྡན་པ། ཅི་བྱེད། རེག་པ་བདག་གིར་བྱེད་དོ། །སྟོན་པས་མ་བཀག་གམ། །གཞན་གྱི་ལ་བཀག་གི །རང་གི་ལ་མ་ཡིན་ནོ། །སྐབས་དེ་གསོལ་བ་དང༌། དགེ་སློང་དག །ངས་གཞན་གྱི་ལའང་བཀག་ན། རང་གི་ལ་ལྟ་ཅི་སྨོས། རང་གི་བསྟེན་པར་བྱ་བ་བཤང་ལམ་དུ་བཅུག་ནས་རྩོལ་བར་བྱེད་ན་ཕམ་པར་འགྱུར་རོ། །སྟོན་པ་མཉན་ཡོད་ནའོ། །འཕགས་རྒྱལ་ན་དེད་དཔོན་དགའ་བོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དང་དགའ་མགུར་སྤྱོད་ལ། དེ་ལ་བུ་དང་བུ་མོ་མེད་ཅིང༌། བུ་འདོད་པས་ལྷ་ལ་གསོལ་བ་འདེབས་སོ། །འཇིག་རྟེན་ན་ལྷ་ལ་གསོལ་བ་བཏབ་པས་བུ་སྐྱེའོ་ཞེས་བྱ་བའི་གཏམ་ཡོད་ཀྱང་དེ་ལྟ་མ་ཡིན་ཏེ། དེ་ལྟར་གྱུར་ན་རེ་རེ་ལའང་འཁོར་ལོས་སྒྱུར་པའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །
གནས་གསུམ་མངོན་དུ་གྱུར་པ་ལས་བུ་སྐྱེ་བར་འགྱུར་ཏེ། ཕ་མ་ཆགས་ཤིང་འདུས་པ་དང༌། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང༌། དྲི་ཟ་ཉེ་བར་གནས་པའོ། །དེ་དེ་ལྟར་གསོལ་བ་འདེབས་པ་ན། སེམས་ཅན་ཞིག་ཀྱང་ལྷའི་རིས་ནས་ཤི་འཕོས་ཏེ། དེའི་སྐྱེ་དགུའི་བདག་མོའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པ་ལ། མ་འདྲེས་པའི་ཆོས་ལྔ་ཡོད་པས། ཁྱེའུར་འགྱུར་བ་ཤེས་ནས་ཁྱིམ་བདག་ལ་སྨྲས་པ། རྗེའི་སྲས། བདག་ལ་སེམས་ཅན་ཞུགས་པ་ནི་བདག་གི་དཀུ་གཡས་པར་བརྟེན་པས་ངེས་པར་ཁྱེའུར་འགྱུར་གྱིས་དགྱེས་པ་བསྐྱེད་དུ་གསོལ། (༨༠བ)དེ་ཡང་ཡིད་དགའ་ནས་རོ་སྟོད་བསྲངས། ལག་པ་བརྐྱང་ནས་འདི་སྐད་ཅེས། ཁོ་བོ་ཡུན་རིང་པོ་ནས་འདོད་པའི་བུའི་ངོ་མཐོང་བ་དང་ཞེས་སོགས་ནས། མིང་གིས་ཡོན་བཤད་པ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་བརྗོད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་ལེགས་པར་བསྐྱངས་པས་ཟླ་བ་བརྒྱད་དམ་དགུ་འདས་པ་ན། ཁྱེའུ་གཟུགས་བཟང་བ་ཞིག་བཙས་སོ། །དེའི་ཉེ་དུ་རྣམས་ལྷགས་ནས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས། མིང་འདོགས་པ་ན། ཡུལ་དབུས་ནས་གང་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་དེ་ལ་མཛེས་པ་ཞེས་དཔྱོད་ལ། ཁྱེའུ་དེ་ཡང་གཟུགས་བཟང་བ། ལྟ་ན་སྡུག་པ་དང་མཛེས་པ་ཡིན་ཞིང༌། དེད་དཔོན་དགའ་བོའི་བུ་ཡིན་པས། དེའི་མིང་མཛེས་དགའ་ཞེས་བཏགས་སོ། །དེ་མ་མ་བརྒྱད་ལ་གཏད་ནས་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་པའི་ཚེ། ཡི་གེའི་མཐར་ཕྱིན་ཅིང༌། འབྱེད་པ་དང༌། ཀློག་པ་དང༌། མཁས་པ་དང༌། སྤྱོད་པ་གསལ་བ་དང༌། བརྟག་པ་བརྒྱད་ལ་མཁས་པར་གྱུར་ཏོ། །ཕས་དེའི་ཆུང་མའི་འཁོར་རབ་འབྲིང་ཐ་གསུམ་བཞག །དགུན་དཔྱིད་དབྱར་གསུམ་གྱི་གནས་གསུམ་བྱེད་དུ་བཅུག་གོ །དེ་སྟེང་གི་ཁང་བཟང་གི་གཞི་ན་སྐྱེས་པ་མེད་པར་སིལ་སྙན་གྱིས་རྩེ་བར་བྱེད་དོ། །དེད་དཔོན་དགའ་བོ་རྟག་ཏུ་རྩིས་ལ་ཆགས་ཤིང་འདུ་འགོད་སྦྱོང་བ་ལ། མཛེས་དགས། ཡབ། ཅིའི་ཕྱིར་རྩིས་ལ་ཆགས། བུ། རྩེ་བས་ནོར་སྒྲུབ་ནུས་སམ། ངས་ཁྱིམ་གྱི་བྱ་བ་ལོས་ཀྱང་བསམ་དགོས་སོ། །དོན་གྱིས་ཕས་བདག་ལ་བསྐུལ་ལོ་སྙམ་ནས། ཡབ། གལ་ཏེ་གནང་ན་ཡུལ་གཞན་དུ་ནོར་སྒྲུབ་ཏུ་མཆིའོ། །བུ། ནོར་མང་པོ་ཡོད་ན་ཅིའི་ཕྱིར་ཡུལ་གཞན་དུ་འགྲོ་འདུག་བྱེད། ཡབ། ངན་བུ་ངེས་པར་མཆིའོ། །དགའ་བོས་ལྡེ་མིག་བླངས་ཏེ། དབྱིག་དང་གསེར་བྱས་པ་དང་མ་བྱས་པའི་མཛོད་གང་བ་བདུན་བསྟན་ནས། བུ། ནོར་འདི་སྙེད་ཡོད་ཀྱིས་འདུག་ལ། འདོད་པ་ལ་ལོངས་སྤྱོད། སྦྱིན་པའང་བྱིན། བསོད་ནམས་དག་ཀྱང་གྱིས་ཤིག །ཡབ་བདག་ལ་སྟོན་པ་བཞིན་བདག་གིས་བུ་ལ་ཅི་ཞིག་བསྟན་ཞེས་སྨྲས་པས། དེ་དགའ་སྟེ། ལེགས་སོ་ཞེས་སྨྲས་ནས་དྲི་བསྒྲགས་ཏེ། མཛེས་དགའ་ཡུལ་གཞན་དུ་འགྲོ་ཡིས། ཁྱེད་ཅན་ལས་མཛེས་དགའ་དང་ལྷན་ཅིག་ཤོ་གམ་དང༌། ལ་གཅན་དང༌། གྲུ་བཙས་པ་མེད་པར་ཡུལ་གཞན་དུ་འགྲོ་བར་འདོད་པས་ཟོང་སྡོགས་ཤིག །ཚོང་པ་ལྔ་བརྒྱ་ཆས་པ་ན། དེ་དག་མགྲོན་དུ་བོས་ནས། མཛེས་དགའ་འདི་ཁོ་བོའི་བུ་ཡིན་པ་བཞིན་དུ་ཁྱེད་ཀྱིའང་ཡིན་གྱིས། ཚོང་པ་ཡུལ་གཞན་དུ་དོང་བའི་བར་ཆད་གསུམ་པོ་རྒྱན་པོ་དང༌། འཇུད་མཐུན་མ་དང༌། ཆང་གི་གནས་གསུམ་ལས་ལྡོག་ཅིང༌། ཕན་པ་ལ་སྦྱར་བར་བྱའོ། །མཛེས་དགའ་ལའང༌། (༨༡ན)འདི་དག་གི་ཚིག་དད་པས་ཉོན་ཅིག །ཡབ། བཀའ་བཞིན་འཚལ་ཞེས་དགེ་མཚན་དང༌། བཀྲ་ཤིས་དང༌། བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ་ཟོང་མང་པོ་བླངས་ནས་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་ཡུལ་གཞན་དུ་འཕགས་སོ། །
དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་པ་དང༌། དེ་སྨད་འཚོང་མ་བཟང་མོས་ཐོས་ཏེ། བདག་གིས་དེའི་ཟོང་ཐམས་ཅད་མ་ཕྲོགས་ན་བཟང་མོ་ཞེས་བྱ་བའི་མིང་མི་གཟུང་ངོ་སྙམས་ནས། དེས་བུ་མོ་མངག་གཞུག་མ་ལ། དེད་དཔོན་མཛེས་དགའ་འབྱོར་པ་རྒྱ་ཆེན་པོ་དང་ལྡན་པས་ཟོང་ཁྱེར་ཏེ་འོངས་ནས་མཛོད་ཆེ་གེ་མོ་ན་འདུག་གིས། དྲི་དང་ཕྲེང་བའི་རྒྱུ་ཐོགས་ཏེ། དེའི་དྲུང་དུ་སོང་ལ། ཇོ་མོ་བཟང་མོ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ཞིང༌། རྗེའི་སྲས་ཀྱིས་ཅིའི་སླད་དུ་རང་གི་ཕོ་བྲང་སྤངས་ཏེ། མི་ཕལ་པ་བཞིན་དུ་མཛོད་ན་བཞུགས། འདི་ནི་ཁྱོད་ཀྱི་ཕོ་བྲང་ལགས་ཀྱིས་ཚུར་སྤྱོན་ཅིག་ཅེས་ཀྱང་མཆིའོ་གྱིས་ཤིག །དེས་དེ་བཞིན་དུ་བྱས་པ་དང༌། མཛེས་དགས་སྨྲས་པ། བུ་མོ་སོང་ཞིག །ཁོ་བོ་དྲི་དང་ཕྲེང་བའི་རྒྱུ་འདི་བཏགས་ཏེ་འོང་ངོ༌། །དེ་ནས་བུ་མོ་དེས་བཟང་མོ་ལ་བསྙད་དོ། །བཟང་མོས་དེ་ཐོས་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཁྱིམ་བྱི་དོར་བྱེད་དུ་བཅུག་ནས་མེ་ཏོག་སྣ་ཚོགས་བཀྲམ། བདུག་སྤོས་དྲི་ཞིམ་པོས་བདུགས་ཏེ། བླ་རེ་བྲེས་པ་དང་བཅས་པའི་མལ་བཤམས་ནས། མཛེས་དགའི་ཕྱིར་སྡོད་དོ། །མཛེས་དགའ་ཡང་དྲི་དང་རྒྱན་གྱིས་བཀླུབས་ཏེ་བཞོན་པ་ལ་ཞོན་ནས། ཁྱེའུ་མངག་གཞུག་པས་ཡོངས་སུ་བསྐོར་ཏེ། ལང་ཚོའི་གཟུགས་མཆོག་ཏུ་སྡུག་པས་མཛེས་ཤིང༌། བཟང་མོའི་གནས་སུ་སོང་བ་དང༌། བཟང་མོས་མཐོང་ནས། བྲན་མོ་ལ། འདི་མཛེས་དགའ་ཡིན་ནམ། ལགས་སོ། །
དེ་དགའ་ནས་སྨྲས་པ། རིགས་སྐྱེས་རིགས་མིན་སྐྱེས་པའམ། །ནོར་ཉམས་ནོར་གྱིས་འབྱོར་བའང་རུང༌། །གཟུགས་ཀྱིས་ཕྱུག་པ་མཐོང་བས་ནི། །བུད་མེད་རྣམས་ཀྱི་ཡིད་འཕྲོག་བྱེད། །མཛེས་དགའ་བཟང་མོའི་ཁྱིམ་དུ་ཞུགས་པ་དང༌། དེས་མྱུར་བར་ཁང་ཐོག་ནས་བབས་ཏེ། བསུ་ནས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ་ཁྱིམ་དུ་ཁྲིད་ནས་བུད་མེད་ཀྱི་ཁྲི་ལ་བཞག་སྟེ། རྗེའི་སྲས་ཀྱི་མཚན་ཅི། མཛེས་དགའ་འོ། །ཨེ་མ་ཁྱོད་ཀྱི་མཚན་ནི་གཟུགས་དང་འདྲ་ལ། གཟུགས་ཀྱང་མཚན་དང་འདྲ་སྟེ། གལ་ཏེ་ཡབ་ཡུམ་གྱིས་ཁྱོད་ཀྱི་མཚན་མཛེས་དགའ་ཞེས་གསོལ་བར་འགྱུར་རོ། །དེས་སྨྲས་པ། ཁྱོད་ཀྱི་མཚན་ཅི། བཟང་མོའོ། །ཨེ་མ་ཁྱོད་ཀྱི་མཚན་ནི་གཟུགས་དང་འདྲ་དང༌། གཟུགས་ཀྱང་མཚན་དང་འདྲ་སྟེ། གལ་ཏེ་ཡབ་ཡུམ་གྱིས་ཁྱོད་ཀྱི་མཚན་བཟང་མོ་ཞེས་མ་གསོལ་ན། དེང་བདག་གིས་ཁྱོད་ཀྱི་མཚན་(༨༡བ)བཟང་མོ་ཞེས་གསོལ་བར་འགྱུར་རོ། །
མཛེས་དགས་སྨྲས་པ། དགུང་གཅིག་གི་གླ་ཇི་ཅི་ཙམ། ཀརྵ་པ་ཎ་ལྔ་བརྒྱའོ། །ནུབ་རེ་བཞིན་ཀརྵ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་དོ། །འདོད་པ་དག་ནི་བསྟེན་པ་ན་ངོམས་པ་མེད་པས། དེ་ཉི་མ་མང་པོ་འདས་ཀྱང་ངོམས་པར་མ་གྱུར་ཏོ། །ཚོང་པ་དག་གིས་སྨྲས་པ། མཛེས་དགའ་མི་སྣང་ན། དེ་བདག་ཅག་ལ་གྲོགས་པོས་གཏད་པས་བཙལ་བར་བྱའོ། །དེའི་གཡོག་ལ། དེད་དཔོན་གར་བཞུད། མཉན་ཡོད་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་སྨན་འཚོང་མའི་ཁྱིམ་དུ་ཞུགས་ནས་འདུག་ན་ཁྱེད་ཅག་གིས་ད་དྲན་ནམ། ཡུ་བུ་ཅག་གིས་མཛེས་དགའ་ཡལ་བར་བོར་བ་ནི་མ་ལེགས་ཏེ་འདིའི་ཕས་ཀླན་ཀར་འགྱུར་རོ། །ཚོང་པ་དག་གིས་མཛེས་དགའ་ལ་བང་ཆེན་བཏང་ནས་མཛེས་དགས་འབྱུང་བར་བརྩམས་པ་དང༌། བཟང་མོས་གོས་ནས་བཟུང་སྟེ། ཁྱོད་གཟུགས་བཟང་བ་དང་ལང་ཚོ་བབ་པ་ལགས་ན། གཞོན་པའི་སྐབས་སུ་རྩེ་བ་དང་དགའ་མགུར་སྤྱོད་ལ་བགྲེས་པའི་སྐབས་སུ་ནོར་སྒྲུབས་མཛོད། མཛེས་དགས་བང་ཆེན་དེ་ལ། ཁྱོད་སོང་ཞིག་དང་འོང་ངོ༌། །དེ་སོང་ནས་ཚོང་པ་རྣམས་ལ་སྨྲས་པ། དེད་དཔོན་གྱི་ཞལ་ནས། སོང་ཞིག་དང་འོང་ངོ་ཞེས་གསུངས་སོ། །དེ་དག་འདུས་ནས་སྡོད་པ་ན་མཛེས་དགའ་ཐོགས་ནས། དེ་དག་གིས་འཇུད་མཐུན་མའི་ཁྱིམ་དུ་སོང་སྟེ་སྒོར་བསྡད་ནས། ཚོང་པ་རྣམས་སྒོ་ན་སྡོད་ཅིང་དེད་དཔོན་བལྟ་བར་འཚལ་ལོ་ཞེས་བྱས་པ་ན་མཛེས་དགའ་འབྱུང་བར་བརྩམས་པ་དང༌། ཡང་བཟང་མོས་གོས་ཀྱི་མཐའ་ནས་བཟུང་སྟེ། རྗེའི་སྲས། ཚོང་པ་དེ་དག་ཀྱང་བདག་དང་ལྷན་ཅིག་དགའ་མགུར་སྤྱོད་འཚལ་ཏེ་དེ་ག་ལ་རུང་བཞུགས་ཤིག །མཛེས་དགའ་མ་འོངས་པ་དང༌། ཚོང་པ་དག་གིས་སྨྲས་པ། དེ་བྱ་བ་མ་ཡིན་པ་ལ་ཞུགས་ཀྱིས་འདོང་ངོ་ཞེས་ཟོང་བསྒྱུར་ཏེ་སོང་ངོ༌། །དེ་ནས་ཀརྵ་པ་ཎ་ཟད་པ་ན། དེ་དེ་དང་ཉི་མ་གཉིས་གསུམ་དགའ་མགུར་སྤྱད་ནས། བདག་ལ་ཞིང་དང་ལས་ཀྱི་མཐའ་བགྱིད་པ་དང༌། ཟོང་མནོས་ཏེ་ཡུལ་གཞན་དུ་མཆི་བ་དག་ཀྱང་མ་མཆིས་ཏེ། ཁྱོད་ལྟ་བུའི་དྲུང་ནས་གང་ཐོབ་པ་དེས་བདག་འཚོ་བས་ཡང་ན་ཀརྵ་པ་ཎ་སྩོལ་ཅིག །ཡང་ན་སྐྱེས་པ་གཞན་གྱི་སྐབས་ཕྱེ་ཞིག །བཟང་མོ། ཁྱོད་ལ་སྡུག་པ་འགའ་ཡང་མེད་དམ། རྗེའི་སྲས། ཁྱོད་ཀྱིས། ཚོགས་ཅན་རྣམས་ལ་སྡུག་བསྔལ་མེད། །དེ་དག་རང་བཞིན་རིང་མི་གནས། །བྱ་རྣམས་འབྲས་མེད་ལྗོན་པ་བཞིན། །དེ་དག་རྙིང་པ་རྣམ་པར་སྤོང༌། །ཞེས་བྱ་བ་མ་གསན་ནམ། བཟང་མོ། ཁྱོད་ལ་ནོར་སྦྱིན་གྱི་བར་དུ་སྐྱེས་པའི་དབང་དུ་འགྱུར་རམ། ཇི་སྲིད་བརྒྱ་བྱིན་ཆར་འབེབས་པ། །དེ་སྲིད་རི་ཀླུངས་ཆུ་འབེབས་ལྟར། །ཇི་སྲིད་ནོར་ནི་སྦྱིན་བྱེད་པ། །དེ་སྲིད་འཇུད་མཐུན་སྐྱེས་བུ་དབང༌། །(༨༢ན)ཞེས་བྱ་བ་མ་གསན་ནམ། བཟང་མོ། ཁྱོད་སུ་ལའང་ཡིད་མི་འབེབས་སམ། རྗེའི་སྲས། ཁྱོད་ཀྱིས། འཇུད་མཐུན་དགོང་ཀར་རང་ལུས་བཞིན། །གཅུགས་དང་གཏམ་གྱིས་དགའ་བར་བྱེད། །དེ་ནས་ནམ་ཕྱེད་དབུས་གནས་ཤིང༌། །ནམ་ལངས་ཕན་ཆད་རྩྭ་བཞིན་སྤོང༌། །ཞེས་བྱ་བ་མ་གསན་ནམ། །བཟང་མོ། ཁྱོད་ནོར་དང་བཅས་པའི་མི་དག་ལ་སྤྱོད་དམ། རྗེའི་སྲས། ཁྱོད་ཀྱིས། ནོར་དང་བཅས་པའི་མི་དག་དང༌། །ནོར་མ་བཅས་པ་རྣམས་ལ་ཡང༌། །སར་བའི་རྩྭ་ལ་བ་ལང་བཞིན། །བདག་ཅག་རྣམས་ཀྱིས་སྤྱད་པར་བྱ། །ཞེས་བྱ་བ་མ་གསན་ནམ། དེ་འབྱུང་བར་བརྩམས་པ་དང༌། བཟང་མོས་བསམས་པ། འདི་གཟུགས་བཟང་བ་ཡིན་པས་གཞན་ཀརྵ་པ་ཎ་ཐོགས་ཏེ་མི་འོང་བ་དེ་སྲིད་དུ་འདི་དང་ལྷན་ཅིག་རྩེ་བར་བྱའོ་སྙམ་ནས། བདག་གིས་བཞད་གད་བགྱིས་པ་ལགས་ཀྱིས་མ་བཞུད་ཅིག །དེ་འདུག་པ་དང༌། སྐྱེས་པ་གཞན་ཞིག་ཀརྵ་པ་ཎ་ལྔ་བརྒྱ་ཐོགས་ཏེ་འོངས་པ་དང༌། བཟང་མོས་མཛེས་དགའ་ཉིད་ཀྱི་མདུན་དུ་ཡོལ་བས་བཅད་དེ་དེ་དང་དགའ་མགུར་སྤྱད་པས། མཛེས་དགས་དེ་རིག་ནས་སོང་ངོ༌། །དེ་ལམ་ལ་མི་མཁས་པས་གང་དུ་འགྲོ་མ་ཤེས་པར་དགེ་སློང་ཞིག་བསོད་སྙོམས་བརྒྱུས་ནས་ཕྱིར་བྱུང་བ་དེའི་ཕྱི་བཞིན་དུ་སོང་ནས། དགེ་སློང་དེ་ཟས་ཀྱི་བྱ་བ་བྱེད་པའི་མདུན་ན་འགྲེང་ངོ༌། །དེས་དེ་ལ། ད་ལྷུང་བཟེད་ཀྱི་ལྷག་མ་འཚལ་ལམ། འཚལ་ལོ། །དེས་བྱིན་ནས་ཟོས་སོ། །ཁྱོད་ག་ལས་འོངས། བདག་ཡུལ་སྲུང་བྱེད་ཀྱི་གྲོང་ཁྱེར་འཕགས་རྒྱལ་ན་དེད་དཔོན་དགའ་བོའི་བུ་མཛེས་དགའ་ལགས་ཏེ། ཟོང་མང་པོ་འཚལ་ཏེ་མཆིས་པ་ལས་འཇུད་མཐུན་མས་གནོད་པ་བགྱིས་སོ། །ཅིའི་ཕྱིར་རབ་ཏུ་མི་འབྱུང༌། མཛེས་དགས། བདག་འཕགས་རྒྱལ་དུ་སོང་ན་མཆིལ་མ་ས་ལ་མི་ལྟུང་བར་བདག་ཁོ་ནའི་སྟེང་དུ་འབབ་བོ་སྙམ་ནས། བདག་རབ་ཏུ་འབྱུང་ངོ༌། །
དེས་དེ་རབ་ཏུ་ཕྱུང༌། བསྙེན་པར་རྫོགས་པར་བྱས་ཏེ། ཉི་མ་གཉིས་གསུམ་དུ་ཀུན་ཏུ་སྤྱོད་པའི་ཆོས་བསླབས་ནས། བཞིན་བཟང༌། རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱི། མཉན་ཡོད་རྒྱ་ཆེ་ལ་རང་དང་ཡབ་ཀྱི་ཡུལ་ཡིན་གྱིས། བསོད་སྙོམས་ཀྱིས་འཚོ་བར་གྱིས་ཤིག །དེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །བཟང་མོའང་འགྱོད་དེ། བདག་གིས་ཀརྵ་པ་ཎ་འདོད་པས། མཛེས་དགའ་མཛེས་ཤིང་ལང་ཚོ་དར་ལ་བབ་པ་དེ་བསྐྲད་པ་མ་ལེགས་སོ་སྙམ་ནས། བྲན་མོ་ལ། དེ་མཐོང་ན་ཡང་འཇུག་ཏུ་ཆུག་ཅིག །མཛེས་དགའ་སྤྱོད་ཡུལ་ལ་མི་མཁས་པས་འཇུད་མཐུན་མའི་ཁྱིམ་དེ་ཉིད་དུ་ཕྱིན་པ་དང༌། བྲན་མོ་དེས་མཐོང་ནས་བཟང་མོ་ལ་སྦྲན་པས། འཇུག་ཏུ་ཆུག་ཅིག །དེ་རབ་ཏུ་བྱུང་ངོ༌། །རབ་ཏུ་བྱུང་(༨༢བ)ཡང་འཇུག་ཏུ་ཆུག་ཅིག །དེ་ནང་དུ་ཞུགས་པ་དང༌། བཟང་མོས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་ངན་བུ་སྤངས་ནས་རབ་ཏུ་བྱུང༌། སྐལ་ཆད་མ། ཁྱོད་ཁོ་བོའི་མདུན་དུ་སྐྱེས་པ་གཞན་དང་ལྷན་ཅིག་དགའ་མགུར་སྤྱོད་ན་ཁོ་བོ་ཇི་ལྟར་རབ་ཏུ་མི་འབྱུང༌། རྗེའི་སྲས། བུད་མེད་ནི་རྟག་ཏུ་ནོངས་པ་མཆིས་པས་བཟོད་པ་མཛོད་ཅིག །བདག་གི་རྫས་ཀྱང་ཁྱོད་ཀྱི་ལགས་ཀྱིས་ཚུར་སྤྱོན་དགའ་མགུར་སྤྱོད་ཅིག །ཁྱོད་ཀྱིས་ཁོ་བོ་སྔར་ནོར་དང་དོན་མཐུན་ལས་ཉམས་པར་བྱས་ན། ད་ཚུལ་ཁྲིམས་ལས་ཀྱང་ཉམས་པར་བྱེད་དམ། སླད་རོལ་ཏུ་དྲུད་ཅིང་ནད་དུ་ཕོ་ལ། ནང་དུ་དྲུང་ཅིང་སླད་རོལ་ཏུ་ཕོ་ཞིག །འདིས་ཚུལ་ཁྲིམས་འཆལ་བ་ཅི་མཆིས། མཛེས་དགའ། དགེ་སློང་གནས་བརྟན་ཡིན་ནོ་ཅོག་འདིར་བསོད་སྙོམས་ལ་འཇུག་པ་དེ་དག་ཀྱང་ངེས་པར་འདི་ལྟར་བྱེད་པས་འདི་སྐད་ཟེར་རོ་སྙམ་ནས་དེ་ལྟར་བྱས་སོ། །
དེ་ནས་བཟང་མོས་བཅའ་བ་དང་བཟའ་གཙང་མ་བསོད་པས་ལྷུང་བཟེད་བཀང་ནས། འཕགས་པ་ཡང་བཞེད་ན་སྤྱོད་ཅིག་དེ་བསོད་སྙོམས་བླངས་ནས་སོང་ངོ༌། །དེར་སྟོན་པ་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་འགྲོལ་བའི་ཆོས་སྟོན་པ་ན། དེ་འགྱོད། རྣམ་པར་འགྱོད། རབ་ཏུ་འགྱོད་ཅིང་ཅང་མི་སྨྲ་བར་གྱུར། ཡུལ་ཡུལ་པོར་གྱུར། ཕྲག་པ་ཀློད། གདོང་སྨད། སྤོབས་པ་མེད། སེམས་ཁོང་དུ་ཆུད་ཅིང་འདམ་བུ་སྔོན་པོར་བརྔས་པ་བརྙིངས་པ་ལྟར་འདུག་གོ །དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱོད་ལ་ལུས་ཀྱི་གནོད་པའམ། སེམས་ཀྱི་གདུང་བ་མེད་དམ། དེ་ངོ་ཚ་བས། ཅི་ཡང་མེད་དོ་ཞེས་ཟེར་རོ། །སྨན་པ་ལ། བཞིན་བཟང༌། གཞོན་ནུ་འདིའི་ནད་ཅི་ཡིན་ལྟོས་ཤིག །དེས་བརྟགས་པ་དང༌། དབང་པོ་གསལ་བ་མཐོང་ནས། འདི་ལ་ལུས་ཀྱི་ནད་མ་མཆིས་ཀྱི་སེམས་ཀྱི་གདུང་བ་ནི་ངེས་པར་མཆིས་སོ། །འདིའི་སེམས་ཀྱི་གདུང་བ་ཇི་ལྟ་བུ། བདག་ཅག་སྨན་པ་དག་ནི་ལུས་གསོ་བར་བྱེད་པ་ལགས་ཀྱི་སེམས་གསོ་བ་མ་ལགས་སོ། །འཕགས་པ་དག་སེམས་གསོ་བ་ལགས་པས་འཕགས་པ་དག་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །དགེ་སློང་རྣམས་ཀྱིས་མཛེས་དགའ་ལ་སྨྲས་པ། འདི་ན་ཁྱོད་ཀྱི་ཕའང་མེད། མའང་མེད། རྩ་ལག་གཞན་ཡང་མེད་དེ། ཚངས་པ་མཚུངས་པར་སྤྱོད་པ་ངེད་ཅག་ཁོ་ནར་ཟད་པས། ངེད་ཀྱིས་རིམ་གྲོ་བྱ་ཡིས་ཇི་ལྟར་གྱུར་པ་སྨྲོས་ཤིག །དེས་སྐབས་དེ་རྒྱས་པར་བརྗོད་པ་དེ་གསོལ་བ་དང༌། དེས་ཀྱང་མི་གཏི་མུག་ཅན་དེ་ཕམ་པར་གྱུར་ཏོ། །སྔར་ཟག་བྱེད་ཀྱི་ཕྱི་རོལ་ཏུ་དྲུད་ཅིང་ནང་དུ་འབོ་བ་དང༌། ནང་དུ་དྲུད་ཅིང་ཕྱི་རོལ་ཏུ་འབོ་ན་ཕམ་པར་འགྱུར་རོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་པ་དང༌། ཆུང་མ་དེ་རང་གི་ལས་ཀྱིས་ཤིའོ། །(༨༣ན)དེ་བཞིན་དུ་བདུན་གྱི་བར་དུ་བླངས་པ་དང་དེའང་ཤིའོ། །ཁྱིམ་བདག་དེ་ཡང་སྐུར་བ་བཏབ་པའི་ལས་ཀྱིས་ཆུང་མ་གསོད་པ་ཞེས་གྲགས་སོ། །དེས་ཡང་བུ་མོ་བསླངས་པ་དང༌། ངེད་ཀྱིས་ཅིའི་ཕྱིར་བུ་མོ་ཡོངས་སུ་གཏང༌། མི་སྦྱིན་ནོ། །ཡུགས་ས་མོ་དག་བསླངས་པ་དང༌། དེ་དག་ཀྱང༌། ཁོ་མོ་ཅག་གིས་ཅིའི་ཕྱིར་བདག་ཡོངས་སུ་གཏང༌། ཁྱོད་ཀྱི་ཁྱིམ་དུ་མི་འཇུག་གོ་ཟེར་རོ། །དེ་ཡི་ཆད་ནས་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་བྱེད་པ་ན། དེའི་ཆུང་པོ་གྲོགས་ཤིག་འོངས་ནས། ཅིའི་ཕྱིར་རང་ཉིད་ཀྱིས་ཁྱིམ་གྱི་སོ་ཚིས་བྱེད། ཆུང་མ་བདུན་གྱི་བར་དུ་བླངས་པས་ཤིའོ། །གཞན་དག་ཅིའི་ཕྱིར་མི་སློང༌། མི་སྟེར་རོ། །ཧ་ཅང་མི་རིང་བ་ན། ཚོགས་ཅན་མ་རྒན་མོ་ཞིག་འདུག་ནས་གྲོགས་པོ་དེས་སྨྲས་པ། ཚོགས་ཅན་མ་རྒན་མོ་དེ་བོས་ཤིག །ཅི། ཁོ་བོས་འཇུད་མཐུན་མའི་ཁྱིམ་བྱའམ། དེས་སྡིག་པ་ཅན་གྱི་ཆོས་དེ་སྤངས་ཀྱིས་བོས་ཤིག་ཅེས་ནན་གྱིས་སྨྲས་པ་དང༌། དེ་ཚོགས་ཅན་མ་རྒན་མོ་དེའི་གན་དུ་སོང་ནས། བདེ་ལེགས་ཞེས་སྨྲས་པ་དང༌། རྒན་མོས་སྨྲས་པ། ཅི་བཞེད། ཁྱོད་འདོད་ན། ཁྱོད་སུའི། བདག་ལ་ཟས་གོས་སྦྱིན་པ་དེའི་འོ། །ཁྱིམ་བདག་གིས་སྨྲས་པ། ཁྱོད་སྔོན་གྱི་ཉོན་མོངས་པ་མི་སྤྱོད་དམ། རྒན་མོས་སྨྲས་པ། ཅི། བདག་གིས་སྐྱེས་པ་མི་མཐོང་ངམ། བདག་སྡིག་པ་ཅན་གྱི་ཆོས་དེ་ལས་ནི་ལོག་གོ །ཚུར་སྤྱོན་ཁྱོད་ཀྱི་ཟས་གོས་སྦྱིན་གྱིས་ཁྱོད་ཀྱིས་ཁྱིམ་གྱི་སོ་ཚིས་མཛོད་ཅིག །དེས་དེའི་ཁྱིམ་གྱི་སོ་ཚིས་བྱས་ནས་ཟས་གོས་བཟང་པོས་ཡུན་མི་རིང་བར་ཤ་ཁྲག་དང་པགས་པ་བརྟས་ནས་བུ་མོ་མང་པོ་རྒྱལ་བྱེད་ཚལ་ལྟར་སོང་བའི་ཕྱི་བཞིན་དུ་སོང་ངོ༌། །བུ་མོ་དེ་དག་གཙུག་ལག་ཁང་དུ་ཞུགས་པ་ན། དེ་ན་དགེ་སློང་ཞིག་གནས་ཁང་སྒོ་མ་བཅད་པར་གཉིད་ལོག་པའི་གོས་འཐོར་ཞིང་ཡན་ལག་གི་རྣམ་པ་ལས་སུ་རུང་བ་དེ་དག་གིས་མཐོང་ནས་རྒོད་ཅིང་ཕྱིར་བྱུང་ངོ༌། །རྒན་མོས་བུ་མོ་དེ་དག་མཐོང་ནས། ཁྱེད་ཅི་རྒོད། བསྟི་གནས་སུ་རྒོད་པ་དེ་སོ་སྟོར་མོ་འགྱུར་རོ་ཞེས་མ་ཐོས་སམ། དེ་དག་ཅང་མི་སྨྲ་བར་སོང་ངོ༌། །དེས་རྟོག་ཅིང་ནང་དུ་ཞུགས་པ་དང༌། དགེ་སློང་དེ་ལྟར་གྱུར་པ་མཐོང་ནས། དེ་ལ་འདོད་པ་སྐྱེས་ཏེ་དེས་དགེ་སློང་དེའི་སྟེང་དུ་བགྲད་ནས་བརྩལ་བ་དང༌། དགེ་སློང་དེ་གཉིད་སྟུག་པོས་ནོན་པས་མ་སད་སོ། །རྒན་མོས་བདག་ཅག་གིས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤེས་ན་རབ་ཏུ་བྱུང་བ་འདིས་ནི་སྒྱུ་རྩལ་དྲུག་ཅུ་རྩ་ལྔ་ཤེས་ཏེ། རེག་པ་ནི་བདག་གིར་བྱེད་ལ་ཚིག་ནི་མི་སྟེར་རོ་སྙམ་ནས། དེ་ཀུན་ནས་དཀྲིས་པ་དང་བྲལ་བའི་ཚེ་དགེ་སློང་དེ་སད་ནས། བདག་གི་ཁྱིམ་ག་གེ་མོ་ན་མཆིས་ཀྱིས་ཡང་བཞེད་ན་སྤྱོན་ཅིག །སྐལ་ཆད་མ། བསྟི་གནས་སུན་པ་བྱེད་པ་དེ་ཡང་བདག་གིར་མི་(༨༣བ)བྱེད་ན་ཁྱིམ་དུ་འོང་རེ་སྐན། དགེ་སློང་དེ་བདག་ལ་ཕམ་པ་མ་བྱུང་ངམ་སྙམ་ནས་གསོལ་བ་དང༌། རེག་པ་བདག་གིར་མ་བྱས་སམ། མ་བགྱིས་ཏེ། གཉིད་སྟུག་པོས་ནོན་པས་བདག་གིར་ག་ལ་མཆིས། དེ་ལ་ལྟུང་བ་མེད་མོད། འོན་ཀྱང་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །
མཉན་ཡོད་ན་དགེ་སློང་དགོན་པ་བ་བསམ་གཏན་བཞི་པ་ཐོབ་པ་ཞིག་འདུག་པ་དེ་ཡང་ཡང་སྟོན་པ་དང་གནས་བརྟན་རྣམས་ལ་ཕྱག་འཚལ་བའི་ཕྱིར་འགྲོ་བས་གསར་བུ་དག་གིས་ངོ་ཤེས་སོ། །རེ་ཞིག་ན་གཡན་པའི་ནད་བྱུང་ནས་དེ་ལ་གསར་བུ་དག་གིས་སྨྲས་པ། ཅིའི་ཕྱིར་སྨན་པ་ལ་མི་སྟོན། སྐྱེ་བོ་མང་པོ་མི་འདོད་པའི་འཆི་བ་འོང་བར་ཟད་མོད། བྱ་བ་བྱར་ཅི་ཡོད། གནས་བརྟན། ཚུལ་ཁྲིམས་དང་ལྡན་པ་ཡུན་རིང་པོར་འཚོ་བ་དེ་སྲིད་དུ་བསོད་ནམས་མང་པོ་འཕེལ་བས་དཔྱད་མཛོད་ཅིག །དེས་སྨན་པའི་གན་དུ་སོང་ནས། སྨན་སྟོན་ཅིག །འཕགས་པ། བཤོས་བསོད་པ་གསོལ་ལ་ཡུངས་མར་གྱིས་བསྐུས་ནས་ཉི་མ་ལ་བཞུགས་དང་སོས་པར་འགྱུར་རོ། །བཞིན་བཟང༌། ཡུངས་མར་སྩོལ་ཅིག །བདག་ཅག་སྨན་པ་དག་ནི་སྨན་སྟོན་པ་ལགས་ཀྱིས། འབུལ་བ་ནི་མ་ལགས་སོ། །འོན་ཀྱང་ཁྱིམ་བདག་ཆེ་གེ་མོ་ལ་གཡན་པའི་ནད་བྱུང་ནས། བདག་གིས་ནད་དེ་ཞི་བར་འགྱུར་བའི་ཡུངས་མར་སྐོལ་གྱིས་དེ་ལ་སློངས་ཤིག །མི་སྟེར་རོ། །བཞུད་དང་དེ་དད་པ་ཅན་ལགས་པས་འབུལ་ལོ། །ཨ་རོག་ཁྱ་དོན་གྱིས་ན་ཁྱོད་ཉིད་ཀྱིས་བྱིན་ནོ་ཞེས་སྨྲས་ནས་དེའི་ཁྱིམ་དུ་སོང་བ་དང༌། ཁྱིམ་བདག་དེས་མཐོང་ནས། ཁྱོད་ལ་གཡན་པའི་ནད་བྱུང་ངམ། དེ་བཞིན་ནོ། །ཡུངས་མར་གྱིས་བསྐུས་ནས་ཉི་མ་ལ་བཞུགས་དང༌། སོས་པར་འགྱུར་རོ། །ཁོ་བོ་དེའི་དོན་ཁོ་ནར་འོངས་ཀྱིས་དེ་བྱིན་ཅིག །ཁྱོད་ལ་བསོད་ནམས་སུ་འགྱུར་རོ། །བདག་ལས་བསོད་སྙོམས་གསོལ་ན་དབུལ་ལོ། །བཟའ་འོ། །དེས་དེ་ཟས་བསོད་པས་ཚིམ་པར་བྱས་ནས། ཡུངས་མར་གྱིས་ལྷུང་བཟེད་ཆུང་ངུ་བཀང་སྟེ་བྱིན་ནོ། །ཨ་རོག་ཁྱ་ཞེས་བརྗོད་དེ། དགོན་པར་སོང་ནས་ཡུངས་མར་གྱིས་ལུས་བསྐུས་ཏེ་ཉི་མ་ལ་འདུག་པ་དང༌། དེ་ལ་བདེ་བའི་འདུ་ཤེས་སྐྱེས་ནས་གཉིད་ལོག་པ་དང་དེའི་ཡན་ལག་གི་རྣམ་པ་ལ་སྲོག་ཆགས་ཨུ་ཙ་ཏིང་གས་ཟིན་ནས་ལས་སུ་རུང༌། གོས་ཀྱང་འཐོར་བ་དང༌། ལྕི་ཐུན་མ་ཆེན་མོ་ཞིག་གིས་མཐོང་ནས་དེས་དགེ་སློང་དེའི་སྟེང་ནས་བརྩལ་བ་དང༌། དགེ་སློང་དེ་སད་ཀྱང་ཉམ་ཆུང་བས་ཕྱིར་བཟློག་མ་ནུས་སོ། །
དེ་ཀུན་ནས་དཀྲིས་པ་དེ་དང་བྲལ་བའི་ཚེ། བདག་གི་ཁྱིམ་ག་གེ་མོ་ན་མཆིས་ཀྱིས་ཡང་བཞེད་ན་སྤྱོན་ཅིག །སྐལ་ཆད་མ། བསྟི་གནས་སུན་པར་བྱེད་པ་དེ་ཡང་བདག་གིས་མི་བྱེད་ན། ཁྱོད་ཀྱི་ཁྱིམ་དུ་འོང་རེ་སྐན། དེ་བདག་ལ་ཕམ་པ་མ་བྱུང་ངམ་སྙམ་ནས་གསོལ་བ་(༨༤ན)དང༌། རེག་པ་བདག་གིར་མ་བྱས་སམ། བདག་དང་པོ་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བས་རེག་པ་བདག་གིར་ག་ལ་བགྱིད། དེ་ལ་ལྟུང་བ་མེད་ཀྱི། འོན་ཀྱང་དགོན་པ་བས་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། འདི་འདོད་པ་ལས་འདོད་ཆགས་དང་བྲལ་ན་ཅིའི་ཕྱིར་ཡན་ལག་གི་རྣམ་པ་ལས་སུ་རུང༌། འདོད་ཆགས་དང་མ་བྲལ་བའི་ཡན་ལག་གི་རྣམ་པ་ནི་རྒྱུ་ལྔས་ལས་སུ་རུང་སྟེ། བཤང་བ་དང༌། གཅི་བ་དང༌། རླུང་གིས་ནོན་པ་དང༌། སྲོག་ཆགས་ཨུ་ཙ་ཏིང་གས་ཟིན་པ་དང༌། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའོ། །འདོད་ཆགས་དང་བྲལ་བའི་ཐ་མ་མ་གཏོགས་པ་བཞིའོ། །འདིའི་ཡན་ལག་གི་རྣམ་པ་ནི་སྲོག་ཆགས་ཨུ་ཙ་ཏིང་གས་ཟིན་པས་ལས་སུ་རུང་བའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། བཟང་བྱིན་གྱིས་དགེ་འདུན་སྐྱོན་མ་མཆིས་ཤིང་ཆུ་བུར་མ་མཆིས་པ་ལ་དང་པོར་མི་ཚངས་པ་སྤྱོད་པས་ཆུ་བུར་ཕྱུང་བ་ལ་གཟིགས། ད་ལྟར་དུ་མ་ཟད། སྔར་འཇིག་རྟེན་སྐྱོན་མེད་པ་ལ་འདིས་དང་པོར་མི་ཚངས་པ་སྤྱོད་པས་ཆུ་བུར་ཕྱུང་བ་དེ་ཉོན་ཅིག །འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་དུ་སྐྱེའོ། །འཇིག་རྟེན་འཆགས་པའི་ཚེ་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་འཆགས་པར་བྱེད་ལ། དེ་ནི་སའི་བཅུད་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པ། མདོག་མར་གསར་པ་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུས་ཁྱབ་པར་འགྱུར་རོ། །
དེའི་ཚེ་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་ཚེ་དང་བསོད་ནམས་ཟད་པ་ཤི་འཕོས་ཏེ། འདི་ཉིད་དུ་མི་རྣམས་དང་སྐལ་བ་མཐུན་པར་སྐྱེ་ཞིང་གཟུགས་ཅན་ཡིད་ལས་བྱུང་བ། དབང་པོ་ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་བའི་ཟས་དང་ལྡན་པ། ཚེ་ལོ་དཔག་ཏུ་མེད་པར་ཐུབ་པའོ། །དེའི་ཚེ་འཇིག་རྟེན་དུ་ཉི་ཟླ་དང་རྒྱུ་སྐར་དང་ཉིན་མཚན་དང༌། དུས་ཚིགས་ལ་སོགས་པ་མེད་དོ། །སྐྱེས་པ་དང༌། བུད་མེད་ཀྱང་མེད་དེ་སེམས་ཅན་ཞེས་ཟེར་རོ། །
དེ་ནས་རོ་ལ་བརྐམ་པ་ཞིག་གིས་སོར་མོའི་རྩེ་མོས་སའི་བཅུད་མྱངས་པས་ཇི་ལྟར་མྱངས་པ་བཞིན་དུ་འདོད་པར་བྱེད་དེ། དེ་ནི་ཁམ་ཟས་ཟ་བའི་དང་པོའོ། །གཞན་དག་གིས་ཀྱང་ཟོས་པས་ལུས་ལ་སྲ་བ་དང་ལྕི་བ་བྱུང་ཞིང་ཁ་དོག་གསལ་བ་མེད་ལ་མུན་པ་བྱུང་ངོ༌། །ཆོས་ཉིད་ཀྱིས་མུན་པ་བྱུང་བ་ན་ཉི་ཟླ་དང་རྒྱུ་སྐར་དང༌། ཉིན་མཚན་ལ་སོགས་པའང་འབྱུང་ངོ༌། །དེ་དག་གི་ནང་ནས་ཟས་ཆུང་ངུ་ཟོས་པས་ཁ་དོག་བཟང༌། ཆེར་ཟོས་པ་རྣམས་ཁ་དོག་ངན་པར་གྱུར་པ་ན། ང་ནི་ཁ་དོག་(༨༤བ)བཟང་ལ་ཁྱོད་ཁ་དོག་ངན་ནོ་ཞེས་ཁྱད་དུ་བསད་པས་སའི་བཅུད་མེད་པར་གྱུར་པ་ན། སེམས་ཅན་དེ་དག་འདུས་ནས། ཀྱེ་མ་སའི་བཅུད་ཅེས་མྱ་ངན་བྱེད་དེ། །དེའི་དོན་འདིའོ་ཞེས་མི་ཤེས་སོ། །དེའི་འོག་ཏུ་སའི་ཞག་ཕུན་སུམ་ཚོགས་པ། ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་སྟེ། དེ་དག་དེ་ཟ་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་ཆུང་ངུ་ཟོས་པ་ཁ་དོག་བཟང༌། ཆེར་ཟོས་པ་ཁ་དོག་ངན་པར་གྱུར་པས། ང་ནི་ཁ་དོག་བཟང༌། ཁྱོད་ནི་ཁ་དོག་ངན་ནོ་ཞེས་ཁྱད་དུ་བསད་པས། ས་ཞག་དེའང་མེད་ནས། དེ་དག་འདུས་ཤིང༌། ཀྱེ་མའོ་ཞེས་མྱ་ངན་བྱེད་དེ། སྨྲས་པའི་དོན་ནི་མི་ཤེས་སོ། །དེའི་འོག་ཏུ་མྱུ་གུའི་ཚལ་ཕུན་སུམ་ཚོགས་པ། ཁ་དོག་ཀ་དམ་བུ་ཀའི་མེ་ཏོག་ལྟ་བུ། རོ་སྦྲང་རྩི་མ་བསྐོལ་བ་ལྟ་བུ་བྱུང་ནས་དེ་དག་དེ་ཟ་ཞིང་ཡུན་རིང་དུ་གནས་སོ། །
དེ་དག་ལས་ཆུང་ངུ་ཟོས་པ་ཁ་དོག་བཟང༌། ཆེར་ཟོས་པ་ཁ་དོག་ངན་པར་གྱུར་པ་ན། ང་ནི་ཁ་དོག་བཟང༌། ཁྱོད་ནི་ཁ་དོག་ངན་ནོ་ཞེས་ཁྱད་དུ་བསད་པས་མྱུ་གུའི་ཚལ་དེའང་མེད་ནས། དེ་དག་འདུས་ཤིང་མྱ་ངན་བྱེད་ལ། ཕར་སོང་ཟེར་ཡང་དོན་ནི་མི་ཤེས་སོ། །དེའི་འོག་ཏུ་མ་རྨོས་མ་བཏབ་པའི་འབྲས་ས་ལུ་སོ་བ་དང་སྦུན་པ་མེད་པ། སོར་བཞི་པ། ནུབ་བརྔས་ན་ནངས་སྐྱེ། ནངས་བརྔས་ན་ནུབ་སྐྱེ་བ་ཞིག་བྱུང་ནས་དེ་དག་དེ་ཟ་ཞིང་ཡུན་རིང་པོར་གནས་སོ། །འབྲས་ས་ལུ་དེ་ཟོས་པས་ཕོ་མོའི་དབང་པོ་ཐ་དད་པ་བྱུང་སྟེ། གཅིག་ལ་གཅིག་མིག་ལྟ་བ་དང༌། དེ་ལས་ཆགས། དྲལ། ལོག་པར་ཞུགས་པ་དང༌། གཞན་དག་གིས་མཐོང་ནས་ས་དང་བོང་བ་ལ་སོགས་པ་འཐོར་ཞིང༌། ཀྱེ་མ། སེམས་ཅན་ངན་པ་བྱ་བ་མ་ཡིན་པ་བྱེད་དོ་ཞེས་ཟེར་ཏེ། དེང་སང་བག་མ་ལེན་པ་ན་ཕྱེ་མ་ལ་སོགས་པས་འཐོར་བ་བཞིན་ནོ། །སྔོན་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པར་གྲགས་པ་དེ་ནི་དེང་སང་ཆོས་དང་འདུལ་བར་གྲགས། སྔོན་སྨད་པ་དེ་ནི་ད་ལྟ་བསྟོད་པ་ཡིན་ནོ། །དེ་ཉི་མ་གཅིག་ནས་བདུན་ཙམ་སྤོང་བར་བྱེད་ཅིང༌། སླར་ཡང་བྱེད་འདོད་ནས་ཁྱིམ་བརྩིགས་ཏེ། བདག་ཅག་གིས་འདིར་བྱ་བ་མ་ཡིན་པ་བྱའོ་ཟེར་བས་ཁྱིམ་གྱི་མིང་བྱུང་ངོ༌། །འདི་ནི་ཁྱིམ་འབུབས་པའི་དང་པོ་ཡིན་ནོ། །དེའི་ཚེ་དང་པོར་མི་ཚངས་པར་སྤྱོད་པ་དེ་ནི་བཟང་སྦྱིན་ཡིན་ཏེ། འདིས་དེའི་ཚེའང་འཇིག་རྟེན་སྐྱོན་མེད་པ་ལ་དང་པོར་མི་ཚངས་པར་སྤྱོད་པས་ཆུ་བུར་ཕྱུང་ལ། ད་ལྟར་ཡང་དགེ་འདུན་སྐྱོན་མེད་པ་ལ་མི་ཚངས་པར་སྤྱོད་པས་ཆུ་བུར་ཕྱུང་ངོ༌། །དེ་བས་ན་དུག་གསུམ་སྤང་བའི་ཕྱིར་འབད་པར་བྱའོ། །ལས་དང་པོ་དང༌། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་ཉེན་པ་ལ་ནི་ལྟུང་བ་མེད་དོ། །ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ནི། མཉན་ཡོད་ན་ཁྱིམ་བདག་ཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་(༨༥ན)ནས་དགའ་མགུར་སྤྱད་པ་ལས་ཆུང་མ་ལ་སེམས་ཅན་ཞུགས་ནས་དེ་ཉིད་ཀྱི་ཉིན་མོ་ནས་མདངས་བཟང་བར་གྱུར་ཏོ། །ཟླ་བ་བརྒྱད་དམ་དགུ་འདས་པ་ན་བུ་མོ་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ་ཞིག་བཙས་སོ། །དེ་བཙས་པའི་ཚེ་དེའི་ཁྱིམ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་ནས་མཉན་ཡོད་ཀུན་ཏུ་གྲགས་པ་དང༌། སྲོག་ཆགས་སྟོང་ཕྲག་མང་པོ་ངོ་མཚར་དུ་གྱུར་ནས་དེའི་ཁྱིམ་དུ་འདུས་སོ། །བྲམ་ཟེ་ལྟས་མཁན་ཡུལ་གཞན་ནས་འོངས་པ་ཞིག་གིས་དེ་ལ་བལྟས་ནས། བུ་མོ་འདི་ཅིས་ཀྱང་སྐྱེས་བུ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །
ཞག་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པ་ན། འདི་བཙས་པའི་ཚེ་ཁྱིམ་ཉི་མའི་འོད་བཞིན་དུ་སྣང་བར་གྱུར་པས་འོད་བཟང་མ་ཞེས་མིང་བཏགས་ནས་མ་མ་བརྒྱད་ལ་གཏད་དེ་བསྐྱེད་བསྲིངས། ཆེན་མོར་གྱུར་པའི་ཚེ་གཟུགས་དང་ལང་ཚོ་མཛེས་པ་དང༌། གཡེར་བ་དང༌། སྒྱུ་རྩལ་གྱི་ཡོན་ཏན་དང་ལྡན་པས་ན་ནགས་ཚལ་མེ་ཏོག་རྒྱས་པའི་ནང་ན་ནགས་ཚལ་གྱི་ལྷ་བཞིན་དུ་ཁྱིམ་དེ་ན་མཛེས་སོ། །དེའི་གཟུགས་དང་ལང་ཚོས་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བའི་དྲང་སྲོང་དག་ཀྱང་སེམས་འཕྲོག་ན་ཐོག་མ་མེད་པ་ནས་ཉོན་མོངས་པ་བསགས་པའི་མི་རྣམས་ལྟ་ཅི་སྨོས། རྒྱལ་པོ་གསལ་རྒྱལ་ལ་སོགས་པས་བསླང་བར་བསམས་ཀྱང་སྐྱེས་བུ་ལྔ་བརྒྱ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མཚན་མཁན་གྱིས་ལུང་བསྟན་པས་འཇིག་རྟེན་གྱིས་དཔྱས་དོགས་ནས་སུས་ཀྱང་མ་བསླངས་སོ། །
དེ་ཡང་དེའི་ཁྱིམ་གྱི་སྐར་ཁུང་དང་ཁང་ཐོག་ཏུ་འདུག་ནས། བདག་སུ་སློང་སྙམ་ནས་སྐྱེས་པ་དག་ལ་ལྟའོ། །ཁྱིམ་བདག་དེས་དེའི་སྤྱོད་པ་མཐོང་ནས་གཞན་ལ་སྦྱིན་པར་བརྩམས་ཀྱང་འགའ་ཡང་ལེན་དུ་མ་བཏུབ་པས་ཡིད་མི་བདེ་བར་གྱུར་ཏོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་ལན་བདུན་གྱི་བར་དུ་བླངས་ཀྱང་རང་གི་ལས་ཀྱིས་ཤི་བ་ན། དེ་དག་གིས་ཀྱང་ཚེ་ཐུང་བའི་ལས་བྱས་ལ་དེས་ཀྱང་དཔྱ་བའི་ལས་བྱས་པས་དེའི་མིང་ཆུང་མ་གསོད་པ་ཞེས་ཆགས་སོ། །དེས་གཞན་བསླངས་པ་དང༌། ངེད་ཀྱི་བུ་མོ་ཅི་སྟེ་བསད་ཅེས་ཟེར། ཡུགས་མོ་བསླངས་པས། ངེད་ཀྱི་ལུས་ཅིའི་ཕྱིར་འདོར་ཟེར་ནས་མ་སྟེར་བ་དང་། ཆུང་མ་མེད་ཀྱང་བླ་ཞེས་རེ་ཐག་བཅད་ནས་ཀུན་ཏུ་རྒྱུ་རྣམས་དང་ལྷན་ཅིག་བསྟེན་པར་བརྩམས་སོ། །དེའི་ཕ་སངས་རྒྱས་པའི་དགེ་བསྙེན་ཡིན་པས། དེས་བསམས་པ། བདག་གི་ཕ་སངས་རྒྱས་པའི་དགེ་བསྙེན་ཡིན་ན་བདག་ལ་ཀུན་ཏུ་རྒྱུས་ཅི་བྱ། སྟོན་པའི་ཉན་ཐོས་རྣམས་ལ་བསྙེན་བཀུར་བྱས་ཏེ། དེ་ཉིད་དུ་རབ་ཏུ་འབྱུང་ངོ་སྙམ་ནས་ཡང་དང་ཡང་དུ་རྒྱལ་བྱེད་ཚལ་དུ་འགྲོ་བ་ན་མཛའ་བོ་ཞིག་གིས་(༨༥བ)མཐོང་ནས། གྲོགས་པོ། ཁྱོད་ཡང་ཡང་རྒྱལ་བྱེད་ཚལ་དུ་འགྲོ་ན་རབ་ཏུ་མི་འབྱུང་གྲང༌། བདག་རབ་ཏུ་བྱུང་ཟིན་ན་རབ་ཏུ་འབྱུང་ཅི་དགོས། བདག་གིས་ཆུང་མ་ལན་བདུན་གྱིས་བར་དུ་བླངས་ཀྱང་རང་གི་ལས་ཀྱིས་ཤི་སྟེ། དེ་དག་གིས་ཀྱང་ཚེ་ཐུང་བའི་ལས་བྱས། ཁོ་བོས་ཀྱང་དཔྱ་བར་འགྱུར་བའི་ལས་བྱས་པས་ཁོ་བོའི་མིང་ཆུང་མ་གསོད་པ་ཞེས་ཆགས་ནས་ཡི་ཆད་དོ། །དགེ་སློང་རྣམས་ལ་བསྙེན་བཀུར་བྱ་བ་ནི་བདག་གི་ཕའི་ལུགས་ཡིན་པས། འདི་མི་བྱ་ན་གཞན་སུ་ལ་བསྙེན་བཀུར་བྱ། དེས་སྨྲས་པ། དེ་ཡང་བདེན་མོད། ངེས་པར་བུ་མ་བསྐྱེད་ན་རབས་འཆད་པས་ཅི་སྟེ་གཞན་གྱི་བུ་མོ་མི་སློང༌། མི་སྟེར་རོ། །འོད་བཟང་མ་སློངས་ཤིག །མི་སྟེར་མོད། སློངས་དང་དེའི་ཕ་ཡང་དེས་སྐྱོ་ཞིང་འདུག་པས་སྟེར་རོ། །བསླངས་པས་བྱིན་ནས། ཁྱིམ་གྱི་བདག་མོར་བཅུག་སྟེ་སྨྲས་པ། ཁོ་བོའི་ཕའི་ལུགས་ཀྱིས་སྟོན་པ་དང་དགེ་སློང་རྣམས་སྦྱིན་གནས་ཡིན་པས་ཁྱོད་ཀྱིས་ཀྱང་དེ་དག་ལ་བྱ་བ་བྱོས་ཤིག །དེ་བཞིན་དུ་བགྱིའོ། །དེའི་ཁྱིམ་དུ་དགེ་སློང་རྣམས་ཉིན་རེ་ཞིང་ཟན་ཟ་བ་ལ་འོད་བཟང་མས་ལག་བདར་ཏེ་འབྲིམ་པ་ན་དགེ་སློང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་མཐོང་ནས་རྣམ་རྟོགས་སྐྱེས་པར་གྱུར་ཏོ། །ཁྱིམ་བདག་དེ་དོན་ཞིག་ལ་འགྲོ་བ་ན་བདག་དེར་འགྲོ་ཡིས་ཡོན་གནས་དག་སྔར་བཞིན་བཤོས་གསོལ་ཅིག །དགེ་སློང་རྣམས་ལའང་དེ་བཞིན་དུ་སྨྲས་ནས་སོང་ངོ༌། །དགེ་སློང་དག་དེའི་ཁྱིམ་དུ་ཟན་ཟ་བ་ན། འོད་བཟང་མས་ཁྱོ་མེད་དོ་སྙམ་ནས། བུད་མེད་ཀྱི་གཡོ་སྒྱུ་དང༌། ཚུལ་འཆོས་བསྟན་པས་ཕྱི་ཉིན་ནས་དེའི་ཁྱིམ་དུ་མ་འོངས་སོ། །
ཁྱིམ་བདག་དེ་སླར་འོངས་ནས། ཡོན་གནས་དག་བཤོས་གསོལ་ལམ་ཞེས་དྲིས་པས། ཉིན་གཅིག་བྱོན་ནས་དེ་ཕན་ཆད་མ་བྱོན་ནོ། །འདིས་དེ་དག་གི་མདུན་དུ་བུད་མེད་ཀྱི་གཡོ་བསྟན་པས་འཛེམ་ནས་མ་འོངས་སོ་སྙམ་སྟེ། དེས་དེ་དག་སྤྱན་དྲངས་པ་དང༌། ཁྱིམ་བདག །བདག་ཅག་བསོད་སྙོམས་པ་ཡིན་པས་བསོད་སྙོམས་ལ་རྒྱུའོ། །འཕགས་པ། བདག་གིས་འཚལ་གྱིས་གཤེགས་དང་ཉེས་དམིགས་མི་མཆིའོ། །དེ་དག་གིས་ཁས་བླངས་ནས། ཕྱི་དེ་ཉིན་དེའི་ཁྱིམ་དུ་འོངས་པ་དང༌། ཁྱིམ་བདག་དེས་འོད་བཟང་མ་ཁྱིམ་དུ་བཅུག །སྒོ་བཅད་དེ། དེ་དག་ལ་རང་གིས་ལག་བདར་ཏེ་འབྲིམ་པ་ན། འོད་བཟང་མ་ཁྱིམ་ན་འདུག་བཞིན་དུ་འཕགས་པ་ཆེ་གེ་མོའི་རྐང་པ་དང༌། བྱིན་པ་དང༌། བརླ་ནི་འདི་འདྲའོ་སྙམ་དུ་རྟོག་པ་ནས་བཅུ་པའི་འདོད་ཆགས་ཀྱི་མེ་རྣམ་རྟོག་གི་རླུང་བདོ་བས་སྦར་ནས་དེ་ཉིད་དུ་ཤིའོ། །དགེ་སློང་ཟན་ཟོས་ནས་སོང་བ་དང༌། ཁྱིམ་བདག་གིས་སྒོ་ཕྱེ་ནས། འོད་བཟང་མ། ཚུར་ཤོག་ཟན་ཟོ་ཞེས་སྨྲས་ན་དེ་ཤི་བས་སུ་ཞིག་ལན་འདེབས། དེ་ནང་དུ་ཞུགས་པ་དང་ས་ལ་འགྱེལ་བ་མཐོང་ནས་འདི་གཉིད་ལོག་གིས་བསླང་ངོ་སྙམ་ནས་དེ་(༨༦ན)བསྒུལ་བས་ཤི་བར་མཐོང་ནས། གོས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོས་ཁྱོགས་བརྒྱན་ཏེ་བཀུར་སྟི་ཆེན་པོས་དུར་ཁྲོད་དུ་ཁྱེར་བ་དང༌། མི་རྒོད་ལྔ་བརྒྱ་ཙམ་ཞིག་དུར་ཁྲོད་དེ་དང་ཧ་ཅང་མ་རིང་བར་འོངས་པ་མི་ཞིག་གིས་མཐོང་ནས་འོད་བཟང་མ་སྐྱེལ་བ་ལ་དུར་ཁྲོད་དུ་སོང་བ་རྣམས་མི་རྒོད་དེ་དག་གིས་བཅོམ་ན་མི་རུང་ངོ་སྙམ་ནས་མགྱོགས་པར་སོང་སྟེ་སྦྲན་པ་དང༌། དེ་དག་གིས་ཀྱང༌། སང་རིམ་གྲོ་བྱའོ་ཞེས་སྲུང་མ་བཞག་སྟེ་འོད་བཟང་མ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བོར་ཏེ་མྱུར་བར་གྲོང་ཁྱེར་དུ་ཞུགས་སོ། །མི་རྒོད་དེ་དག་གིས་ཕྱོགས་དེར་ཕྱིན་པ་དང་སྲུང་མ་རྣམས་བྲོས་སོ། །མི་རྒོད་དེ་དག་གིས་དེ་རབ་ཏུ་བརྒྱན་པ་མཐོང་ནས་གོས་བཤུས་ཏེ་བལྟས་པ་དང༌། དེའི་གཟུགས་གཞོན་ལ་མཛེས་པ་མཐོང་བས་རབ་ཏུ་ཆགས་ནས་དེ་དག་གིས་དེ་ལ་དགའ་མགུར་སྤྱད་དེ་ཀརྵ་པ་ཎ་ལྔ་བརྒྱ་བཞག་པ་དང༌། འོད་བཟང་མའི་རོ་ལའང་སྐྱེས་བུ་ལྔ་བརྒྱས་ཀརྵ་པ་ཎ་བྱིན་ནས་དགའ་མགུར་སྤྱད་དོ་ཞེས་གྲགས་སོ། །
དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་པ། འོད་བཟང་མས་ལས་ཅི་བགྱིས་པས་བཙས་མ་ཐག་ཏུ་ཁྱིམ་ཐམས་ཅད་འོད་ཀྱིས་སྣང་བ་དང༌། ཤི་ནས་ཀྱང་མི་རྒོད་ལྔ་བརྒྱས་ཀརྵ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་ལགས། སྔོན་སངས་རྒྱས་ཝཱ་ར་ཎཱ་སཱི་ན་བཞུགས་སོ། །དེའི་དུས་ན་རྒྱལ་པོ་ཀྲྀ་ཀྲྀས་རྒྱལ་སྲིད་ཆོས་བཞིན་དུ་བྱེད་དུ་བཅུག་གོ །སངས་རྒྱས་འོད་སྲུངས་མྱ་ངན་ལས་འདས་པ་ན་རྒྱལ་པོ་ཀྲྀ་ཀྲྀ་ཀི་འཁོར་དང་བཅས་པས་དེའི་སྐུ་གདུང་ལ་བཀུར་སྟི་ཆེན་པོས་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞིའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་པ་དཔངས་སུ་དཔག་ཚད་ཕྱེད་པ་ཞིག་བརྩིགས་སོ། །དེ་ན་ཚོང་དཔོན་གྱི་བུ་མོ་དད་པ་སྐྱེས་ནས་སྲོག་ཤིང་ལ་མེ་ལོང་ཞིག་བཏགས་སོ། །དེའི་དུས་ཀྱི་ཚོང་དཔོན་གྱི་བུ་མོ་དེ་ནི་འོད་བཟང་མ་འདི་ཡིན་ཏེ། སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་ལ་མེ་ལོང་བཏགས་པས་སྐྱེས་མ་ཐག་ཏུ་ཁྱིམ་ཐམས་ཅད་འོད་ཀྱིས་སྣང་བར་གྱུར་པ་ཡིན་ནོ། །ཤི་ནས་སྐྱེས་བུ་ལྔ་བརྒྱས་ཀརྵ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་པ་དེ་ཡང་ཉོན་ཅིག །སྔོན་ཝཱ་ར་ཎཱ་སཱི་ན་རྒྱལ་པ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་ཆོས་བཞིན་བྱེད་དུ་བཅུག་གོ །དེའི་དུས་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ། སྐྱེས་པའི་ཡིད་དུ་འོང་བ། རྒྱལ་པོ་ཚངས་བྱིན་གྱི་ཞང་པོས་སྔོན་སྤྱད་པ་ཞིག་འདུག་གོ །རེ་ཞིག་ན་དགའ་འདུན་ལྔ་བརྒྱ་བཟའ་བ་དང་བཅའ་བ་མང་པོ་སྦྱར་ཏེ་སྐྱེད་མོས་ཚལ་དུ་སོང་ནས། བདག་ཅག་གིས་སྐྱེད་མོས་ཚལ་གྱི་ལོངས་སྤྱོད་ཐམས་ཅད་བཤམས་ན་བུད་མེད་མེད་ཀྱིས་སྨད་འཚོང་མ་འགའ་ཞིག་དགུག་གོ །སུ་དགུག །(༨༦བ)བཟང་མོའོ། །དེ་དག་བཟང་མོའི་གན་དུ་སོང་ནས། བཟང་མོ། ཚུར་ཤོག །སྐྱེད་མོས་ཚལ་དུ་འདོང་ངོ༌། །གལ་ཏེ་ཀརྵ་པ་ཎ་སྟོང་སྦྱིན་ན་འགྲོའོ། །དེ་དག་གིས་སྨྲས་པ། ཀརྵ་པ་ཎ་ལྔ་བརྒྱ་དང་པོར་ཁྱེར་ཅིག །ལྔ་བརྒྱ་ནི་དགའ་མགུར་སྤྱད་ནས་སྦྱིན་ནོ། །ལེགས་སོ་དེ་བཞིན་དུ་བྱིན་ཅིག །དེ་དག་གིས་ཀརྵ་པ་ཎ་ལྔ་བརྒྱ་བྱིན་ནས་སོང་ངོ༌། །དེ་འགྱོད་དེ། བདག་དགའ་འདུན་པ་ལྔ་བརྒྱ་དང་ལྷན་ཅིག་སྤྱད་ན་ཅི་འདྲ་བར་འགྱུར། བདག་གིས་ཀརྵ་པ་ཎ་ལྔ་བརྒྱའང་བླངས་ན་ད་ཇི་ལྟར་བྱ་སྙམ་པ་ལས། བདག་རྒྱལ་པོའི་ཞང་པོས་སྤྱད་པས་དེ་ལ་སྐྱབས་འཚལ་ལོ་སྙམ་ནས་བྲན་མོ་དེའི་གན་དུ་མངགས་པ་དང༌། དེས་དེ་དག་ལས་དེ་ཕྲོགས་སོ། །རང་སངས་རྒྱས་ཤིག་སྐྱེད་མོས་ཚལ་དེར་ཕྱིན་པ་དང༌། དགའ་འདུན་པ་དེ་དག་གིས་དེ་ལ་གཙང་ཞིང་བསོད་པའི་བསོད་སྙོམས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །བདག་ཉིད་ཆེན་པོ་དེས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོ་འཕྲུལ་བསྟན་པ་དང༌། སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་ཡིད་དད་པར་འགྱུར་བས་ཤིང་རྩ་བ་ནས་བཅད་པ་བཞིན་དུ་ཞབས་ལ་གཏུགས་ནས། དགེ་བ་འདིས་གཟུགས་ཀྱིས་འཚོ་བ་ལ་ཐ་ན་ཤིའང་ཀརྵ་པ་ཎ་བྱིན་ནས་དགའ་མགུར་སྤྱོད་པར་ཤིག་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་གཟུགས་ཀྱིས་འཚོ་བ་བཟང་མོ་དེ་ནི་འོད་བཟང་མ་ཡིན་ནོ། །དགའ་འདུན་པ་ལྔ་བརྒྱ་པོ་དེ་དག་ནི་མི་རྒོད་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པས་ཚེ་རབས་ལྔ་བརྒྱར་ཀརྵ་པ་ཎ་ལྔ་བརྒྱ་བྱིན་ནས་དགའ་མགུར་སྤྱད་དོ། །དགེ་སློང་དག །འོད་བཟང་མ་དགེ་སློང་མཐོང་ནས་རྟོག་པ་སྐྱེས་ཏེ་སྲོག་དང་བྲལ་བར་གྱུར་གྱིས། དེ་བས་ན་གང་དུ་བུད་མེད་ཀྱིས་བརྔོད་པ་དེར་འགྲོ་བར་མི་བྱའོ། །
རྒྱལ་པོའི་ཁབ་ན་དགེ་སློང་སྤོང་བ་པ་ཞིག་ཡང་ཡང་དགོན་པའི་གནས་སུ་སོང་ནས་བསམ་གཏན་བྱེད་པ་ལས། དེ་ལ་བདུད་ཀྱི་རིས་ཀྱི་ལྷ་མོ་ཞིག་གིས་ཚུལ་མ་ཡིན་པ་སྤྱད་པ་བསྒུགས་པ་ལས་དེ་མ་བཏུབ་པ་དང༌། དེས། ཁྱོད་མི་བཏུབ་ན་གནོད་པ་བྱའོ། །སྲིང་མོ། ང་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་པས་ཁྱོད་ཀྱིས་གནོད་པ་བྱར་ཅི་ཡོད། དེས། འཇལ། ཞེས་དེ་ལ་གླགས་འཚོལ་ཞིང་འདུག་གོ །དེས་རེ་ཞིག་ན་སྣམ་སྦྱར་པུས་མཁྱུད་ལྟར་མདུད་པ་བོར་ནས་གཉིད་ལོག་པ་དང༌། ལྷ་མོ་དེས་བླངས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཁང་བཟང་གི་སྟེང་ན་གཉིད་ལོག་པའི་སྟེང་དུ་བོར་བས་དེ་གཉིད་སད་ནས། ཁྱོད་སུ་ཡིན། ཤཱཀྱའི་དགེ་སྦྱོང་ངོ༌། །ཁྱོད་འདིར་ཇི་ལྟར་འོངས། ཇི་ལྟར་གྱུར་པ་སྨྲས་པ་དང༌། ཁྱོད་ཅིའི་ཕྱིར་དེ་ལྟ་བུར་གནས། བདག་བཅོམ་ལྡན་འདས་ལ་དད་པར་མ་གྱུར་ན་ཁྱོད་སྲོག་དང་ཕྲལ་བར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་གསོལ་བ་དང༌། དགེ་སློང་དག །(༨༧ན)རྒྱལ་པོ་གཟུགས་ཅན་སྙིང་པོ་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་བས་ན་གང་དུ་མི་མ་ཡིན་པས་གནོད་པའི་ཕྱིར་རྩོལ་བ་དེར་གནས་པར་མི་བྱའོ། །སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་བཞུགས་སོ། །སྟོན་པའི་གཅུང་པོ་དགའ་བོ་ཞེས་བྱ་བ་ལུས་གསེར་གྱི་མདོག་འདྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་དང་ལྡན་པ། སྟོན་པ་ལས་སོར་བཞིས་ཐུང་བ་ཞིག་ཡོད་པ་དེ། དེའི་ཆུང་མ་མཛེས་མ་ཞེས་བྱ་བ། གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། སྐྱེས་པའི་ཡིད་དུ་འོང་བ་ཞིག་ཡོད་པ་ལ་ལྷག་པར་ཆགས་སོ། །སྟོན་པས་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཀུན་དགའ་བོ་དང་སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ། །སྟོན་པ་དགའ་བོའི་སྒོར་བཞུགས་ཏེ་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བཏང་ནས་དེས་ཁྱིམ་དེ་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་ཏོ། །དེས་བསམས་པ། ངེས་པར་སྟོན་པ་གཤེགས་སོ་སྙམ་ནས། མི་ཞིག་ལ། ཁྱོད་སོང་ལ་སྒོ་ན་སུ་ཡོད་ལྟོས་ཤིག །དེ་ཕྱིར་བྱུང་བ་དང༌། སྟོན་པ་མཐོང་ནས་རིངས་པར་ནང་དུ་སོང་སྟེ། དེས་སྨྲས་པ། ཇོ་བོ། སྟོན་པ་གཤེགས་ཏེ་སྒོ་ན་བཞུགས་སོ། །དེ་གུས་པ་དང་བཅས་པས་འགྲོ་བར་བརྩམས་པ་དང༌། མཛེས་མས་བསམས་པ། འདི་སྟོན་པའི་སྤྱན་སྔར་སོང་ན་ངེས་པར་སྟོན་པས་རབ་ཏུ་དབྱུང་ངོ་སྙམ་སྟེ། གོས་ཀྱི་མཐའ་ནས་བཟུང་སྟེ། རྗེའི་སྲས། བཞུགས་ཤིག །ཐོང་ཞིག །སྟོན་པའི་ཞབས་ལ་ཕྱག་བཙལ་ནས་སླར་འོང་ངོ༌། །དེས་དེ་ལ་མཚན་མ་བཏབ་ནས། ཁྱོད་འདི་བསྐམས་ཏེ་གཤེགས་ནས་བདག་ཀརྵ་པ་ཎ་ལྔ་བརྒྱ་དབང་ངོ༌། །དེ་བཞིན་དུ་བྱ་ཡི་ཐོང་ཞིག །དེ་སོང་ནས་སྟོན་པའི་ཞབས་ལ་ཕྱག་བཙལ་ཏེ། སྟོན་པ་ལས་ལྷུང་བཟེད་བླངས་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་བྱུང་བ་དང༌། སྟོན་པས་མ་བཞེས་པར་གཤེགས་ཤིང༌། ཀུན་དགའ་བོ་ལའང༌། མ་ལེན་ཅིག་པའི་བརྡ་མཛད་དོ། །སྟོན་པ་ནི་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཡིན་པས། སྟོན་པ་ལ། བཞེས་ཤིག་ཅེས་སྨྲ་མ་ནུས་སོ། །ཀུན་དགའ་བོ་ལ་ཕུལ་བ་དང༌། གང་ལས་བླངས་པ་དེ་ཉིད་ལ་ཕུལ་ཅིག །དེ་སྤོབས་པ་མེད་པར་གྱུར་ནས། ལྷུང་བཟེད་ཁྱེར་ཏེ་སྟོན་པ་གཙུག་ལག་ཁང་དུ་གཤེགས་ཏེ་བཞུགས་པ་ལ་ལྷུང་བཟེད་ཕུལ་ལོ། །སྟོན་པས་ཞལ་ཟས་ཀྱི་མཛད་པ་མཛད་ནས་དགའ་བོ་ལ་ལྷུང་བཟེད་ཀྱིས་ལྷག་མ་སྩལ་ཏེ་དེས་ཟོས་སོ། །དགའ་བོ། ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང༌། སྟོན་པས་ཡབ་ཡུམ་དང༌། མཁན་སློབ་དང༌། བླ་མའི་གནས་དག་གི་ཆོས་ལྡན་གྱི་ཚིག་འགའ་ཡང་མ་བཅག་པས། བདག་རབ་ཏུ་འབྱུང་ངོ༌། །ཀུན་དགའ་བོ་སོང་ལ་དགའ་(༨༧བ)བོའི་སྐྲ་དང་ཁ་སྤུ་བྲེགས་ཤིག །ཀུན་དགའ་བོས་འདྲེག་མཁན་གཉེར་ཏེ། འདྲེག་པར་བརྩམས་པ་དང༌། དགའ་བོས་འདྲེག་མཁན་ལ། ང་རིང་པོར་མི་ཐོགས་པར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བས། ཁྱོད་ཀྱིས་ངའི་སྐྲ་དང་ཁ་སྤུ་བྲེགས་ན་ངས་ཁྱོད་ཀྱི་ལག་པ་མཁྲིག་མ་མན་ཆད་གཅད་དོ་ཞེས་བསྡིགས་པས་དེ་སྐྲག་སྟེ་འདུག་པ་དང༌། ཀུན་དགའ་བོས་གསོལ་ཏོ། །
དེ་ནས་སྟོན་པ་དགའ་བོ་ག་ལ་བ་དེར་གཤེགས་ནས། དགའ་བོ། ཁྱོད་རབ་ཏུ་མི་འབྱུང་ངམ། བདག་རབ་ཏུ་འབྱུང་ངོ༌། །དེ་ནས་སྟོན་པས་མགོར་ཆུ་བླུགས་ཤིང༌། འདྲེག་མཁན་གྱིས་སྐྲ་དང་ཁ་སྤུ་བྲེགས་དང༌། དེས་བསམས་པ། རེ་ཞིག་སྟོན་པ་ལ་གུས་པར་བྱ་བའི་ཕྱིར་རབ་ཏུ་བྱུང་ལ། ནམ་སྲོས་ནས་འགྲོའོ་སྙམ་སྟེ་ནམ་སྲོས་ནས་སོང་བ་དང༌། སྟོན་པས་གཡང་ས་ཞིག་སྤྲུལ་ཏོ། །དགའ་བོས་བསམས་པ། མཛེས་མ་དང་ཐག་རིང་ཞིང༌། བདག་གཞན་དུ་འཆི་བར་འགྱུར་གྱིས། ནམ་ལངས་ཏེ་འགྲོའོ་སྙམ་ནས། དེ་བཟང་མོ་ལ་རྟོག་ཅིང་སྡུག་བསྔལ་བས་མཚན་མོ་འདས་སོ། །སྟོན་པས་དེའི་སེམས་མཁྱེན་ནས། ཀུན་དགའ་བོ་ཁྱོད་སོང་ལ། དགའ་བོ་ལ། ཁང་སྐྱོང་བྱོས་ཅིག་ཅེས་སྒོས་ཤིག །ཀུན་དགའ་བོས་དེ་ལ་བསྒོ་བ་དང༌། དེས་སྨྲས་པ། ཁང་སྐྱོང་ཞིང་བྱ་བ་ཅི་ལགས། དེར་ཇི་ལྟ་བུ་བགྱི། གཙུག་ལང་ཁང་ཕྱག་བདར་བྱ། བ་ལང་གི་ལྕི་བ་སར་བས་ཀྱང་སྐྱང་ནུལ་བྱ། གཙུག་ལག་ཁང་སྲུང་བ་དང༌། དགེ་འདུན་ལ་དྲི་དང༌། མེ་ཏོག་དང༌། བདུག་སྤོས་ལ་སོགས་པས་བྲིམ་པར་བྱ། མཚན་མོ་སྒོ་གཅད་ཅིང་ནངས་པར་དབྱེ་བར་བྱ། བཤང་བ་དང་གཅི་བའི་གནས་སྦྱང་བར་བྱ། གཞན་ཡང་གཙུག་ལག་ཁང་དང་འབྲེལ་བའི་བྱ་བ་རྣམས་བྱའོ། །དེས་སྨྲས་པ། དེ་བཞིན་འཚལ་ལོ། །དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང༌། དགའ་བོ་གཙུག་ལག་ཁང་ཕྱགས་ལ་འགྲོའོ་སྙམ་ནས་ཕྱག་བདར་བྱས་པ་དང༌། སྟོན་པས། ཁྱམས་གཅིག་ཕྱགས་པའི་ཚེ་གཉིས་པ་ཕྱག་བདར་གྱིས་གང་བར་བྱིན་གྱིས་བརླབས་སོ། །ཕྱག་དར་བོར་ལ་འགྲོའོ་སྙམ་ནས་ཕྱག་དར་དབོ་བས་ཟད་པར་མ་གྱུར་ནས། སྒོ་བཅད་ལ་འགྲོའོ་སྙམ་ནས་སྒོ་བཅད་པ་དང༌། གནས་ཁང་གཅིག་གི་སྒོ་བཅད་པའི་ཚེ་གཞན་ཕྱེ་བར་གྱུར་པ་དང༌། བདག་རྒྱལ་པོར་གྱུར་ནས་འདི་བས་ཆེས་ལྷག་པའི་གཙུག་ལག་ཁང་བྱ་ཡི་འགྲོའོ་སྙམ་ནས་དེས་གསེབ་ལམ་ནས་ཕྱིན་པ་དང༌། སྟོན་པས་དེའི་སེམས་མཁྱེན་ནས་ལམ་དེ་ཉིད་དུ་གཤེགས་སོ། །
དེས་སྟོན་པ་ཐག་རིང་པོ་ནས་མཐོང་ནས་དེ་དང་ཧ་ཅང་མི་རིང་བ་ན་ཤིང་ཡལ་ག་སྟུག་པོ་ཐུར་དུ་འཕྱང་བ་ཞིག་ཡོད་པར་དེ་མྱུར་དུ་སོང་སྟེ་དེའི་འོག་ཏུ་གབ་པ་དང༌། སྟོན་པས་ཤིང་དེའི་(༨༨ན)ཡལ་ག་རྣམས་གྱེན་དུ་འཕགས་པར་བྱིན་གྱིས་བརླབས་ནས། དགའ་བོ། ཁྱོད་གར་འགྲོ་ཚུར་ཤོག །དེ་སྤོབས་པ་མེད་ཅིང་ངོ་ཚ་བའི་ཡིད་ཀྱིས་སྟོན་པའི་ཕྱི་བཞིན་སོང་ངོ༌། །སྟོན་པས་དགོངས་པ། འདི་ཤིན་ཏུ་བཟང་མོ་ལ་ཆགས་པ་དེ་དང་དབྲལ་བར་བྱའོ་སྙམ་དུ་མཁྱེན་ནས། སེར་སྐྱའི་གནས་ནས་མཉན་ཡོད་དུ་གཤེགས་པ་དང༌། རི་དྭགས་འཛིན་གྱི་མ་ས་གས་སྟོན་པའི་གཅུང་དགའ་བོ་ལུས་གསེར་གྱི་མདོག་འདྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ཅན་སྟོན་པ་བས་སོར་བཞིས་ཐུང་བ་དེ་སྟོན་པ་དང་ཐབས་གཅིག་ཏུ་འདིར་འོངས་སོ་ཞེས་ཐོས་ནས། དེ་བདག་གིས་ནམ་མཐོང་སྙམ་མོ། །དེ་ནས་རེ་ཞིག་ན་དགའ་བོ་བསོད་སྙོམས་ལ་ཞུགས་ནས་ཁད་ཀྱིས་རི་དྭགས་འཛིན་གྱི་མ་ས་གའི་ཁྱིམ་དུ་སོང་བ་དང༌། དེས། འདི་ནི་ངེས་པར་སྟོན་པའི་གཅུང་དགའ་བོ་ཡིན་ནོ་སྙམ་ནས་དད་པ་སྐྱེས་ཏེ་དེའི་རྐང་པ་ལ་གཏུགས་པའི་ཕྱག་བྱས་སོ། །དེས་དེའི་རྐང་པ་ལ་རེག་པ་དང༌། བུད་མེད་ཀྱི་རེག་པ་ནི་གདུག་པ་ཡིན་པས་དེ་འདོད་ཆགས་བདོ་བར་དེའི་ཁུ་བ་འཐོར་ནས་ས་གའི་མགོར་ལྷུང་བ་དང༌། སངས་རྒྱས་བཅོམ་ལྡན་འདས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས། དེ་ཏུ་རུ་ཀའི་འབྲུ་མར་དུ་བྱིན་གྱིས་བརླབས་སོ། །དེས་བསམས་པ། འདི་ན་ཏུ་རུ་ཀའི་འབྲུ་མར་ག་ལ་འབྱུང༌། ངེས་པར་དགའ་བོས་མི་གཙང་བ་ཤོར་བ། སྟོན་པས་འབྲུ་མར་དུ་བྱིན་གྱིས་བརླབས་སོ་སྙམ་ནས། ཀྱེ་མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ལེགས་པར་གསུངས་པ་ཉིད། འདི་ལྟར་དགའ་བོ་ལ་སོགས་པ་འདོད་ཆགས་ཆེས་ཆེ་བ་དག་ཀྱང་ཚངས་པར་སྤྱོད་དོ་ཞེས་ཆེད་དུ་བརྗོད་དོ། །
དེ་ནས་དགའ་བོ། བདག་ལ་དགེ་འདུན་ལྷག་མ་མ་བྱུང་ངམ་སྙམ་ནས་གསོལ་བ་དང༌། འདི་ལ་ལྟུང་བ་མེད་དེ། དེ་བས་ན་འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ། །ཇི་ལྟ་བུ་འཆང་བ་མ་ཤེས་ནས། རའམ་རི་དྭགས་སམ་བྱི་བའི་པགས་པ་ལས་སོ། །དེ་དག་གིས་དེ་བཞིན་དུ་བཞག་པས་དྲི་ང་བར་གྱུར་ནས། དྲི་མི་ང་བར་བྱ་བའི་ཕྱིར་བསྐ་བས་བཀྲུ་བ་དང་བསྐམ་པར་བྱའོ། །བཀྲུས་ནས་སྐེམ་པའི་བར་དུ་བུད་མེད་མཐོང་ནས་ཁུ་བ་འཐོར་བས་ཤམ་ཐབས་དབྲེ་བོར་གྱུར་ནས། གཉིས་བྱས་ལ་གཅིག་སྐེམ་པ་དེ་འདུས་ཀྱི་ཆེད་དུ་གཞན་གདགས་པར་བྱའོ། །ཁུ་བ་ལྷག་པར་མང་བས་དེ་གཤེར་ནས། ཧ་ཅང་མང་བར་ལྡང་བར་གྱུར་ན་ཕྲུ་བླུགས་པར་བྱའོ། །སོ་ཕག་གི་ཕུར་མ་བླུགས་པས་སྡུག་བསྔལ་བར་གྱུར་ནས། བྱེ་མའམ་སའི་ཕྲུ་བླུགས་པར་བྱའོ། །དེ་བཏགས་བཞིན་དུ་ཟས་ཟ། མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་ནས། ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་དབེན་(༨༨བ)པར་ཕོག་ལ་བཀྲུས་ཏེ་ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་བྱའོ། །སྟོན་པས་དགོངས་པ། དགའ་བོ་འདི་ད་དུང་བཟང་མོ་ལ་ཆགས་པས་འདི་ལ་ཐབས་ཤིག་བྱའོ་སྙམ་དུ་མཁྱེན་ནས། དགའ་བོ། ཁྱོད་ཀྱིས་རི་སྤོས་ཀྱི་ངད་ལྡང་མཐོང་ངམ། མ་མཐོང་ལགས་སོ། །
དེ་ལྟ་ན་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཐ་མ་ནས་ཟུང་ཞིག །དེས་དེ་བཟུང་བ་དང༌། སྟོན་པ་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་ནམ་མཁའ་ལ་འཕགས་ཏེ་རི་སྤོས་ངད་ལྡང་ལ་གཤེགས་པ་ན། ཤིང་ས་ཧཱ་ཀ་ར་ཞིག་དྲུང་ན་སྤྲ་མོ་ཞར་མ་ཞིག་འདུག་པ་དེས་སྟོན་པ་མཐོང་ནས་མི་གཡེང་བར་རྟོག་པར་བྱེད་དོ། །དགའ་བོ། ཁྱོད་ཀྱིས་སྤྲ་མོ་ཞར་མ་འདི་མཐོང་ངམ། མཐོང་ལགས་སོ། །འདི་དང་བཟང་མོ་གཉིས་གང་གཟུགས་བཟང༌། སྤྲ་མོ་འདིས་བཟང་མོའི་བརྒྱ་སྟོང་གི་ཆར་ཡང་མི་མཆིས་ཏེ། བཟང་མོ་ནི་ལྷའི་བུ་མོ་དང་འགྲན་པ་ལགས་སོ། །དགའ་བོ། དེ་ལྟ་ན་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཐ་མ་ནས་ཟུང་ཞིག །དེས་བཟུང་བ་དང༌། སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཁད་ཀྱིས་སུམ་ཅུ་རྩ་གསུམ་གྱི་དགའ་བའི་ཚལ་གྱི་སྐྱེད་མོས་ཚལ་དུ་བཞུགས་ནས། དགའ་བོ། ཁྱོད་སོང་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྟོས་ཤིག །དེས་སྐྱེད་མོས་ཚལ་རྣམས་བལྟས་པས་ན་གཅིག་པས་གཅིག་བཟང་བ་དག་ཏུ་གྱུར་པ་མཐོང་ནས་གྲོང་ཁྱེར