སེར་བྱེས་བྱམས་པ་ཡོན་ཏན་གྱི་གསུང་འབུམ།

སེར་བྱེས་བྱམས་པ་ཡོན་ཏན་གྱི་གསུང་འབུམ།

མཛད་པ་པོའི་ལོ་རྒྱུས་མདོར་བསྡུས།

 

གཞུང་འདི་མཛད་པ་པོ་སེར་བྱེས་བྱམས་པ་ཡོན་ཏན་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ ༡༦༧༡ ནས་ ༡༧༣༧ སྨད་ཙམ་ལ་འཁྲུངས་པ་དང༌། རྗེ་འདིས་ཞོགས་དོན་ཡོད་མཁས་གྲུབ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༸རྒྱལ་དབང་འཇམ་དཔལ་རྒྱ་མཚོ་སོགས་བཤེས་གཉེན་དུ་མ་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་མནོས་ཤིང་མཁས་པའི་གྲགས་པ་ཐོབ། དེ་ནས་སེར་བྱེས་གྲྭ་ཚང་གི་མཁན་པོའི་ཁྲི་ཐོག་ལ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་ཚུལ་ཀུན་དང་རིག་གནས་སོགས་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཆད་ཉན་དཔྱིས་ཕྱིན་པར་མཛད། རྗེ་འདིའི་སྐུ་ཚེའི་སྨད་ལ་ཞོགས་གུར་སྨོན་གྱི་མཁན་པོ་མཛད། རྗེ་འདི་ཉིད་ཀྱིས་མཛད་པའི་མདོ་སྔགས་གསུང་རྩོམ་ནི་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཉམས་ཁྲིད་གསུང་བཤད་ཟིན་བྲིས་ཚད་ལྡན་དྲང་སྲོང་བླ་མའི་ཞལ་ལུང་དང་བློ་སྦྱོང་དོན་བདུན་མའི་ཟིན་བྲིས་སྙན་བརྒྱུད་བདུད་རྩིའི་སྙིང་པོ། གསང་འདུས་འགྲེལ་པ་བཞི་སྦྲགས་ཀྱི་ཟིན་ཐོ་རྡོ་རྗེ་འཆང་གི་ཐུགས་བཅུད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་སོགས་གསུང་འབུམ་བྲིས་མ་པོད་ཆུང་གཉིས་ཙམ་བཞུགས།

 

རྗེ་འདི་ཉིད་ཀྱིས་མཛད་པའི་གསུང་འབུམ་བྲིས་མ་གཅིག་རང་ལས་མེད་རྐྱེན་མ་དཔེ་གཡར་པོ་ཞུས་ཏེ་ངེད་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་གློག་ཀླད་དུ་དཔར་རྩ་གསར་འཇུག་ཐོག་དེབ་གཟུགས་ཀྱི་རྣམ་པའི་ཐོག་ནས་དཔར་སྐྲུན་ཞུས་པ་ཡིན།

དཔར་སྐྲུན་འགྲེམ་སྤེལ་ཞུས་པའི་གོ་རིམ་ནང་དེང་གི་སུམ་རྟགས་ཀྱི་འགྲོ་ཚུལ་དང་མི་མཐུན་པའི་ཡི་གེའི་འབྲི་ཚུལ་དཔེར་ན་བློ་སྦྱོངས་དང༌། སྦད་དེ། ཆོས་སྲུངས། གཤག་འདེབས་སོགས་དེང་གི་ཡི་གེའི་འབྲི་སྲོལ་དང་མཐུན་པར་བཅོས་ཏེ་སུམ་རྟགས་དང་མཐུན་གང་ཐུབ་བྱས་ཡོད་ཀྱང་རང་ཅག་རྣམས་ཤེས་བྱ་དམན་རྐྱེན་ད་དུང་ཡང་ནོར་འཁྲུལ་གྱི་ཆ་མང་དག་ཡོད་སྲིད་པས་རྒྱ་ཆེའི་གཟིགས་པ་པོ་རྣམས་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་ཞུ།

 

 

 

 

དཀར་ཆག

 

མཆོད་བརྗོད་དང་བླ་མ་བརྒྱུད་པའི་ཁུངས་བཤད་པའི་སྒོ་ནས་མཛད་པའི་ཆེ་བ་བསྟོན་པ་སོགས།···································(1)

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་བསྟན་པ།························································(12)

གཉིས་པ་བསྟེན་ནས་སྔོན་འགྲོའི་ཆོས་བཞི་ལ་བསླབ་པ།················································(28)

དངོས་གཞི་བྱང་ཆུབ་སེམས་གཉིས་སྦྱང་བ།·······························································(42)

བདག་གཅེས་འཛིན་གྱི་སྐྱོན་བསམ་པ།····································································(58)

གཞན་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི་ཡིན་ཚུལ།···················································(72)

སྦྱིན་སོགས་ཕར་ཕྱིན་དྲུག་ཉམས་སུ་ལེན་ཚུལ་བཤད་པ།·······································(112)

དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ།··································································(121)

ངེས་དོན་གསུང་རབ་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་ཚུལ།···································(135)

རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ།·····································································(145)

དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ།··································(150)

ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།····························································(157)

སྨོན་ལམ་གྱི་སྟོབས་ལྔ་བསྟན་པ།·········································································(160)

བློ་འབྱོངས་པའི་ཚད་བསྟན་པ༌།···········································································(163)

བློ་སྦྱོང་གི་དམ་ཚིག་བསྟན་པ།············································································(171)

བློ་སྦྱོང་གི་བསླབ་བྱ་བསྟན་པ།············································································(186)

 

རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་བཀའ་ཁྲིད་ཟབ་མོ་སྩལ་སྐབས་ཀྱི་མན་ངག་ཟིན་ཐོ་རྡོ་རྗེ་འཆང་གི་ཐུགས་བཅུད་བདུད་རྩིའི་སྙིང་པོ།·······(227)

མཆོད་བརྗོད་དང་བཀའ་ཁྲིད་ཟབ་མོ་ཇི་ལྟར་ཟིན་ཐོར་བཀོད་པའི་སྐོར།······························(227)

དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་བཤད་པ།··············(239)

རྒྱན་བདུན་གྱི་འཇོག་ཚུལ་བཤད་པ།·····································································(242)

ལས་ཚོགས་ཀྱི་རིམ་པ་ཉམས་སུ་ལེན་པའི་སྐོར།························································(265)

ལས་ཚོགས་ཀྱི་ཁྲོ་བོ་དགུའི་ཕྲེང་སྔགས་གསུངས་པ།···················································(269)

སྒྱུ་མའི་སྐུ་རྩལ་དུ་བཏོན་པའི་སྒོ་ནས་གནས་འདིའི་རྟོགས་དཀའ་བ་གཙོ་བོར་འཆད་ཚུལ།········(276)

ལས་སུ་བྱ་བ་སྤྱི་དང་ཁྱད་པར་དབང་དང་དཀྱིལ་འཁོར་འབྲི་སྒྲུབ་ཀྱི་ཆོ་ག་སོགས་ མདོར་བསྡུས་བསྟན་པ།···························(288)

ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་བྱེད་ཚུལ་སྐོར།·······························································(307)

རྡོ་རྗེ་བྱིན་རླབས་ཀྱི་རྒྱལ་པོའི་ལེའུ་འཆད་པ།····························································(311)

བླ་མ་ལ་སློབ་མས་ཇི་ལྟར་བལྟ་ཚུལ་དང་དེ་ལ་མཆོད་པ་བྱ་ཚུལ་སོགས།·····························(329)

རྫོགས་རིམ་པའི་ལུས་ངག་གི་དམ་ཚིག་སྐོར།···························································(338)

རྒྱུད་འདི་སངས་རྒྱས་ཉིད་ཀྱིས་གསུངས་པའི་སྒྲུབ་བྱེད་བཀོད་པ།····································(344)

གསང་སྔགས་ཀྱི་ལམ་མཐོན་པོའི་སྐབས་གཉིད་དང་འོད་གསལ་འདྲེས་ནས་ངོ་བོ་དབྱེར་མེད་དུ་འབྱུང་ཚུལ།··························(351)

མགོན་པོ་ཀླུ་སྒྲུབ་ནས་བཟུང་བརྒྱུད་པའི་བླ་མ་རྣམས་ཀྱིས་འདུས་པའི་དོན་ཟབ་མོ་སྟོན་ཅིང་གདུལ་ བྱའི་རྒྱུད་ལ་འཕོ་བར་བསྟན་པའི་སྐོར།············(366)

རྒྱུད་ཀྱི་མཚན་དོན་དང་དེ་དོན་འཆད་པ་སོགས།························································(369)

དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་རྒྱུར་བསྔོ་བ་སོགས།·································(371)

 

 

 

མཆོད་བརྗོད་དང་བླ་མ་བརྒྱུད་པའི་ཁུངས་བཤད་པའི་སྒོ་ནས་མཛད་པའི་ཆེ་བ་བསྟོན་པ་སོགས།

 

༄༅། །ན་མོ་གུ་རུ། བྱང་ཆུབ་ཐུགས་ཀྱི་མངའ་བདག་ཆོས་ཀྱི་རྗེ། །བཀའ་དྲིན་འཁོར་མཐའ་མེད་པའི་རིན་པོ་ཆེ། །དྲིན་ཅན་བླ་མ་ཡེ་ཤེས་མཚན་ཅན་ལ། །སྙིང་ནས་འདུད་དོ་བརྩེ་བས་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །ཕུལ་བྱུང་རིན་ཆེན་སེམས་མཆོག་རྣམ་པ་གཉིས། །སྦྱོང་ཚུལ་རྣམ་འདྲེན་བཞི་པ་ཡབ་སྲས་ནས། །རྒྱ་བོད་མཁས་པའི་གཙུག་རྒྱན་ཨ་ཏི་ཤའི། །བར་བྱོན་བློ་ཆེན་རྣམས་ཀྱི་ཐུགས་དམ་མཐིལ། །མན་ངག་ཐེག་ཆེན་བློ་སྦྱོང་དུ་གྲགས་པ། །སླར་ཡང་རྒྱལ་སྲས་ཐོགས་མེད་བཟང་པོ་ཡིས། །དོན་མཚན་(༢ན)བདུན་གྱི་སྒོ་ནས་ལེགས་བཀྲལ་བ། །ལེགས་བཤད་ཟླ་མེད་བློ་སྦྱོང་དོན་བདུན་མའི། །ཉམས་བཞེས་ཟབ་བཤད་མན་ངག་མ་ལུས་པར། །བདག་ཅག་རྣམས་ལ་དགྱེས་བཞིན་བསྩལ་མོད་ཀྱང༌། །རང་བློ་རྨོངས་པའི་མུན་ནག་རབ་འཐིབས་པས། །བླ་མའི་གསུང་བཞིན་བཤད་པར་མི་ནུས་མོད། །འོན་ཀྱང་འདི་འདྲ་ཐོས་པར་རབ་དཀའ་བས། །རྗེ་བཙུན་བླ་མའི་གསུང་གི་བརྗེད་བྱང་དང༌། །རང་དང་སྐལ་མཉམ་གཞན་ལའང་ཕན་པའི་སླད། །ཉམས་ཆུང་རང་བློས་དཔོགས་པའི་གོ་ཚོད་ཙམ། །ཚིག་གི་འཕྲེང་བར་བསྒྲིགས་ནས་ཟིན་ཐུན་ཐོར། །དགོད་ལ་ཐུགས་(༢བ)རྗེའི་བདག་ཉིད་བླ་མ་དང༌། །དབྱེར་མེད་སྐྱབས་གནས་ཀུན་གྱིས་གནང་བ་སྩོལ། །ཞེས་ཤིང་སྦྲུལ་ཧོར་ཟླ་༣ཚེས་༨ལ་བཀའ་དྲིན་གསུམ་ལྡན་མཚུངས་མེད་རྗེ་བཙུན་བླ་མ་གང་གི་ཞབས་དྲུང་ནས། བློ་སྦྱོང་དོན་བདུན་མའི་དམར་ཁྲིད་ཟབ་བཤད་ཟླ་བ་གཅིག་ཙམ་སྦྲེལ་ནས་གནང་བའི་སྐབས་ཀྱི་དོན་རྣམས་ཉམས་སུ་ལེན་རེའི་སྨོན་འདུན་དང་བཅས། ལེགས་བཤད་ཟླ་མེད་འདི་ལྟར་བརྗེད་པར་འཕངས་ནས། སྐྱབས་གཅིག་དམ་པ་རྗེ་བཙུན་བླ་མ་མཆོག་གི་དགོངས་པ་བཀྲོལ་ཏེ་རང་བློས་གོ་ཚོད་ལྟར་ཟིན་ཐོར་འགོད་པ་ནི་དེ་ཡང་ཚེས་བརྒྱད་ཀྱི་ཉིན་རྗེ་བླ་མ་མཆོག་གི་ཞལ་འཛུམ་བག་དང་བཅས་ཏེ། སྔོན་འགྲོའི་གསུང་བཤད་མཐར་ཕྱིན་པ་ཡིད་འཁུལ་ངེས་ཞིག་གནང་བའི་མཐར། འདིར་གང་བཤད་པར་བྱ་བའི་ཆོས་ནི་༧རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་གནད་མ་ལུས་པར་གཅིག་ཏུ་བསྡུས་པ། དུས་གསུམ་རྒྱལ་བ་སྲས་(༣ན)བཅས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ། ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། ཐོགས་མེད་ཞི་བ་ལྷ་གསུམ་གྱིས་རྒྱལ་བའི་དགོངས་པ་ལེགས་པར་བཀྲལ་བ། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་ཚང་ལ་མ་ནོར་བ། ཇོ་བོ་ཆེན་པོ་ལྷ་ཅིག་དི་པཾ་ཀ་རའི་མན་ངག་ཁྱད་པར་ཅན་ཐེག་ཆེན་བློ་སྦྱོང་དུ་གྲགས་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ལ་བརྟེན་ནས་ཉམས་སུ་ལེན་པའི་ཚུལ་འདི་དག་གང་བཤད་པར་བྱ་བའི་གཞི་ཡིན་ཅིང༌། དེ་ལ་ཡང་འགྲེལ་ཚུལ་གྱི་གདམས་ངག་མང་དུ་ཡོད་པ་རྣམས་ཀྱི་ནང་ནས། འདིར་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ཞེས་སྐུ་ཚེ་རིལ་པོར་བློ་སྦྱོང་གྱི་གདམས་པ་ཉམས་སུ་བཞེས་པས་བདག་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཐུགས་རྒྱུད་ལ་འཁྲུངས་པ་དེ་(༣བ)ཉིད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མར་གྲགས་པ་དེ་ཉིད་འདིར་གང་འཆད་པར་སྐབས་སུ་བབས་པའི་ཆོས་ཡིན་པས། འདིའི་རྩ་བའི་ས་བཅད་ལ་བླ་མ་བརྒྱུད་པའི་ཁུངས་བཤད་པའི་སྒོ་ནས་མཛད་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཁུངས་བཙུན་པའི་ཕྱིར་ཆོས་ཀྱི་ཆེ་བ། ཆེ་བ་གཉིས་དང་ལྡན་པའི་གདམས་པ་ཉམས་སུ་ལེན་པའི་ཚུལ་དངོས་དང་གསུམ་ཡོད་པའི་དང་པོ་ལ་གཉིས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བསླབ་གསུམ་མ་དག་བྱང་ཆུབ་ཐུགས་གཉིས་འབྱོངས་ཞེས་པ་ནས། འདི་བླ་མ་གསེར་གླིང་པའི་ལུགས་ཡིན་ཞིང་ཞེས་པའི་བར་གྱིས་འཆད།

གསུམ་པ་ནི། དེ་ལ་ཡང་འཁྲིད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་ཞེས་སོགས་ཀྱིས་འཆད། འདི་ལ་དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱི་དོན་བདུན་དུ་མཛད། དེ་ཡང་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང༌། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བཅས་པ་དོན་ཚན་བདུན་གྱི་སྒོ་ནས་ལུས་ཡོངས་སུ་རྫོགས་པར་མཛད་ཅིང༌། ས་བཅད་དང་པོ་བླ་མ་བརྒྱུད་པའི་ཁུངས་བཤད་པ་ནི་དེ་ཡང་ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར། དམ་པའི་ཆོས་ཀྱི་བརྒྱུད་པའང་བསྟན་པའི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་རང་ལ་ཐུག་པ་ཞིག་དགོས་པ་ནི། དེ་ཡང་མན་ངག་རྣམ་པར་དག་པ་ཞིག་ཡོང་བ་ལ་(༤ན)སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་རྒྱུད་ཅིང༌། རྒྱལ་བའི་བཀའ་དང་མི་མཐུན་པ་རྣམ་པ་ཀུན་ནས་མེད་པ་ཞིག་དང༌། མན་ངག་དེ་ལ་སྦྱངས་པས་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ལ་ངེས་པ་ལྷག་པར་སྟེར་ནུས་པ་ཞིག་དགོས་པས། ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་ངག་འདི་ཡང་སངས་རྒྱས་ནས་བཟུང་སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་ཅིང༌། རྒྱལ་བའི་བཀའི་དགོངས་པ་འཁྲུལ་པ་དང་བྲལ་བ་དང༌། འདི་ལ་བརྟེན་ནས་བཀའ་དང་དགོངས་འགྲེལ་ཆེན་མོ་རྣམས་ལ་ངེས་པ་ལྷག་པར་འདྲེན་ནུས་པ་ནི། འདི་ཉིད་རྒྱལ་སྲས་ཞི་བ་ལྷའི་བསླབ་བཏུས་དང་སྤྱོད་འཇུག་གཉིས་ཀྱི་གདམས་པ་ཡིན་ཞིང༌། ཁྱད་པར་བློ་སྦྱོང་གི་ལམ་གྱི་རིམ་པ་འདི་ལྟར་མཛད་པ་པོ་ནི་ལྷ་གཅིག་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཉིད་ཡིན་པས། དེ་ཡང་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་རྒྱལ་ཚབ་བྱམས་པ་མགོན་པོ་ལ་གསུངས། དེས་འཕགས་པ་ཐོགས་མེད་ལ། དེས་སློབ་དཔོན་དབྱིག་གཉེན་ལ། དེས་འཕགས་པ་གྲོལ་སྡེ་ལ། དེས་བཙུན་པ་གྲོལ་སྡེ་ལ། དེས་རྒྱལ་སྲས་མཆོག་གི་སྡེ་ལ། དེས་དུལ་བའི་སྡེ་ལ། དེས་མཁན་པོ་རྣམ་སྣང་མཛད་བཟང་པོ་ལ། དེས་སློབ་དཔོན་སེངྒེ་བཟང་པོ་ལ། དེས་ཀུ་ས་ལི་ཆེ་བ་ལ། དེས་ཀུ་ས་ལི་ཆུང་བ་ལ། དེས་བླ་མ་གསེར་གླིང་པ་ལ། དེས་ཇོ་བོ་རྗེ་ལྷ་གཅིག །དེ་ནས་རྩ་བའི་(༤བ)བླ་མའི་བར་དང༌། ཡང་ཐུབ་པའི་དབང་པོས་རྗེ་བཙུན་འཇམ་དབྱངས་ལ་གསུངས། དེས་འཕགས་པ་ཀླུ་སྒྲུབ་ལ་གནང༌། དེས་སློབ་དཔོན་ཟླ་བ་གྲགས་པ་ལ། དེས་རིགས་པའི་ཁུ་བྱུག་ཆེ་བ། དེས་རིགས་པའི་ཁུ་བྱུག་ཆུང་བ། དེས་ཇོ་བོ་རྗེ་ལ་དེ་ནས་རྩ་བའི་བླ་མའི་བར་དང༌། ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མགོན་པོ་ཞི་བ་ལྷ་ལ་གནང༌། དེ་ནས་རིམ་གྱིས་བརྒྱུད་དེ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་ལ་གནང༌། དེས་ཇོ་བོ་རྗེ་ལ་གནང་ཞེས་ཇོ་བོ་ཆེན་པོའི་སྐུ་ཆེ་བའི་ཡོན་ཏན་ཞིབ་པར་སྩལ་ཡང་ཡི་གེས་འཇིགས་ནས་མ་བྲིས་ཤིང་རྒྱས་པར་ལམ་ཡིག་རྣམ་ཐར་ཆེན་མོ་ན་བཞུགས་པ་ལྟར་ལ། ཁྱད་པར་ཇོ་བོ་ཆེན་པོའི་བླ་མ་བྱམས་པའི་རྣལ་འབྱོར་པ་ཆེན་པོ་དང༌། བླ་མ་དྷརྨ་རཀྵི་ཏ་དང༌། མཉམ་མེད་གསེར་གླིང་པ་ཆེན་པོ་གསུམ་གྱི་སྐུ་ཆེ་བའི་ཡོན་ཏན་དང༌། དེ་དག་ཇོ་བོ་ཉིད་ཀྱིས་བསྟེན་ཚུལ་སོགས་བློ་སྦྱོང་བློ་བཟང་དགོངས་རྒྱན་ན་བཞུགས་པ་ལྟར་ཞིབ་ཏུ་སྩལ། དེ་ནས་ཇོ་བོ་ཆེན་པོས་དགེ་བའི་བཤེས་གཉེན་ཆེན་པོ་འབྲོམ་རིན་པོ་ཆེ་ལ་གནང༌། འབྲོམ་རིན་པོ་ཆེས་བཀའ་གདམས་སྐུ་མཆེད་གསུམ་དང༌། ལྷག་པར་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་ལ་གནང༌། དགེ་བཤེས་པོ་ཏོ་བས་བློ་སྦྱོང་གི་གདམས་པ་འདིའི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང༌། དེ་ལ་ངེས་པ་ཤུགས་ཆེན་པོ་འདྲེན་པའི་ཡན་ལག་དུ། བྱང་ས་དང༌། མདོ་སྡེ་རྒྱན་གཉིས། སྐྱེས་རབས་དང་ཚོམས་(༥ན)གཉིས། བསླབ་བཏུས་དང་སྤྱོད་འཇུག་གཉིས་ཏེ་བཀའ་གདམས་གཞུང་དྲུག་ལ་འཆད་ཉན་རྒྱ་ཆེར་མཛད་པའི་སྒོ་ནས་གདམས་པའི་གླང་ཤར་གཉིས་ལ་གནང༌། དེའི་ནང་ནས་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོར་འཕྲིན་ལས་ཀྱི་བཀའ་བབས་པའི་ཐེག་པ་ཆེན་པོའི་བློ་སྦྱོང་འདི་རྒྱ་ཆེར་སྤེལ་ནས་ཁོ་རང་ལ་སློབ་མ་མང་དུ་ཡོད་པའི་ནང་ནས་བྱང་སེམས་འཆད་ཁ་བ་ལ་གནང་སྟཻ། ཁོང་ལ་བློ་སྦྱོང་འདིའི་བཀའ་བབས་ཞེས་འཆད་ཁ་བའི་ལོ་རྒྱུས་ཀྱང་ཞིབ་པར་བསྩལ། བྱང་སེམས་འཆད་ཁ་བ་ཆེན་པོས་དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་བ་ལ་གནང༌། དེས་དམ་པ་ལྷ་སྡིངས་པ་ལ་གནང༌། དེས་རྒྱ་མ་སངས་རྒྱས་དབོན་ལ་གནང༌། དེས་ཚོགས་པའི་སློབ་དཔོན་ཡོན་ཏན་དཔལ། དེས་མཁན་ཆེན་བདེ་བ་དཔལ་ལ། དེས་རིན་པོ་ཆེ་བསོད་ནམས་གྲགས་པ་ལ། དེས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་ལ་གནང༌། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་བློ་སྦྱོང་གི་འཁྲིད་ཡིག་འདི་མཛད་ཚུལ་ཞིབ་པ་དང༌། རྒྱས་སྲས་རིན་པོ་ཆེས་རྗེ་བཙུན་རེད་མདའ་བ་ལ་གནང༌། དེས་བདག་ཅག་གི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་ལ་གནང༌། རྗེ་རིན་པོ་ཆེས་ཧོར་སྟོན་ནམ་མཁའ་དཔལ་ལ་གནང༌། ཧོར་སྟོན་པས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ལ་གནང༌། དགེ་འདུན་གྲུབ་ཀྱིས་འདུལ་འཛིན་བློ་གྲོས་(༥བ)སྦས་པ་ལ་གནང༌། དེས་པཎ་ཆེན་རིན་པོ་ཆེ་ཡེ་ཤེས་རྩེ་མོ་ལ་གནང༌། དེས་རྗེ་སྐྱབས་མཆོག་དཔལ་ལ་གནང༌། དེས་རྗེ་བཙུན་དབེན་ས་པ་ཆེན་པོ་བློ་བཟང་དོན་གྲུབ་ལ་གནང༌། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས། དེས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། དེས་ཞབས་དྲུང་ལྷ་པ་བློ་བཟང་བསྟན་པ་དར་རྒྱས་ལ་གནང༌། དེས་གྲུབ་ཆེན་བློ་བཟང་བྱམས་པ་ལ། དེས་གྲུབ་དབང་ཆོས་རྒྱ་མཚོ་ལ། དེས་གྲུབ་མཆོག་བློ་བཟང་རྣམ་རྒྱལ་ལ་གནང༌། དེས་དྲིན་ཅན་རྩ་བའི་བླ་མ་ཡེ་ཤེས་རྒྱལ་མཚན་རིན་པོ་ཆེ་ལ་གནང་བ་ཡིན་གསུངས། ཡང་རྒྱུད་ཚུལ་གཅིག་ལ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་རྒྱ་མ་བ་ཡོན་ཏན་འོད་ལ། དེས་འཕགས་པ་བློ་འཕེལ་ལ། དེས་སྤྱན་སྔ་ཚུལ་ཁྲིམས་དར་ལ། དེས་ལོ་པ་སྤྱན་སྔ་བསོད་ནམས་ལྷ་དབང་ལ། དེས་རྒྱལ་སྲས་བསོད་ནམས་ལེགས་མཆོག་ལ། དེས་སྙུག་ལ་པཎ་ཆེན་ངག་དབང་གྲགས་པ་ལ། དེས་སྤྱན་སྔ་ངག་དབང་ཆོས་གྲགས་ལ། དེས་སྤྱན་སྔ་བྲག་དགོན་པ་ལ། དེས་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ལ། དེས་ཟུར་འཕྲིན་ལས་རབ་རྒྱས་ལ། དེས་གངས་ཅན་མགོན་པོ་ངག་དབང་བློ་བཟང་རྒྱ་མཚོ་ལ། དེས་སྡེ་དྲུག་མཁན་པོ་བློ་བཟང་དར་རྒྱས་དང༌། གནས་བརྟན་འཇམ་དབྱངས་གྲགས་པ་གཉིས་ལ་གནང༌། དགེ་སློང་འཇམ་དབྱངས་གྲགས་པས་རྗེ་སྒྲུབ་ཁང་པ་ཆེན་པོ་དགེ་ལེགས་རྒྱ་མཚོ་ལ། དེས་རྗེ་བཙུན་ངག་དབང་བྱམས་པ་རིན་པོ་ཆེ་ལ་གནང༌།དེས་རྩ་བའི་བླ་མ་ཡེ་ཤེས་མཚན་ཅན་ལ་གནང་(༦ན)ཚུལ་བཅས་བླ་མ་བརྒྱུད་པ་དེ་དག་གི་རྣམ་ཐར་རགས་རིམ་དང་གོ་རིམ་བླ་རྒྱུད་གསོལ་འདེབས་སུ་གསལ་བ་ལྟར་ལ། དེ་ཡང་རྒྱུད་པ་གསུམ་གྱི་བླ་མ་ཞེས་པ་སྤྱིར་ནི། རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་རླབས་རྒྱུད་པ་གསུམ་ཡོངས་གྲགས་ལྟར་ལ། རྒྱུད་པའི་ཆུ་བོ་གསུམ་ཞེས་པའི་རྒྱུད་པ་ནི། རྗེ་བཙུན་བྱམས་པ་ནས་འཕགས་པ་ཐོགས་མེད་དང༌། དེ་ནས་རྒྱལ་སྲས་ཞི་བ་ལྷ་ལ་བརྒྱུད་པ་ནི་རླབས་ཆེན་རྒྱལ་སྲས་སྤྱོད་པའི་རྒྱུད་པ་དང༌། ཡང་རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོགས་མེད་སྐུ་མཆེད་དེ་ནས་རྩ་བའི་བླ་མའི་བར་རྒྱུད་པ་ནི་རྒྱ་ཆེན་སྤྱོད་པའི་རྒྱུད་དང༌། དེ་སྟེང་ཟབ་མོ་ལྟ་རྒྱུད་བསྣན་པ་གསུམ་ལ་བྱེད་ཅིང༌། དེ་ཡང་བླ་མ་བརྒྱུད་པའི་ཁུངས་བཤད་པའི་དོན་གྱི་རྡོ་ཁ་རངས་ཏེ། དེ་ནས་བརྒྱུད་པའི་གང་ཉམས་སུ་ལེན་རྒྱུའི་ཆོས་དེ་སྟོན་པའི་གསུང་དང་མཐུན་པ་རིགས་པའི་ལམ་ནས་སྒྲུབ་ཐུབ་པ་ཞིག་ལ་བློ་གཏོད་པ་ལས། དེ་མིན་ཡི་དམ་གྱི་ལྷ་དང་བླ་མ་སོགས་གང་བྱུང་ལ་བློ་གཏད་མི་ཐུབ་ཚུལ་ཞིབ་པ་དང༌།

གཉིས་པ་ཆོས་ཀྱི་ཆེ་བ་ལ། སྤྱིར་གཞུང་འདིའི་གདམས་ངག་གི་ཆེ་བ་ལ་རྗེ་ཐམས་ཅད་མཁྱེན་པས་ལམ་རིམ་དུ་གསུང་བ་ལྟར། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་(༦བ)འགགས་སུ་འགྲོ་བའི་ཆེ་བ་དང་བཞི་ཡིན་ཅིང༌། དེ་དག་སྔར་ཞལ་ལུང་གི་སྐབས་སུ་བཤད་པ་ལྟར་ཡིན་གསུང་ཞིབ་ཆ་ཞལ་ལུང་ཟིན་བྲིས་ན་བཀོད་ཡོད། འདིར་བློ་སྦྱོང་གི་རྩ་ཚིག་ལ་ཇི་ལྟར་འབྱུང་བ་ལྟར་མདོར་བསྡུས་ཞིག་བཤད་ན། ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་འདི་ཉིད་རྡོ་རྗེ་རིན་པོ་ཆེ་དང༌། ཉི་མ་དང༌། སྨན་གྱི་ལྗོན་ཤིང་དང༌། བདུད་རྩིའི་སྙིང་པོ་དང་དཔེ་མཚུངས་ཚུལ་ནི། དེ་ཡང་རྡོ་རྗེ་རིན་པོ་ཆེའི་ཆ་ཤས་ཡོངས་སུ་རྫོགས་པས་དབུལ་བ་ཐམས་ཅད་སེལ་ཞིང་འདོད་པའི་དོན་གྲུབ་པ་ལྟ་ཅི་སྨོས། རྡོ་རྗེ་རིན་པོ་ཆེའི་རྒྱན་མུ་ཏིག་དང༌། པདྨ་རཱ་ག་དང༌། གྲུ་ནས་དོན་པའི་གཡུ་སོགས་ཁྱད་དུ་འཕགས་པ་རྣམས་ཀྱང་ཟིལ་གྱིས་གནོན་པར་འགྱུར་བ་དེ་བཞིན་དུ། ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་འདི་ཉིད་ཉམས་སུ་བླངས་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེས་ན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་སྨོས་ཅི་དགོས། འདིའི་ལམ་གྱི་ཆ་ཤས་ཙམ་ཞིག་རྒྱུད་ལ་སྐྱེས་ནའང་ཤིན་ཏུ་ཁྱད་པར་འཕགས་ཏེ། འདིའི་ལམ་ཡོངས་སུ་རྫོགས་པ་ནི་བཤེས་གཉེན་བསྟེན་ཚུལ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་བསྡུ་བ་བཞི་ལ་བསླབ་པའི་བར་དང༌། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་ཕུ་ཐག་ཆོད་པར་ངེས་ནས། སྒོམ་ལུགས་ཀྱི་མན་ངག་མ་ནོར་བར་བྱས་ཏེ་སྒོམ་པའི་ཞི་ལྷག་ཟུང་འབྲེལ་(༧ན)གྱི་ཏིང་འཛིན་རྫོགས་པར་བསྒོམས་པ་ཞིག་ཡིན་ལ། དེ་ལྟ་བུའི་ལམ་ཡོངས་སུ་རྫོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། དེའི་ཕྱོགས་གཅིག་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་ཐ་ཙམ་ཞིག་རྒྱུད་ལ་སྐྱེས་ན་ཡང༌། བྱང་སེམས་རྒྱལ་སྲས་རྣམས་ཀྱི་གྲལ་དུ་འགྱུར་བ་དང༌། ཉན་རང་བདག་ཉིད་ཆེན་པོ་རྣམས་ཀྱང་རིགས་སྟོབས་ཀྱི་ཟིལ་གྱིས་གནོན་པ་དང༌། ནད་གདོན་བར་ཆད་དབུལ་འཕོངས་ལ་སོགས་པའི་ཉེར་འཚེ་ཐམས་ཅད་བཟློག་པར་འགྱུར་བ་བྱམས་པའི་རྣམ་པར་ཐར་པའི་མདོ་སོགས་ཐེག་པ་ཆེན་པོའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ལན་ཅིག་མ་ཡིན་པར་གསུང་མཚུངས་ཚུལ་དང༌།

གཉིས་པ་ནི། གདམས་པ་འདི་ཉི་མ་དང་མཚུངས་ཚུལ་ནི། ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ། དེ་ལ་མུན་པ་ཁེབས་པའི་གནས་རྣམ་པ་ཀུན་ནས་མི་སྲིད་པ་དང༌། ཉི་མ་རང་ཉིད་ལ་མུན་པའི་སྐབས་མེད་པར་མ་ཟད། ཉི་མའི་འོད་ཟེར་གང་དུ་ཤར་བའི་གླིང་དེའི་མུན་པ་རྣམས་ཀྱང་སེལ་ཞིང༌། དེ་ཉིད་གང་དུ་གནས་པའི་ས་དེར་མུན་པ་དང་ལྷན་ཅིག་འགྲོགས་པའི་སྐབས་མེད་པ་དེ་བཞིན་དུ། གདམས་པ་འདིའི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡོངས་སུ་རྫོགས་པ་རྒྱུད་ལ་སྐྱེས་པ་ལྟ་ཞོག །འདིའི་ཆ་ཤས་སྙིང་རྗེ་ཆེན་པོ་ཙམ་ཞིག་རྒྱུད་ལ་སྐྱེས་པས་ཀྱང༌། ཉོན་མོངས་པ་དང་དེས་དྲངས་པའི་ལུས་(༧བ)ངག་གི་སྤྱོད་ཚུལ་ངན་པ་མཐའ་དག་རང་འགགས་སུ་སོང་སྟེ། དེ་དག་དང་མཉམ་དུ་འགྲོགས་པའི་སྐབས་མེད་པའི་ཚུལ་སོགས་རྒྱ་ཆེར་གསུངས་ཞིང༌། བཅོམ་ལྡན་འདས་ཀྱི་མདོ་ལས་ཀྱང༌། ཉི་མའི་དཀྱིལ་འཁོར་གང་ཚེ་འོད་ཀྱི་དྲ་བ་འགྱེད། །དེ་ཚེ་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ། །མཁས་པ་ཤེས་ཕྱིར་འཇིག་རྟེན་བྱང་ཆུབ་སེམས་བྱུང་ན། །ཡེ་ཤེས་ཀྱིས་ནི་སེམས་ཅན་ཡོན་ཏན་ཆོས་དང་ལྡན། །ཞེས་སོགས་རྒྱ་ཆེར་གནད་ཟབ་པ་གསུངས་སོ། །

གསུམ་པ་གདམས་པ་འདི་སྨན་གྱི་ལྗོན་ཤིང་དང་དཔེ་མཚུངས་པ་ནི། སྨན་གྱི་ལྗོན་ཤིང་གི་རྩ་བ་དང༌། སྡོང་པོ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཆ་ཐམས་ཅད་དུ་སྐྱེ་བོའི་ནད་ཞི་བའི་སྨན་གྱི་མཆོག་ཏུ་གྱུར་པ་བཞིན་དུ། གདམས་པ་འདིའི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡན་ལག་དང་བཅས་པ་འདི་དག་ཀྱང༌། ཆ་ཐམས་ཅད་ནས་ཐམས་ཅད་དུ་ཉོན་མོངས་པ་དང༌། དེས་སྐྱེད་པའི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པའི་སྨན་གྱི་མཆོག་ཡིན་ལ། འདིའི་ལམ་ཡོངས་རྫོགས་ཕར་ཞོག །ཆ་ཤས་ཙམ་གྱིས་ཀྱང་ཉོན་མོངས་པ་དང༌། སྡུག་བསྔལ་དཔག་ཏུ་མེད་པ་བཟློག་པར་ནུས་ཏེ། རྐྱེན་ངན་ལམ་དུ་སློང་བའི་བཟོད་པ་ཙམ་ཞིག་ཡོད་ནའང༌། འཇིག་རྟེན་ཆོས་བརྒྱད་ལ་བརྟེན་ནས་བྱུང་བའི་དོན་མེད་པའི་སྡུག་བསྔལ་མང་པོ་ཞིག་བཟློག་པར་ནུས་པ་མངོན་སུམ་གྱིས་གྲུབ་པ་ལྟ་བུ་ཡིན་གསུངས། དེ་(༨ན)ཡང་མགོན་པོ་ཞི་བ་ལྷས། བྱེ་མའི་ཁང་བུ་བརྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུར། །དེ་བཞིན་བསྟོད་དང་གྲགས་ཉམས་ན། །རང་གི་སེམས་ནི་བྱིས་པ་བཞིན། །ཞེས་སོགས་རྒྱ་ཆེར་གསུངས་ཞིང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ན་ནི། དེས་དྲངས་པའི་དགེ་བ་ཅི་བྱས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་འབའ་ཞིག་གི་རྒྱུར་གྱུར་ཞིང༌། འཁོར་བའི་གནས་སུ་རང་གར་ཟད་པ་དང་བར་སྐབས་སུ་ཆུད་ཟ་བར་མི་འགྱུར་བས་སྨན་གྱི་ལྗོན་པ་ཆེན་པོ་འབྲས་བུ་རྒྱུན་དུ་བྱུང་བ་དང་ཆོས་མཚུངས་པར་མདོ་སྡེ་ཕལ་པོ་ཆེ་སོགས་ལས་རྒྱ་ཆེར་གསུངས་སོ་གསུངས། བཞི་པ་མན་ངག་འདི་བདུད་རྩིའི་སྙིང་པོ་དང་མཚུངས་ཚུལ་ནི། དཔེར་ན་རྒྱ་མཚོ་ཆེན་པོའི་ནང་གི་བདུད་རྩིའམ། སུམ་ཅུ་རྩ་གསུམ་གྱི་ལྷའི་བདུད་རྩི་ལྟ་བུ་འཐུང་རྒྱུ་བྱུང་ན་གནས་སྐབས་ཀྱི་ནད་བསལ་ནས་འཆི་མེད་ཀྱི་དཔལ་སྟེར་བ་བཞིན་དུ། མན་ངག་འདིས་ཀྱང་ཉོན་མོངས་པ་ལ་སོགས་པའི་དྲི་མ་ཐམས་ཅད་བསལ་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་བླ་ན་མེད་པ་སྟེར་བར་བྱེད་པ་ཡིན་ཏེ། སྤྱོད་འཇུག་ལས། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །ཞེས་སོགས་གསུངས། གསུམ་པ་ཆེ་བ་གཉིས་དང་ལྡན་པའི་གདམས་པ་ཟབ་མོ་ཉམས་སུ་ལེན་ཚུལ་དངོས་ལ། གང་ཉམས་སུ་ལེན་རྒྱུའི་བློ་སྦྱོང་ལ་སྙན་རྒྱུད་ཆེན་མོ་(༨བ)ཞེས་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པས་མཛད་པ་དང༌། རྗེ་རིན་པོ་ཆེས་འོན་བཀྲ་ཤིས་དོ་ཁར་དུ་བློ་སྦྱོང་གནང་བ་ལ། ཧོར་སྟོན་པས་ཟིན་བྲིས་མཛད་པ་བློ་སྦྱོང་ཉི་མའི་འོད་ཟེར། ཧོར་སྟོན་པ་རང་གི་གསུང་བཞིན་པཎ་ཆེན་དགེ་འདུན་གྲུབ་ཀྱིས་ཟིན་བྲིས་མཛད་པ་ཐེག་ཆེན་བློ་སྦྱོང་སོགས་མང་དག་ཡོད་ཅིང༌། མདོར་ན་ལམ་རིམ་དང༌། བློ་སྦྱོང་གཉིས་ལ་བདག་གཞན་མཉམ་བརྗེའི་སྐོར་དང༌། རྐྱེན་ངན་ལམ་དུ་ལེན་ཚུལ་བཅས་རྩལ་དུ་སྟོན་པའི་ཁྱད་པར་ལས་ཉམས་སུ་ལེན་སྐབས་དེ་གཉིས་དོན་རྩ་གཅིག་པ་ལས་སོ་སོར་སོང་ན་གནད་དུ་མ་སོང་བ་ཡིན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་མན་ངག་ཏུ་དྲིལ་ནས་ལམ་རིམ་གྱི་ཁྲིད་ཚུལ་ནི་འཕགས་པ་ཐོགས་མེད་ཀྱི་བྱང་ས་དང༌། སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩར་སྐྱེས་བུ་གསུམ་གྱི་སྒོ་ནས་ཁྲིད་པའི་ཐ་སྙད་དང༌། སྟོན་པའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་ཞིང་དཔང་དུ་གྱུར་པའི།མགོན་པོ་ཀླུ་སྒྲུབ་ཀྱི་གཙོ་བོ་མདོ་སྡེ་ཕལ་པོ་ཆེ་ལ་བརྟེན་ནས་དབུ་མ་རིན་ཆེན་འཕྲེང་བ་དང༌། མདོ་ཀུན་ལས་བཏུས་གཉིས་སུ། དང་པོར་མངོན་པར་མཐོ་བའི་ཆོས། ཕྱིས་ནི་ངེས་པར་ལེགས་འབྱུང་བ་ཞེས་སོགས་གྲོལ་བ་དོན་གཉེར་གྱི་ཐོབ་བྱ་ལ་མངོན་མཐོ་ངེས་ལེགས་གཉིས་དང༌། དེ་ཐོབ་བྱེད་ལ་དད་པ་དང་ཤེས་རབ་གཉིས་སུ་བསྡུས་ནས་གསུངས་ཤིང༌། འཕགས་པ་ལྷས་ཀྱང༌། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་གི་བཟློག་བྱེད་ཅིང༌། །(༩ན)ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དེ་དང་མཚུངས་པར་གསུངས་ཤིང༌། ཤིང་རྟ་ཆེན་པོ་མཁས་མཆོག་དཔའ་བོས་སྐྱེས་རབས་སོ་བཞི་པར་གཙོ་ལག་མཁན་གྱིས་གོས་ཀྱི་དྲི་མ་འཁྲུད་པའི་དཔེ་དང་སྦྱར་བའི་ཁྲིད་ཚུལ་དང་བཅས་མང་དུ་ཡོད་པ་ལས་འདི་ནི་གོང་དུ་བཤད་པ་ལྟར་རྒྱལ་སྲས་ཐོགས་མེད་བཟང་པོས་དོན་ཚན་བདུན་དུ་བསྡུས་ནས་གསུངས་པའི་དོན་ལྟར་ཉམས་སུ་ལེན་དགོས་པར་འདི་ལ་རྟེན་གྱི་ཆོས། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་ཚུལ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་ལ་སློབ་ཚུལ་དང་བདུན། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསམ་ཚུལ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་སྔོན་འགྲོའི་ཆོས་བཞི་བསམ་ཚུལ་ལོ། །

 

 

 

 

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་བསྟན་པ།

 

དང་པོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །

དང་པོ་ལ། གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་སྦྱོར་བའི་ཆོས་ལ་འཇུག་དགོས་པར་ལྔ་པ་ཡན་ཧ་ལམ་བདེ་ལམ་ནང་ལྟར་ལ་ཕྱག་བདར་གྱི་སྐབས་སུ་འདུལ་བ་ལུང་ནས་བཤད་པའི་ཕན་ཡོན་ལྔ་དང༌། དེ་ལྟར་དགོས་(༩བ)པའི་རྒྱུ་མཚན། སྟོན་པ་ཐུགས་རྗེ་ཅན་བསོད་སྙོམས་ལ་མི་ཕེབས་པའི་སྐབས་གསུམ་ཡོད་པས། ལྷ་རྣམས་ཆོས་ཉན་དུ་འོང་བའི་དུས་དང༌། གཙུག་ལག་ཁང་ལ་རྒྱུ་བའི་དུས་དང༌། སྐུ་མཉེལ་བའི་ཚུལ་སོགས་གསུམ་གྱི་ནང་ནས་དུས་གཅིག་ཀུན་དགའ་བོ་དང་ལྷན་དུ་གཙུག་ལག་ཁང་ལ་རྒྱུ་བའི་སྐབས་དགེ་སློང་གི་ཁང་བུར་དད་རྫས་ཀྱི་ཆོས་གོས་གདིང་ལ་བཞག་པ་དང༌། ཕྱགས་བདར་མ་བྱས་པར་ཉིལ་ལེ་བཞག་པ་གཟིགས་ནས། ཀྱེ་མ་ཞེས་ཆོས་གོས་བརྒྱ་སྦྱིན་གྱིས་བཅོས་པའི་ཤིང་གི་གདང་ལ་བཀལ་བ་དང༌། སྟོན་པ་རང་གི་འཇིག་རྟེན་པའི་ཐུགས་མངོན་དུ་གྱུར་པ་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱིས་ཤེས་པས། བརྒྱ་བྱིན་གྱིས་ལྷའི་ལྗོན་པའི་ཕྱགས་མ་ཕུལ་བ་ཞིག་ནས་སྟོན་པ་རང་གིས་ཕྱགས་བདར་གནང་བའི་གཏམ་རྒྱུད་དང༌། དེ་དག་ཀྱང་རང་གར་མིན་པར་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡང་དག་པའི་མདོ་ནས་གསུངས་ཚུལ་དང༌། གྲུབ་ཐོབ་གསེར་གླིང་པས་གནས་ཁང་ལ་ཕྱགས་བདར་བྱས་པ་ཇོ་བོས་གཟིགས་པའི་ལོ་རྒྱུས་དང་བཅས་ཞིབ་པར་གསུངས་ནས། དེ་ལྟ་བུའི་སྔོན་གྱི་བྱུང་བ་དང་བཅས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་བའི་བགེགས་སྡིག་ལྟུང་རྣམས་སྦྱོང་བ་དང༌། མཐུན་རྐྱེན་བསོད་ནམས་གསོག་ཕྱིར་བླ་མ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་གནས་སུ་བྱེད་སྙམ་པའི་ཀུན་སློང་གི་བསམ་པ་དང༌། ཕྱགས་བདར་(༡༠ན)ཇི་ལྟར་བྱ་བའི་ཚུལ་རྣམས་མན་ངག་ལག་ཁྲིད་ལྟར་མ་འཕྱུགས་པར་དང་པོ་ནས་ཉམས་སུ་བླངས་ཏེ་ཚོགས་རླབས་པོ་ཆེ་བསོག་དགོས་ཤིང༌། དེ་ལྟར་བསོད་ནམས་ཀྱི་རྒྱབ་མ་འཁྱོགས་ན། ཐོས་བསམ་སྒོམ་གསུམ་བྱས་པའི་རྟོག་པ་མཐོན་པོར་འབྱོར་དུས་བདུད་རིགས་ཀྱི་བར་གཅོད་མང་དུ་འབྱུང་བ་ཡུམ་གྱི་མདོའི་བདུད་ལས་ཀྱི་སྐབས་སུ་གསུངས་ཚུལ། དེ་ལྟར་བྱུང་བའི་ཚེ་རང་གི་བླ་མས་ཇི་ལྟར་གསུངས་པ་དང༌། སྟོན་པའི་གསུང་རབས་དང་མཐུན་ན་དེ་ལ་ཉན། དེ་མིན་གང་ཡིན་ལ་བློ་མི་གཏོད་པར། གཡག་རྒན་གྱི་མཇྀང་པ་འདྲ་བ་ཞིག་དགོས་ཚུལ་དང༌། ལྷག་པར་བར་གཅོད་དེ་འདྲ་བྱུང་བའི་ཚེ་བསླུ་མི་ཐུབ་པ། བསྟན་པའི་གཏད་རབས་བདུན་གྱི་ནང་གི་ཐ་མའི་དགྲ་བཅོམ་པ་ལེགས་མཐོང་ཆེན་པོ་ལ། དགའ་རབས་དབང་ཕྱུག་གིས་གཡུལ་གྱི་ལས་དམག་དྲངས་པ་སོགས་མིན་པར། བདུད་རང་གིས་བསླུ་ཚུལ་ཁྱད་པར་ཅན་ལོངས་སྤྱོད་ལ་གཡེང་ཐབས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྤྲུལ་ནས་མཆོད་པ་འབུལ་བའི་བར་གཅོད་བརྩམས་པ་ན་དགྲ་བཅོམ་པ་དེས་མཁྱེན་བཞིན་དུ་ཁོའི་དབང་དུ་མ་བཏང་བར་མ་ཟད། ཁྱི་རོ་རུལ་བ་ཞིག་མེ་ཏོག་གི་འཕྲེང་བར་བྱིན་གྱིས་བརླབས་ནས་ཁོ་ལ་ལེགས་སོར་བྱིན་ནས་མགོར་བཀོད་པས། སུས་ཀྱང་བཀྲོལ་མ་ནུས་པར་སླར་དགྲ་བཅོམ་པ་རང་གིས་ཁོ་སངས་རྒྱས་ལ་སྐྱབས་སུ་འགྲོ་(༡༠བ)བའི་དམ་བཅའ་ལ་བཀོད་ནས་བཀྲོལ་བ་དང༌། དགྲ་བཅོམ་པ་དེ་སངས་རྒྱས་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་མི་རབས་གཉིས་ཙམ་སོང་ནས་བྱོན་པའི་སྟོབས་སངས་རྒྱས་ཀྱི་སྐུ་གཟུགས་མཐོང་མ་མྱོང་བས། དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་སྐུ་མཐོང་མྱོང་བས་དེ་སྤྲུལ་དུ་བཅུག་ནས། དེ་རང་དབང་མེད་པར་ཕྱག་མཛད་པའི་ལོ་རྒྱུས་ཀྱང་ཞིབ་ཏུ་གསུངས། ཁྱད་པར་སྦྱོར་བའི་ཆོས་དྲུག་གི་ནང་ནས་སྐྱབས་འགྲོའི་སྐབས་བློ་མ་འདྲིས་པར་ཚིག་རེས་བདེ་ལམ་ནང་ལྟར་ལ། བློ་ཅུང་ཟད་གོམས་སུ་སོང་ནས་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཀྱང་སྐྱབས་འགྲོ་ཇོ་བོས་མཛད་པའི་བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཞེས་སོགས་དང༌། སེམས་བསྐྱེད་ལ་ཕྱོགས་བཅུ་ན་བཞུགས་པའི་ཞེས་སོགས་འདོན་དགོས་པས་འདིའི་མགོ་མཇུག་བར་གསུམ་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་རང་གི་རྩིས་ངེས་པར་ཟིན་དགོས་པས་གནད་འགག་ཆེན་པོ་ཡོད་ཚུལ་དང༌། སྐྱབས་ཡུལ་དང་ཚོགས་ཞིང་གསལ་འདེབས་ཚུལ་བློ་སྦྱོང་སོ་སོར་མི་འདྲ་བ་མང་དུ་ཡོད་ཀྱང༌། རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཇི་བཞིན་བྱམས་མགོན་བླ་མ་རིན་པོ་ཆེས་བཞེད་པ་ནི་བདེ་ལམ་ནང་ལྟར་ལ། དམིགས་བསལ་ནི་རྒྱ་ཆེན་སྤྱོད་པ་ལ་ཐུབ་དབང་གི་གཡས་ཕྱོགས་བྱམས་མགོན་ནས་ཐོགས་མེད་སྐུ་མཆེད། དེ་ནས་རྩ་བའི་བླ་མའི་(༡༡ན)བར་དང༌། ཡང་བྱམས་མགོན་ནས་མགོན་པོ་ཞི་བ་ལྷ། དེ་ནས་རྩ་བའི་བླ་མའི་བར་ཏེ་རླབས་ཆེན་རྒྱལ་སྲས་སྤྱོད་པའི་བརྒྱུད་པ་རྣམས་གྲལ་ཉིས་བརྩེགས་ལྟ་བུ་དང༌། གཡོན་དུ་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་སྤྱི་འདྲེ་ལྟར་གསལ་འདེབས་དགོས་ཤིང༌། ཚོགས་ཞིང་ཉེར་བསྡུ་བྱས་ཏེ་བླ་མ་རང་གི་སྤྱི་གཙུག་ཏུ་ཕེབས་ནས། བླ་མ་ཐུགས་རྗེ་ཆེན་པོར་གསལ་འདེབས་དགོས་ཚུལ་མི་འདྲ་བའི་ཁྱད་ཡོད། དེ་ནས་བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་བར་འདིར་འབུལ་དགོས་པ་ནི། ཉེར་ལེན་དམིགས་རྣམ་སྐྱོང་བ་གནད་དུ་འགྲོ་བ་ལ་ལྷན་ཅིག་བྱེད་རྐྱེན་ཚོགས་བསགས་སྒྲིབ་སྦྱོངས་ཀྱི་རིམ་པ་ལ་འབད་དགོས་པ་ནི། ཞིང་ས་གཤིན་པོ་ལ་ས་བོན་བཏབ་ན་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བའི་དཔེ་དང་འདྲ་བས། དེ་ཡང་རྒྱུ་རྐྱེན་གཉིས་ཀྱི་ནང་ནས་རྐྱེན་གལ་ཆེ་ཚུལ་ནི། རྣམ་འགྲེལ་ལས། སྲིད་པའི་སྲིད་ལས་རྣམ་བརྒལ་བས། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་པའི་དོན་དང་སྦྱར་ནས་ཞིབ་ཏུ་བསྩལ། བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་ཚུལ་གོ་རིམ་སོགས་བྱིངས་བདེ་ལམ་ནང་ལྟར་ལ་ཕྱག་འཚལ་བའི་ཚུལ་ལུས་ངག་ཡིད་གསུམ་གྱི་ཕྱག་གསུམ་ཡོད་པའི་ནང་ནས། གཙོ་བོ་ཡིད་(༡༡བ)ཀྱི་སྒོ་ནས་སྐྱབས་ཡུལ་རྣམས་ལ་བློ་ལིངས་ཀྱི་བཀལ་ནས་ཕྱག་འཚལ་བ་འདི་རང་གཙོ་ཆེ་ཞིང༌། ཕྱི་མ་གཉིས་ཚོན་དོན་གང་ཡིན། དེ་ཡང་བློ་རྦད་དཻ་མ་བཀལ་ན། རང་གི་དཔོན་པོ་ལྟ་བུར་བློ་མ་གཏད་པར་ཕྱིན་ཁ་ལོག་གི་ལུས་ཀྱིས་ཕྱག་སོགས་གུས་འདུད་བྱས་ཀྱང་མི་མཉེས་པའི་དཔེ་དང་སྦྱར་ནས་གསུངས། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་ཡོད་ཚུལ་ཡང༌། ས་མཐོན་པོར་བཞུགས་པའི་སེམས་དཔའ་རྣམས་ལ་དངོས་གནས་ལ་འབྱུང་ཡང༌། ལས་དང་པོ་བས་ཀྱང་ད་ལྟ་ནས་མོས་བློ་སྦྱོང་དགོས་པ་དང༌། དེ་ལ་མཚན་ཉིད་པ་ཚོས། མངོན་པ་མཛོད་ནས་གཟུགས་ཅན་གྱི་སྙིང་པོ་གཅིག་གིས་གཅིག་ཤོས་ཀྱི་གོ་འགོག་ནུས་པས་འགལ་ཚུལ་མང་ཡང༌། འདི་ཡིད་བློ་རྟོག་པར་དངོས་གནས་ལ་འཆར་བ་མྱོང་བས་གྲུབ་པ་ནི། རང་རེ་རྣམས་འཐུང་རྒྱུའི་ཇའི་ལྦུ་བའི་ནང་དུ་གཟུགས་བརྙན་སྣ་ཚོགས་ཤར་བ་ནི། དཔལ་ཁུད་ཐང་དུ་རྗེ་བཙུན་མི་ལས་གཡག་རུའི་ནང་དུ་བདེ་འབོལ་ལེ་མགུར་གསུང་གིན་ཞུགས་པའི་ལོ་རྒྱུས་བཅས་ཞིབ་པར་གསུངས་ཤིང༌། མདོར་ན་རྡུལ་ཕྲན་རེ་རེའི་སྟེང་ན་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་དང༌། ཚོགས་ཞིང་སོགས་དེ་དག་རེ་རེའི་མདུན་ན་རང་ཉིད་ལ་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བ་རེ་རེ་སྤྲུལ་ནས་ཕྱག་འཚལ་བ་དང༌། དེ་དག་ལ་བསླབ་བཏུས་ནས་འབྱུང་བའི་མཆོད་ཡོན་ཕལ་ཆེར་ཞེས་སོགས་ཀྱི་སྒོ་ནས་མཆོད་(༡༢ན)པ་འབུལ་ཚུལ་ཡང༌། མེ་ཏོག་ལྟ་བུ་རང་གི་སྙིམ་པ་གང་ཕུལ་བ་དེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དེ་དག་གི་དྲུང་དུ། འགའ་ཞིག་དབུ་ཐོག་ལ་གདུགས་དང༌། རྒྱལ་མཚན་བླ་བྲེ་སོགས་དང༌། འགའ་ཞིག་མེ་ཏོག་གི་འཕྱང་ཕྲུལ། འགའ་ཞིག་ནམ་མཁའ་ལ་མཆོད་པའི་སྤྲིན་གྱི་དབྱིབས་ཅན། འགའ་ཞིག་ས་གཞི་ལ་མེ་ཏོག་བཅལ་དུ་བཀྲམས་པ་སོགས་མཆོད་པ་སྣ་ཚོགས་པ། དེ་དག་ཀུན་ཀྱང་མཆོད་པའི་བཀོད་པ་སྣ་ཚོགས་ཀྱི་འོད་ཟེར་བཀྱེ་བ། དྲི་ངད་ལྡང་བ། དེ་དག་སེམས་ཅན་སུ་འདྲ་ཞིག་གིས་མཐོང་བ་དང༌། རེག་པ་ཙམ་གྱིས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་པ་སོགས་རོལ་མོའི་བར་ལ་རིགས་འདྲ་བ་དང༌། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར་ཞེས་སོགས་ནི། བློ་སྦྱོང་འདི་གའི་ཁྱད་ཆོས་མཆོད་པ་འབུལ་ལུགས་དང༌། བཤགས་པའི་སྐབས་སུ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡིག་ལྟུང་བཤགས་པའི་ཁུར་རང་ཐོག་ཏུ་བླངས་ནས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་དགོས་པ་དང༌། རྗེས་སུ་ཡི་རང་སྐོར་ལ་སྒོམ་ཚུལ་གཟའ་མཚོ་ཉི་ཤུ་རྩ་ལྔའི་གཟའ་དཔོན་གྱི་དཔེ་དང༌། དེའི་ཕན་ཡོན་སྐོར་ལ་རྒྱལ་པོ་གསལ་རྒྱལ་དང༌། དབུལ་པོ་དེས་པའི་གཏམ་རྒྱུད་དང༌། རྗེས་སུ་ཡི་རང་སྒོམ་ལམ་ཁྱད་དུ་འཕགས་ཚུལ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་གཞུང་དང་སྦྱར་ཏེ་ཞིབ་ཏུ་གསུངས། ཆོས་འཁོར་བསྐོར་བར་བསྐུལ་ཚེ། རང་ཉིད་ལག་ན་(༡༢བ)གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་ཐོགས་པ་ནམ་མཁའི་ཁྱོན་གང་བར་སྤྲུལ་ནས་རེ་ཞིག་ཆོས་མི་གསུང་བའི་ཚུལ་སྟོན་པའི་བླ་མ་དང་སངས་རྒྱས་བྱང་སེམས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པ་ཀུན་ལ་གསོལ་བ་ཇི་ལྟར་བཏབ་པ་བཞིན་ཞལ་གྱིས་བཞེས་བྱུང་བའི་མོས་བློ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་སྐབས། ཚོགས་ཞིང་རྣམས་ལ་གསེར་གྱི་ཁྲི་རྡོ་རྗེ་རྒྱ་གྲམ་བརྒྱན་པ་རེ་ཕུལ་ནས་བསྐལ་བརྒྱར་བཞུགས་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་ན། རང་ཉིད་ཀྱི་ཚེ་སྒྲུབ་མཆོག་ཏུ་འགྱུར་བ་དང༌། བསྔོ་བའི་སྐོར་ལ་ཡང་སྤྱིར་ལམ་རིམ་གྱི་སྐབས་ལྟར་ལ། ཁྱད་པར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་འབྱོངས་ཏེ་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་ཁོ་ནར་བསྔོ་ཚུལ་བཅས་ཞིབ་པ་བདེ་ལམ་གྱི་ཟིན་བྲིས་ན་གསལ་བ་ལྟར་ལ། བློ་གྲོས་དང་རྩོལ་བ་ཆེ་བ་རྣམས་ཀྱིས་ནི་སྤྱོད་འཇུག་ནས་གསུངས་པའི་ཡན་ལག་བདུན་པ་བློ་ལ་བཟུང་ནས་ཁ་བཏོན་དུ་བྱས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པའི་ཐབས། ཁྱད་པར་ཅན་དུ་འགྱུར་ཚུལ་དམིགས་རྣམ་གསལ་ཞིང་བློ་ཁུལ་ཆེ་བ་དང་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡོངས་གསུངས། དེ་ནས་དམིགས་པ་གསལ་བར་བྱས་ནས་མཎྜལ་འབུལ་བ་ལ་མཎྜལ་གྱི་ཁྲིད་རྒྱས་པ་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་ལ། ཁྱད་པར་བློ་སྦྱོང་གི་སྐབས་ནམ་མཁའི་ཁམས་ཐམས་ཅད་(༡༣ན)སངས་རྒྱས་ཀྱི་ཞིང་ཁམས་སུ་སྤྲུལ་ནས་འབུལ་ལུགས་བསླབ་བཏུས་ནས་འབྱུང་བ་ལྟར་དགོས་ཤིང༌། དེ་ནས་བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་ཞེས་སོགས་རྗེ་རང་གི་བཞེད་པའི་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་ཚུལ་འདི་རང་ལན་གསུམ་གྱི་བར་དུ་མ་ཐ་བྱས་ནས་ངེས་པར་འདོན་ཅིང༌། དེ་ནས་ལམ་རིམ་གསོལ་འདེབས་དང༌། ཁྱད་པར་རླབས་ཆེན་སྤྱོད་པའི་བརྒྱུད་ཀྱི་བླ་བརྒྱུད་ཀྱི་གསོལ་འདེབས་རྒྱས་བསྡུས་གང་རིགས་དང༌། བསྡུས་པ་འདོན་ཚེ། ཞི་བ་ལྷ་དང་ཞེས་སོགས་རྒྱ་ཆེན་སྤྱོད་རྒྱུད་ཀྱི་མཇུག་ཏུ་སྦྱར་ན་ཡག་པོ་ཡོང་གསུང༌། དེ་ནས་ཚོགས་ཞིང་རྣམས་བདེ་ལམ་གྱི་སྐབས་ལྟར་བསྡུས་ནས་རང་གི་སྤྱི་བོར་གདན་དྲངས་ཏེ། བླ་མ་ཐུགས་རྗེ་ཆེན་པོ་བཅུ་གཅིག་གི་ཞལ་སོགས་གང་རིགས་དང༌། བྱུང་ན་སྤྱན་རས་གཟིགས་ཕྱག་བཞི་པ་རང་ལ་གསལ་བཏབ་ན་བྱིན་རླབས་ཆེ་ཞིང༌། དེ་ལྟར་ངེས་པར་གསལ་འདེབས་དགོས་པ་བློ་སྦྱོང་འདི་གའི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཚུལ་དང༌། དེ་ནས་དེ་ལ་དམིགས་ནས། གང་གི་དྲིན་གྱིས་བདེ་ཆེན་ཞེས་སོགས་དང༌། དངོས་བཤམས་ཡིད་སྤྲུལ་མཆོད་པ་ཞེས་སོགས་དང༌། གླིང་བཞི་ཉི་ཟླ་ཞེས་སོགས་ཀྱི་མཎྜལ་ཕུལ་ནས་ཕུར་ཚུགས་གསོལ་འདེབས་སྐབས་ཡིད་ཀྱི་བླ་མ་སྤྱན་རས་གཟིགས་ཀྱི་ཞབས་ལ་འཇུས་པའི་མོས་པ་དང༌། ལག་པ་ཐལ་མོ་སྦྱར་ཏེ། དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་(༡༣བ)གསོལ་བ་འདེབས་སོ་ཞེས་པ་འདི་ཡང་བརྒྱ་རྩ་སོགས་གང་མང་དང༌། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་ཞེས་སོགས་དང༌། ཁྱད་པར་དུ་ཡང་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་རྒྱུད་པ་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་མངའ་བ། ངེས་པའི་དོན་གྱི་མདོ་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རློབས་ཏུ་གསོལ། འབྱོར་པ། རྒུད་པ། མཐོ་བ། དམའ་བ། བདེ་བ། སྡུག་པ། ན་བ། འཆི་འཕོ་བ་དང༌། སྐྱེ་བའི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་པར་མངོན་དུ་འགྱུར་བར་བྱིན་གྱིས་རློབས་ཏུ་གསོལ། རྐྱེན་དང་བར་ཆད་ཅི་བྱུང་ཡང་ཆོས་འདིའི་གྲོགས་སུ་འཁྱེར་ནུས་པར་བྱིན་གྱིས་རློབས་ཏུ་གསོལ་ཞེས་ལན་མང་དུ་གདུང་ཤུགས་དྲག་པོས་གསོལ་བ་གདབ་དགོས་པའི་ཞིབ་ཆ་དང་བཅས་སྩལ། དེ་ནས་སྤྱི་བོའི་བླ་མ་སྤྱན་རས་གཟིགས་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་འཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བྱེད། གཉིས་པ་དངོས་གཞི་བཤེས་གཉེན་བསྟེན་པའི་ཚུལ་ལ། དེ་ཡང་བློ་སྦྱོང་གཞན་རྣམས་ན་བཤེས་གཉེན་བསྟེན་ཚུལ་སྐབས་འདིར་འབྱུང་བའི་ངེས་པ་མེད་པ་ནི། ལམ་རིམ་གྱིས་བློ་སྦྱངས་ནས་ཡ་ཚད་ལ་སླེབས་དུས། སྔོན་འགྲོའི་(༡༤ན)ཆོས་བཞི་མདོར་བསྡུས་ཏེ་བསྒོམས་ནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་ལ་འཇུག་པའི་དབང་དུ་བཏང་ཞིང༌། བདག་ཅག་གི་འདྲེན་པ་བླ་ན་མེད་པ་རྗེ་བདག་ཉིད་ཆེན་པོ་རང་གི་འདིའི་ཁྲིད་ཧོར་སྟོན་པ་ལ་གནང་བ་དེ་ནས་བརྒྱུད་པ་དང༌། རྗེ་དགེ་འདུན་གྲུབ་ཀྱིས་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་བརྒྱུད་ཚུལ་བཅས་ཀྱི་དགོངས་པ་མཐར་ཐུག་གི་ཉམས་སུ་ལེན་ཚུལ་ནི། བྱང་ཆུབ་ལམ་རིམ་ནང་ལྟར་བཤེས་གཉེན་བསྟེན་ཚུལ་རང་ལ་ཐོག་མར་ནན་ཏན་བྱས་ནས་དམིགས་སྐོར་འོག་མ་རྣམས་ལ་འཇུག་དགོས་པ་ནི་མདོ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ཐུབ་རྣམས་ཀྱི་དགོངས་པ་ཡིན་ཅིང༌། དེ་ལ་དགོངས་ནས་རྗེ་རིན་པོ་ཆེས་ཡང་ཟབ་མོ་དབུ་མའི་ལྟ་བ་འདི་རྟོགས་དཀའ་ཞིང༌། རྟོགས་ན་དོན་ཆེ་བ་དང༌། རང་ཉིད་ཀྱི་བླ་མ་རེད་མདའ་བ་ཆེན་པོ་ཡང་བོད་སྔ་རབས་པའི་ཡོད་མིན་མེད་མིན་གྱི་ལྟ་བ་རང་ལ་ཐུགས་བཞེད་ཆེ་བས། བོད་འདིར་ལྟ་བ་རྣམ་དག་ཞིག་སྟོན་མཁན་མེད་པར་གཟིགས་ནས། རྒྱ་གར་རང་ལ་ལྟ་བའི་ཕུ་ཐག་གཅོད་པར་ཕེབས་དགོངས་ནས་ཕར་ལམ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་རྒྱ་གར་དུ་མི་བྱོན་པའི་གཤོལ་བཏབ། ཡི་དམ་གསང་བའི་བདག་པོས་རེ་ཞིག་དབེན་པ་བསྟེན་ལ་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གཏད་དཻ་གསོལ་བ་ཤུགས་དྲག་ཏུ་བཏབ་ནས་བསག་སྦྱང་རྒྱ་ཆེན་པོ་ལ་འབད་ན་རིང་པོར་མི་ཐོགས་(༡༤བ)པར་ཟབ་མོ་དབུ་མའི་ལྟ་བ་རྟོགས་པར་འགྱུར་རོ་ཞེས་ཐོག་མར་བླ་མ་རང་ལ་བསྟེན་དགོས་པ་གསུངས། དེ་ལྟར་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བཟུང་ནས་བསག་སྦྱང་རྒྱ་ཆེན་པོ་ལ་འབད་པའི་སྒོ་ནས་གཙོ་བོ་མདོ་སྡེ་ཕལ་པོ་ཆེའི་དགོངས་པ་མཐའ་དག་ཉམས་བཞེས་སུ་མཛད་པར་ཐོག་མར་ཅུང་རྟོགས་དཀའ་ཡང་མཐར་ལེགས་པོ་བྱུང་ཚུལ་དང༌། དེར་མ་ཟད་བསྟན་བཅོས་མངོན་རྟོགས་རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །ཞེས་སོགས་གསུངས་པ་ལྟར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གོང་འཕེལ་རང་དུ་འགྲོ་དགོས་པའི་ཚུལ་རྒྱ་ཆེར་སྩལ། དེ་ཡང་ཐོག་མར་བླ་མ་དེ་གང་ལ་ཟེར་ངོ་ཤེས་དགོས་པས། དེ་ཡང་བླ་མའི་སྐད་དོད་གུ་རུ་ཞེས་བླ་ན་ཡོད་པའམ། གོང་ན་ཡོད་པ་ཞིག་ལ་ཟེར་བས་རང་ལ་ཡོན་ཏན་ཆེ་བ་ཞིག་གི་ཡར་ཤོག་ཟེར་བ་ལྟ་བུ་དགོས་ཀྱི། རང་ལས་དམན་པས་ཚེ་འདིའི་ཕུན་ཚོགས་ལ་སྦྱོར་བ་སོགས་མར་ཐེན་མཁན་ཞིག་གི་བླ་མ་མི་ཡོང་བ་ནི། དམན་པ་བསྟེན་པའི་མི་དག་ཉམས་འགྱུར་ཞིང༌། །ཐད་ཀ་བསྟེན་པའི་སོ་ན་གནས་པ་དང༌། །དམ་པ་བསྟེན་པའི་མཆོག་ཏུ་འགྱུར་བ་དེ། །དེ་བས་རང་ལས་ཆེས་མཆོག་བླ་མ་བསྟེན་ཞེས་གསུངས་པ་ལྟ་བུ་ཡིན་གསུངས། དེ་ཡང་རབ་ཏུ་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་གྱི་ཡོན་ཏན་བཅུ་དང་ལྡན་པ་དང༌། དེ་མིན་དཔུང་བཟང་གིས་(༡༥ན)ཞུས་པའི་རྒྱུད་ནས་གསུངས་པའི་ཡོན་ཏན་དེའི་བརྒྱད་ཆ་བཞི་གང་རུང་དང་ལྡན་པ་དང༌། མ་ཐ་ཡང་ཚུལ་ཁྲིམས་གཙང་ཞིང་ཚེ་འདི་ལས་ཕྱི་མ་གལ་ཆེ་ཟེར་མཁན་ཞིག་དགོས་པར་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོའི་མན་ངག་ནས་གསུངས་ཞིང༌། གཉིས་པ་བསྟེན་ཚུལ་དངོས་ལ་ས་བཅད་ལྔ་ཡོད་དེ། བླ་མ་བསྟེན་པའི་ཕན་ཡོན། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་སུ་དྲན་པ། སྦྱོར་བས་མཉེས་པར་སྒྲུབ་པ་སྟེ། དོན་མཚན་ལྔའི་སྒོ་ནས་བསམ་དགོས་གསུངས།

དེ་ལ་དང་པོ་ཕན་ཡོན་ནི། དེ་ཡང་སློབ་མ་སྣོད་རུང་ཞིག་གིས་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཐུགས་གཏིང་ནས་དགྱེས་ཏེ་སྤྱན་མ་དྲངས་པར་ཡང་བྱོན་ནས་བླ་མ་དེའི་ལུས་ལ་ཞུགས་ཏེ་སློབ་མ་དེའི་མཆོད་པ་རྣམས་དགྱེས་བཞིན་དུ་བཞེས་ཤིང༌། ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བའི་ཞིང་མཛད་དེ་རྒྱུད་བྱིན་གྱིས་བརླབས་པས་ཚོགས་གཉིས་མྱུར་དུ་རྫོགས་པ་དང༌། སྡིག་སྒྲིབ་རྣམས་མྱུར་དུ་བྱང་བ་དང༌། ས་ལམ་མྱུར་དུ་བགྲོད་པ་དང༌། ནམ་ཡང་དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་དང༌། མི་དང་མི་མ་ཡིན་གྱི་གནོད་འཚེས་མི་ཚུགས་པ་དང༌། སྔོན་གྱི་ལས་ངན་པའི་འབྲས་བུ་ཡང་རྨི་ལམ་དུ་མྱོང་བ་ཙམ་གྱིས་དག་པར་འགྱུར་བ་དང༌། ཕྱོགས་བཅུའི་(༡༥བ)སངས་ རྒྱས་ཐམས་ཅད་མཆོད་པ་ལས་རང་གི་བླ་མའི་བ་སྤུའི་བུ་ག་གཅིག་མཆོད་པ་བསོད་ནམས་ཆེ་བ་སོགས་ཕན་ཡོན་མཐའ་ཡས་པ་དང༌། དེར་མ་ཟད་འབྲོམ་རིན་པོ་ཆེས་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཚུལ་བཞིན་དུ་བསྟེན་པ་དང༌། རྒྱལ་བ་ཙོང་ཁ་པ་ཆེན་པོས་བླ་མ་རྗེ་བཙུན་རེད་མདའ་བ། བྱམས་མགོན་བླ་མ་རིན་པོ་ཆེས་རྗེ་སྒྲུབ་ཁང་པ་ཆེན་པོ་ཚུལ་བཞིན་དུ་བསྟེན་པའི་མཐུ་ལས་ཁོང་རྣམས་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་ཚུལ་བཅས་དེ་དག་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་པའི་ཕན་ཡོན་ཡིན་ཚུལ་གསུངས། མ་བསྟེན་ཉེས་དམིགས་ལ། བཤེས་གཉེན་དུ་བཟུང་ནས་བསྟེན་ཚུལ་ལོག་ན་ནི། ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་དང༌། ཕྱི་མར་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་བ་འཇིགས་སུ་རུང་བ་མཐའ་ཡས་པ་དུས་ཡུན་རིང་པོའི་བར་དུ་མྱོང་དགོས་པ་དང༌། ཡོན་ཏན་སྔར་མ་སྐྱེས་པ་རྣམས་གསར་དུ་མི་སྐྱེ་ཞིང༌། སྐྱེས་པ་བཞིན་སྐད་ཅིག་རེ་རེ་བཞིན་གྱིས་ཉམས་པར་འགྱུར་བ་དང༌། རྒྱལ་བ་སྲས་དང་བཅས་པས་རྣམ་པ་ཀུན་ཏུ་སྨད་ཅིང༌། མཆོད་པ་ཇི་ཙམ་ཕུལ་ཡང་མི་བཞེས་པ་སོགས་ཉེས་དམིགས་ཤིན་ཏུ་ཆེ་བར་མདོ་རྒྱུད་ཐམས་ཅད་ནས་ལན་ཅིག་ཙམ་མིན་པར་གསུངས་ཞིང༌། དེར་མ་ཟད་གྲུབ་ཆེན་ནག་པོ་པས་བཅས་གྲུབ་ཆེན་ཛ་ལེན་དྷ་ར་པའི་བཀའ་བཅག་པར་མཁའ་འགྲོ་མའི་བར་གཅོད་བྱུང་ཚུལ་དང༌། ཡེ་(༡༦ན)ཤེས་ཞབས་ཀྱི་རང་གི་བླ་མ་གྲུབ་ཐོབ་ཕག་ཚང་པ་ཕེབས་དུས་ལྡང་བ་མ་བྱས་པར་སྤྱན་བསྡུས་པའི་རྐྱེན་གྱིས་ཡེ་ཤེས་ཞབས་ཀྱི་སྤྱན་དེ་མ་ཐག་ཏུ་ས་ལ་ལྷུང་བའི་ལོ་རྒྱུས་ཀྱང་ཞིབ་ཏུ་གསུངས། ཁྱད་པར་མི་དགེ་བའི་བཤེས་གཉེན་དང༌། སྡིག་པའི་གྲོགས་པོ་དང༌། རང་གི་བླ་མ་ལ་དམ་ཉམས་པ་ལ་ཟས་གཏམ་གྱི་འདྲེས་གླེང་ཙམ་བྱས་ཀྱང་རྐྱེན་ཆེ་ཚུལ་སོགས་རྒྱས་པར་གསུངས།

གསུམ་པ་རྩ་བ་དད་པ་སྦྱང་བའི་ཚུལ་ལ། སྤྱི་བོར་བླ་མ་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རང་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་སྤྲོས། དེར་མདུན་གྱི་ནམ་མཁའི་གནས་སུ་གསལ་འདེབས་ལུགས་བདེ་ལམ་ལྟར་ལ། རྩ་བ་དད་པ་སྦྱངས་ནས་བླ་མ་སངས་རྒྱས་སུ་ལྟ་བ་ལ། གྲོང་ལུང་པ་ཆེན་པོའི་སྟན་རིམ་ནས་གསུངས་པ་ལྟར། བདག་རྐྱེན་གྱི་སྒོ་ནས་བླ་མ་སངས་རྒྱས་སུ་སྒྲུབ་ལུགས། བྱིན་གྱིས་བརླབས་པའི་སྒོ་ནས་བླ་མ་སངས་རྒྱས་སུ་སྒྲུབ་ལུགས། མཛད་པ་མཛད་ཚུལ་གྱི་སྒོ་ནས་བླ་མ་སངས་རྒྱས་སུ་སྒྲུབ་ལུགས་དང་གསུམ་ཡོད་པས། དང་པོ་ནི་རང་ལ་བླ་མས་ཆོས་གང་བསྟན་པ་ཐམས་ཅད་རྣམ་དཀར་གྱི་ཡོན་ཏན་ཡིན་ལ། དེ་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་ཡིན་དགོས། སངས་རྒྱས་ཀྱི་འཕྲིན་ལས་ཡིན་ན་རང་རྒྱུ་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་འབྱུང་དགོས། དེ་འདྲའི་ཡེ་ཤེས་ཆོས་སྐུ་དེ་རྒྱུད་ལ་ལྡན་ཕྱིན་སངས་རྒྱས་ཡིན་དགོས། དེ་འདྲའི་བདག་རྐྱེན་གྱི་(༡༦བ)ཡེ་ཤེས་ཆོས་སྐུ་དེ་རང་ལ་ཆོས་སྟོན་པའི་བླ་མ་དེའི་རྒྱུད་ལ་མ་གཏོགས་འགྲོ་ས་མེད་པས་བླ་མ་སངས་རྒྱས་སུ་འགྲུབ་ཚུལ་དང༌།

གཉིས་པ་ནི། བརྒྱད་སྟོང་པའི་མདོ་ལས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསྟན་པ་ཐམས་ཅད་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ། །ཞེས་རང་ཉིད་ལ་རང་གི་བླ་མས་བསྟན་པའི་ཆོས་དེ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་མཐུ་ཡིན་པས་ཆོས་སྟོན་པའི་སྐབས་དེར་སངས་རྒྱས་ཀྱི་མཛད་པ་མཛད་མཁན་ལ་སངས་རྒྱས་རང་ལས་འོས་མེད་པའི་བླ་མ་སངས་རྒྱས་སུ་འགྲུབ་ཚུལ་སོགས་འདི་དག་གི་ཞིབ་ཆ་རྒྱས་པ་བདེ་ལམ་ཟིན་བྲིས་ན་ཡོད་དོ། ཁྱད་པར་སྡོང་པོ་བཀོད་པའི་མདོ་ལས་གསུངས་པའི་བུ་མཛངས་པ་ལྟ་བུ་སོགས་སེམས་དགུས་དགེ་བའི་བཤེས་གཉེན་བསྟེན་ལུགས་རྒྱས་པར་སྩལ་ཞིང༌། དེའི་ནང་ནས་ཀྱང་བླ་མའི་ཞབས་འདེགས་ངན་ལས་ཀྱི་རིགས་ལ་ཁུར་ཐེག་པ་དགོས་ཚུལ་དཔེར་བཅས་པ་ཞིབ་པར་སྩལ་ཡང་ཡི་གེས་འཇིགས་ནས་མ་སྤྲོས་ཤིང༌། དེ་ཡང་བདེ་ལམ་ཟིན་བྲིས་ན་ཞིབ་པར་ཡོད།

མདོར་ན་ཉོན་མོངས་པའི་གཉེན་པོ་དང་ཐར་པའི་ཕན་ཡོན་སྟོན་པའི་ཆོས་ཚིག་གཅིག་ཙམ་གང་ཟག་སུའི་ཁ་ནས་བྱུང་ཡང་ཚིག་དེ་སངས་རྒྱས་ཀྱི་གསུང་ཡིན་པས་གང་ཟག་དེ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང༌། དེའི་རྒྱུད་ལ་སངས་རྒྱས་ཡེ་ཤེས་ཞུགས་པ་ཡིན་པས་སངས་རྒྱས་སུ་བལྟ་དགོས་ཤིང༌། དེའི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ལམ་(༡༧ན)ཚང་ལ་མ་ནོར་བ་སྟོན་པའི་བླ་མ་རྣམས་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་མཛད་པ་པོ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཐུགས་རྒྱུད་ལ་ཞུགས་པ་ཡིན་པས་གདོན་མི་ཟ་བས། བདག་གི་དཔལ་ལྡན་བླ་མ་དམ་པ་འདི་རྣམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད་དོ་སྙམ་དུ་སྙིང་ཐག་པ་ནས་དད་པ་བསྒོམ་ཞིང༌། དེ་ལྟར་བཅོས་མིན་གྱི་དད་པ་ཤུགས་དྲག་པོ་སྐྱེ་བར་བླ་མ་ལྷས་བྱིན་གྱིས་རློབས་ཏུ་གསོལ་ཞེས་གསོལ་བར་ཤུགས་དྲག་ཏུ་འདེབས་དགོས་སོ་གསུངས།

བཞི་པ་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་ནས་གུས་པ་བསྐྱེད་ཚུལ་ནི་སྤྱིར་བདེ་ལམ་སྐབས་ལྟར་དང༌། ཁྱད་པར་བདག་གི་དཔལ་ལྡན་བླ་མ་དམ་པ་འདི་རྣམས་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་སྟེ། བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱིས་འདུལ་བར་མ་ནུས་པར་ཡལ་བར་བོར། ཐོག་མེད་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང༌། སྒོས་ངན་སོང་གི་གནས་རྣམས་སུ་རང་དབང་མེད་པར་འཁྱམས་འཁྱམས་ནས་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མ་ཐོས་པར་སྡུག་བསྔལ་བར་མ་ཆད་དུ་མྱོང་བ་ལ། སྟབས་ལེགས་ཀྱི་དབང་གིས་ད་རེས་བླ་མ་རྣམས་ཀྱི་ཐུགས་རྗེས་མིའི་ལུས་རྟེན་ཐོབ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་དང་མཇལ། ལམ་ཚང་ལ་མ་ནོར་བའི་སྙན་བརྒྱུད་ཀྱི་གདམས་(༡༧བ)པ་འདི་འདྲ་ཐོབ། སངས་རྒྱས་དངོས་སུ་མཇལ་ཡང་འདི་ཕན་མཛད་རྒྱུ་མི་འདུག་པས་བཀའ་དྲིན་ལ་འཁོར་མཐའ་མ་མཆིས། རང་དང་རང་འདྲ་གཞན་ལ་བལྟས་ནའང་བླ་མའི་བཀའ་དྲིན་འཁོར་མཐའ་མེད་པ་ཤེས་ནུས་ཏེ། རང་དང་རང་མཉམ་དང་ད་ལྟ་རང་གི་གོང་དུ་ཡོད་པར་རློམ་པ་རྣམས་ལ་ཞིབ་ཏུ་བརྟགས་ན་ཕལ་ཆེར་སྡུག་བསྔལ་བརྒྱ་ཕྲག་དུ་མས་མནར་ནས་མེ་དོང་དུ་ལྷུང་བ་འདྲ་བ་འབའ་ཞིག་འདུག་པ་ལ། བདག་རང་གི་བླ་མའི་ཐུགས་རྗེས་ཁྱིམ་ནས་བྱུང་སྟེ་ལུས་ལ་ཆོས་གོས་བགོས། ངག་ནས་སངས་རྒྱས་ཀྱི་གསུང་རབ་འདོན། ཡིད་ལ་འཇིག་རྟེན་ཕྱི་མའི་དོན་སེམས་ཤིང་དབེན་པའི་རི་སུལ་ན་དྲང་སྲོང་གི་ཚུལ་གྱིས་གནས་ཆོག་པ་འདི་འདྲ་བ་བླ་མའི་བཀའ་དྲིན་མིན་ན་སུའི་དྲིན་ཡིན། རང་གི་ངོས་ནས་དང་པོ་སྣ་ཕྱི་བ་ཙམ་ཡང་མི་ཤེས་པ་ཞིག་ཡིན་པ་ལ། བླ་མས་ཐབས་མཁས་ཀྱི་སྤྲུལ་པ་སྣ་ཚོགས་བསྟན་ནས་འགའ་ཞིག་གིས་ཡི་གེ་བསླབས། འགའ་ཞིག་གིས་སྐྲ་བཅད། འགའ་ཞིག་གིས་སྡོམ་པ་འབོག་པ་སོགས་སྐུའི་རྣམ་པ་དུ་མ་བསྟན་ནས་ཆོས་སྒོ་སྣ་ཚོགས་ནས་བསླབ། མཐུན་རྐྱེན་སྒོ་མཐའ་དག་ནས་ཚང་བར་མཛད། འགལ་རྐྱེན་སྒོ་མཐའ་དག་ནས་བསྲུངས་ཏེ་བོང་བུ་མི་ཁྱུར་ཚུད་པ་འདྲ་བ་ཞིག་མངོན་སུམ་གྱིས་གྲུབ་པས་ན་བཀའ་དྲིན་ཤིན་ཏུ་ཆེ། དེར་མ་ཟད་མདོར་ན་རང་གི་རྒྱུད་ལ་སྐྱོན་སྣ་གཅིག་འགགས་པ་དང༌། ཡོན་ཏན་སྣ་གཅིག་སྐྱེས་པ་ཡན་ཆད་རྣམ་དཀར་གྱི་ཡོན་ཏན་ཅི་ཡོད་ཐམས་ཅད་(༡༨ན)བླ་མ་ཁོ་ནའི་བཀའ་དྲིན་ཡིན་ཏེ། ཇོ་བོ་རྗེ་ཉིད་ཡོན་ཏན་ཐམས་ཅད་སྦ་ཅི་ཐུབ་མཛད་པ་ལ་སྐུ་ཡོན་འདི་དང་འདི་འདྲ་བ་ཞིག་མངོན་སུམ་གྱིས་བསྒྲུབས་པས་ན་བཀའ་དྲིན་ཤིན་ཏུ་ཆེ་འདུག་པ་ཞུས་ཙ་ན་དེ་བླ་མའི་བཀའ་དྲིན་ཡིན་གསུངས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཚིགས་སུ་བཅད་པ་རེ་རེའི་ཕྱིར་དུ་ཡང་སྐུ་གཟུགས་ལ་ལྕགས་གཟེར་སྟོང་གིས་བཏབ་པ་དང༌། སྐུའི་པགས་པ་བཤུས་པ་ལ་རུས་པའི་སྨྱུག་གུ་བྱས། སྐུ་ཚལ་གྱི་སྣག་ཚ་བྱས་ཏེ་ཡི་གེ་བྲྀས་དགོས་བྱུང་བ་དང༌། སྐུ་ལ་མར་མེ་སྟོང་འཛུགས་པ། མེ་དོང་དུ་མཆོང་བ་སོགས་དཀའ་སྤྱད་དེ་འདྲ་མཛད་དགོས་བྱུང་འདུག །ད་ལྟ་རང་རེ་རྣམས་དཀའ་སྤྱད་གང་ལ་ཡང་མ་ལྟོས་པར་ཕ་བཟང་གི་བུ་ལ་བསླབ་པ་ལྟར་དུ། བཀའ་དགོངས་འགྲེལ་དང་བཅས་པའི་གསུང་རབས་ཐམས་ཅད་ལྷུག་པར་འདོམས་པའི་བཀའ་དྲིན་འདི་འདྲ་ཇི་ལྟར་འཁོར་ནུས་ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་དམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གདམས་ངག་འདི་ལྟར་དུ་སྟོན་པའི་བཀའ་དྲིན་འདི་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་འཁོར་ཐབས་མེད་དོ་སྙམ་དུ་བཀའ་དྲིན་དྲན་པའི་གུས་པ་ཆེན་པོ་ཤུགས་དྲག་མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཤིང༌། དེ་ལྟར་སྐྱེ་བར་བླ་མ་ལྷས་བྱིན་གྱིས་རླབས་ཏུ་གསོལ་སྙམ་དུ་གསོལ་བ་ཤུགས་དྲག་ཏུ་གདབས་སོ་གསུང༌།

ལྔ་པ་སྦྱོར་(༡༨བ)བས་མཉེས་པ་སྒྲུབ་ཚུལ་ནི། མདོ་སྡེ་རྒྱན་ལས། བཀུར་བསྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །བསྟན་པ་ཇི་སྐད་བསྟན་པ་སྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་པ་ལྟར་མཉེས་པ་སྒྲུབ་པའི་སྒོ་གསུམ་སྟེ། རྙེད་པ་ཟང་ཟིང་འབུལ་བ་དང༌། བཀུར་བསྟི་ཕྱག་གཡོག་སྒྲུབ་པ་དང༌། ཁྱད་པར་བཀའ་བཞིན་སྒྲུབ་པ་མཆོད་པའི་མཆོག་ཡིན་གསུངས། ཞིབ་ཆ་བདེ་ལམ་སྐབས་ལྟར་དང༌། དེའི་ནང་ནས་ཟང་ཟིང་འབུལ་བ་ལའང་རང་གི་འབྱོར་ཁོས་ཅི་ཡོད་ཀྱི་སྟེང་ནས་བླ་མ་མཉེས་པར་བྱས་ཏེ་ཟང་ཟིང་གི་མཆོད་པ་ཅུང་ཟད་བཞེས་པ་བྱུང་ན་ཡང་བཀའ་དྲིན་ཆེ་བའི་འདུ་ཤེས་བསྐྱེད་དགོས། དེ་ཡང་བླ་མ་བསོད་ནམས་བསོགས་པའི་ཞིང་ས་བླ་ན་མེད་པ་ཡིན་པར་མདོ་རྒྱུད་གསུང་རབས་ཀུན་ནས་རྒྱ་ཆེར་གསུངས་པས། རང་གི་དངོས་པོ་ཡིད་དུ་འོང་བ་ཐམས་ཅད་བླ་མའི་ཕྱོགས་སུ་གཏོང་ཅི་ཐུབ་བྱེད། དེ་ཡང་རང་གིས་གྱོང་ཁུར་ནས་བླ་མ་ལ་ཕན་པ་སྒྲུབ་སྙམ་པའི་འདུ་ཤེས་མི་བྱེད། དཔེར་ན་ཞིང་པ་རྣམས་ཞིང་ལ་ས་བོན་འདེབས་པའི་ཚེ་འབྲུ་གྲངས་མེད་པ་ལ་འཕངས་པ་མེད་པ་གཏོར་ཀྱང་རང་ལ་གྱོང་བཀལ་ནས་ཞིང་ཁ་དེ་ལ་ཕན་བཏགས་རེ་དྲིན་གྱིས་བསྐྱངས་པའི་འདུ་ཤེས་ག་ལ་སྐྱེ། རང་ལ་སྟོན་དུས་དེ་ལས་བརྒྱ་འགྱུར་གྱི་འབྲུ་ཞིག་ཨེ་ཡོང་རེས་ལྷག་པར་ཡང་ཞིང་དེ་ལ་སོ་ནམ་སོགས་གཅེས་སྤྲས་སུ་བྱེད་པ་ལྟར། བླ་མ་ལ་མཆོད་པ་ཡང་འབུལ་ཅི་ཐུབ་བྱེད་པ་ཡང་(༡༩ན)རང་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཆེན་པོ་མི་ཟད་པ་ཞིག་འདོད་ནས་འབུལ་བ་ཡིན་པས་དཔེ་ལྟར་དུ་བལྟ་བར་བྱ་ཞིང༌། དེར་མ་ཟད་ལུས་ངག་གི་སྒོ་ནས་བསྙེན་བཀུར་བའང་སྒོ་དུ་མ་ནས་འབད་པ་སྒྲུབ་དགོས་ཏེ། བླ་མའི་ཕྱོགས་སུ་དཀའ་བ་སྤྱད་པ་ཐམས་ཅད་ཚོགས་བསོག་པ་དང༌། སྒྲིབ་པ་སྦྱོང་བའི་ཐབས་ཆེན་པོར་འགྱུར་ཞིང༌། རྗེ་བཙུན་རིན་པོ་ཆེ་སོགས་སྔོན་གྱི་དམ་པ་མང་པོས་བླ་མའི་དོན་དུ་དཀའ་སྤྱད་ཆེན་པོས་བྱས་པས། ལམ་གོང་མའི་རྟོགས་པ་ཁྱད་པར་ཅན་བརྙེས་པ་སོགས་ལོ་རྒྱུས་མང་དུ་འབྱུང་བ་ལྟར་ལ་ཞིབ་ཏུ་བསམས་ནས་ལག་ལེན་ལ་འདེབས་ཅི་ཐུབ་བྱེད། དེ་དག་ལས་གཙོ་བོ་ནི་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་པས། དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་ནི། དེ་ཡང་སློབ་མ་དེ་གཞི་ཚུལ་ཁྲིམས་གཙང་མ་ལ་གནས་ནས་ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་བསྐུལ་བ་ཞིག་དགོས། དེའི་ཚེ་སློབ་མ་རང་གི་ངོས་ནས་ཀྱང་བླ་མའི་བཀའ་བཞིན་བསྒྲུབ་པ་སྙིང་པོར་བྱེད་པ་ནི་བླ་མ་མཉེས་པའི་མཆོག་ཡིན་ཏེ། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི་སྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན་གསུང༌། མདོར་ན་བདག་གི་དགེ་བའི་བཤེས་གཉེན་འདི་རྣམས་ཀྱི་ཕྱིར་དུ་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་གཏོང་ཞིང༌། ཁྱད་པར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱའོ་མཉམ་དུ་ཚེ་འདིར་ཞེན་པ་ལོག་(༡༩བ)ཅིང༌། འཁོར་བ་ལས་ཐར་ཐབས་དང༌། ཁྱད་པར་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་ཅི་སྐྱེ་དང༌། གང་བྱས་དེ་ཉིད་འཕེལ་བའི་གྲོགས་སུ་བསྒྱུར་དགོས་ཚུལ་བཅས་ཞིབ་ཏུ་གསུངས་ཞིང༌། མཐར་ཐུན་བསྡུ་སྐབས་ཡང་བྱིངས་བདེ་ལམ་སྐབས་བཞིན་དང༌། ཁྱད་པར་དུས་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་ཞེས་སོགས་གསོལ་འདེབས་ཡུན་རིང་ལ་ཤུགས་དྲག་ཏུ་བྱས་ཏེ་ཐུན་མཚམས་ལ་འཇུག་ཅིང༌། ཐུན་མཚམས་སུ་སེམས་རྒྱ་ཡན་ལ་མ་བཏང་བར། དམ་པ་གོང་མ་རྣམས་ཀྱིས་བླ་མ་བསྟེན་པའི་རྣམ་ཐར་སོགས་ཀྱི་གསུང་རབས་ལ་བལྟ་ཞིང༌། ཟས་གོས་གནས་མལ་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་སྒོ་ནས་ཅི་གྱིས་སེམས་ཅན་དེ་ཉིད་གནད་དུ་འགྲོ་བའི་ཐབས་དང༌། མགོན་པོ་ཆོས་རྒྱལ་སོགས་ཆོས་སྲུང་རྣམས་ལ་འདི་ཉིད་མཐར་ཕྱིན་པའི་འཕྲིན་ལས་བཅོལ་དགོས་ཚུལ་ཞིབ་ཏུ་གསུངས།

 

གཉིས་པ་བསྟེན་ནས་སྔོན་འགྲོའི་ཆོས་བཞི་ལ་བསླབ་པ།

 

གཉིས་པ་བསྟེན་ནས་སྔོན་འགྲོའི་ཆོས་བཞི་ལ་བསླབ་པ་ལ། དལ་འབྱོར་དོན་ཆེ་རྙེད་དཀའ་བསམ་སྟེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསྐུལ་བ། འཆི་བ་མི་རྟག་པ་བསམས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསྐུལ་བ། ལས་འབྲས་བསམ་སྟཻ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བསྐུལ་བ། འཁོར་བའི་སྡུག་བསྔལ་བསམ་པའི་སྒོ་ནས་སེམས་བསྒོམ་པར་བསྐུལ་བ་དང་བཞི་ཡོད་པ་ནི། རྗེ་རིན་པོ་ཆེའི་ལམ་གཙོའི་(༢༠ན)དགོངས་པ་དང་ལམ་རིམ་སོགས་དང་ཤིན་ཏུ་ག་འགྲིག་ཅིང༌། རྒྱལ་སྲས་དངུལ་ཆུ་བས་སྐབས་འདིར། དལ་འབྱོར་འཆི་བ་མི་རྟག་པ། འཁོར་བའི་སྡུག་བསྔལ་བསམ་ཚུལ་གྱི་སྒོ་ནས་སེམས་བསྐྱེད་དགོས་ལུགས་གསུམ་གསུངས་ཀྱང༌། ལས་འབྲས་ཀྱི་སྐོར་འདི་སྐབས་འདིར་སྐྱེས་བུ་ཆུང་འབྲིང་གཉིས་ཀའི་སྐབས་སུ་གལ་ཆེ་ཡང༌། ལམ་རིམ་སོགས་སུ་སྐྱེས་བུ་ཆུང་ངུ་རང་དང་སྦྱར་བ་ནི། ངན་འགྲོའི་སྡུག་བསྔལ་བཤད་པའི་མཇུག་ཏུ། དེ་དག་ཏུ་སྐྱེ་བའི་རྒྱུ་དང་འབྲས་བུ་ལ་སྤང་བླངས་བྱ་བའི་ཕྱིར་ཡིན་ལ། དེ་ཡང་བཤེས་གཉེན་བསྟེན་ཚུལ་དང་དལ་འབྱོར་དང༌། འཆི་བ་མི་རྟག་པ་གསུམ་མགོ་འདིར་སྔོན་འགྲོ་ལྟ་བུར་སོང་བ་མ་ཡིན་པར། སངས་མ་རྒྱས་བར་དུ་གལ་ཆེ་ཚུལ་བདེ་ལམ་ཟིན་བྲིས་སུ་གསལ་བ་ལྟར་དང༌། ཁྱད་པར་བཤེས་གཉེན་བསྟེན་ཚུལ་ནས། ཟུང་འཇུག་གི་བར་སྔ་མ་མ་བོར་བའི་སྟེང་ནས་གོང་འཕེལ་དུ་གཏོང་དགོས་ཤིང༌། ཕྱི་མ་ཉམས་སུ་ལེན་སྐབས་སྔ་མ་རྣམས་སྐུར་ནས་བཞག་ན་ལམ་ལ་ས་ཕྱོད་ཐོན་སྐྱེད་གང་ཡང་མི་ཡོང་ཚུལ་དང༌། སྔ་མ་མ་བོར་བའི་སྟེང་ནས་ཕྱི་མ་བསྣན་པ་ཐོན་སྐྱེད་ཆེ་བའི་དཔེ་ནི། ཁ་རག་སྒོམ་ཆུང་པའི་བཞུགས་གནས་སྒྲུབ་ཕུག་གི་བྲག་ལོགས་ལ་བྱིའུ་ཞིག་ཐོག་མར་གཤོག་པས་ཆུ་དང་འབྱིན་པ་བྱུགས། དེ་ཁའི་འཕྲོ་མཐུད་ནས་འབྱིན་པའི་ཚང་བཅོས་པའི་ལོ་རྒྱུས་གསུང༌། དང་པོ་དལ་འབྱོར་ལ་ཡང་ཐུན་དངོས་དང༌། ཐུན་མཚམས་གཉིས། ཐུན་དངོས་ལ་སྦྱོར་དངོས་འཇུག་(༢༠བ)གསུམ། སྦྱོར་བ་ལ་ཡང་སྦྱོར་བའི་ཆོས་དྲུག་གི་བླ་མ་སྤྱན་རས་གཟིགས་སུ་གསལ་བཏབ་ནས་ཕུར་ཚུགས་གསོལ་འདེབས་བྱ་བའི་བར་སྔར་གོང་དུ་བཤད་པ་ལྟར་ཡིན་ཞིང༌། གཉིས་པ་དངོས་གཞི་ནི། བླ་མ་ཐུགས་རྗེ་ཆེན་པོར་སྒོམ་བཞིན་པ་ནས། དལ་འབྱོར་གྱི་ངོ་བོ་ངོས་བཟུང་བ་ལ། གྲོ་ལུང་པའི་བསྟན་རིམ་ནས་འབྱུང་བའི་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་གྱི་མན་ངག་ཚང་ལ་མ་ནོར་བ་རྣ་བའི་ལམ་དུ་སྒྲོག་བཞིན་པ་དང༌། ནང་གི་རྐྱེན་དེའི་དོན་ལ་བསམ་བློ་གཏོང་རྒྱུ་ཡོད་པ་གཉིས་ཡིན་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་མགོ་འཇུག་ཚང་མ་དལ་འབྱོར་རང་དང་སྦྱར་ནས་གསུང་ཚུལ་ཞིབ་པ་དང༌། མདོར་ན་དམ་པའི་ཆོས་སྒྲུབ་པ་ལ་ཁོམ་པའི་ཚེ། སྒོ་གསུམ་ཉེས་ལྟུང་གིས་མ་གོས་པར་ཚེ་འདི་ལ་ཞེན་པ་ལོག་ཏེ་ཡིད་སྐྱོ་ཆད་ཆད་པ་ཞིག་དགོས་རྒྱུ་ལ། ད་ལྟ་རང་ཅག་ཇ་ལེགས་པ་ཞིག་འཐུང་བའི་ཚེ་ཡང་གཟུགས་སྒྲ་དྲི་རོ་ལ་སོགས་པ་འདོད་ཡོན་ལ་ཆགས་པ་ཆེ་ཚུལ་དང་དེ་ཉིད་འདོད་ཆགས་ཡིན་པས་དེས་བསྐྱེད་པའི་ལས་མཐའ་མི་དགེ་བ་ཡིན་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ་ཞེས་པའི་ཁུངས་དང་བཅས་པ་དང༌། འདུལ་བ་ནས་བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ་འདུ་ཤེས་བཅུ་བསྟེན་དགོས་པའི་རྒྱུ་མཚན་དང་བཅས་གསུང་ཞིང༌། གཉིས་པ་དལ་འབྱོར་གྱི་རྟེན་འདི་དོན་ཆེ་བར་བསམ་སྐབས། ལུས་རྟེན་འདིས་སྒྲུབ་ན་མངོན་མཐོ་ཚངས་པ་དང༌། བརྒྱ་བྱིན་གྱི་གོ་འཕང་ཡང་སེམས་རྒྱ་ཆེན་པོ་མི་དགོས་(༢༡ན)སངས་རྒྱས་ལ་ཡིད་རྩེ་གཅིག་ཏུ་གཏད་དེ། སེམས་ཅན་རྣམས་བདེ་ན་ཅི་མ་རུང་སྙམ་པའི་བྱམས་པ་ཙམ་བསྒོམ་ན་ཡང་དེ་དག་འགྲུབ་པའི་ཚུལ་དང༌། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་ལུས་རྟེན་འདིས་སྒྲུབ་པ་འདྲ་བ་ལྷ་དང་ཀླུ་སོགས་རྟེན་གཞན་ལ་མེད་པ་ནི། དེ་མཚན་ཉིད་ཚང་བ་ཡོང་བ་ལ་ཁྱབ་པ་འདུ་བྱེད་ཀྱི་ཉེས་དམིགས་ཕྲ་མོ་ཁོང་དུ་ཆུད་པ་དགོས་ཤིང༌། དེ་དག་ལ་སྡུག་བསྔལ་མངོན་འགྱུར་བ་ཤུགས་ཆུང་བས་དེ་མེད་ཚུལ་ནི། བཤེས་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་བ། །སེམས་ཀྱི་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པ་ཞེས་སོགས་ཀྱི་ཁུངས་དང་བཅས་ཏེ་གསུངས། དེའི་ནང་ནས་ཀྱང་གསང་སྔགས་ཀྱི་ཉེ་ལམ་ལ་བརྟེན་ནས་སངས་རྒྱ་བ་ལ་མངལ་སྐྱེས་ཁམས་དྲུག་ལྡན་པ་བསྔགས་ཤིང༌། ལྷ་དང་ཀླུ་སོགས་ལ་རྩ་དང་ཁམས་སོགས་དེ་འདྲ་བ་མེད་ཚུལ་ཀྱང་ཞིབ་ཏུ་གསུངས། གསུམ་པ་རྙེད་དཀའ་བ་བསམ་དུས། ད་ལྟ་ཐོབ་པའི་རྟེན་འདི་རྙེད་དཀའ་ཙམ་བསམ་པ་མིན་པར། ཕྱི་ནས་ལུས་རྟེན་འདི་འདྲ་རྙེད་དཀའ་ཚུལ་ལ་བསམ་དགོས་ཤིང༌། དཀའ་བའི་རྒྱུ་མཚན། སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལ་བསྙེན་གནས་ཡན་ལག་བརྒྱད་པ་སོགས་ཚུལ་ཁྲིམས་སྣ་རེ་བསྲུང་དགོས་ཤིང༌། ཁྱད་པར་དལ་འབྱོར་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། མ་ཐ་ཡང་སྡིག་ལྟུང་དང་ཞག་དུ་མི་འགྲོགས་པ་དགོས་ཚུལ་དང༌། རྒྱུ་དེ་ཙམ་ཡོད་ཀྱང་དེ་ཉིད་ནས་ཀྱི་ས་བོན་དང་(༢༡བ)འདྲ་བས་ཚིག་རྐྱ་མི་ཕེར། དེའི་གྲོགས་སུ་སྦྱིན་པ་དང་བཟོད་པ་སོགས་མེད་ན་ལོངས་སྤྱོད་མི་འབྱུང་ལ། དེ་ལྟར་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ་རྒྱུ་དང༌། རང་ཡང་ཟས་གོས་སོགས་ཀྱིས་འཕོངས་པས་ཆོས་སྒྲུབ་དཀའ་ཞིང་དེ་གཉིས་ཡོད་ཀྱང་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ན། ལུས་རྟེན་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཐོབ་མི་ཐུབ་པ་ས་བོན་སྣོད་དུ་བཅུག་ནས་ཞིང་ལ་མ་བཏབ་པ་དང་འདྲ་ཚུལ་སོགས་ཞིབ་ཏུ་གསུངས། མདོར་ན་དལ་འབྱོར་གྱི་ངོ་བོ་ངོས་བཟུང་བ་དང༌། གནས་སྐབས་དང་མཐར་ཐུག་གཉིས་ལ་ལྟོས་དེ་དོན་ཆེ་བ་དང༌། དཔེ་རྒྱུ་ངོ་བོ་གསུམ་གྱི་སྒོ་ནས་རྙེད་དཀའ་བར་བསམ་སྟེ་དཔྱད་འཇོག་གཉིས་ཀའི་སྒོ་ནས་ཡང་ཡང་བསྒོམ། མཇུག་ཏུ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཚེ་འདི་ཉིད་རང་ལ་སྐྱེ་ཐབས་ཞིག་ཅི་ནས་ཀྱང་བྱའོ་ཞེས་སྨོན་ལམ་གྱི་མཇུག་བསྡུད་དགོས་པ་ནི་བློ་སྦྱོང་འདིའི་ཁྱད་ཆོས་ཡིན་ཚུལ་བཅས་དལ་འབྱོར་སྐོར་གྱི་ཉམས་ལེན་གྱི་ཞིབ་ཆ་ཕལ་ཆེར་བདེ་ལམ་སྐབས་ལྟར་གསུངས་སོ། །

སྔོན་འགྲོའི་ཆོས་གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ་ཡང་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང༌། དངོས་གཞི་ལ་འཆི་བ་མི་རྟག་པ་མ་བསམ་པའི་ཉེས་དམིགས། བསམ་པའི་ཕན་ཡོན། འཆི་བ་མི་རྟག་པ་དྲན་པའི་བློ་ངོས་བཟུང་བ། སྒོམ་ཚུལ་དངོས་ལ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གི་ཡང་མི་(༢༢ན)ཕན་པར་བསམ་པ། རྩ་བ་གསུམ་པོ་དེ་རེ་རེ་ལ་རྒྱུ་མཚན་གསུམ་གསུམ་རེ་དང་ཐག་བཅད་པ་རྣམ་པ་གསུམ་བཅས་ཡོད་པ་ལས། དང་པོ་ཉེས་དམིགས་བསམ་ཚུལ་ནི། རེ་ཞིག་བར་དུ་མི་འཆི་བར་སྡོད་དེའི་བར་དུ་ཟས་གོས་གནས་མལ་སོགས་ཡོ་བྱད་དང༌། གཉེན་ཉེ་དུའི་ངོ་འཛིན་སོགས་འདི་དང་འདི་དགོས་སྙམ་པའི་རྟག་འཛིན་གྱི་བློ་འདི་རྣམ་པ་ཀུན་ནས་བཟློག་དགོས་ཚུལ་ཞིབ་པ་དང༌། གཉིས་པ་ཕན་ཡོན་བསམ་པར་དེ་འདྲ་བར་བཟློག་ན་རེ་དོགས་ཀྱི་གཡེང་བ་གང་ཡང་མེད་པར་བློ་བདེ་འབོལ་ལེ་བའི་ངང་ནས་ཆོས་སྒྲུབ་པ་ཞར་དང་ཞོར་ལ་འབྱུང་བའི་སྐྱིད་པའི་མགོ་དང་ཆོས་མགོ་གཉིས་ཀ་ཚུགས་ཤིང༌། དེ་འདྲ་བའི་བློ་སྦྱོང་སྒོམ་པའི་ལུས་རྟེན་དེ་ལ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་མིང་ཐོགས་ཚུལ་བཅས་ཞིབ་པ་ཞལ་ལུང་སྐབས་ལྟར་གསུངས། གསུམ་པ་བློ་དེ་ངོས་འཛིན་པའི་སྐབས། ང་ཤི་ཡོང་སྙམ་པ་དང་ནམ་ཕུགས་ཤི་ཡོང་སྙམ་པ་དང༌། ད་ལྟ་རང་ཤི་འགྲོ་རྒྱུ་རེད་གཉེན་ལུས་ལོངས་སྤྱོད་ཐམས་ཅད་དང་བྲལ་འགྲོ་རྒྱུ་རེད་སྙམ་པ་སོགས་འཆི་བ་མི་རྟག་པ་དྲན་པའི་བློ་རྣལ་མ་མིན། དེ་འདྲ་བ་འཇིག་རྟེན་རྒན་པོ་དང༌། ཤན་པ་དང༌། འཆི་ནད་ཀྱི་ཟིན་པ་སོགས་ལ་འབྱུང་ཡང་འཆི་བ་མི་རྟག་པ་བསམ་པའི་བློའི་ཕྱོགས་སུ་ཡང་མི་འགྲོ་རྗེ་བདག་ཉིད་ཆེན་པོའི་མན་ངག་འཆི་བ་མི་རྟག་པར་བསམ་ཚུལ་ནི། དལ་འབྱོར་གྱི་སྐབས་སུ་བཤད་པ་ལྟར་གྱི་ལུས་རྟེན་འདི་འདྲ་ཐོབ་དུས། (༢༢བ)ཆོས་བྱེད་དགོས་པ་དང༌། རྟེན་འདིས་ཆོས་བྱེད་ནུས་པ་དང༌། ད་རེས་ཀྱི་ཚེ་འདི་རང་ལ་བྱེད་དགོས་པ་དང༌། དེ་ཡང་ད་ལྟ་ཉིད་ནས་བྱེད་དགོས་པའི་ཚུལ་ལ་ངེས་པ་སྙིང་ཐག་པ་ནས་དྲངས་ནས། ད་ཅི་དྲག་རྟེན་བཟང་པོ་འདི་དང་བྲལ་ནས་ཤི་འགྲོ་རྒྱུ་རེད། དེ་ཡང་དེ་རིང་རང་ལ་མི་འཆི་བའི་ངེས་པ་མི་འདུག །དེ་རིང་རང་ཤི་སོང་ན་ཆོས་འདི་ལྟ་བུ་སྟོན་མཁན་གྱི་བླ་མ་དང༌། ཆོས་ལམ་རིམ་དང་བློ་སྦྱོང༌། དེ་སྒྲུབ་པའི་གྲོགས་སོགས་དང་བྲལ་ནས་གར་འགྲོ་དང་འདི་འགྲོའི་གཏོལ་གང་ཡང་མི་འདུག་སྙམ་དུ་ཡིད་འགྱུར་བ་མ་ཐོན་གྱི་བར་བསྒོམ་དགོས་ཤིང༌། དེ་ཡང་དོ་ནུབ་ལྟ་བུ་ཤི་མི་ཤི་བསམ་པའི་ཐེ་ཚོམ་པའི་ངང་ནས་དོ་ནུབ་རང་ཤི་འགྲོ་བར་ཐག་ཆོད་པའི་བློའི་ཕྱོགས་བཟུང་ན། དེ་ནས་བློ་དེས་བསྐུལ་ཏེ་དལ་བར་མི་སྡོད་པར་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ལྟུང་བཤགས་སོགས་བཏོན་ནས་ཆོས་ལ་མི་འཇུག་པའི་རང་དབང་མེད་ཚུལ་ཞིབ་རྒྱས་དང༌། ངེས་པར་འཆི་བ་བསམ་པའི་སྐབས་སུ། སྤྱི་བོར་བླ་མ་ཐུགས་རྗེ་ཆེན་པོ་སྒོམ་བཞིན་པ་ནས། བདག་ངེས་པར་འཆི་སྟཻ། སྔོན་བྱོན་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རྒྱ་བོད་ཀྱི་པན་གྲུབ་སོགས་ཇི་སྙེད་གཅིག་བྱོན་པ་ཐམས་ཅད་ཀྱང་དུས་ཀྱི་ཆོས་ཉིད་དུ་གྱུར་ནས་ད་ལྟ་མིང་ཙམ་ལས་མེད་ན་བདག་ལྟ་བུ་ལས་ཉོན་གྱི་གཞན་དབང་ཅན་ལ་འཆི་མི་དགོས་པ་ག་ལ་འོང་བསམ་པ་སོགས་དང༌། དྲང་སྲོང་ཆེན་པོ་མེས་བྱིན་གྱིས་སྟོན་པ་ཐུགས་རྗེ་ཅན་རྒྱལ་(༢༣ན)པོ་ཟས་གཙང་མའི་སྲས་སུ་འཁྲུངས་མ་ཐག་མཇལ་བས་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་འདིའི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་སྨིན་གྲོལ་ལ་འགོད་པ་དང༌། དེའི་དུས་དྲང་སྲོང་རང་ཉིད་འཆི་བ་གཟིགས་པའི་འཆི་བ་མི་རྟག་པ་དྲན་ནས་སྤྱན་ཆབ་མཛད་པའི་ལོ་རྒྱུས་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་རྒྱས་པ་དང༌། འཆི་བ་མི་རྟག་པ་ཁོ་བྱུང་དུས་ཕྱི་ནང་གི་རྐྱེན་གང་གིས་ཀྱང་བཟློག་མི་ནུས་པར། རྒྱལ་པོ་སྟོབས་ཆེན་དང༌། སྲོག་ཆགས་གཅན་གཟན་སྟག་གཟིག་སེངྒེ་སོགས་ཇི་ཙམ་སྟོབས་ཆེ་ཡང་འཆི་བ་མི་རྟག་པ་ཁོ་བྱུང་དུས་འགུལ་པ་ཙམ་ཡང་མེད་པར་འབྱར་ཏེ་སྡོད་པ་དང༌། ཚེའི་འཕེན་པ་ཟད་ནས་དུས་ལ་སླེབས་དུས་བསྣོན་པ་རྒྱག་རྒྱུ་དང༌། བསླུ་ཐབས་གང་ཡང་མེད་པ་དང༌། ཁོ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་རང་དབང་མེད་པར་འཆི་དགོས་པའི་རྒྱུ་མཚན་བཅས་ཞིབ་པ་དང༌། ནམ་འཆི་ངེས་མེད་བསམ་པའི་སྐབས། རྒན་གཞོན་གོ་རིམ་མེད་པར་དུས་མིན་དུ་འཆི་ཚུལ་དང༌། མི་ལོ་ཉི་ཤུ་ལོན་པ་ཞིག་ཚེ་ཚད་ལོ་དྲུག་ཅུ་ཐུབ་པའི་དབང་དུ་བཏང་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་གསུང་བཞིན། ད་ལྟ་ཕན་ལ་ལོ་ཉི་ཤུ་ནི་ཐལ་ཟིན། འཕྲོས་ལོ་བཞི་བཅུ་ཡོད་པ་ནས་ལོ་ཉི་ཤུ་ནི་མཚན་མོ་གཉིད་ཀྱི་ངང་དུ་ཟད། དེ་འཕྲོས་ལོ་ཉི་ཤུ་ནས་བཟའ་བཏུང་ལ་ལོངས་སྤྱོད་པའི་ཟད། དེ་འཕྲོས་ལོ་བཅུ་ལུས་པའི་ནང་ནས་(༢༣བ)ལོ་ལྔ་ནི་ནད་ན་ཚ་དང་རྐྱེན་གློ་བུར་བ་སོགས་ཀྱིས་ཟད། ཡང་ཏིག་ཆོས་ཁོ་ན་བྱེད་ལོང་ལོ་ལྔ་ཙམ་ལས་མེད་ཚུལ་སོགས་ཞིབ་ཏུ་བསམ་དགོས་པ་དང༌། འཆི་དུས་སུ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་བསམ་པའི་སྐབས་སུ་གཉེན་ཉེ་ཚན་ལོངས་སྤྱོད་འཁོར་གཡོག་སོགས་གང་གིས་ཀྱང་ཕན་པ་མེད་པར་ཁོ་ལ་ཆགས་ན་འཆི་ཁར་བག་ཆགས་ངན་པར་གསལ་འདེབས་པ་སོགས་གནོད་པ་ཆེན་པོ་བྱུང་བའི་ཚུལ་དང༌། རེ་བ་ཆེན་པོ་བྱས་ཀྱང་དོན་ཐག་མི་ཡོང་བ། བླ་མ་རིན་པོ་ཆེ་བཀྲ་ཤིས་ལྷུན་པོའི་དགེ་ཕྲུག་རྒྱུད་ལ་ཡོངས་པ་ཞིག་ཕྱིས་བཀའ་ཆོས་ལ་ཕེབས་སྐབས་གསོལ་ཞིབ་ཀྱི་རེ་བས་ཕྲད་དུ་ཤོག་གསུང་འཕྲིན་བསྐུར་བ་གནང་བའི་ལོ་རྒྱུས་དང༌། མདོར་ན་འཆི་བ་མི་རྟག་པ་ཁོ་བྱུང་དུས། རྒྱུ་ནོར་ཆེན་པོས་བསླུ་རྒྱུ་དང༌། དམག་དཔུང་ཆེན་པོ་དང་གཉེན་བཤེས་སོགས་གང་གིས་བཟློག་མི་ཐུབ་པར་མ་ཟད། མའི་མངལ་ནས་ལྷན་ཅིག་ཏུ་སྐྱེས་པའི་ལུས་རྟེན་འདི་ཡང་དོར་ནས་རྣམ་པར་ཤེས་པ་ཁོ་སྙིང་གི་དཀྱིལ་ནས་དོན་འགྲོ་ཚུལ་སོགས་ཡིད་འཁུལ་ངེས་སུ་བསམ་དགོས་ཚུལ་དང་དེས་ན་ངེས་པར་འཆི་ཞིང༌། ནམ་འཆི་ལ་ངེས་པ་མེད། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མི་འདུག་པས་ད་ལྟ་ཉིད་ནས་ཆོས་རྣམ་དག་ཞིག་བྱེད་དགོས་པ་འདུག །དེ་ཡང་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཅི་ནས་ཀྱང་བསྒོམ་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཏུ་གསོལ་(༢༤ན)ཞེས་བྱང་ཆུབ་ཀྱི་སེམས་ཐོག་ཏུ་ཐག་གཅོད་དགོས། དེ་ཡང་ལམ་རིམ་དང་སྦྲེལ་ནས་བློ་སྦྱོང་བའི་སྐབས་དེའི་རྗེས་སུ་ངན་འགྲོའི་སྡུག་བསྔལ་དང༌། སྐྱབས་འགྲོ་ལས་འབྲས་སོགས་གོ་རིམ་ལྟར་བསྒོམ་དགོས་ཡང༌། འདི་ལམ་རིམ་བསྒོམ་པ་སྔོན་དུ་བཏང་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྩལ་དུ་སྟོན་ནས་བསྒོམ་པར་བསྐུལ་ཆེད་དུ་དེ་རྗེས་ལས་འབྲས། དེ་རྗེས་སྔོན་འགྲོའི་ཆོས་བཞི་པ་འཁོར་བའི་སྡུག་བསྔལ་སྒོམ་ཚུལ་གསུངས་པ་ཡིན་གསུངས། གསུམ་པ་ལས་འབྲས་བསླུ་བ་མེད་པའི་ཚུལ་བསམ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བསྐུལ་བའི་སྐབས་སུ་དེ་ལ་ཡང་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་ནས་དངོས་གཞི་ལ་ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བའི་ཚུལ། ལས་མ་བྱས་པ་དང་མི་འཕྲད་པ་དང༌། ལས་བྱས་པ་ཆུད་མི་ཟ་བ་དང༌། མན་ངག་གི་སྙིང་པོ་བསྒྲིལ་ནས་བསམ་ཚུལ་བཅས་ལྔ་ལས། དང་པོ་ལས་ངེས་པའི་ཚུལ་ལ་རྒྱུ་དགེ་བ་བྱས་ནས་འབྲས་བུ་བདེ་བ་ཁོ་ན་ལས་སྡུག་བསྔལ་འབྱུང་བའི་སྐབས་གཏན་ནས་མེད་དེ། དཔེར་ན་ད་ལྟ་རང་གི་མི་དགེ་བཅུ་སྤོང་ལ་སོགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ན། རང་ཉིད་ཤི་ནས་བདེ་འགྲོར་སྐྱེ་མི་སྐྱེ་གསུང་རྟགས་ཞུ་མི་དགོས། ངེས་པ་སྐྱེས་ཡོང་ཚུལ་སོགས་དང༌། ལས་འཕེལ་ཆེ་བའི་ཕྱིར་དཔེ་ལ་ཤིང་ནྱ་གྲོ་དྷ་དང༌། དགེ་བའི་ནང་ནས་དད་པ་དང༌། བྱང་ཆུབ་ཀྱི་སེམས་གཉིས་ཆེ་ཤོས་དང༌། ཁྱད་པར་ཞིང་གི་(༢༤བ)སྒོ་ནས་འཕེལ་ཆེ་བ་བླ་མ་དང༌། སངས་རྒྱས་བྱང་སེམས། ཕ་མ་དང༌། དགེ་འདུན་དགྲ་བཅོམ་པ་སོགས་ལ་དགེ་སྡིག་གང་བྱས་ཀྱི་འབྲས་བུ་འཕེལ་ཆེ་ལུགས་དང༌། དེའི་ནང་ནས་ཀྱང་བླ་མ་མཆོག །དེ་ནས་བྱང་ཆུབ་སེམས་དཔའ་བཀའ་གཉེན་ཤོས་དང༌། བསམ་པ་ཉོན་མོངས་པའི་ནང་ནས་ཞེ་སྡང་དང༌། དགེ་བའི་ནང་ནས་བྱང་ཆུབ་ཀྱི་སེམས་དང་དད་པ་འཕེལ་ཆེ་བ་གོང་དུ་བཤད་པ་ལྟར་དང༌། དངོས་པོའི་སྒོ་ནས་གཞན་དགེ་བ་གང་བྱས་པ་ལས་རང་གིས་ཚུལ་ཁྲིམས་རྣམ་དག་བསྲུང་ན་ཕན་ཡོན་ཆེ་བ་དང༌། རྟེན་གྱི་སྒོ་ནས་སྡོམ་ལྡན་རྣམས་ཁྱིམ་པ་ལས་ལྷག་ཅིང༌། དེའི་ནང་ནས་ཀྱང་དགེ་སློང་བྱང་ཆུབ་སེམས་དཔའ་དེ་ཡང་ཁྱིམ་ན་གནས་པ་ལས་དབེན་པར་གནས་པར་བྱས་པ་ཕན་ཡོན་ཆེ་ཚུལ་དང༌། དུས་ཀྱི་སྒོ་ནས་བསྐལ་པ་རྫོགས་ལྡན་གྱི་དུས་ལས། ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་དང༌། ཆོས་དར་བའི་ཡུལ་དུ་ཚུལ་ཁྲིམས་ལོ་བརྒྱར་བསྲུངས་པ་ལས་ཆོས་མ་དར་བའི་ཡུལ་དུ་ཚུལ་ཁྲིམས་སྣ་གཅིག་བསྲུངས་པ་ཕན་ཡོན་ཆེ་ཚུལ་ཞིབ་པ་དང་དེ་ཡང་མན་ངག་གི་སྒོ་གསུམ་དང༌། དེའི་ནང་ནས་སེམས་ལ་བྱ་ར་བྱས་ནས་བསྲུངས་པའི་ལས་འབྲས་ལ་སྤང་བླངས་བྱ་ཚུལ་དགེ་བཤེས་འབན་གུང་རྒྱལ་གྱིས་ཉོན་མོངས་པའི་མཁར་སྒོར་གཉེན་པོའི་མདུང་ཐུང་འཛིན་གསུང་བའི་དཔེ་དང་བཅས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྟེང་དུ་ཐག་གཅོད་དགོས་གསུངས།

བཞི་པ་འཁོར་བའི་སྡུག་བསྔལ་བསམས་ཏེ་བྱང་ཆུབ་ཀྱི་(༢༥ན)སེམས་བསྒོམ་པར་བསྐུལ་བ་ནི། དེ་ལ་ཡང་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང༌། དངོས་གཞིའི་སྐབས། དེ་ཡང་དགེ་སྡིག་ལ་སྤང་བླངས་ཚུལ་བཞིན་བྱས་པའི་བདེ་འགྲོའི་ལུས་རྟེན། དེའི་ནང་ནས་ཀྱང་མིའི་ལུས་རྟེན་ཁྱད་པར་ཅན་ཞིག་ཐོབ་ཀྱང༌། དེ་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ཐོག་མར་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས། དཻ་གཉིས་དབྱེར་མེད་དུ་འདྲེས་ནས་གནས་པ་ལ། ལས་ཉོན་གྱི་ཕུང་པོར་ཉིང་མཚམས་སྦྱར་བ་ཟེར་ཞིང༌། དེ་ནས་བཟུང་སྐྱེས་ནས་བྱིས་པའི་བར་ཆོས་ཀྱི་བག་ཆགས་ཐམས་ཅད་ནི་བརྗེད་འགྲོ། དེ་ནས་རྒས་པ་དང༌། ན་བ་དང༌། འཆི་བ་དང༌། དགྲ་མི་སྡུག་པ་དང་འཕྲད་དོགས་པ་དང༌། གཉེན་བྱམས་པ་དང་བྲལ་དགོས་པ་དང༌། འདོད་པ་ཙམ་ཀྱང་མི་རྙེད། མི་འདོད་པ་ཐོག་ཏུ་བབས་པ་སོགས་ཀྱི་སྡུག་བསྔལ་དང༌། ཁྱད་པར་སྡུག་བསྔལ་དྲུག་དང༌། གསུམ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཞིབ་ཏུ་བསམ་ནས་ཡིད་འགྱུར་གྱི་མྱོང་བ་ཐོན་ཏེ་འཁོར་བ་ལས་ཐར་འདོད་ཤུགས་དྲག་པོ་སྐྱེད་དགོས་ཤིང༌། དེ་ལ་ཐོག་མར་འཁོར་བ་དེ་གང་ལ་ཟེར་ངོ་ཡག་པོ་ཤེས་དགོས་ཚུལ་དང༌། དེ་མ་ཤེས་ན་སྣོད་ཀྱི་འཇིག་རྟེན་དགའ་ལྡན་སོགས་འཁོར་བར་འཁྲུལ་ནས་ངེད་ཚོའི་སྐྱིད་གྲོང་ན་དགེ་སློང་ཞིག་ལ་སྦྱིན་བདག་འབྱོར་ལྡན་ཉམས་ཆུང་བྱེད་མཁན་ཞིག་ཡོད་པར། དགེ་སློང་དེས་ཁྱོད་རང་ཁ་འདོན་དང་དགེ་སྒྲུབ་སོགས་ཡག་པོ་བྱས་ན་ཕྱི་མ་དགའ་ལྡན་དུ་(༢༥བ)སྐྱེ་ཡོང་བྱས་པར་ཁོས་ང་རིག་འཛིན་གྱི་ས་ལ་འགྲོ་ཡོང་བསམ་པ་ལས་དགའ་ལྡན་རང་ལ་སྐྱེ་མ་དགོས་ཙམ་ཨེ་ཡོང་གསུང་བའི་གཏམ་རྒྱུད་དང༌། བླ་མ་རིན་པོ་ཆེ་ལ་རྙིང་མ་བའི་སྒྲུབ་པ་རྒན་པོ་ཞིག་གིས་ང་དང་པོ་ནས་སེམས་ངོ་སྤྲོད་ཏེ་འཁོར་བ་ལས་གྲོལ་བ་ཐོབ་པ་ཡིན་ཀྱང༌། ད་ལྟ་ངའི་རྒྱུད་ལ་འདོད་ཆགས་སོགས་ཉོན་མོངས་སྐྱེ་འདུག་པ་གང་ཡིན་ཞེས་དྲི་བ་ཞུས་པའི་ལོ་རྒྱུས་བཅས་ཞིབ་པར་གསུངས། དེ་ཡང་ཐོག་མར་བདེན་བཞིའི་ཁྱད་ཆོས་མི་རྟག་པ་སོགས་བཅུ་དྲུག་བསམ་དགོས་རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་གྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས། བདེན་བཞིའི་ཁྱད་ཆོས་མི་རྟག་པ་ནས་བདག་མེད་པའི་བར་བསྒོམ་པ་འཁོར་བ་ལས་གྲོལ་བའི་ཐབས་བླ་ན་མེད་པ་དང༌། དེ་ཡང་ཐོག་མར་འཆི་བ་མི་རྟག་པ། དེ་ནས་གློ་བུར་གྱི་མི་རྟག་པ། དུས་ཀྱི་མི་རྟག་པ། རྒྱུན་གྱི་མི་རྟག་པ་སོགས་སྒོམ་པ་སྔོན་དུ་བཏང་ནས། འདིར་སྐབས་སུ་གལ་ཆེ་བ་ནི། སྐད་ཅིག་གི་མི་རྟག་པ་ཡིན་ཚུལ་དང༌། དེ་བྱུང་ན་སྡུག་བསྔལ་གྱི་ངང་ཚུལ་སྤྱི་དང༌། ཁྱད་པར་འདུས་བྱས་ཐམས་ཅད་སྐད་ཅིག་གིས་གྱུར་ནས་ཡིད་བརྟན་མེད་པས་རང་དབང་མེད་པར་སྤོང་ནུས་པ་དང༌། དེ་ཡང་ཆོས་ཐམས་ཅད་མིང་དང་རྟོག་པས་བཞག་ཙམ་གྱི་ལྟ་བ་རྟོགས་ཚུལ་སླ་བ་ནི། དེའི་ཕྱིར་མི་རྟག་ལས་སྡུག་བསྔལ། སྡུག་བསྔལ་ལས་ནི་བདག་མེད་པ་ཞེས་སོགས་གསུངས་ཞིང༌། རྗེ་བཙུན་རིན་པོ་ཆེས། གཞན་དབང་དང་ཚད་མ།(༢༦ན)འགལ་རྟགས་དང༌། འབྲལ་རྟགས་ཀྱི་མཚན་ཉིད་བཞག་པའི་སྐོར་སོགས་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་དང༌། བྱེ་མདོ་གཉིས་ཀྱི་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འཇོག་ཀྱང༌། ཐལ་འགྱུར་བ་རྣམས་ཀྱི་དེ་ལྟར་བྱས་ན་གསར་དུ་མི་སླུ་ཞེས་པའི་བདེན་གྲུབ་ཏུ་འགྲོ་བས། དེ་འདྲ་ཟེར་ས་མེད་པར་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འཇོག་དགོས་པ་དང༌། ཚད་མ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་འཇོག་ལུགས་སོགས་ཞིབ་པ་དང༌། བྱེ་མདོ་གཉིས་ཀྱི་མངོན་པ་མཛོད་ཀྱི་ཁུངས་དང་སྦྱར་ནས། མངོན་སུམ་གྱི་ཞེན་ཡུལ་མཐར་ཐུག་མི་རྟག་པ་ཕྲ་མོ་འཇོག་ཅིང༌། དེ་ལ་རྟག་ལྟར་མི་འབྱུང་ཚུལ་དང༌། དེ་ལྟར་བསྒོམ་པའི་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །འབྱུང་ན་དེའི་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་པ་ལྟར་གྱི་ངེས་འབྱུང་ཤུགས་དྲག་ཡོང་བ་ལ། འདིའི་མན་ངག་མཐར་ཐུག་ཆོས་བརྒྱད་མགོ་སྙོམས་པ་དགོས་ཚུལ་དང༌། དེ་ཡང་འབྲོམ་རིན་པོ་ཆེས། སྐུ་ཚེའི་སྨད་ལ་ཚེ་བློས་བཏང་སྟཻ་ཤུགས་གསེབ་ཏུ་འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་ཞེས་སོགས་ཞལ་འདོན་མཛད་ཀྱིན་བཞུགས་པའི་སྐོར་དང༌། རྣལ་འབྱོར་པ་ཕྱག་ཁྲི་མཆོག་གི་མཛད་པ་ལྟར། སྟོད་སྨད་སོགས་ཆོས་བརྒྱད་གང་ལ་ཡང་དགའ་སྡུག་མ་ནས་མེད་པར་དགོས་ཚུལ་དང༌། དེའི་མཐར་བྱང་ཆུབ་ཀྱི་སེམས་བསྒོམ་པར་ཐག་ཆོད་(༢༦བ)པའི་སྨོན་ལམ་དང་གསོལ་འདེབས་སོགས་དེའི་བསྐུལ་མར་འགྲོ་བ་དང༌། དེ་ནས་ཐུན་མཚམས་ཀྱི་སྐོར་ཡང་རགས་རིམ་གསུངས། ལྷག་པར་སྐབས་འདིར་ལས་འབྲས་ཀྱི་རྣམ་གཞག་སྐྱེས་བུ་འབྲིང་ལ་སྦྱར་ནས་གསུངས་པ་འདིས་སྡུག་བསྔལ་བརྒྱད་དང་དྲུག་བསྒོམ་ཚུལ་ལས་ལམ་བཅུར་བསྡུས་ནས་ཉམས་སུ་ལེན་ཚུལ་དང༌། ལས་ལམ་བཅུའི་ནང་ནས་དང་པོ་བདུན་ལས་དང་ལས་ལམ་གཉིས་ཀ་ཡིན་ཀྱང༌། ཕྱི་མ་ཡིད་ལས་གསུམ་ལས་ལམ་ཡིན་ཀྱང་ལས་མ་ཡིན་ཏེ། ཉོན་མོངས་ཡིན་ཚུལ་ཞིབ་པ་དང༌། དེའི་ནང་ནས་འགྱུར་བའི་སྡུག་བསྔལ་གྱི་སྐབས་སུ་བཙོན་མྱ་ངན་མེད་ཀྱི་གཏམ་རྒྱུད་དང༌། དེ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་ལྷག་པར་སྐྱེས་ནས་ཐེག་པ་ཆེན་པོ་ལ་མ་ཞུགས་པའི་བར་འདིར་ཉན་རང་གི་དམན་ལམ་དུ་གོལ་བའི་གཡང་ས་ཆེན་པོ་ཡོད་ཚུལ་ཞིབ་པ་བདེ་ལམ་སྐབས་ལྟར་དང༌། དེར་ལྷུང་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཞི་བའི་བདེ་བས་གཡེངས་ནས་དེའི་དབྱིངས་སུ་བསྐལ་པ་མང་པོའི་བར་དུ་གནས་པས་ཐེག་པ་ཆེན་པོའི་ལམ་ལ་འཇུག་མི་ཐུབ་པའི་བླ་མ་དང༌། སངས་རྒྱས་བྱང་སེམས་རྣམས་ལ་འོ་རྒྱལ་ཡོད་ལུགས་དང༌། དེ་ལྟར་སྔོན་འགྲོའི་ཆོས་བཞིའམ་ལྔ་མ་ཚང་བར་མེད་པར་སོང་ནས། རྩ་བའི་ས་བཅད་གཉིས་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པའི་ཚུལ་ལ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བ་དང༌། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་སོགས་བཀའ་གདམས་གོང་མ་ཕལ་ཆེར་དང༌།(༢༧ན)ཤིང་རྟ་ཆེན་པོའི་གཞུང་སོགས་ནས། དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་སྔོན་དང༌། དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གོ་རིམ་མཛད་པ་ནི་དབུ་མ་རྒྱན་ནས་གསུངས་པ་ལྟར་གདུལ་བྱ་དབང་པོ་རྣོན་པོའི་དབང་དུ་བཏང་ཞིང༌། དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་པ་ཡང་རྒྱུ་མིང་འབྲས་བུ་ལ་བཏགས་པའི་རྒྱུ་མཚན་དང་བཅས་ཞིབ་ཏུ་གསུངས་ཤིང༌། བདག་ཅག་རྣམས་ཀྱི་འདྲེན་པ་བླ་ན་མེད་པ་རྗེ་བདག་ཉིད་ཆེན་པོས་སྙིགས་མ་ལྔ་བདོའི་དུས་འདིར་དེ་འདྲ་བྱས་ན་ཆད་མཐར་ལྷུང་ནས་ཕན་ཆེན་པོ་མི་ཐོབ་ཞེས། བཅོམ་ལྡན་འདས་ཀྱིས་དང་པོར་ཀུན་རྫོབ་སེམས་བསྐྱེད། དེ་ནས་ཕར་ཕྱིན་དྲུག །དེར་ཡང་བསམ་གཏན་དང༌། ཤེས་རབ་གཉིས་འཇུག་ཏུ་གསུངས་པས་ཉམས་ལེན་གྱི་གོ་རིམ་དང་མཐུན་པའི་ཁུངས་སྦྱར་བ་ཡིན་ཚུལ་ཟབ་མོ་དབུ་མའི་ལྟ་བ་མ་རྟོགས་པར་ཐེག་པ་ཆེན་པོའི་ལམ་དུ་བཞུགས་པ། སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང༌། དཔལ་ལྡན་ཆོས་སྐྱོང་སོགས་དུ་མ་ཡོད་ཚུལ་དང་བཅས་ཞིབ་ཏུ་གསུངས་ནས། འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་སྔོན་དང༌། དེ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ཟབ་མོ་དབུ་མའི་ལྟ་བ་བསྒོམ་དགོས་ཚུལ། དེ་ཡང་བཤེས་གཉེན་བསྟེན་ཚུལ་ནས་འཁོར་བའི་སྡུག་བསྔལ་བསྒོམ་པའི་བར་དང་འབྲེལ་དགོས་ཚུལ་སོགས་ཆོས་བཞི་དང་སྦྱར་ནས་གསུང་ཞིང༌། དེ་ལ་ཡང་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ། རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་(༢༧བ)ཚུལ་དང་གསུམ། དང་པོ་ཕན་ཡོན་སྐོར་ལ། སྡོང་པོ་བཀོད་པའི་མདོ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུ་ནོར་བཟང་གི་དགེ་བའི་བཤེས་གཉེན་བྱམས་པའི་དྲུང་ནས་ཐོབ་པའི་བྱང་ཆུབ་སེམས་ནི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་དང༌། ཆོས་ཐམས་ཅད་ཀྱི་མདོའམ་མདོར་བསྟན་ཡིན་ཚུལ་སོགས་ཕན་ཡོན་བསམ་ལས་འདས་པ་གསུངས་པ་རྣམས་ལ་ངེས་པ་ཡག་པོ་འདྲེན་དགོས་ཚུལ་དང༌། མདོ་སྡེ་རྒྱན་ལས་ཐེག་མཆོག་ལ་མོས་ས་བོན་ཤེས་རབ་དང་ཞེས་སོགས་ཀྱི་དོན་རྒྱ་ཆེར་བསྩལ་ཞིང༌། དེ་ཡང་སེམས་རིན་པོ་ཆེ་འདི་ཡོད་ན། འདིས་ཟིན་པའི་དགེ་བ་ཐམས་ཅད་རྒྱ་ཆེ་ཞིང༌། དེ་ལས་རྒྱ་ཆེ་བའི་དགེ་བ་མེད་ཚུལ་མདོ་ལས་དྲངས་ལ་འཛམ་བུ་གླིང་འདི་དགེ་སློང་ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུ་ཤ་སྟག་གིས་གང་བ་འདམ་བུའི་ཚལ་ལམ་མེ་ཞེས་སོགས་ཁུངས་སུ་དྲངས་ནས་ཞིབ་བཤད་དང༌། ཟབ་མོ་དབུ་མའི་ལྟ་བ་ཕན་ཡོན་བརྗོད་ལས་འདས་ཀྱང༌། གཉིས་སྣང་འཁྲུལ་པའི་བག་ཆགས་སྤོང་མི་ཐུབ་སེམས་རིན་པོ་ཆེ་འདི་གཉིས་སྣང་འཁྲུལ་བའི་བག་ཆགས་སྤོང་ཐུབ་པའི་རྒྱུ་འདི་ལ་ཐུག་ཚུལ་དང༌། བག་ཆགས་དེ་ས་བཅུའི་སྒོམ་ལམ་རྡོ་རྗེ་ལྟ་བུ་བར་གྱི་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་འབྱུང་ཚུལ་དང༌། སེམས་འདི་མེད་ན་ཐེག་པ་ཆེན་པོའི་རྒྱལ་བའི་སྲས་ཀྱི་མིང་རང་ཡང་མི་ཐོགས་ཤིང༌། འདི་ཡོད་ན་མངོན་ཤེས་དང་རྫུ་འཕྲུལ་སོགས་གཞན་གང་ཡང་མེད་ཀྱང་དེ་འདྲ་བའི་བྱང་ཆུབ་སེམས་དཔའ་དེའི་ཤིང་རྟ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུའི་གཙུག་ཏོར་ལ་བཏགས་ནས་(༢༨ན)འདྲེན་རིགས་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྩིས་ཆེ་ལུགས་དང༌། འདི་མེད་པར་སྔགས་ལ་ཞུགས་ཀྱང་དོན་མེད་ཚུལ་སྔགས་ལའང་སེམས་འདི་རང་གོང་འཕེལ་དུ་གཏོང་ཚུལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་གཉིས་པའི་རྒྱལ་བ་རིགས་དྲུག་གིས་ཐུགས་བསྐྱེད་པའི་ཁུངས་དང་སྦྱར་ནས་རྒྱས་པར་གནང་ཞིང༌། འདི་མེད་པར་ཡི་དམ་གྱི་ལྷ་འགྲུབ་པར་ཡོད་ཀྱང་ཕྱི་མ་ཡི་དྭགས་སུ་སྐྱེ་བ་འཇམ་དཔལ་རྩ་རྒྱུད་ནས་ཙ་ན་ཁྱེའུ། གཤིན་རྗེ་འགྲུབ་པའི་ལོ་རྒྱུས་དང༌། སྤྱིར་བཟང་ངན་གང་ལ་བློ་གོམས་ན་སྐབས་ཐོབ་མངོན་སུམ་གྱིས་གསལ་སྣང་འདོན་ཐུབ་པ་རྣམ་འགྲེལ་གྱི་ཁུངས་དང་སྦྱར་བའི་ས་གཞི་ཀེང་རུས་ཀྱིས་ཁེངས་པར་གོམས་གོམས་པའི་མཐར་མངོན་སུམ་གྱིས་གསལ་སྣང་འདོན་ལུགས་དང༌། དེ་ལྟར་ས་གཞི་ཀེང་རུས་ཀྱིས་ཁེངས་པར་བསྒོམ་པའི་བློ་དེ་སྤྱིར་ཕྱིན་ཅི་ལོག་ལྟ་བུ་ཡིན་ཡང་ཁོ་འདོད་ཆགས་ཀྱི་གཉེན་པོའི་མི་སྡུག་པ་སྒོམ་ཚུལ་ཚད་ལྡན་ཡིན་པ་སོགས་ཞིབ་ཆ་མང་དུ་བསྩལ་ཡང་འདི་ཙམ་ལས་འབྲིར་མ་ནུས། །

 

 

 

 

 

དངོས་གཞི་བྱང་ཆུབ་སེམས་གཉིས་སྦྱང་བ།

 

གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ། དོན་དམ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱང་བ་གཉིས་ལས་ཞེས་དོན་དམ་པའི་སའི་འབྲས་མིང་རྒྱུ་ལ་བཏགས་པའི་ཟབ་མོ་དབུ་མའི་ལྟ་བ་སྔོན་ལ་གསུངས་པ་ནི་གོང་དུ་བཤད་པ་ལྟར་བློ་མཐོ་བ་དབང་རྣོན་རྣམས་ཀྱི་ཉམས་ལེན་གྱི་དབང་དུ་བཏང་ཞིང་རྗེ་བདག་ཉིད་ཆེན་པོའི་བཞེད་(༢༨བ)པ་ནི། དེ་འདྲ་བའི་གོ་རིམ་གྱི་གདུལ་བྱ་ལས་དང་པོ་བ་བློ་དམན་པ་ལ། དང་པོ་ནས་ཟབ་མོ་དབུ་མའི་ལྟ་བ་གཏན་ལ་ཕབ་ནས་བསྒོམ་བཅུག་ན། ཐམས་ཅད་སྟོང་ཆམ་སྟེ་སོང་ནས་ལས་འབྲས་སོགས་ཀུན་རྫོབ་ལ་སྐུར་འདེབས་ཀྱི་ཆད་མཐར་ལྷུང་ཉེན་ཤིན་ཏུ་ཆེ་བས། དེ་འདྲ་བ་ལ་ཐོག་མར་སྐྱེས་བུ་ཆུང་འབྲིང་གི་ལམ་བསྟན་ནས་བསྒོམ་དུ་བཅུག་པས་དེའི་འོག་གཞི་བརྟན་པའི་མུར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གཏན་ལ་ཕབ་སྟེ་བསྒོམ་དུ་བཅུག་ན་ཕུན་སུམ་ཚོགས་པས། དེ་ལ་ཡང་རྒྱལ་སྲས་དངུལ་ཆུ་བ་རང་གིས་དང་པོར་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ནི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་ལྷ་དང་བླ་མ་ལ་གསོལ་བ་བཏབ་སྟེ། ཡན་ལག་བདུན་པ་ཕུལ་ནས་ལུས་དྲང་པོར་འདུག་སྟེ་དབུགས་ཕྱིར་འགྲོ་དང༌། ནང་འགྲོ་ཉི་ཤུ་རྩ་གཅིག་གི་བར་དུ་མ་འཁྲུགས་པར་ལྷག་ཆད་མེད་པར་བགྲངས་ཏེ་འདིས་བསམ་གཏན་གྱི་སྣོད་དུ་རུང་བར་འགྱུར་རོ་ཞེས་ཐོན་འདུག་པ་ལྟར་རླུང་འགྲོ་འོང་ལ་དམིགས་ནས་ཆམ་ལ་འབེབས་ཚུལ་འདི་སྦྱོར་བའི་ཆོས་དྲུག་གི་ནང་ཀུན་སློང་འཆོས་པའི་སྐབས་སུ་བྱ་རྒྱུ་དེ་རང་རེད། དེ་ལྟར་དང་པོར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དངོས་ལ་ཡང༌། ཐུན་གྱི་ངོ་བོ་དང་ཐུན་མཚམས་གཉིས་ཀྱི་ངོ་བོ་ལ་སྦྱོར་དངོས་འཇུག་གསུམ་ལས། དང་པོར་སྦྱོར་བ་ལ་སྦྱོར་བའི་ཆོས་དྲུག་སྔོན་དུ་བཏང་ནས། བླ་མ་ཐུགས་རྗེ་ཆེན་པོ་སྤྱི་བོར་སྒོམ་བཞིན་(༢༩ན)པའི་མུ་དེ་ནས་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ། རང་གར་ལྷུ་འདོན་རྒྱབ་ནས་བསམ་པ་ལྟ་བུ་མ་ཡིན་པར་གོང་གི་ཉམས་ལེན་བྱས་པ་རྣམས་དང་མུ་སྦྲེལ་ནས། དང་པོར་བཤེས་གཉེན་བསྟེན་ཚུལ་གཞིར་བཅས་པའི་མུ་ནས་དལ་བའི་རྟེན་བཟང་པོ་ཐོབ་པ་འདི་ཡང་མྱུར་དུ་འཇིགས་འགྲོ་རྒྱུ་རེད་སྙམ་དལ་འབྱོར་དང་འཆི་བ་མི་རྟག་པ་གཉིས་གཅིག་ཏུ་བྱས་ནས་ལེགས་པར་བསམ། དེ་ནས་ཤི་བའི་འོག་ཏུ་མེད་དེ་མི་འགྲོ་བར་དཀར་ནག་གི་ལས་དབང་གིས་འཁོར་བའི་སྐྱེ་བ་གང་འདྲ་ཞིག་བླངས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཤ་སྟག་ཡིན་པར་འདུག་སྙམ་ལས་འབྲས་དང་འཁོར་བའི་སྡུག་བསྔལ་གཉིས་གཅིག་ཏུ་བྱས་ན་བསམ། དེ་ལྟར་བསམ་པས་འཁོར་བ་ལས་ཐར་བ་ལ། ངེས་པར་ཚུལ་ཁྲིམས་རྣམ་པར་དག་པར་བསྲུང་དགོས་ཤིང༌། དེ་ཡང་དམ་པའི་ཆོས་འདུལ་བ་ནས་བཤད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་དགོས་པ་འདུག་སྙམ་དུ་བསམ། དེ་ལས་འགངས་ཆེ་བ་མེད་དེ། རང་རེ་རྣམས་སྟེང་ཞེན་གྱི་དབང་གིས་འཁོར་བར་འཁྱམས་དོགས་ཏེ། སྟོན་པ་ཐུགས་རྗེ་ཅན་གྱིས་བཅས་པ་མཛད་ནས། གོས་ལྷོག་ལྟ་བུ་ལ་མཚོན་ན་ཆོས་གོས་གསུམ་སོགས་འཚོ་བའི་ཡོ་བྱད་བཅུ་གསུམ་ལས་ལྷག་པ་མི་འཆང་ཞིང༌། གལ་སྲིད་འཆང་དགོས་ནའང་གཞན་གྱི་བསམ་པས་འཆང་བས་བྱིན་རླབས་བྱ་ཚུལ། དགེ་ཚུལ་ཡན་(༢༩བ)གྱིས་གསེར་དངུལ་ལ་རེག་མི་ཆོག་ཅིང༌། གལ་ཏེ་ཆོས་ལྡན་གྱི་དབང་གིས་རེག་དགོས་བྱུང་ནའང་རུང་བ་བྱ་དགོས་ཚུལ་དང༌། དེས་མཚུངས་རིན་པོ་ཆེའི་ཁྲི་དང༌། སྟན་ཉིས་བརྩེགས་སོགས་ལ་ཡང་ཆོས་སྟོན་པའི་ཕྱིར་སོགས་ཡིན་ན་མ་རྟོགས་སྡད་མི་ཆོག་ཞིང༌། གལ་སྲིད་སྡོད་དགོས་བྱུང་ཡང་མི་རྟག་པའི་འདུ་ཤེས་སྐྱེད་ནས་སྡོད་དགོས་ཚུལ། རྗེ་བདག་ཉིད་ཆེན་པོའི་གཞན་གྱི་རྙེད་བཀུར་སོགས་ཡོ་ལངས་ཅི་འདྲ་བྱུང་ཡང་ཞེན་མེད་པར་མི་རྟག་པ་དང་སྡུག་བསྔལ་པའི་ངང་ཚུལ་ཡིན་བསམ་པ་འདི་ང་ལ་མདོ་ཁམས་སྨད་ན་སྡོད་སྐབས་ནས་ཡོད་གསུངས་པའི་ཁུངས་དང་སྦྱར་ནས་གསུངས་ཞིང་དེར་མ་ཟད། ཚུལ་ཁྲིམས་ཀྱི་ནང་ནས་སོ་ཐར་རིགས་བདུན་གྱི་ཚུལ་ཁྲིམས་རྣམ་པར་དག་པ་ཡོད་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཚན་ཉིད་ཚང་བ་ཁྱད་པར་ཅན་འབྱུང་ཞིང༌། དེ་མེད་ན་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཙམ་ཡོད་ཀྱང་ཁྱད་པར་ཅན་མི་སྐྱེ་བ་ནི། ཇོ་བོ་ཆེན་པོས། སོ་སོ་ཐར་བ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན་ཞེས་གསུངས་ཞིང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྟེན་དུ་ཚུལ་ཁྲིམས་རྣམ་པར་དག་པ་དང་སྡིག་པས་མ་གོས་པ་དགོས་པ་ནི། དེ་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་མི་གཙང་བའི་འདམ་ཁྲོད་ནས་ཐོན་པ་དང༌། མ་རབས་ཀྱི་ལག་ཏུ་(༣༠ན)གནས་པ་ཆེར་མི་ཡོང༌། ངེས་པར་རིན་པོ་ཆེའི་གླིང་རྒྱ་མཚོ་ནས་འབྱུང་བ་དང༌། བསོད་ནམས་དང་སྐལ་བ་མེད་པའི་མིའི་ལག་ཏུ་གནས་པ་མི་སྲིད། དེ་ལ་དོགས་པ་འདི་འདྲ་ཤར་ཡོང་ཧེ་ཧེ་མི་མ་རབས་ཡིན་ཀྱང་ནོར་བུ་དེ་འདྲ་ཞིག་ལག་ཏུ་བྱུང་ན་ཉར་ཚགས་བྱེད་ལུགས་ལྟ་ཤེས། ཁོ་སྒམ་འདྲ་ཞིག་གི་ནང་དུ་ལེགས་པར་བཅུག་ནས་སྒོ་ལྕགས་བཙན་པོ་ཞིག་རྒྱབ་ནས་བཞག་ན་ཁོ་ག་རུ་འགྲོ་བསམ་པ་ཡོང་ཡང་དེ་ཡོང་གི་མེད་པ་རེད། དེ་མེད་པའི་དཔེ་མདོ་སྡེ་ནས་གསུངས་པ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་དང་ཐུགས་རྒྱུད་གཅིག་པའི་ཁྱིམ་བདག་མེས་བྱིན་ལ་རིན་པོ་ཆེའི་ཁང་པ་བཻ་ཌཱུརྱའི་ས་གཞི་ཅན་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་པ་རྣམས། རྒྱལ་པོ་མ་སྐྱེས་དགྲས་ཕྲོགས་པའི་གཏམ་རྒྱུད་རྒྱས་པར་གསུངས། དེ་ལྟ་བུའི་ལམ་ཉམས་ལེན་གྱི་རིམ་པ་དང་མུ་སྦྲེལ་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཚུལ་ལ་ཡང༌། གཞན་དོན་དོན་གཉེར་གྱི་བསམ་པ་སྦྱོང་བ་ལ་ཡང༌། བློ་དེ་སྡོད་པའི་སྣོད་ལྟ་བུ་བློའི་གཞི་གྲུབ་པ་དང༌། སེམས་ཅན་ཐམས་ཅད་མར་ཤེས་ཏེ་དྲིན་དྲན་པའི་སྒོ་ནས་ཡིད་འོང་གི་བྱམས་པ་སྒྲུབ་ལུགས་དང༌། སེམས་ཅན་ཐམས་ཅད་རང་ལ་དངོས་སུ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པས་བཀའ་དྲིན་ཆེ་བར་བསམ་ནས་(༣༠བ)ཡིད་འོང་གི་བྱམས་པ་ཁྱད་པར་ཅན་སྒྲུབ་པ་དང༌། དེ་ལ་བརྟེན་ནས་བདག་གཞན་མཉམ་རྗེ་སྒོམ་པའི་ཚུལ་དངོས་དང་གསུམ། དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་བའི་མན་ངག་ལ། ཤིང་རྟ་ཆེན་པོའི་བཞེད་པ་མི་འདྲ་བ་གཉིས་ཡོད་པས། ཇོ་བོ་ཆེན་པོ་ནས་བརྒྱུད་པའི་མན་ངག་བདུན་དང༌། མགོན་པོ་ཞི་བ་ལྷ་ནས་བརྒྱུད་པའི་བདག་གཞན་མཉམ་རྗེའི་སྒོ་ནས་སེམས་སྐྱེད་ཚུལ་གཉིས་ཡོད་པས། ཐེག་པ་ཆེན་པོའི་བློ་སྦྱོང་གི་སྐབས་འདིར་དེ་ཉིད་བསྲེས་ནས་ཉམས་སུ་ལེན་དགོས་པ་ཡིན་ལ། དེ་གང་ལས་བཤད་ན་མགོན་པོ་ཀླུ་སྒྲུབ་ཀྱི་གསང་འདུས་རྩ་རྒྱུད་ལེའུ་གཉིས་པར་རྒྱལ་བ་རིགས་དྲུག་གི་བྱང་ཆུབ་ཀྱི་སེམས་མི་འདྲ་བ་དྲུག་གསུངས་པའི་རྒྱལ་བ་རྣམ་སྣང་གིས་བྱང་ཆུབ་སེམས་ཀྱི་སྐོར་ལ་རྩལ་དུ་སྟོན་ནས་འགྲེལ་པ་མཛད་པ་བྱང་ཆུབ་སེམས་འགྲེལ་ཞེས་བྱ་བ་ལས་རྒྱས་པར་བཤད་ཅིང༌། དེར་མ་ཟད་རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས་གསུངས། ཤེར་ཕྱིན་གྱི་མདོ་ལས་ཀྱང་སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ་དང་ཞེས་པ་ནས། བདག་ཉིད་ཀྱི་བར་དུ་ཡང་འདུ་ཤེས་པར་བྱའོ་ཞེས་པ་རྩ་འགྲེལ་རྣམས་ལས་ཀྱང་རྒྱས་པར་གསུངས། དེ་ཡང་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་སོགས་མཁས་པའི་དབང་པོ་རྣམས་ནས་ལེགས་པར་མཁྱེན་མོད། གཞན་མ་ཕལ་ཆེར་དང་པོར་རྒྱུ་འབྲས་མན་ངག་བདུན་དེ་(༣༡ན)གང་ལ་ཟེར། དེ་རྣམས་རྒྱུ་འབྲས་སུ་འགྲོ་ཚུལ་ཇི་འདྲ་ཡིན། དེ་བཅོམ་ལྡན་འདས་ཀྱིས་མདོ་གང་ལས་གསུངས། འགྲེལ་བྱེད་ཀྱི་གཞུང་གང་གིས་བཀྲལ། དེ་བཞིན་དུ་བདག་གཞན་མཉམ་བརྗེའི་སྐོར་ཀྱང་ཇི་ལྟར་ཡིན་སྙམ་པ་ཡོང༌། དེ་དག་ཡག་པོ་ཤེས་དགོས། འདི་འདྲ་བ་ཚོའི་ངོ་བོ་དང་རྐང་གྲངས་ཙམ་ཡང་ཤེས་པར་དཀའ་ལས་ཚ་འདི་ཡོད། དེ་འདི་འདྲ་རེད། རྒྱུ་འབྲས་མན་ངག་བདུན་ཟེར་བ་ནི་མར་ཤེས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་ལ་ཟེར་ཞིང་དེ་ལྟར་དུ་འདྲེན། གཞན་དོན་དོན་གཉེར་གྱི་བློའི་གཞི་སྒྲུབ་བྱེད་ཀྱི་བཏང་སྙོམས་དེ། འདིའི་གྲངས་སུ་མི་འདྲེན། དེ་བྱས་ན་མན་ངག་བརྒྱད་དུ་འགྲོ་བས་མང་འགྲོ །དེ་ཡང་རྒྱུ་འབྲས་སུ་འགྲོ་ལུགས་ལ་ཚུལ་གཉིས་ཡོད། ཡིད་འོང་གི་བྱམས་པ་ཡན་རྒྱུ་དང༌། སྙིང་རྗེ་ཆེན་པོ་ངོ་བོ་ལྷག་བསམ་དང་སེམས་བསྐྱེད་གཉིས་འབྲས་བུ་སྟེ་རྒྱུ་བཞི། ངོ་བོ་གཅིག །འབྲས་བུ་གཉིས་ཏཻ་རྒྱུ་འབྲས་མན་ངག་བདུན་དུ་འཇོག་པ། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་སོགས་ཀྱི་རྩལ་དུ་བཏོན་ནས་འཆད་པའི་ལུགས་དང༌། ལྷག་བསམ་ཡན་རྒྱུ་དང༌། བྱང་ཆུབ་ཀྱི་སེམས་འབྲས་བུར་འཇོག་པ་ཡུམ་གྱི་མདོ་དང༌། ལམ་རིམ་སོགས་ཀྱི་དགོངས་པ་ཡིན། འོ་ན་དེ་ལྟ་བུ་རྒྱུ་འབྲས་མན་ངག་བདུན་པོ་དེ་བཅོམ་ལྡན་འདས་ཀྱིས་མདོ་གང་ལས་གསུངས། བསྟན་(༣༡བ)བཅོས་གང་གིས་བཀྲལ། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དེ་ཡང་མདོ་དང་བསྟན་བཅོས་ཀྱི་འགྲེལ་ཚུལ་ཇི་ལྟར་ཡིན་སྙམ་ན། འདི་ཚོའི་ཁུངས་ཡག་པོ་ཤེས་དགོས་པར་ད་ཡག་པོ་བྱས་ཚར་ར་ཤོད་དགོས། རྒྱུ་འབྲས་མན་ངག་བདུན་ནི་དྲོ་བ་རྣམས་ཀྱི་དམིགས་པ་འདི་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་ཞེས་སོགས་བྱམས་མགོན་གྱྀ་གཞུང་དང༌། དེའི་བཤད་བྱ་རྩ་བའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ནས་རྒྱ་ཆེར་བཤད་ཅིང༌། ཕྱི་མ་ནི་གཙོ་བོ་མདོ་སྡེ་ཕལ་པོ་ཆེའི་ནང་ནས་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་བསྔོའི་ལེའུ་ལས་རྒྱས་པར་བཤད་ཅིང༌། དེའི་དགོངས་པ་འགྲེལ་པར་མགོན་པོ་ཞི་བ་ལྷས་བསླབ་སྤྱོད་གཉིས་དང༌། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་པ་དང༌། སློབ་དཔོན་དཔའ་བོས་སྐྱེས་རབས་སོ་བཞི་པ་སོགས་ནས་བཤད་ཅིང༌། ལྷག་པར་སྐྱེས་རབས་སོ་བཞི་པར་དཔའ་བོས་དེ་རང་རྩལ་དུ་བཏོན་ནས་མགོ་འཇུག་བར་གསུམ་དུ་གསུངས་པས་མཐར་སློབ་དཔོན་རང་གིས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་ཉམས་སུ་ལེན་ནུས་མིན་བརྟག་པའི་ཅུང་ཟད་དཔའ་ཞུམ། སླར་ཡང་སྙིང་སྟོབས་ཆེར་བསྐྱེད་དེ་བསྒོམས་པས་སྟག་ཞིག་དངོས་སུ་ཡོང་ནས་སློབ་དཔོན་གྱི་སྐུ་ལུས་གསོན་པོར་ཟ་རྩིས་ལ་སྦྱིན་ཁར་བདག་གཞན་མཉམ་རྗེ་ལས་རྩོམ་པའི་སྨོན་ལམ་བདུན་(༣༢ན)བཅུ་པ་འདི་ཉིད་བཀའ་རྩོམ་གནང་བའི་ཚུལ་སོགས་རྒྱས་པར་གསུངས། དངོས་གཞི་གཞན་དོན་དོན་གཉེར་གྱི་བསམ་པ་སྦྱོང་བ་ལ། ཁ་སང་རྒྱས་པར་ཞུ་བའི་ཕན་ཡོན་རྣམས་དང༌། ལྷག་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་སངས་རྒྱས་སྒྲུབ་པའི་ལམ་གྱི་སྲོག་ཤིང་དུ་མེད་དུ་མི་རུང་བ་ཡིན་པས། སེམས་རིན་པོ་ཆེ་འདི་མེད་ན་གཞན་མངོན་ཤེས་དང༌། རྫུ་འཕྲུལ་ཇི་ཙམ་ཡོད་ཀྱང་སེམས་ཅན་རྣམས་ལ་ཕན་ཆེན་པོ་མི་ཐོགས་པ་ནི། འབྲོམ་རིན་པོ་ཆེས་རྣལ་འབྱོར་པ་ཆེན་པོར་ཁྱོད་ལ་སྣ་རྩར་རྔ་བོ་ཆེ་བརྡུངས་ཀྱང་མི་གཤིག་པའི་ཏིང་ངེ་འཛིན་ཡོད་ཀྱང་ངའི་བྱང་ཆུབ་ཀྱི་སེམས་དང༌། བྱམས་སྙིང་རྗེ་སོགས་མེད་ན་ཉིན་མཚན་ཀུན་ཏུ་བཤགས་པར་བྱ་བའི་ཡུལ་དུ་སྐྱེ་དགོས་པ་སོགས་བཀའ་སྐྱོན་ལེན་གཉིས་གསུམ་ཙམ་གནང་བའི་སྐོར་དང༌། དེའི་ནང་གི་ཉིན་མཚན་ཀུན་ཏུ་ཞེས་སོགས་གསུངས་པའི་དགོངས་པ་རང་དེ། བྱང་ཆུབ་ཀྱི་སེམས་མེད་པའི་གཟུགས་མེད་ནམ་མཁའ་མཐའ་ཡས་སོགས་ཀྱི་ཏིང་ངེ་འཛིན་ལ་རང་དབང་ཐོབ་པ་རྣམས་ཀྱང༌། མཐར་དབང་པོ་བ་གླང་ལྟར་སྡུག་བསྔལ་དུ་འགྲོ་བ། འཕགས་པ་ལམ་ཆུང་པས། སྔོན་ཕག་སོགས་ཀྱི་རྫི་བོར་གྱུར་སྐབས། དགྲ་བཅོམ་པ་ལྔ་བརྒྱའི་ལས་མ་ཤེས་པར་ཤིན་ཏུ་དབང་པོ་བརྟུལ་བར་བྱུང་བའི་ལོ་རྒྱུས་དང་བཅས་(༣༢བ)རྒྱ་ཆེར་གསུངས། མདོ་བྱས་ཏེ་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པས་འབྲས་བུས་བསྐལ་བ་མང་པོར་གཟུགས་མེད་ཁམས་སུ་སྐྱེས་པས། དེའི་བག་ཆགས་ཀྱི་ལམ་ཆུང་པ་སྲིད་པ་ཐ་མའི་ཚེ་ཡང་བྲམ་ཟེའི་རིགས་བྱེད་གང་ཡང་མ་ཤེས་པར་ཤིན་ཏུ་དབང་པོ་བརྟུལ་བར་བྱུང་བའི་ལོ་རྒྱུས་དང་བཅས་རྒྱ་ཆེར་གསུངས་ནས། དངོས་གཞི་བསམ་པའི་སྐབས་གོང་དུ་བཤད་པའི་སྐྱེས་བུ་ཆུང་འབྲིང་གི་བསམ་པ་དེ་རྣམས་དང་མུ་སྦྲེལ་ནས་ཚུལ་ཁྲིམས་དག་ཅིང་སྡིག་པས་མ་འགོས་པའི་མུ་དེ་ནས་ཐོག་པར་བློའི་གཞི་སྒྲུབ་པ་ཞེས་བློ་དེའི་སྡོད་ས་མཆོད་དགོས། དེ་ལ་བཏང་སྙོམས་དེ་བསྒོམ་དུས་དང་པོར་རང་གི་སྔར་ལེན་གཉིས་གསུམ་ཙམ་མཐོང་མྱོང་ཞིང་འདྲེས་གང་ཡང་མེད་པའི་མི་ཞིག་ལ་དམིགས་ནས་འདིས་བདག་ལ་ཕན་གནོད་གང་ཡང་མ་བྱས་སྙམ་ནས་ཞིབ་ཏུ་བསམ་པའི། དེ་ལ་ཕན་གནོད་ཀྱི་བློ་གང་ཡང་མིན་པའི་བཏང་སྙོམས་ཞིག་སྐྱེས་བྱུང་ན། དེ་ནས་ཁ་སྤོས་ཏེ་ཚེ་འདིའི་མ་ལྟ་བུ་རང་ལ་སྙིང་ཉེ་བ་དང༌། མཐར་དགྲ་ལྟ་བུ། དེ་ནས་དགྲ་གཉེན་གཉིས་ཀ །དེ་ནས་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་སེམས་སྙོམས་ཚུལ་ག་ལེར་བྱས་ནས་མུ་མ་སྦྲེལ་ན། རང་རེ་རྣམས་ཀྱི་བློ་འདི་སྡུག་རང་དྲགས་ནས་ཁོང་ཡ་མི་ཆོར་བས། ང་རང་ཚོའི་སེམས་འདི་སྙོམས་དཀའ་བས། ཡུལ་(༣༣ན)གང་ལ་ཡང་ཡིད་དུ་འོང་བ་དང༌། མི་འོང་བ་གང་རུང་གི་རྣམ་པ་ཤར་བ་འདི་རང་ཤུགས་ཆེ། དེ་ཡང་ཡིད་ཀྱི་རྣམ་ཤེས་ཙམ་དུ་མ་ཟད་མིག་སོགས་དབང་པོ་དྲུག་ཀ་ལ་རིགས་འདྲེ་ཚུལ་རྒྱས་པ་དང༌། དེའི་ནང་ནས་ཀྱང་ཡུལ་ཡིད་དུ་འོང་བ་ལ་འདོད་ཆགས་ཕྲ་མོ་སྐྱེས་པ་ཤེས་དཀའ་ཚུལ་ཡང་ཞིབ་ཏུ་གསུངས་ནས། མདོར་ན་བློ་རིམ་གྱིས་གོམས་འཇུག་པ་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་གཅེས་པ་སྔོ་སངས་མ་ཤི་བའི་གཏམ་རྒྱུད་ལྟར་དགོས་གསུངས་ཞིབ་རྒྱས་སུ་བསྩལ། ཐོག་མར་དགྲ་གཉེན་གཉིས་ལ་སེམས་སྙོམས་ཐུབ་ན་དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ལས་སླ། བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོས་གསུང་བ་ལྟར། རང་གི་སེམས་སྙོམས་པའི་སྐབས་དགོན་པ་དང་རི་ཁྲོད་ལྟ་བུ་ཡིན་ན་རང་གི་ཤག་མཚེས་པ་ཕན་ཚུན། ཁྱིམ་པ་ཡིན་ན་ཁྱིམ་མཚེས་པ་ལྟ་བུ་ཕན་ཚུན་རང་ལ་དམིགས་ནས་སེམས་སྙོམས་དགོས་ཚུལ་རྒྱས་པར་གསུངས། ཇི་ལྟར་བྱས་ཀྱང་སེམས་སྙོམས་མ་ཐུབ་པ་ན། སྐྱེས་བུ་འབྲིང་ལ་ཡར་ལོག་སྟེ། དགྲ་གཉེན་ལ་ངེས་པ་མེད་ཚུལ། ཕ་དམ་པས། ཕ་ཤ་ཟ་ཞིང་མ་ལ་འཚེ། །ལས་ངན་དགྲ་བོ་སྤང་དུ་བླངས། །ཆུང་མས་ཁྱོ་ཡི་རུས་བུ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ་ཞེས་པའི་ལུང་དང་སྦྱར་ནས་(༣༣བ)ཕན་གནོད་དང་དགྲ་གཉེན་སོགས་ལ་ཡིད་གཏན་དང་ངེས་པ་མེད་ཚུལ་ཞིབ་ཏུ་གསུངས། དེ་ལྟར་སྒོམ་པའི་སེམས་སྙོམས་པའི་ལག་རྗེས་ལ། སེམས་ཅན་གྱི་ངོས་ནས་ཐམས་ཅད་བདེ་བ་འདོད་སྙམ་དང་སྡུག་བསྔལ་མི་འདོད་སྙམ་ཡིན། རང་ངོས་ནས་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པས། གནོད་པ་བྱེད་དོན་མེད་པ་མ་ཟད། ཐམས་ཅད་ལ་ངེས་པར་ཕན་འདོགས་དགོས་པ་འདུག་སྙམ་པ་བྱུང་ན་གནད་དུ་སོང་ཞིང༌། དགྲ་གཉེན་བར་མའི་འགྲོ་བ་སུ་ལ་ཡང་གནོད་པ་སྐྱེལ་འདོད་དང༌། ཕན་བློ་གང་ཡང་མེད་པའི་འདི་རྣམས་ཐམས་ཅད་གཅིག་ཏུ་ངའི་མ་དྲིན་ཅན་ཤ་སྟག་ཏུ་འདུག་སྙམ་པའི་བཏང་སྙོམས་དགོས། མ་བརྟག་པའི་བཏང་སྙོམས་དང༌། ཚོར་བ་བཏང་སྙོམས། འདུ་བྱེད་བཏང་སྙོམས་སོགས་འདིར་འཇོག་མི་ཤེས་གསུངས། དེ་དག་གི་ཞིབ་ཆ་རྒྱས་པ་བདེ་ལམ་ཟིན་བྲིས་ན་ཡོད། དེ་དགའ་མོ་བྱུང་ན། དེ་ནས་མར་ཤེས་བསྒོམ་པའི་ཚེ་ལུང་དང་རིགས་པ་གཉིས་ཀའི་སྒོ་ནས་སྒྲུབ་ན་འཐོན་ཆེ་བས། ལུང་ནི་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྐུ་ཚེ་དུ་མར་བདག་ཅག་གི་སྟོན་པའི་ཡུམ་ཡང་ཡང་མཛད་པར་ལུང་བསྟན་པའི་མདོ་སོགས་དང༌། རིགས་པས་སྒྲུབ་ཚུལ་ནི་ཚད་མ་རྣམ་འགྲེལ་ལས། །སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོའི་བློ་བཞིན་ནོ་ཞེས་པ་དང༌། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་(༣༤ན)ལེན་མིན་པའི་ཕྱིར་ཡང་འགྲུབ། །ཞེས་སོགས་ལ་བརྟེན་ནས་འཁོར་བའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པས་སེམས་ཅན་ཐམས་ཅད་རང་གི་མ་ཡིན་པར་ངེས་པ་འདྲེན་ལུགས་རྒྱས་པ་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་གསུངས་ནས། དེ་ཡང་ཐོག་མར་ཚེ་འདིའི་མ་དང༌། ཕ། ཨ་ཞང་སོགས་སྙིང་ཉེ་བ་ནས། བར་མ་དང༌། དགྲ །མཐར་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ། གཞན་ཡང་སྔར་དྲངས་པའི་ལུང་དེ་དག་ལ་སོགས་པ་རྒྱལ་བའི་བཀའ་དང༌། དེ་ནས་གསུངས་པའི་རིགས་པ་དྲི་མ་མེད་པ་རྣམས་ལ་ཡིད་ཆེས་པར་བྱས་ལ་འདི་ལ་ངེས་པ་བརྟན་པོ་ཅི་བསྐྱེད་བྱ་དགོས་ཏེ། མར་ཤེས་ཀྱི་བློ་འདི་ལ་རྒྱུད་ལ་སྐྱེས་ན་དྲིན་དྲན་སོགས་གོང་མ་རྣམས་ངམ་ངམ་ཤུག་གིས་སྐྱེ་ལ། འདི་མ་སྐྱེས་ན་ལམ་གོང་མ་རྣམས་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པས་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་སྒོ་འགགས་པ་ཡིན། དེ་ལ་ཡང་དམིགས་རྣམ་ཐུན་རེ་ཙམ་བསྐྱངས་ནས་ད་མ་བྱུང་ཟེར་མི་རུང་སྟེ། ཐེག་པ་ཆེན་པོའི་ལམ་ཡོངས་རྫོགས་ཀྱི་རྨང་རྡོ་འདི་དག་ནི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བསྐལ་པ་མང་པོ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་སྦྱོང་དགོས་པར་གསུང་ན། རང་ཅག་ད་ལྟའི་གདུལ་བྱ་ཐེག་པ་ཆེན་པོའི་ལམ་གྱི་གནད་འདི་འདྲ་བ་ལ་གོ་བ་རགས་པ་ཙམ་(༣༤བ)ཡང་མ་རྙེད་པ་རྣམས་ཀྱི་ཧྲིབ་ཙམ་རེ་བསྐྱངས་པས་ག་ལ་སྐྱེ། དེས་ན་ད་རེས་ཀྱི་ཞབས་འདི་ལ་ཐེག་པ་ཆེན་པོའི་ལམ་གྱི་གཞི་དག་ལ་བག་ཆགས་ཙམ་རེ་འཇོག་ཐུབ་ན་དོན་ཤིན་ཏུ་ཆེ་བས། འདི་དག་ལ་བླ་མ་མཁས་པ་ཚུལ་བཞིན་དུ་བསྟེན་ནས་གོ་བ་ཕུ་ཐག་ཆོད་པར་བཙལ་ཏེ་དམིགས་རྣམ་ནར་མར་སྐྱོང་ཅི་ཐུབ་བྱེད། ཚོགས་བསོག་སྒྲིབ་སྦྱོང་ལ་འབད། བླ་མ་དཀོན་མཆོག་ལ་གསོལ་འདེབས་ཤུགས་དྲག་ཏུ་བྱའོ། དེ་ཡང་སེམས་ཅན་སྤྱི་ཙམ་ལ་དམིགས་ནས་འདི་ངའི་མ་ཡིན་སྙམ་པ་ཙམ་གྱི་མི་ཆོག་པར། ཚེ་འདིའི་གཉེན་བཤེས་རྣམས་དང༌། བར་མ་རྣམས་དང༌། ཡིད་དུ་མི་འོང་བའི་དགྲ་རྣམས་དང༌། རྟ་བ་གླང་བོང་བུ་གྲོག་མ་འབུ་སྲིན་སོགས་མིག་ལམ་དུ་སྣང་བའི་དུད་འགྲོ་རྣམས་དང༌། ཡིད་ཡུལ་དུ་ཤར་བའི་སེམས་ཅན་རྣམས་ལ་རེ་རེ་ནས་མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། ཡིད་ལ་དྲན་ཙམ་ནས། རང་གི་ཚེ་འདིའི་ཨ་མ་མཐོང་ཙམ་ནས། འདིའི་མ་ང་ཡིན་སྙམ་དུ་ངང་གིས་སྐྱེ་བ་བཞིན་དུ། དེ་ཐམས་ཅད་ལ་དྲིན་ཅན་གྱི་མ་ཡིན་སྙམ་པ་སྐྱེ་དགོས་པས་དེ་ལྟར་བྱའོ། །

ཇོ་བོ་ཆེན་པོས་སེམས་ཅན་སུ་འདྲ་ཞིག་གཟིགས་ཀྱང་མ་རྒན་མོ་འོ་བརྒྱལ་གསུང་ནས་སྤྱན་ཆབ་འབྱིན་ཚུལ་བཅས་ལོ་རྒྱུས་རྒྱས་པར་གསུངས། དེ་ནས་དྲིན་དྲན་པའི་སྐབས་སུ་ཕན་ཅུང་ཟད་བཏགས་(༣༥ན)པ་ལ་དྲིན་དུ་བསམ་པ་ཙམ་མ་ཡིན་པར། བློ་སྦྱོང་འདི་རང་གི་རྩ་ཚིག་ནས་འཐོན་པ་ལྟར། རང་ཉིད་མ་རྒན་མོའི་ལྟོ་ན་གནས་པ་ནས། ད་ལྟའི་བར་གྱི་དྲིན་རྣམས་ཞིབ་ཏུ་བསམ་ནས་དྲིན་དྲན་དང༌། གཞན་ཡང་རང་གི་ཚེ་འདིའི་མ་དེས་ཇི་ལྟར་ཕན་བཏགས་པ་དང་བརྩེ་སེམས་བྱས་པའི་ཚུལ་རང་གི་བློས་གང་ངེས་རྣམས་བསམ་ལ་དྲིན་དྲན་པར་བྱས་ཏེ། ད་ལྟའི་མ་རྒན་འདིས་བདག་ལ་ཕན་པ་དང་བརྩེ་དུང་ཇི་ལྟར་བྱས་པ་དེ་ལྟར་སེམས་ཅན་འདི་ཐམས་ཅད་ཀྱིས་ཀྱང་བདག་གི་མ་ནམ་བྱས་རེས་ཕན་འདོགས་དང་བརྩེ་སེམས་འདི་ལྟར་བྱས་སོ་སྙམ་དུ་ལུས་ཀྱི་བ་སྤུ་གཡོ་མིག་ནས་མཆི་མ་འཁྲུག་པ་མ་བྱུང་གི་བར་དུ་བསམ་པར་བྱ་ཞིང༌། དེ་ལྟར་འགྱུར་བར་བླ་མ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་ཏུ་གསོལ་སྙམ་པ་སོགས་བྱའོ་གསུངས། དེ་ནས་དྲིན་བཟོའི་སྐབས་སྤྱིར་བདེ་ལམ་ལྟར་དང༌། ཁྱད་པར་ཐོག་མ་མེད་པ་ནས་ད་བར་དྲིན་གྱིས་བསྐྱངས་པའི་མ་རྒན་རིགས་དྲུག་འཁོར་བའི་བཙོན་དོང་ན་གནས་ནས། ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བསྡམས་ནས། སྡུག་བསྔལ་གསུམ་གྱིས་ཡུན་རིང་དུ་མནར་ཞིང་ཉམས་ཐག་པ་འདི་རྣམས་ཡལ་བར་དོར་དེ་རང་མགོ་ཅི་ཐོན་བྱས་ན་རང་ཉིད་ཁྲེལ་མེད་མ་རབས་སུ་འགྱུར་ཞིང་ཡལ་བར་འདོར་ཅི་ལ་ཡོད། དེས་ན་བདག་གི་མ་(༣༥བ)དྲིན་ཅན་འདི་རྣམས་མྱུར་དུ་འཁོར་བ་ལས་བསྒྲལ་ནས་ཐར་པ་བླ་ན་མེད་པའི་བདེ་བ་ལ་འགོད་པར་བྱའོ། །སྙམ་དུ་གསོལ་འདེབས་ཤུགས་དྲག་བྱེད་གསུང། ལྷག་པར་དྲིན་བཟོ་འདོད་ཀྱི་བློ་འདི་རང་རེ་རྣམས་རང་གཅེས་འཛིན་གྱི་བློ་ངན་འདི་གོམས་ཤུགས་ཆེ་བས་སྙིང་ཐག་པ་ནས་སྐྱེ་དཀའ་བས། དེ་ལ་བསླབ་བཏུས་ཀྱི་མན་ངག་ཉོན་མོངས་ཀྱིས་སྨྱོ་ཞེས་སོགས་ཀྱི་དོན་ལ་བསམ་པའི་སྒོ་ནས་བསྒོམ་ན་གནད་ཆེ་བར་རྗེ་བདག་ཉིད་ཆེན་པོས་ལམ་རིམ་དུ་ཡང་ཡང་གསུངས། དེ་རྣམས་ཀྱི་ལག་རྗེས་ལ། སེམས་ཅན་ཐམས་ཅད་ལ་ངམ་ངམ་ཤུགས་ཀྱིས་ཡིད་དུ་འོང་ཞིང་གཅེས་ལ་འཕངས་པ་ཞིག་བྱུང་ན། ཡིད་འོང་གི་བྱམས་པ་ཞེས་བྱ་བ་དེ་རང་ཡིན། འདི་སྙིང་རྗེའི་སྔོན་དུ་ངེས་པར་འགྲོ་དགོས་ཤིང༌། བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་སོགས་ལ་སྐྱེ་བའི་གོ་རིམ་ངེས་པ་མེད་པར་བདེ་ལམ་སྐབས་ལྟར་ཡིན་གསུང༌།སྤྱིར་བྱམས་སོགས་ཚད་མེད་བཞི་པོ་གང་རུང་འཐོབ་པ་ལ། མངོན་པ་མཛོད་ནས་གསུངས་པ་ལྟར་གྱི་བསམ་གཏན་གྱི་དངོས་གཞི་ཐོབ་དགོས་པས། སྐབས་འདིར་ཡོང་བ་དཀའ་ཡང༌། ཡིད་འོང་གི་བྱམས་པ་འདི་བྱམས་པ་ཚད་མེད་ཀྱི་ཆར་གཏོགས་ཞིག་ཡིན། དེ་ཡང་དམིགས་སྐོར་དེ་དག་རེ་རེ་བཞིན་ནས་བསྒྲུབ་ནས་བརྟན་ཅིང༌། དེ་མིན་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཞེས་སྨོས་ཀྱང་ཁ་ཞེ་མི་མཚུངས་ཚུལ་(༣༦ན)སྔོན་དུས་ཕན་ཡུལ་ན། དགེ་འདུན་གྱི་གནས་བརྟན་ཞིག་གིས་རྒན་མོ་ཞིག་གི་ལག་ནས་ཞིང་འཕྲོག་ནས་རྒན་མོ་ཡིད་མ་རང་བའི་མུར། རྒན་མོ་དེས་མཐོང་སར་གནས་བརྟན་གྱི་བྱིན་ལེན་མཛད་པའི་བར་དུ་རྒྱུག་པ་ཞིག་འདུག་པར་གནས་བརྟན་གྱིས་འབྱུང་བཞི་རགས་པས་མཚམས་མཆོད་ན་བྱིན་ལེན་ཆགས་པར་བསམ་ནས་རྒྱུག་པ་བསྡུ་རུ་བཅུག་པས། རྒན་མོ་མོས། ཨཱ་ཁ་སང་ངའི་ཞིང་གི་འགྲམ་དེ་ལ་རྒྱུག་པ་ཞིག་བཞག་ན་དེས་ཙམ་ཞེས་པའི་གཏམ་རྒྱུད་དང༌། བྱམས་མགོན་བླ་མ་རིན་པོ་ཆེར་གཞན་གྱིས་ཕུལ་བའི་སྣ་རེའུ་ལོ་རྒྱུས་དང༌། གྲུབ་མཆོག་བློ་བཟང་རྣམ་རྒྱལ་བའི་ཞིམ་བུར་བརྩེ་གྲགས་ནས་སྤྱན་ཆབ་གནང་བའི་ལོ་རྒྱུས་དང༌། ཇོ་བོ་སྙེ་ཐང་དུ་བཞུགས་སྐབས་རྟ་རྒོད་མ་ཞིག་སྐེ་ཤིང་སྦྲག་ཏུ་ཚུད་པས་སྡུག་བསྔལ་བ་ལ་རྣལ་འབྱོར་བ་ལ་མྱུར་དུ་བཞུད་ངའི་མ་རྒན་མོ་འོ་བརྒྱལ་གསུང་བའི་ལོ་རྒྱུས་དང༌། ཁྱད་པར་རང་རེ་ལས་དང་པོ་བ་རྣམས་ཀྱི་དམིགས་སྐོར་ལ་མ་འདྲིས་བར་དུ། མར་ཤེས་ལྟ་བུའི་དམིགས་སྐོར་ལའང༌། སྦྱོར་བ་དང་དངོས་གཞི་འཇུག་གསུམ་སྦྱོར་བ་ལ་སྦྱོར་བའི་ཆོས་དྲུག་དངོས་གཞི་ལ་ཡང་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་རེ་རེ་བཞིན་ནས་ཆ་ཚང་རེ་ལམ་ལམ་ཡོང་བ། བསྟན་(༣༦བ)པ་ཐམས་ཅད་གྲུ་བཞི་ལམ་གྱི་འཁྱེར་ཤེས་པའི་ཉམས་ལེན་ཡིན་པ་མངོན་པར་རྟོགས་པའི་རྒྱན་དང༌། འཕགས་པ་གྲོལ་སྡེའི་མདོ་རྒྱན་སྦྱར་བའི་འགྲེལ་པ་ཉི་ཁྲི་སྣང་བའི་ཁུངས་དང་སྦྱར་ཏེ་ཞིབ་པར་གསུང་བ་བདེ་ལམ་ཟིན་བྲིས་ན་ཡོད། གཉིས་པ་སེམས་ཅན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པར་བསམ་ནས་ཡིད་འོང་གི་བྱམས་པ་ཁྱད་པར་ཅན་སྒྲུབ་པ་ལ། བདག་གཅེས་འཛིན་གྱི་སྐྱོན་བསམ་པ་དང༌། གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པ་གཉིས་ལས་དང་པོ་རྩ་ཚིག་ནི། ལེ་ལན་ཐམས་ཅད་གཅིག་ལ་གདའ་ཅེས་པ་འདི་ཡིན། དེ་ཡང་བློ་སྦྱོང་ངག་གོང་མ་རྣམས་སུ་གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་རྗེས་ཐོབ་ཀྱི་སྐབས་དང༌། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས་ཞེས་དྲན་པ་མི་བརྗེད་པའི་ཕྱིར་དང༌། ལེན་པའི་གོ་རིམ་རང་ནས་བརྩམས་ཞེས་དཔའ་བསྐྱེད་ཐབས་དང༌། སྣོད་བཅུད་སྡིག་པས་གང་བའི་ཚེ་ཞེས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཚུལ་དང༌། བསམ་པའི་སྒོ་ནས་བསྒྱུར་ཚུལ་ལ་གཉིས་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བསྒྱུར་བའི་སྐབས་སུ་ལེ་ལན་ཐམས་ཅད་གཅིག་ལ་གདའ། དེ་ལ་དགྲར་ལྟས་ནས་གཞན་གཅེས་པར་འཛིན་པའི་ཕྱིར་ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ་ཞེས་(༣༧ན)སོགས་གོ་རིམ་འཁྲུགས་པ་ལྟ་བུ་ཡོད་ཀྱང༌། འདིར་རྗེ་བདག་ཉིད་ཆེན་པོའི་བཞེད་སྲོལ་ལྟར། བླ་མའི་མན་ངག་ལ་བརྟེན་ནས་ཉམས་སུ་ལེན་སྐབས། ལེ་ལན་ཐམས་ཅད་ཅེས། རང་གཅེས་འཛིན་གྱི་སྐྱོན་སྒོ་དུ་མ་ནས་བསམ་ཚུལ་དང༌། གཞན་གཅེས་འཛིན་གྱི་ཡོན་ཏན་སྒོ་དུ་མ་ནས་བསམ་ཚུལ་སྐབས་འདིར་ཡར་བླངས་ནས། གོ་རིམ་མ་ཆོལ་བར་ཡག་པོ་བྱས་ཏེ་བསམ་དགོས་ཚུལ་རྒྱས་པ་དང༌། རང་གཅེས་འཛིན་གྱི་སྐྱོན་བསམ་པའི་སྐབས་མི་མདོར་སྡུག་བསྔལ་གང་བྱུང་ཡང༌། རང་ཉིད་གཅེས་འཛིན་ལས་བྱུང་བས། ལེ་ལན་ཐམས་ཅད་གཅིག་ལ་གདའ་ཞེས་པ། ཚེ་འདི་ལ་རང་གཅེས་འཛིན་གྱི་འགོང་པོ་འདིས་བསླུས་ནས་གནས་ལུགས་དང༌། ལོངས་སྤྱོད། འཁོར་གཡོག །སྡེ་དགོན་ཉེ་དུ་སོགས་ལ་ཆགས་ནས་གནོད་པ་སྐྱེལ་ལུགས། ཚེ་ཕྱི་མར་ཁོས་བསླུས་ནས་ངན་སོང་གསུམ་སོགས་ཡང་བའི་གནས་སུ་ཡང་ཡང་སྐྱུར་ནས་རང་གིས་རང་ལ་གནོད་པ་བྱས་ལུགས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་གཅོད་ཆེ་ལུགས་དེར་མ་ཟད། ཉན་རང་དགྲ་བཅོམ་པ་དབང་ཐོབ་ཅིང༌། མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་དུ་མངའ་བ་བདག་འཛིན་ས་བོན་དང་བཅས་པ་སྤངས་ནས་འཁོར་བ་ལས་གྲོལ་བ་ཚོར་ཡང༌། སངས་རྒྱས་ཀྱི་ཡོན་ཏན་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ། སྟོབས་བཅུ་མི་འཇིགས་(༣༧བ)པ་བཞི་ལ་སོགས་པ་མ་ཐོབ་པར་མ་ཟད། སངས་རྒྱས་ཐམས་ཅད་དེ་རྣམས་མཐར་ཐེག་པ་ཆེན་པོའི་ལམ་ལ་འཇུག་དགོས་པའི་འོ་བརྒྱལ་གཏད་ལུགས། ཉན་རང་དེ་དག་གིས་རང་གི་ལུས་ཀྱི་རྒུད་པ་ཙམ་ཡང་སེལ་མི་ནུས་པ་དང༌། སེམས་ཅན་ཐམས་ཅད་ཡལ་བར་དོར་ནས་རང་ཉིད་ཞི་བདེའི་དབྱིངས་སུ་ཅི་མཐར་བྱས་པ་ཡང༌། རང་གཅེས་འཛིན་འདི་རང་གིས་བྱས་ཚུལ་དང༌། བདུད་དང་བགེགས་རིགས་ཀྱི་གནོད་པ་ཀུན་ཀྱང་རང་གི་སྙིང་ནང་གི་བདག་འཛིན་འགོང་པོ་འདིས་ཀུན་ནས་བླང་བའི་འདོད་པ་སོགས་ཉོན་མོངས་པ་རྣམས་ཀྱི་མདངས་ཕྱི་རོལ་དུ་ཤར་ནས་དེ་དག་གི་རྣམ་པ་ཅན་དུ་ཤར་ཚུལ་དང༌། དེ་དག་ལ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བདག་འཛིན་བཤགས་འདེབས་ཀྱི་ལོ་རྒྱུས་དང༌། མཽངྒལ་གྱི་བུའི་སྐུ་ལུས་ཀུན་ཏུ་རྒྱུའི་སློབ་མ་རྣམས་ཀྱིས་འདམ་བུ་ལྟར་བཅོམ་པའི་གཏམ་རྒྱུས་རྒྱས་པ་དང༌། མདོར་ན་བདག་འཛིན་ནམ། རང་གཅེས་འཛིན་འདི་རང་རྒྱུད་ལ་ཡོད་ཕྱིན་རྙེད་བཀུར་དང་སྙན་གྲགས་ལ་དགའ་བ་ངམ་ཤུགས་ཀྱིས་ཡོང་ལུགས། དེ་བྱུང་ན་རང་རེ་དབེན་ཁྲོད་དུ་གནས་པ་རྣམས་ལ་ཡང་ཤིན་ཏུ་བགེགས་ཆེ་བ་ཡིན་ཚུལ་དང༌། དེའི་ཁུངས་སུ་བཅོམ་ལྡན་འདས་ཀུན་དགའ་བོ་གཉིས་ཀྱིས། བསྐལ་པ་དང་པོའི་མིས་སྦས་པའི་གསེར་དངུལ་གྱི་གཏེར་ཁ་ཆེན་པོ་ཞིག་ཆུས་བཤལ་ནས་དོན་པ་ཞིག་(༣༨ན)གཟིགས་པར། སྟོན་པས་དུག་སྦྲུལ་འདུག་གོ །དུག་སྦྲུལ་ནག་པོ་ཆེན་པོ་འདུག་གོ་གསུངས་པ། ཤིང་ཐུན་པ་གཅིག་གི་གོ་ནས་ཁོས་བཏགས་དེ་བཙལ་བའི་གཏེར་དེ་རྙེད་ཁོ་ཕྱུག་པོར་གྱུར་པའི་སྐབས། རྒྱལ་པོ་མ་སྐྱེས་དགྲས་ནོར་ཐམས་ཅད་འཕྲོགས་ནས་ཤིང་ཐུན་པ་ཁོ་རང་གི་སྲོག་ལ་བབས་པའི་འཇིགས་པ་བྱུང་བས། བཅོམ་ལྡན་འདས་ལ་ཡིད་ཆེས་ཤིང་དད་པ་སྐྱེས་པའི་བྱིན་རླབས་ཀྱིས་རྒྱལ་པོས་ཁོ་བཙོན་ནས་བཏང་བའི་ལོ་རྒྱུས་དང༌། དེར་མ་ཟད་བཀའ་གདམས་གོང་མའི་དགེ་བའི་བཤེས་གཉེན་ཤ་པོ་པས་བདག་འཛིན་འགོང་པོ་དེ་ལ་འུག་པའི་མགོ་ཅན་ཞེས་མིང་བཏགས་པའི་དེའི་མིང་བཏགས་མཛད་མཁན་ཤ་བོ་པ་ཡིན་པ་བྱམས་མགོན་བླ་མ་རིན་པོ་ཆེས་གསུངས་ཚུལ་དང༌། མདོར་ན་རང་རེ་རྣམས་མ་བྱུང་བ་དེ། ཀ་མད་སུམ་ཅུའི་ནང་གི་ཡི་གེ་ང་དང་ལ་གཉིས་ཀྱིས་མ་བྱུང་ཟེར་བ་ནི་ཕྲལ་ཉམས་ཚར་འདྲ་ཡང་དེ་ལ་གོ་རྒྱུ་ཆེན་པོ་ཡོད་ཚུལ་དང༌། བློ་སྦྱོང་མཚོན་ཆ་འཁོར་ལོའི་གསུང་བཤད་དང༌། སེམས་གནས་སྒྲུབ་ཉེས་པས་རང་ཉིད་བསླུས་པ། དགེ་སློང་ལྷས་བྱིན་གྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་གཞན་མ་སུས་ཀྱང་མ་རླབས་པར། རི་བྱ་རྒོད་དུ་འོད་སྲུང་ཆེན་པོའི་གམ་དུ་ཕྱིན་ནས་མངོན་ཤེས་དང་རྫུ་འཕྲུལ་སོགས་བསླབ་ནས་དགེ་འདུན་འཁོར་ལོའི་དབྱེན་བྱས་པའི་ལོ་རྒྱུས་ཞིབ་པ་དང༌། མཐར་ལྷས་བྱིན་རང་ཉིད་ས་གས་ནས་དམྱལ་བ་(༣༨བ)མནར་མེད་དུ་སྐྱེས་པ་སེམས་འཛིན་སྒོམ་ཉེས་པའི་སྐྱོན་ཡིན་ཚུལ་དང་བཅས་ཞིབ་རྒྱས་མཐའ་ཆོད་ལ་གོ་བདེ་བ། སེམས་རྒྱུད་འཁུལ་ཆེ་བ་སོགས་བྱིན་རློབས་ཀྱི་མཚན་ཁ་གཞན་དང་མི་འདྲ་བ་རྣམས་དངོས་སུ་བསྩལ་ཡང༌། རང་ཉིད་སྐྱེས་སྟོབས་ཀྱི་ཤེས་རབ་དམན་སྦྱངས་སྟོབས་ཀྱི་ཡོན་ཏན་ཆུང་བའི་གསུང་བཤད་ཀྱི་ས་བཅད་སྣེ་ཟིན་ཙམ་ལས་གུང་འགྲིག་པ་ཞིག་ཟིན་ཐོར་འགོད་མ་ཐུབ་པའི་མུར་རིམ་པ་བརྗོད་ལ་སོང་ཞིང༌། འོན་ཀྱང་དགོས་གལ་ཆེ་ངེས་འདི་དག་ལ་ཁ་ནང་དུ་ལོག་པའི་ཉམས་ལེན་རྣལ་མ་བྱེད་ཚེ། སོགས་ཁོངས་རང་དུ་དྲངས་པའི་ཚིག་སྣ་བསྡུས་པ་འདི་ལྟ་བུས་ཕྱོད་གང་ཡང་མི་འབྱུང་ཞིང༌། བབས་ཀྱི་སྔ་ཕྱིའི་གསུང་བཤད་འདི་དག་གཞན་དང་མི་འདྲ་བའི་བློ་ལ་བབས་པ་ཞིག་བྱུང་བའི་ཚེ་འཇུག་འདིར་བླ་མ་ཉིད་ལ་སྙིང་ནས་གསོལ་བ་བཏབ་སྟེ་ཉམས་ལེན་ཆུང་ཆུང་རེ་རང་བྱེད་འདོད་དང༌། དེའི་སྐབས་སུ་ལྟ་བདེ་ཁྱད་དང༌། རང་དང་སྐལ་མཉམ་གྱི་ཆོས་གྲོགས་གཞན་ལ་ཕན་དུ་རེ་བས་གོང་གི་བདག་གཅེས་འཛིན་གྱི་ཉེས་དམིགས་བསམ་ཚུལ་ས་བཅད་དུ་བཀོད་པའི་དོན་མཐའ་དག་ལྷུ་ལག་ཚང་བ། སྐྱབས་མགོན་ཐུགས་རྗེའི་བདག་ཉིད་བླ་མ་རིན་པོ་ཆེའི་གསུང་ངོ་མ་ཐེག་ཆེན་བློ་སྦྱོང་གི་ནང་དུ་བཞུགས་འདུག་པ་འདི་ལྟར། དང་པོ་ནི། སྤྱི་བོར་བླ་མ་ལྷ་སྒོམ་བཞིན་པའི་ངང་ནས་འདི་ལྟར་བསམ་ཏེ། རང་གི་མཐའ་སྐོར་དུ་ཚེ་འདིའི་དགྲ་གཉེན་བར་མ་(༣༩ན)སོགས་སེམས་ཅན་ཐམས་ཅད་གསལ་བར་དམིགས་ལ། རང་གི་བློ་ཡུལ་དུ་རང་གཞན་གཉིས་གང་གཅེས་པར་འཛིན་གང་ཡལ་བར་འདོར་སྙམ་དུ་བརྟག་པ་ན། རང་གཅེས་པར་འཛིན་ཅིང་གཞན་ཡལ་བར་འདོར་བའི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ་ལ། དེའི་ཚེ་རང་ལ་གཅེས་པར་འཛིན་པའི་བློ་ངན་འདིས་བདག་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱུན་མི་ཆད་དུ་མྱོང་དུ་བཅུག །ད་རེས་དལ་འབྱོར་གྱི་མི་ལུས་ལན་ཅིག་ཐོབ་པའི་སྐབས་འདིར་ཡང་བློ་ངན་འདིས་བསླུས་ནས་སྤྱིར་འཁོར་བའི་ཕུན་ཚོགས་ལ་ཆགས་ཤིང་ཞེན་པ་དང༌། སྒོས་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་སྟེ་སྔོན་ཆད་དལ་བ་སྟོང་ལོག་ཏུ་སོང་འདུག །ད་ནི་གཅེས་འཛིན་འགོང་པོ་འདིའི་དབང་དུ་སྐད་ཅིག་ཀྱང་མི་གཏང་ཞིང༌། བློ་ངན་འདི་རྩད་ནས་ཐོན་པ་ཞིག་ཅིས་ཀྱང་བྱའོ་སྙམ་དུ་འདུན་པ་ཤུགས་དྲག་ཏུ་བྱ། དེ་ཡང་ཐོག་མེད་ནས་གོམས་ཤུགས་ཆེས་པས་གཅེས་འཛིན་མི་བསྐྱེད་དོ་སྙམ་པ་ཙམ་ཞིག་གིས་བློ་དེ་མངོན་གྱུར་དུ་སྐྱེ་བ་ཅུང་ཟད་རེ་འགགས་ཀྱང་རྩད་ནས་ཐོན་པ་ཞིག་བྱེད་པ་ལ་བློ་ངན་འདིའི་ཉེས་སྐྱོན་མཐའ་དག་པར་རིག་གནས་འདི་ཕྱི་ཀུན་ཏུ་ཕུང་བར་བྱེད་པའི་དགྲ་བོའི་དང་མར་ངེས་པ་གཏིང་ནས་འགྲོངས་པ་ཞིག་དགོས་སོ། །

 

བདག་གཅེས་འཛིན་གྱི་སྐྱོན་བསམ་པ།

 

དེས་ན་བདག་གཅེས་འཛིན་གྱི་སྐྱོན་བསམ་པ་(༣༩བ)ནི། བློ་སྦྱོང་རྩ་ཚིག་ཏུ། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཞེས་འབྱུང་བ་ལྟར་སྔར་འཁོར་བ་ཐོག་མ་མེད་པ་ནས་ད་བར་དུ་ཁམས་གསུམ་འཁོར་བ་འདིར་འཁོར་འཁོར་ནས་སྡུག་བསྔལ་ཇི་སྙེད་ཅིག་མྱོང་པ་འདི་གང་གིས་ལན་མི་ཤེས་པར་ལེ་ལན་གདའ་ས་གཞན་དུ་འཚོལ་འཚོལ་ནས། རང་ལ་བདེ་སྐྱིད་གང་ནས་འབྱུང་བའི་རྒྱུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་རྒན་གྱི་སེམས་ཅན་འདི་རྣམས་ཡིན་པ་ལ་རྨོངས་ནས་དེ་ལྟར་མ་ཤེས་པར་ཕྱིན་ཅི་ལོག་ཏུ་བཟུང་སྟེ། སེམས་ཅན་རྣམས་ལ་དགྲར་བཟུང༌། སྒོ་དུ་མ་ནས་གནོད་པ་སྐྱེལ། རང་གི་སྡུག་བསྔལ་ཐམས་ཅད་འབྱུང་བའི་རྒྱུ་དགྲ་བོ་བདག་འཛིན་འགོང་པོ་ལ་གཉེན་དུ་བཟུང་ནས་ཅི་བྱེད་ཐམས་ཅད་བདག་འཛིན་འགོང་པོའི་དབང་དུ་བཏང་ནས་བྱས་པ་འདིས་ལན་པ་ཡིན་ཏེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར། ཚེ་འདིར་གཞན་གྱིས་རང་ལ་མི་སྙན་པར་བརྗོད་ཅིང་འཕྱར་ཁ་གཏོང་བ་སོགས་མིའི་གནོད་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ལས་འབྱུང༌། གདོན་བགེགས་སོགས་མི་མ་ཡིན་གྱི་གནོད་པ་དང་ཉེ་བར་འཚེ་བ་ཇི་སྙེད་འབྱུང་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་(༤༠ན)འདི་ལས་འབྱུང་ལ༌། ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་སོགས་མི་འདོད་པ་ཇི་སྙེད་བྱུང་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ལས་བྱུང༌། སྡོམ་པ་དང་དམ་ཚིག་ཉམས་པ་སོགས་ཆོས་ལམ་དུ་མི་འགྲོ་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་འབའ་ཞིག་གིས་བྱས། ཕྱི་མར་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་སོགས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་འབའ་ཞིག་ལས་འབྱུང་བས། མི་འདོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་མཐར་ཐུག་པ་ནི་གཅེས་འཛིན་འགོང་པོ་འདི་ཁོ་ན་ཡིན་པར་གསུངས། དེ་ཡང་མིའི་གནོད་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ཁོ་ན་ལས་འབྱུང་བ་ནི། ཕན་ཚུན་འཁྲུག་པ་དང་རྩོད་པ་དང་གཤགས་འགྱེད་པ་དང༌། གཅིག་ལ་གཅིག་ཁ་ཟེར་བ་འདི་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ཁོ་ན་ལས་འབྱུང་སྟེ། རང་གཅེས་པར་བཟུང་ནས་རང་བདེ་བར་འདོད། རང་ཕུན་སུམ་ཚོགས་པ་ཞིག་འདོད། གཏམ་བཟང་བ་ཞིག་འདོད། སྙན་གྲགས་ཆེ་བ་ཞིག་འདོད། དེ་ལ་སོགས་པ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐམས་ཅད་རང་ལ་ཚང་བ་ཞིག་འདོད་ནས་དེ་སྒྲུབ་པའི་ཕྱིར་དུ་ལས་ངན་པ་མང་དུ་གསོག་ཅིང་གཞན་ལ་ཁྱད་གསོད་དང་ང་རྒྱལ་བྱེད། གཞན་ཕུན་སུམ་(༤༠བ)ཚོགས་པ་དང་གཞན་ལ་ལེགས་པ་སྣ་རེ་མཐོང་ཡང་མི་བཟོད་པར་ཕྲག་དོག་སྐྱེ། རང་ལ་ཚིག་ངན་ཕྲ་མོ་རེ་ཟེར་བ་ཐོས་ཀྱང་མི་བཟོད་པར་ཞེ་སྡང་སྐྱེ་ཞིང་ཐ་ན་མིག་གིས་བལྟ་ལུགས་ལེགས་ཉེས་ཙམ་ཡང་མི་བཟོད་པར་གྱུར་པས་ན་གཞན་ཐམས་ཅད་རང་གི་དགྲར་སོང་བ་འདྲ་བ་ཞིང་འོང་སྟེ། ད་ལྟ་རང་རེ་སུ་དང་འགྲོགས་ཀྱང་མཐུན་པ་ཡེ་མི་ཡོང༌། དེ་ཡང་ཕ་མ་དང་བུ་ཚ་མི་མཐུན། ཕ་མ་ནང་ཕན་ཚུན་མི་མཐུན་བུ་ཚ་ནང་ཕན་ཚུན་མི་མཐུན། ཡུལ་སྡེ་ཕན་ཚུན་མི་མཐུན། ཡུལ་སྡེ་གཅིག་གི་མི་རྣམས་མི་མཐུན། སྡེ་དཔོན་ནང་ཕན་ཚུན་མི་མཐུན། ཕ་སྤུན་ནང་ཕན་ཚུན་མི་མཐུན། དཔོན་གཡོག་ནང་ཕན་ཚུན་མི་མཐུན་བླ་མ་དང་སློབ་མ་མི་མཐུན། སྦྱིན་བདག་དང་མཆོད་གནས་མི་མཐུན་པ་འདི་ཐམས་ཅད་གཅེས་འཛིན་འགོང་པོ་འདི་ཁོ་ནས་བྱས་པ་ཡིན། གཅེས་འཛིན་འགོང་པོ་འདི་སྙམ་དུ་ཞུགས་ཕྱིས་ཕན་ཚུན་མཐུན་པའི་ཐབས་མེད་དེ། དགེ་བའི་བཤེས་གཉེན་ཤྭ་བོ་པའི་ཞལ་ནས་ཇི་སྲིད་རང་ལ་དགྲར་མཐོང་བའི་རིང་ལ་བླ་མ་སོགས་སུས་ཀྱང་ཕན་ཐོགས་མི་ནུས། རང་ལ་དགྲར་མཐོང་ན་ཕན་ཐོགས་སུ་ཡོང་གསུང་བ་ལྟར། གཅེས་འཛིན་འགོང་པོ་འདི་སྙིང་གི་ཕུགས་སུ་གནས་ཕྱིན་བླ་མ་སོགས་སུས་ཀྱང་བྱ་ཐབས་མེད་དེ། བླ་མས་བླང་དོར་བསྟན་ཀྱང་གཅེས་འཛིན་འགོང་པོ་དང་མ་མཐུན་ཕྱིན་ཁོའི་དབང་དུ་སོང་ནས་བླ་མས་(༤༡ན)ཅི་གསུངས་ཡང་ང་རང་འདི་ལྟར་བྱེད་སྙམ་དུ་སྤྱོད་པ་ངན་པ་དེའི་རྗེས་སུ་འཇུག་པ་ལས་བླ་མའི་གསུང་གི་རྗེས་སུ་འཇུག་པར་མི་བྱེད་དོ། །

གྲོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྐུལ་ཡང་དགའ་བ་མི་སྐྱེ། རྣམ་པ་ཀུན་ནས་རང་བདེན་སྙམ་པ་མ་གཏོགས་རང་གི་སྤྱོད་པ་ལ་སྐྱོན་དུ་མཐོང་བ་མི་ཡོང་བས། གྲོགས་གཞན་གྱི་བསྐུལ་ཡང་དེ་ལ་ཁོང་ཁྲོ་སྐྱེ་བ་མ་གཏོགས་རྗེས་སུ་མཐུན་པར་འཛིན་པ་མི་ཡོང༌། གཞན་ཐམས་ཅད་ཁྱད་དུ་བསད་ནས་གཞན་ཐམས་ཅད་ཀྱི་ཡིད་དུ་མི་འོང་བ་ཞིག་འབྱུང༌། དེའི་ཚེ་རང་གི་སྤྱོད་པ་ངན་པའི་སྐྱོན་གྱི་དེ་ལྟར་བྱུང་བ་མི་ཤེས་པར་རང་གིས་གང་ཡང་མ་ལན་པ་ལ་གཞན་གྱིས་གནོད་པ་བྱས་པ་འདྲ་བ་ཞིག་འོང་སྟེ། རང་གི་གཅེས་འཛིན་འདི་ཁོ་ནས་ལན་པ་ཡིན། གཞན་གྱི་རང་ལ་གཏམ་རྒྱུད་བརྗོད་པ་ཡང་གཅེས་འཛིན་འདི་ཁོ་ནའི་མཐུ་ཡིན་ཏེ། རང་ཉིད་གཅེས་པར་བཟུང་ནས་གཞན་ལ་ཁྱད་གསོད་བྱས་པའམ། གཞན་གྱི་བློ་དང་མི་མཐུན་པའི་ལས་ཤིག་བྱས་པས་གཏམ་ངན་གླེང་བ་ཡིན་ནོ། །བརྒྱ་ལ་ཚེ་འདིར་ཕ་རོལ་པོ་དེ་ལ་ཁྱད་གསོད་གནོད་པའི་བསམ་པ་སོགས་མ་སྐྱེས་ཀྱང༌། ཚེ་རབས་སྔ་མ་ལ་གཏམ་ངན་དེ་ལྟར་འབྱུང་བའི་ལས་ངེས་པར་བསགས་པའི་མཐུ་ཡིན་པར་གསུངས་སོ། །

ཆོས་ལམ་དུ་མི་འགྲོ་བ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ཁོ་ནས་བྱས་པ་ཡིན་པ་ནི། རྒྱལ་སྲས་དྷ་རྨ་རཀྵི་ཏའི་ཞལ་ནས། དགེ་སྦྱོར་བྱས་ཀྱང་རང་རྒྱུད་མ་དུལ་ཚེ། །(༤༡བ)ཚེ་འདི་ཆེ་ཐབས་དང་དུ་བླངས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐར་པ་འདོད་ལ་སྒྲིལ་བར་བྱ། །ཞེས་གསུངས་པ་ལྟར་རོ། །ཆོམ་རྐུན་གྱི་གནོད་པ་དང༌། སྡེ་དཔོན་སོགས་ཀྱིས་ཆད་པས་བཅད་པ་དང༌།འགྲན་ཟླས་རྩིས་པ་ལ་སོགས་པའི་གནོད་པ་རྣམས་ཀྱང་གཅེས་འཛིན་འདི་ཁོ་ན་ལས་བྱུང་བ་ཡིན་ཏེ། གཅེས་འཛིན་དམ་པོས་ནམ་ཕུགས་འཁྱགས་དོགས་པ་དང༌། ལྟོགས་དོགས་དང༌། གཞན་ལ་རེ་མི་དགོས་པའི་ཕུན་སུམ་ཚོགས་པ་ཞིག་བྱེད་པར་འདོད་ནས་ཟང་ཟིང་གི་ནོར་མང་དུ་བསགས་ཤིང༌། དེ་ལ་སྙིང་ནས་ཞེན་ཅིང་གནས་པ་ན་ཆོམ་རྐུན་པས་ཁྱེར་བ་དང༌། རྒྱལ་པོས་འཕྲོགས་པ་དང༌། སྐྱེ་བོ་གཞན་གྱིས་གཞོགས་སློང་དང༌། ཐ་ན་ས་འོག་གི་བྱི་བ་ཚུན་ཆད་ཀྱིས་གནོད་པ་སྒོ་དུ་མ་ནས་སྐྱེལ་བ་འདི་བྱུང་བ་ཡིན། ནོར་དངོས་པོ་ལ་ཤིས་འདི་མེད་པར་གནོད་པ་དེ་དག་གང་ཡང་འབྱུང་བའི་སྒོ་མེད་དོ། །

གཅེས་འཛིན་འགོང་པོ་འདིས་ཡིད་སྐྱོད་ནས་ཅི་བྱེད་ཚེ་འདིའི་རྙེད་བཀུར་སྙན་གྲགས་སྒྲུབ་པའི་ཐབས་སུ་སོང་ན། སྡིག་པ་དང་སྡུག་བསྔལ་འབའ་ཞིག་ལས་གནས་སྐབས་སུ་ཡང་བདེ་བ་མི་ཐོབ་ཅིང༌། མི་སྙན་པ་དང་གྲགས་པ་ངན་པ་འབྱུང་བ་དང༌། དགྲ་མང་དུ་འཕེལ་པ་དང༌། ཐ་ན་མཁན་སློབ་དང་མཆེད་གྲོགས་ཐམས་ཅད་ཀྱིས་རྣམ་པ་ཀུན་ནས་བརྙས་པ་དང་སྐྱོན་བརྗོད་མང་དུ་བྱེད་པ་ནི་མི་འོས་བཞིན་བརྗོད་པ་མིན། རང་གི་(༤༢ན)སྤྱོད་ངན་དེ་ཉིད་ཀུན་གྱིས་གསལ་བར་མཐོང་ནས་རང་བཞིན་བརྗོད་པ་ཡིན། དཔེར་བགྱི་ན་མེ་འདི་ཤིན་ཏུ་ཚ། འདིས་ཐམས་ཅད་བསྲེག་ཅེས་བརྗོད་ཀྱང༌། མེ་ལ་མི་འོས་པའི་སྐྱོན་བརྗོད་པ་ག་ལ་ཡིན། མེ་ཁོ་རང་གི་རང་བཞིན་གསལ་བར་བརྗོད་པ་ཡིན་ནོ། །

དེ་བཞིན་དུ་རང་རེ་རྣམས་ཀྱང་གཅེས་འཛིན་འགོང་པོ་འདི་ཕུགས་སུ་བཞུགས་པའི་དབང་གིས་བྱ་བ་ཅི་བྱེད་ཀྱང་ང་རྒྱལ་བའི་བཀའ་དང་མི་མཐུན་པ་ཤ་སྟག་བྱས་པས་རང་གི་རང་བཞིན་དེ་ཉིད་གཞན་གྱིས་གསལ་བར་བརྗོད་པ་ཡིན་ནོ། །མི་རྣམས་ཀྱིས་གཏམ་ངན་གླེང་བ་ཙམ་དུ་མ་ཟད། མདོ་སྡེའི་རྒྱན་ལས་ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་རྣམས་འཇོམས་ཞིང་ཚུལ་ཁྲིམས་འཇོམས། ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། རྩོད་པ་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཞེས་གསུངས་པ་ལྟར། དཀར་ཕྱོགས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་སྨོད་པར་མཛད། དེར་ཡང་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་དང་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྣམ་པ་ཀུན་ཏུ་སྨོད་པར་མཛད་ན་གཞན་ལྟ་ཅི་སྨོས། རང་ཉིད་གཅེས་པར་བཟུང་ནས་རྙེད་བཀུར་སྙན་གྲགས་ལ་ཆགས་པ་ནི་རང་གིས་ཆོས་ཅི་བྱས་དོན་མེད་དུ་གཏོང་བ་དང༌། དལ་འབྱོར་སྟོང་ལོག་ཏུ་བཏང་ནས་མངོན་མཐོ་དང་ལེགས་ཐམས་ཅད་ཀྱི་སྲོག་འཕྲོག་པའི་དུག་མི་བཟད་(༤༢བ)པ་ཡིན་པས། གཅེས་འཛིན་འགོང་པོ་འདིས་སྙིང་གི་ཕུགས་སུ་གནས་ནས་རང་ལ་འདི་འདྲ་བའི་དུག་ངན་བྱིན་པར་ཤེས་པར་བྱའོ། །དོན་གྱི་དབང་འདི་ལ་དགོངས་ནས་སྟོན་པ་ཐུགས་རྗེ་ཅན་དེས་ཐར་འདོད་རྣམས་ལ་རྙེད་བཀུར་ལ་ཆགས་པ་འགྲོགས་པའི་ཐབས་སུ་གསེར་དངུལ་ལ་རེག་པ་ཙམ་ལའང་མི་རུང་བའི་བཅའ་བ་མཛད་དོ། །

དེ་ལྟར་རང་གཅེས་འཛིན་གྱི་དབང་གིས་ཚེ་འདིར་རྙེད་བཀུར་སྙན་གྲགས་ཞིག་འོང་དུ་རེ་ནས་བྱར་མི་རུང་བ་འབའ་ཞིག་བྱས་པ་ན་སྔོན་གྱི་བསོད་ནམས་ཅུང་ཟད་ཡོད་པ་དེ་ཡང་ཉམས་ནས་ཚེ་འདིའི་བདེ་སྐྱིད་ངན་ངོན་རེ་ཡང་རྙེད་དཀའ་ཞིང་མི་འདོད་པ་མཐའ་དག་ཆར་བཞིན་དུ་འབབ་པ་འདི་འབྱུང༌། དམ་པ་རྣམས་ཀྱིས་གཅེས་འཛིན་འགོང་པོ་སྙིང་ནས་བཏོན། རང་ཡལ་བར་དོར། གཞན་གཅེས་པར་བཟུང་སྟེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་མཛད་པས་གནོད་འཚེ་ཐམས་ཅད་རང་ཞིར་སོང༌། རྙེད་བཀུར་སྙན་གྲགས་ཐམས་ཅད་འབད་མེད་དུ་བྱུང་སྟེ། དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། ཆོས་ཤིག་བྱས་ན་ཚེ་འདི་རང་ལ་གཞན་དང་མི་འདྲ་བ་ཞིག་འོང་སྟེ་ཡུང་བ་ལུང་པ་ན་ཁམས་ལུང་པ་ལས་བདེ་སྐྱིད་སྙན་གསུམ་ཆེ་བ་མེད། ཀླུ་ཤོད་ན་སྤྱན་སྔ་བ་ལས་སྐྱིད་པ་མེད་དེ། དེ་ཆོས་བཞིན་བྱས་པས་བྱུང་བ་ཡིན་གསུངས། སྤྱན་སྔ་བ་དང་པོའི་དུས་རྩམ་པ་ཆད་ཀྱིན་ཟ་མ་ཚོད་རེ་ཙམ་ལ་བརྟེན། ཤམ་ཐབས་(༤༣ན)ལ་ལྷན་པ་མ་རྙེད་པར་ཀོ་པོ་རྒྱབ་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས། ད་ལྟ་ནི་འཛམ་བུ་གླིང་པ་ཀུན་ངལ་སོས་སྙམ་གསུངས། དགེ་བཤེས་འབན་གྱི་ཞལ་ནས། ང་མི་སྐྱའི་དུས་མདའ་གཞུ་ཚེར་མ་འདྲ་བ་བཏགས། གྲི་གཉིས་གསུམ་རེ་བཙུགས་ཀྱང་དགྲ་མང་ཟུན་ཉུང༌། ང་ཕོ་རིང་བ་མི་གཅིག་ལ་སྟོན་ཐོག་བཞི་བཅུ་ཐོན་པས་གྲོང་པ་རྣམས་ཀྱིས་ངའི་མིང་བཞི་བཅུ་སྡིགས་སུ་བཏགས། ཉིན་མོ་ལ་ཁའི་ཇག་པ་དང་ནུབ་མོ་གྲོང་པའི་རྐུན་མ་བྱས་ཀྱང་ལྟོ་མི་ཕྱིད། ད་མཚོན་ཆ་སྤངས་པས་དགྲ་མི་གཅིག་ཀྱང་མེད། ལས་ཀ་མཆིལ་མ་རྡོ་ལ་མི་འབོད་དེ་ལྟོ་ཕྱིད། མུ་གེ་ཅི་བྱུང་ཡང་སུ་ཕྱུག་པ་དང་མཇིང་སྦྲེལ་ནས་ཟར་ཡོང༌། སྔར་ངའི་ཁས་མི་རྙེད། ད་ཟས་ཀྱི་ངའི་ཁ་མི་རྙེད། ཟོས་པས་ནི་མི་འཛད་འཐུངས་པས་ནི་མི་ཡོག་གསུང་ངོ༌། །

མི་མ་ཡིན་གྱི་གནོད་འཚེ་འདི་ཐམས་ཅད་ཀྱང་གཅེས་འཛིན་འདི་ལས་བྱུང་སྟེ། རང་གི་ལུས་ལོངས་སྤྱོད་རྣམས་གཅེས་པར་གཟུང་བ་ན། མདངས་འཕྲོག་པའི་གནོད་སྦྱིན་གདུག་པ་ཅན་རྣམས་ཀྱང་གཅེས་འཛིན་ཅན་དེའི་ལུས་སྲོག་ལ་སྒོ་དུ་མ་ནས་གནོད་པ་བྱེད། དེའི་མདངས་འཕྲོག་པར་བྱེད། མི་འདོད་པའི་སྡུག་བསྔལ་སྒོ་དུ་མ་ནས་བསྐྱེད་པར་བྱེད་དེ་ནོར་ལོངས་སྤྱོད་གསོག་པར་འདོད་ནས་ཁ་གསག་གཞོག་སློང་ཚུལ་འཆོས་འཐོབ་འཇལ་རྙེད་པས་འཚོལ་བ་སོགས་ཆོས་དང་འགལ་བའི་སྤྱོད་ངན་དུ་མས་ནོར་(༤༣བ)ལོངས་སྤྱོད་བཙལ་བ་ན་མི་མ་ཡིན་རྣམས་ཀྱིས་རྣམ་པ་ཀུན་ནས་འཚེ་ཞིང་གནོད་པ་བྱེད་དཻ། ལོག་འཚོ་ཅུང་ཟད་རེ་རྒྱས་པ་ན་འུག་པ་དང་སྲིན་བྱ་ལ་སོགས་པའི་འབྱུང་པོའི་བྱ་རྣམས་ཀྱིས་ཀྱང་ལྟས་ངན་སྣ་ཚོགས་སྟོན་ཅིང༌། སེམས་ལ་གདོན་ཞུགས་ཏེ་འཁྲུག་རྩོད་སྣ་ཚོགས་འབྱུང་བ་དང་ལུས་ལ་ནད་སྣ་ཚོགས་འབྱུང་སྟེ། ད་ལྟ་ཁ་དང་གས་ལའང་འཁྲུག་རྩོད་སོགས་བཀྲ་མ་ཤིས་པ་སྣ་ཚོགས་བྱུང་བ་ལ་དཀོར་རྟགས་བྱུང་ཞེས་སྨྲའོ། །རྨི་ལམ་དུའང་མི་གཙང་བ་མྱོགས་པའི་ཁྲོད་དུ་ལྷུང་བ་དང་ཆུ་ཀླུང་རྙོག་མ་ཅན་གྱིས་ཁྱེར་བ་སོགས་ཤིན་ཏུ་ངན་པ་རྨིས་ཏེ། རྟགས་ཏེ་དག་ལྟས་ན་ལུས་དང་ལོངས་སྤྱོད་ལ་གཅེས་པར་འཛིན་པ་ནི་གནོད་པ་དང་སྡུག་བསྔལ་ཀུན་གྱི་འབྱུང་གནས་སུ་ངཻས་དགོས་སོ། །

བདག་པས་གཞན་གཅེས་བསྒོམ་པའི་སེམས་དཔའ་རྣམས་ལ་ནི་མི་མ་ཡིན་རྣམས་ཀྱང་རྣམ་པ་ཀུན་ནས་མཆོད་པ་དང་བསྙེན་བཀུར་བྱེད་དེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གནས་གང་དང་གང་དུ་བྱོན་ཡང་དེ་དང་དེའི་གཞི་བདག་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང༌། སྤྱན་སྔ་བ་བྱམས་པ་བསྒོམ་ཞིང་བཞུགས་པ་ན་གཅན་གཟན་རྣམས་དང་རི་དྭགས་རྣམས་ཀྱང་རང་རང་གི་མ་མཐོང་བ་ལྟར་དགའ་བའི་རྣམ་འགྱུར་བྱེད་ཅིང་སྐུའི་གམ་དུ་བག་ཕེབས་ནས་གནས་པར་བྱེད་པ་དང༌། གླང་རི་ཐང་པ་བདག་པས་གཞན་(༤༤ན)གཅེས་འབའ་ཞིག་བསྒོམ་ཞིང་བཞུགས་པ་ན་མི་མ་ཡིན་གདུག་པ་ཅན་འགའ་ཞིག་གིས་གནོད་པ་བྱེད་པར་བགྲོས་པ་ན་མི་མ་ཡིན་གཅིག་ན་རེ། གླང་ཐང་པ་འདི་ཁོང་རང་ལས་འུ་ཅག་ལ་གཅེས་པར་བྱེད་ན་གནོད་པ་ག་ལ་བྱེད་ཟེར་ནས་ལོག་སྐད། དེ་ཡང་ས་ལ་རྒྱུ་བའི་མི་མ་ཡིན་ཕྲ་མོ་རྣམས་ལྟ་ཅི་སྨོས། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཡང་བདག་པས་གཞན་གཅེས་བསྒོམ་པའི་སེམས་དཔའ་རྣམས་ལ་ཡང་དང་ཡང་དུ་ལྟ་བར་བྱེད། ཕྱག་འཚལ། མཆོད་པ་འབུལ། བསྙེན་བཀུར་སྒོ་དུ་མ་ནས་བྱེད། ལུས་ཀྱི་མདངས་སྐྱེས་པར་བྱེད། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྙན་པའི་གྲགས་པ་སྒྲོགས་པར་བྱེད་པ་ལ་སོགས་པ་ཤེར་ཕྱིན་གྱི་མདོ་ནས་མང་དུ་གསུངས་སོ། །

བདུད་ཀྱི་གནོད་པ་ཐམས་ཅད་ཀྱང་གཅེས་འཛིན་འདི་ལས་འབྱུང་བ་ཡིན་ཏེ་བདུད་ཅེས་རེ་བ་ནག་པོ་གྱོན་ནས་ཁ་གདངས་མཆེ་བ་གཙིགས་པ་ཞིག་ཕ་རོལ་ནས་འབྱུང་བ་མིན་གྱི་རང་གི་སེམས་འདུ་འཛིས་གཡེངས་པ་དང༌། བསྙེན་བཀུར་སྙན་གྲགས་ལ་ཆགས་པ་དང༌། ཉེ་དུ་དང་མཛའ་བཤེས་ལ་ཆགས་ཤིང་དེ་དག་གིས་ཚེ་འདིའི་བྱ་བྱེད་སེམས་དཔའ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བའི་དབང་གིས་འཁྲུག་རྩོད་སོགས་དོན་མེད་ཚེ་འདིའི་བྱ་བ་ངན་པས་གཡེངས་བ་ཐམསཅད་བདུད་ཀྱི་(༤༤བ)ལས་ཡིན་པར་ཤེར་ཕྱིན་གྱི་མདོ་ལས་གསུངས་པ་ལྟར་རོ། །

དེ་ལྟ་བུའི་ཆགས་སྡང་གི་ལས་དེ་དག་ནི་རང་གི་གཅེས་འཛིན་འགོང་པོ་འདི་འབའ་ཞིག་གིས་བྱས་པ་ཡིན་ནོ། །གཞན་ཡང་བདུད་ཐམས་ཅད་ཀྱི་སྡེ་དཔོན་དཔའ་བོ་ལྟ་བུ་ནི་ཉོན་མོངས་པའི་བདུད་འདི་ཡིན་པར་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་ལས། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཞེས་གསུངས་པའི་བདུད་ཀྱི་དཔའོ་ནི་ཉོན་མོངས་པའི་བདུད་ཡིན་པར་དེའི་འགྲེལ་པ་ལས་བཤད་ཅིང༌། རྒྱ་ཆེར་རོལ་པ་ལས་ཀྱང་བདུད་ཀྱི་སྡེ་དཔོན་ཐུ་བོ་ནི་འདོད་པའི་ཉོན་མོངས་ཡིན་པར་གསུངས་པ་ལྟར་རོ། །འཇིག་རྟེན་ན་གདོན་དང་བགེགས་ཀྱང་འཇིགས་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་བདག་གཅེས་འཛིན་འདི་ལས་བྱུང་བ་ཡིན་ཏེ། གཅེས་འཛིན་གྱི་གདོན་ཆེན་འདི་སྙིང་དུ་ཞུགས་ཕྱིན་གདོན་དང་བགེགས་ཐམས་ཅད་ཀྱང་འཇུག་ལ་གཅེས་འཛིན་གྱི་གདོན་འདི་མེད་ན་ནི་གདོན་བགེགས་གཞན་གང་ཡང་མི་འཇུག་གོ །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གདོན་བགེགས་ཀྱིས་གནོད་པར་མི་ནུས་པ་ནི་གཅེས་འཛིན་གྱི་གདོན་འདི་མེད་པས་ཡིན་ནོ། །

གཅེས་འཛིན་གྱི་གདོན་འདི་མེད་ན་གཞན་གྱིས་གནོད་པ་བྱས་ཀྱང་གནོད་པར་མི་འགྱུར་བར་ཕན་པར་འགྱུར་ཏེ། རྒྱ་ཆེར་རོལ་པ་ལས། བྱམས་ལྡན་ཐུབ་པ་དེ་ཡི་སྐུ་ལ་ནི། །དུག་དང་མཚོན་དང་མེ་ཡིས་མི་ཚུགས་ཏེ། །མཚོན་(༤༥ན)ཆ་འཕངས་པ་ཐམས་ཅད་མེ་ཏོག་གྱུར། །ཅེས་གསུངས་པ་ལྟར་སྔོན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་འཚང་རྒྱ་བ་ལ་མངོན་དུ་ཕྱོགས་པའི་ཚེ། བདུད་ཀྱི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབ་པ་རྣམས་མེ་ཏོག་གི་ཆར་དུ་གྱུར་པ་ལྟ་བུའོ། །འདི་དང་ཕྱི་མའི་སྡུག་བསྔལ་ཐམས་ཅད་ཀྱང་བདག་གཅེས་འཛིན་འདི་ལས་འབྱུང་སྟེ། ཚེ་འདིར་ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་ཅི་བྱུང་བ་ཐམསཅད་བདག་གཅེས་འཛིན་འདིས་བྱས་པ་ཤ་སྟག་ཡིན་ཏེ། གཅེས་འཛིན་གྱི་དབང་གིས་གཞན་གྱི་སེམས་དཀྲུགས་པ་དང༌། གཞན་ལ་གནོད་པ་སྒོ་དུ་མ་ནས་བསྐྱལ་བས་དེའི་རྣམ་སྨིན་གྱིས་རང་གི་ལུས་ལ་ནད་དང་སེམས་ལ་སྡུག་བསྔལ་སྣ་ཚོགས་འབྱུང་ངོ༌། །

དུས་མ་ཡིན་པའི་འཆི་རྐྱེན་ཐམས་ཅད་ཀྱང་གཅེས་འཛིན་འདི་ཁོ་ན་ལས་འབྱུང་སྟེ། རང་གི་སེམས་གཅེས་འཛིན་གྱི་མུན་པས་བསྒྲིབས་ནས་རྨོངས་ཏེ་གནས་ལུགས་ཀྱི་དོན་ཤེས་པ་ལྟ་ཞོག །ཚེ་འདིའི་བདེ་སྡུག་ཙམ་ཡང་མི་ཤེས་པར་སྡུག་བསྔལ་ལ་བདེ་བར་བཟུང༌། མི་གཙང་བ་ལ་གཙང་བར་བཟུང༌། གནོད་པ་ལ་ཕན་པར་བཟུང་སྟེ། ཟས་ལ་སྲེད་ཞེན་ཆེན་པོས་རང་གི་ལུས་ལ་མི་འཕྲོད་པའི་ཟས་ཟ་བ་དང༌། མ་གོམས་པའི་ཟས་ཟ་བ་དང༌། སྔ་མ་མ་ཞུ་བར་ལྟོ་འདུན་དྲག་པོས་ཡང་ཡང་ཟ་བ་རྣམས་དུས་མ་ཡིན་པའི་འཆི་རྐྱེན་དུ་མདོ་ལས་གསུངས་ཤིང༌། ཇི་ལྟར་གསུངས་པ་ལྟར་དེ་དག་(༤༥བ)གིས་འཆི་རྐྱེན་བྱས་པ་མང་སྟེ། དེ་ནི་གཅེས་འཛིན་འགོང་པོས་རང་བསད་པ་ཡིན་ནོ། །ཚུལ་དེ་དག་ལ་ལེགས་པར་བསམ་ན་ནི་བདག་གཅེས་པར་འཛིན་པའི་བློ་ངན་འདི་གནོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་དང་སྙིང་གི་དགྲ་ཡིན་པར་ཤེས་ནུས་སོ། །

དོན་འདི་དག་ལ་དགོངས་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། །འདྲེ་ཆེན་དེ་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་བདག་གཅེས་འཛིན་འདི་ལ་འདྲེ་ཆེན་ཞེས་འདྲེ་ཐམས་ཅད་ཀྱི་ནང་ནས་ཆེ་ཤོས་ཡིན་པར་གསུངས། སེམས་དཔའ་ཆེན་པོ་དྷ་རྨ་རཀྵི་ཏས་ཀྱང༌། དེ་ལྟར་ལགས་པས་དགྲ་བོ་བདག་གིས་ཟིན། །འཇབས་ནས་བསླུ་བའི་ཆོམ་རྐུན་བདག་གིས་ཟིན། །རང་དུ་རྫུས་ནས་བསླུ་བ་བདག་གིས་ཟིན། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་ཆོད། །ཅེས་མཐོ་རིས་དང་ཐར་བའི་ནོར་མ་ལུས་པ་འཕྲོགས་པའི་ཆོམ་རྐུན་དང༌། །རང་གཞན་མ་ལུས་པ་འཕུང་བར་བྱེད་པའི་འགོང་པོ་ནི་བདག་གཅེས་འཛིན་འདི་ཡིན་པར་གསུངས་སོ། །

མདོར་ན་ཁམས་གསུམ་འཁོར་བའི་སྡུག་བསྔལ་གཅིག་འབྱུང་བ་ཐམས་ཅད་བདག་འཛིན་འགོང་པོ་འདི་ཁོ་ནས་བྱས་པ་ཡིན་པ་ནི། སློབ་དཔོན་ཟླ་བ་གྲགས་པས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡི་བདག་ནི་འགོག་པར་བྱེད། །ཅེས་དང་ཚད་མ་རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་(༤༦ན)དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འགྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་བདག་འཛིན་གྱི་མཐུ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། འཁོར་བའི་རྩ་བ་མ་རིག་པ་ཡིན་པར་མདོ་བསྟན་བཅོས་ཐམས་ཅད་ནས་གསུངས་ཤིང་ཀུན་ལ་རླུང་ལྟར་གྲགས་ལ། འཁོར་བའི་རྩ་བ་མ་རིག་པ་ནི་བདག་ཡིན་འདི་ཡིན་ནོ། །དེ་ཡང་བདག་འཛིན་མ་རིག་པ་འདི་ལ་བརྟེན་ནས་ཉོན་མོངས་གཞན་ཐམས་ཅད་འབྱུང༌། ཉོན་མོངས་དེ་དག་གིས་ལས་བསགས། ལས་ཀྱི་དབང་གིས་འཁོར་བར་འཁོར་ཏེ་སྡུག་བསྔལ་རྒྱུན་ཆད་མེད་པར་མྱོང་བ་འདི་འབྱུང་ཞིང༌། ཐ་ན་འཁོར་བའི་གནས་ཀྱི་སྣོད་རྣམས་ཀྱང་མ་རིག་པ་འདིའི་མཐུ་ལས་བྱུང་བ་ཤ་སྟག་ཡིན་པས། ཁམས་གསུམ་འཁོར་བའི་སྣོད་བཅུད་འདི་ཐམསཅད་མ་རིག་པ་ནས་བཟུང་རྒ་ཤིའི་བར་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་ལས་མ་འདས་ཤིང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་དུ་ཚུད་པའི་རིགས་དྲུག་འཁོར་བའི་སྣོད་བཅུད་འདི་ཐམས་ཅད་ཀྱི་རྩ་བ་བདག་འཛིན་མ་རིག་པ་འདི་ཡོན་ནོ་ཞེས་གོ་བའི་ཕྱིར་དུ་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས། གཙུག་ལག་ཁང་གི་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྐོར། དབུས་སུ་གཏི་མུག་ཕག་གི་གཟུགས་ཅན་དང༌། དེའི་ཁ་ནས་འདོད་ཆགས་ཕུག་རོན་གྱི་གཟུགས་ཅན་དང་ཞེ་སྡང་སྦྲུལ་གྱི་(༤༦བ)གཟུགས་ཅན་འཐོན་པ། དེ་ཐམས་ཅད་མི་རྟག་པ་སྲིན་པོའི་གཟུགས་ཅན་གྱི་ཡན་ལག་ལྔས་བཟུང་ཞིང༌། ཁ་ནང་དུ་ཆུད་པ་བྲིས་ཤིག་ཅེས་བཀའ་བསྩལ་པ་ལྟར་རོ། །

དེ་ལྟར་བདག་གཅེས་འཛིན་འདིས་ཐོག་མ་མེད་པ་ནས་ད་བར་དུ་བསླུས་ཏེ་ཕན་པའི་ཟོལ་གྱིས་གནོད་པ་དང་སྡུག་བསྔལ་འབའ་ཞིག་ལ་སྦྱར་བའི་ཚུལ་རྣམས་ཡང་ཡང་དྲན་པར་བྱས་ལ། གཅེས་འཛིན་འགོང་པོ་འདི་འདུལ་ནུས་པ་ཅི་ཡོད་ཀྱིས་འབད་པར་བྱ་སྟེ། ད་དུང་འགོང་པོ་འདིའི་དབང་དུ་སོང་ན་སྔར་ལྟར་སྡུག་བསྔལ་མཐའ་མེད་ལ་སྦྱོར་བར་འགྱུར་བས། ད་ཕྱིན་ཆད་བདག་གཅེས་འཛིན་དོར་ཏེ། རང་གི་ལུས་ལོངས་

སྤྱོད་ཐམས་ཅད་གཞན་ལ་གཏོང་ཞིང༌། གཞན་གྱི་སྡིག་སྡུག་ཐམས་ཅད་རང་ལ་བླངས་ཏེ་བདག་འཛིན་འགོང་པོ་བག་ཆགས་དང་བཅས་པ་དྲུང་ནས་འབྱིན་པ་ལ་འབད་དགོས་སོ། །འཇིག་རྟེན་གྱི་རྒྱལ་འགོང་དང༌། ཐ་མལ་གྱི་དགྲ་རྣམས་ནི་ལན་ཅིག་ཡུལ་ནས་བཏོན་ཀྱང་སྐབས་བལྟས་ནས་སླར་འོང་ལ། གཅེས་འཛིན་འགོང་པོ་འདི་ལན་ཅིག་འདོན་ཐུབ་ན་ཕྱིན་ཆད་འབྱུང་བའི་གཞི་མེད་དེ། སྤྱོད་འཇུག་ལས། ཐ་མལ་དགྲ་བོ་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བལྟས་ནས་དེ་ནས་ཕྱིར་བཟློག་གིས། །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང༌། །བདག་ཡིད་ལས་གསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ཀྱང་བདག་གནོད་བྱ་ཕྱིར་འོང༌།།(༤༧ན)བློ་གཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་གསུངས་པ་ལྟར་རོ། །ཐོག་མ་མེད་པ་ནས་གཅེས་འཛིན་འགོང་པོ་འདི་སྙིང་གི་ཕུགས་སུ་ཞུགས་ཏེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་འདིས་བསྐྱེད་ནས་སེམས་ཉོན་མོངས་པ་ཐམས་ཅད་ཀྱིས་བཅིངས་ཏེ་སྡུག་བསྔལ་བརྒྱ་ཕྲག་དུ་མས་མནར་བ་ཡིན་པས། ད་རེས་དལ་བའི་རྟེན་ཐོབ་བླ་མ་དམ་པ་རྣམས་དང་མཇལ་བའི་བཀའ་དྲིན་གྱིས་ཤེས་རབ་ཀྱི་མིག་ཐོབ་ནས་འགོང་པོ་འདི་ལན་ཅིག་ངོས་ཟིན་པའི་སྐབས་འདིར་རང་སེམས་འགོང་པོ་འདིའི་དབང་དུ་མི་བཏང་བར་རྣམ་པ་ཀུན་ནས་བདག་འཛིན་འགོང་པོ་འདི་འཇོམས་པ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱ་དགོས་ཤིང༌། གཅེས་འཛིན་འགོང་པོ་འདི་འདུལ་ཕྱིར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་དྲག་སྔགས་བཟླ་བ་དང་བཀའ་སྡོད་སྲུང་མ་རྣམས་ལའང་གཅེས་འཛིན་བློ་ངན་འདི་འདུལ་ཕྱིར་འཕྲིན་ལས་ཀྱི་གྲོགས་འཆོལ་པ་སོགས་ཀྱང་བྱ་བར་སེམས་དཔའ་ཆེན་པོ་དྷརྨ་རཀྵི་ཏས་གསུངས་པ་ལྟར་བྱ་སྟེ། སེམས་དཔའ་ཆེན་པོ་དེའི་ཞལ་ནས། ད་ནི་ལས་ཀྱི་མཚོན་ཆ་ཀླད་ལ་བསྐོར། ཁྲོས་པའི་ཚུལ་གྱིས་ལན་གསུམ་ཀླད་ལ་སྐོར། །བདེན་གཉིས་ཞབས་བགྲད་ཐབས་ཤེས་སྤྱན་མིག་གདངས། །སྟོབས་བཞིའི་མཆེ་བ་གཙིགས་ལ་དགྲ་ལ་བསྣུན། །དགྲ་བོ་གཟིར་བའི་རིག་སྔགས་རྒྱལ་པོ་ཡང༌། །འཁོར་བའི་གནས་སུ་རང་དབང་མ་མཆིས་པར། །ལས་ཀྱི་མཚོན་ཆ་ཐོགས་ནས་(༤༧བ)རྒྱུག་པ་ཡི། །བདག་འཛིན་འགོང་པོ་གཅེས་པའི་གདུག་རྩུབ་ཅན། །རང་གཞན་ཕུང་དུ་འཇུག་པའི་དམ་ཉམས་ཁུག །ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེ་གཤེད། །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་སྙིང་ལ་བསྣུན། །ཕུང་བྱེད་རྟོགས་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེས་གསུངས། དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། ཉོན་མོངས་པ་ཉུག་གི་བྱུང་ཙ་ན་ལེ་ལོ་མི་བྱ་བར་མོད་ལ་གཉེན་པོས་བཟློག །བཟློག་མ་ནུས་ན་ལངས་ལ་མཎྜལ་དང་མཆོད་པ་བཤམ་བླ་མ་དང་ཡི་དམ་ལ་ཕུལ་ལ་གསོལ་བ་གདབ། དེ་ལ་དམིགས་ནས་ཁྲོ་བོའི་བཟླས་པ་བྱས་པས་ཉལ་གྱི་འགྲོ་གསུངས། མདོར་ན་རང་ཉིད་ཕུན་སུམ་ཚོགས་པ་ཞིག་བྱེད་པར་འདོད་ནས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་གཅེས་པར་བཟུང་བར་རང་གཞན་གྱི་དོན་གང་ཡང་མ་འགྲུབ་པར་མ་ཟད། སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བ་འདི་བྱུང་འདུག །ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་གཅེས་པར་བཟུང་བས་རང་གཞན་གྱི་དོན་གང་ཡང་མ་འགྲུབ་པར་མ་ཟད། འཁོར་བའི་བཙོན་ནང་དུ་བཅུག་ནས་སྡུག་བསྔལ་སྟོང་གིས་གཟིར་ཞིང་ནམ་ཡང་མི་ཐར་བར་བྱེད་པའི་བཙོན་བསྲུང་ཡང་གཅེས་འཛིན་འདི་ཡིན་པར་འདུག །མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཐམས་ཅད་རྒྱུད་ལ་སྐྱེར་མི་འཇུག་ཅིང༌། ཅུང་ཟད་རེ་སྐྱེ་བར་(༤༨ན)བདག་གཅེས་འཛིན་གྱི་སྐྱོན་རྣམས་སྤངས་པ། གཞན་གཅེས་འཛིན་གྱི་ཡོན་ཏན་ཡིན་པར་གོ་ཐུབ་ཀྱང༌། གཞན་སེམས་ཅན་ཐམས་ཅད་གཅེས་པར་བཟུང་བའི་ཡོན་ཏན་ཚེ་འདིར་ཟས་གོས་གནས་མལ། འགྲོ་འཆག་ཉལ་འདུག་སོགས་ཀྱི་བདེ་སྐྱིད་ཐམས་ཅད་དང༌། གཞན་གནོད་གཞི་བཅས་སེམས་དཔའ་ལ་རྟེན་ནས་སྤངས་པས། ཕྱི་མ་མི་ལུས་ཐོབ་པ་དང༌། དེར་མ་ཟད་ས་ལམ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གཞན་སེམས་ཅན་ཐམས་ཅད་གཅེས་པར་བཟུང་བའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་འབྱུང་དགོས་ཚུལ་ཞིབ་པ་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་དང༌། འོ་ད་འདི་ཚོ་རྗེ་རིན་པོ་ཆེའི་བསྟན་པའི་སྙིང་པོ་མཐར་ཐུག་རང་ཡིན་པས། ཁྱེད་ཅག་བསྟན་པའི་ཁུར་ཐེག་པའི་སྐྱེས་བུ་དམ་པ་རྣམས་དང༌། སྡེ་སྣོད་གསུམ་པ་སོགས་ཐར་པ་དོན་གཉེར་བ་ཐམས་ཅད་ཀྱིས་ད་ལྟ་ནས་ཞེ་ལུས་སུ་མ་སོང་བར་བླ་མས་ཇི་ལྟར་བསྟན་པ་ལྟར་ངེས་པར་བསྒོམ་དགོས། དེ་ཡང་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོས། དཔྱད་སྒོམ་སྒོ་དུ་མ་ནས་ཤེས་ན་རྗེ་རིན་པོ་ཆེའི་བསྟན་པའི་གནད་ཤེས་པ་དང༌། དེ་མ་ཤེས་ན་རྗེ་རིན་པོ་ཆེའི་བསྟན་པའི་གནད་མ་ཤེས་པའི་ཚད་དུ་གསུངས་པ་ལྟར་དང༌། རིག་པའི་རྣམ་འགྱུར་མི་འདྲ་བ་དྲི་མ་མེད་པ་གྲངས་མེད་པའི་སྒོ་ནས་དཔྱད་དཻ་བསྒོམ་པ་ན་ཤིན་ཏུ་རླབས་ཆེ་བ་ཡིན། དེ་ལྟར་མ་བྱུང་བར་ཡིད་རྣམ་གཡེང་གི་དབང་དུ་བཏང་ཀྱང་འཐོན་སྐྱེད་གང་ཡང་མི་ཡོང་བ(༤༨བ)ཕྱོགས་ཀྱང་དེ་མ་ཐག་ལམ་གྱི་སྲོག་རྩ་གཅོད་པར་བྱེད་པའི་འགོང་པོ་འདི་ཡང་གཅེས་འཛིན་ཡིན་པར་འདུག །དགེ་བ་གང་བྱས་ཐམས་ཅད་ཆུད་ཟོས་སུ་གཏོང་ཞིང་རྣམ་དཀར་གྱི་ལོ་ཏོག་སྐད་ཅིག་ལ་བརླག་པར་བྱེད་པའི་སེར་བ་ཡང་གཅེས་འཛིན་འགོང་པོ་འདི་ཡིན་པར་འདུག །རང་གཞན་ཐམས་ཅད་འཕུང་དུ་འཇུག་པའི་ལྟས་ངན་འུག་པའི་མགོ་ཅན་དེ་ཡང་སྙིང་གི་ནང་གི་གཅེས་འཛིན་འགོང་པོ་འདི་ཡིན་པར་འདུག་པས། ད་ནི་གཅེས་འཛིན་འགོང་པོ་འདིའི་དབང་དུ་སྐད་ཅིག་ཀྱང་མི་བཏང་ཞིང་རང་གཅེས་པར་འཛིན་པའི་བློ་མ་སྐྱེས་པ་མི་བསྐྱེད་པ་དང༌། གསར་དུ་སྐྱེས་ན་དེ་མ་ཐག་ཉེས་སྐྱོན་དྲན་པར་བྱས་ལ་རྒྱུན་ཐུང་དུ་མི་གཞན་པར་ཕྲལ་ཕྲལ་དུ་གཉེན་པོས་རྣོན་པར་བྱས་ཏེ་སྤོང་བ་ལ་བློ་གྲོས་དང་ནུས་པ་དང་རྩོལ་བ་ཅི་ཡོད་ཀྱིས་བསྒྲིམས་ཤིང་སེམས་ཐམས་ཅད་ཀྱིས་་བསམ་ནས་འབད་པར་བྱའོ། །དེ་ལྟར་བྱེད་ནུས་པར་བླ་མ་ལྷས་བྱིན་གྱིས་བརླབས་ཏུ་གསོལ་ཞེས་གསོལ་བ་ཤུགས་དྲག་ཏུ་གདབ་བོ། །

 

གཞན་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི་ཡིན་ཚུལ།

 

གཉིས་པ་ནི་གཞན་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི་ཡིན་ཚུལ་གྱི་རྩ་ཚིག་ནི། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ་ཅེས་པ་དང༌། དེའི་དོན། འདི་ཕྱིའི་འདོད་དོན་མ་ལུས་པ། སེམས་ཅན་ཡིད་བཞིན་ནོར་བུ་ཡི། །དྲིན་ལས་བྱུང་བའི་ཚུལ་བསམ་ནས། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཅེས་པའི་དོན་བཞིན་བློ་རྣོ་བ་རྣམས་ཀྱིས་གོང་དུ་བཤད་པ་(༤༩ན)ནི། རྒྱལ་བ་ལྔ་པ་ཆེན་པོས། དམར་སེར་ཚོས་ཀྱིས་བཙོས་པའི་ལ་བའི་ཞྭས། །རང་གི་བསྟན་པ་ཟིན་ན་ཆེས་ལེགས་ཀྱི། །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་རྣམས། །རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང༌། །གསུང་བ་ཡོང་ཉེན་ཆེ་བའི་ཞིབ་བཤད་གནང་ཤིང༌། དེ་ལྟར་དུ་མ་སོང་བ་དཔྱད་འཇོག་གཉིས་ཀའི་སྒོ་ནས་རང་རྒྱུད་ལ་སྒོམ་ཡག་པོ་ཡོད་ན། རྗེ་རིན་པོ་ཆེའི་བསྟན་པ་རང་རྒྱུད་ལ་ཡོད་ཐག་ཆོད་ཡིན། དེ་མིན་སྔགས་མཚན་ཉིད་ཀྱིས་བཤད་གྲྭ་སོགས་ཇི་ཙམ་བྱས་ཀྱང༌། རྗེ་བདག་ཉིད་ཆེན་པོའི་བསྟན་པ་ནུབ་ལ་ཁད་སོང་བས་དེ་འདྲས་ཕན་ཆེན་པོ་མི་ཐོགས་ཐམས་ཅད་ཀྱི་ཕྱག་ལེན་ལ་ཐེབས་པ་ཞིག་ཅིས་ཀྱང་མཛད་པ་ཞུ་གསུངས། ཨེ་མ་འཇམ་མགོན་བླ་མ་རང་གི་མདོ་སྔགས་བསྟན། །སྤེལ་ཕྱིར་དུས་མཐའ་འདིར་ཡང་ངུར་སྨྲིག་གིས། །གར་རོལ་བླ་མ་མཆོག་འདིའི་བཀའ་དྲིན་ནི། །སྲིད་མཐའི་བར་དུ་འཁོར་ཐབས་མ་མཆིས་སོ། །འོན་ཀྱང་ཇི་ལྟར་བསྟན་པའི་གདམས་པ་རྣམས། །འཁོས་ཆུང་བཀའ་བཞིན་སྒྲུབ་པའི་མཆོད་པ་འབུལ། སྔར་འདྲིས་གཅེས་འཛིན་འགོང་པོ་འཁོར་བཅས་རྣམས། །རེ་ཞིག་སྐུ་ངལ་བརྟེན་ན་མི་ལེགས་སམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

མདོར་ན་རང་གཅེས་འཛིན་གྱི་འགོང་པོ་འདིས་གང་བྱས་(༤༩བ)ཀྱང་ལམ་དུ་མི་གཏོང་བར། རང་ལ་མི་མཐོང་ཆ་འཇོག་དང༌། གཏམ་དྲག་ཞིག་རང་ཨེ་ཡོང་བསམ། རེ་དོགས་གཉིས་ཀྱི་བསླུས་ནས། རི་ཁྲོད་དུ་སྒོམ་རྒྱག་རྒྱུ་ཨེ་ཡིན། གྲྭ་སར་བསྡད་ནས་བསླབ་གཉེར་རྒྱག་རྒྱུ་ཨེ་ཡིན། རི་སྦུག་ཏུ་འཕུག་པ་འདག་སྦྱར་གྱི་མཚམས་སུ་སྡོད་རྒྱུ་ཨེ་ཡིན། ཁོ་ཡག་པོ་འདུག་ཟེར་བའི་གཏམ་གྲགས་དང༌། རྙེད་བཀུར་ཞིག་རང་ཨེ་ཡོང་རེས་བསླུས་པ། འདི་རང་མ་ཤེས་པས་ལན་པ་ཡིན། འདི་འདྲ་བར་རྣམ་པ་ཀུན་ནས་སྐྱོན་དུ་བལྟ་དགོས་པ་ཡིན། འདི་འདྲ་བར་རྣམ་པ་ཀུན་ནས་སྐྱོན་དུ་ལྟ་བ་ལ། འཁོར་བའི་ཉེས་སྐྱོན་མེད་ན་ཕར་ཞོག །ཡོད་ཚད་འདི་རང་གིས་བྱས་པ་ཡིན་ཏེ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཏེ། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡི་བདག་ནི་འགོག་པ་ཡིན། །ཞེས་གསུངས་པ་དང༌། གཙུག་ལག་ཁང་སོགས་ཀྱི་སྒོ་ཁང་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པས་འཁོར་བར་འཁོར་ཚུལ་བསྟན་པའི་སྐོར་བདེ་ལམ་ཟིན་བྲིས་ན་འཁོད་པ་ལྟར་དང༌། མདོར་ན་རྗེ་དགེ་འདུན་གྲུབ་ཀྱིས། དགྲ་ནང་ན་འདུག་པའི་བདག་འཛིན་འཐུལ། །ཞེས་གསུངས་པ་ལྟར། བདག་འཛིན་འགོང་པོ་སྙིང་ནང་གི་དགྲ་འདི་རང་ངོས་ཡག་པོ་ཟིན་པར་བྱས་ཏེ། ཁྱོད་ཀྱིས་ཁོ་བོ་གར་བརླགས་པས། །སྔོན་གྱི་དུས་དེ་གཞན་ཡིན་གྱིས། །(༥༠ན)ངས་མཐོང་ད་ཁྱོད་གང་དུ་འགྲོ །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་སོགས་ཀྱི་དོན་ཡང་ཡང་བསམ་ན་ཁྱད་ཆེན་པོ་ཡོང་གསུངས། གཞན་གཅེས་པར་བཟུང་བས་ཕན་ཡོན་གཞན་ཡང༌། སྟོན་པ་ཐུགས་རྗེ་ཅན་དང༌། རང་རེ་རྣམས་དང་པོར་འདྲ་འདྲ་སྙོམས། འཁོར་གཡོག་དང༌། ཕ་མ་བུ་ཚ་སོགས་བྱེད་རེས་ལ། ཁོང་ད་ལྟ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་པ་ནི། གཞན་གཅེས་པར་བཟུང་བ་ལས་བྱུང་ཚུལ་དང༌། རང་རེ་རྣམས་ད་དུང་ཉོན་མོངས་པ་ཁ་བྲི་བ་ཙམ་ཡང་མེད་པའི་ཁར། སྡིག་ལྟུང་སོགས་ལ་རྒྱུན་དུ་རང་བག་མེད་དུ་སྤྱད་པས། དེང་སང་བར་འཁོར་བར་འཁྱམས་པ་འདི་རང་ལ་བསམ་ན་ཤེས་ཚུལ་ཞིབ་ཏུ་གསུངས་ནས། དེ་ལྟར་ཕན་ཡོན་དང་ཉེས་དམིགས་བསམ་པའི་མཐར་བློ་འདི་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཕྱིར་དུ་སྨོན་ལམ་རེ་ཡག་པོ་བྱས་ཏེ། འདེབས་དགོས་གསུངས།

དེ་ནས་ས་བཅད་གསུམ་པ་བདག་གཞན་བརྗེ་བ་དངོས་ལ་ཡང༌། ཕན་ཡོན་ཉེས་དམིགས་བྱུང་ཁུངས་གཏོང་ལེན་གྱི་དམིགས་པ་དངོས་ཉམས་སུ་ལེན་ཚུལ་དང་བཅས་པ་ཡོད་པ་ནི། འདི་རང་གི་རྩ་ཚིག་ཏུ། གཏོང་ལེན་གཉིས་པོ་སྤེལ་མར་བསྒོམ། །ལེན་པའི་གོ་རིམ་རང་ནས་བརྩམས། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་པ་རྣམས་སྦྲེལ་ནས་འབྱུང་ཡང༌། ཕྱི་མ་(༥༠བ)འདི་བདག་གཞན་མཉམ་བརྗེ་བསྒོམ་པའི་རྗེས་ཐོབ་ཀྱི་སྐབས་སུ་ཉམས་སུ་ལེན་རྒྱུར་འཇོག་པ། རྗེ་རིན་པོ་ཆེའི་དགོངས་པ་ཡིན་ཚུལ་ཧོར་སྟོན་པས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་ལས་གསུངས། གཏོང་ལེན་བསྒོམ་པའི་ཕན་ཡོན་ནི། གཏོང་ལེན་གྱི་དམིགས་པ་འདི་སྐད་ཅིག་བསྒོམ་པའམ་ཡིད་ལ་བྱས་པ་ཙམ་གྱིས་སྲིད་པ་མཐའ་དག་ཧྲུལ་བོར་འགྲོ་ཚུལ་དང༌། ཉེས་པ་ནི་ཕན་ཡོན་དེའི་ཟློག་ཕྱོགས་བསམ་པའི་སྒོ་ནས་ཤེས་མོད་ཀྱང༌། ང་རང་ཚོའི་དགྲའི་གཙོ་བོ་རང་དེ་སྙིང་གི་ནང་ལ་རྒྱུན་དུ་ཡོད་ཀྱང། ང་རང་ཚོ་སྤྱིར་སྤྱང་བ་ལ་སོང་ན་ལྟག་ཁུང་དུ་མིག་ཡོད་པ་འདྲ་ཡང༌། འདི་སྙིང་ནང་དུ་གནས་པ་མ་ཤེས་པ་ཧུ་རེ་ལོང་བ་དང་འདྲ་ཚུལ་ཞིབ་པ་དང༌། དེ་ནས་བདག་གཞན་མཉམ་རྗེའི་སྐོར་གྱི་བྱུང་ཁུངས་ཡག་པོ་མ་ཤེས་ན། དེ་འདྲ་བ་བདེན་དོགས་མེད། གཞན་ལ་རང་དང༌། རང་ལ་གཞན་གྱི་བསམ་པ་གཉིས་ཞེ་ཐག་པ་ནས་བརྗེ་ཐུབ་དོགས་མེད་སྙམ་པའི་དོགས་པ་ཤར་བྱུང་ན། བཀའ་གདམས་གོང་མའི་གསུང་སྒྲོས་ལྟར། འདིའི་ཁུངས་དང་གླེང་གཞི་ནི། སྟོན་པ་ཐུགས་རྗེ་ཅན་སྔོན་ལམ་ལ་བསླབ་པའི་ཚེ། ཛ་བོའི་བུ་མོའི་སྐྱེ་རབས་དང༌། རྒྱལ་པོ་བསོད་ནམས་སྟོབས་དང༌། རྒྱལ་པོ་བྱམས་པའི་སྟོབས་དང༌། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དང༌། བྲམ་ཟེ་རྒྱ་མཚོའི་རྡུལ་སོགས་མདོར་ན་སྐྱེས་རབས་སོ་བཞི་པའི་ནང་ནས་སྟག་མོ་ལ་ལུས་སྦྱིན་པ་སོགས་ཐམས་ཅད་འདིའི་ཁུངས་(༥༡ན)ཡིན་ཞེས་ཛ་བོའི་བུ་མོ་དང༌། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་ཀྱི་གཏམ་རྒྱུད་གཉིས་རྒྱས་པར་གསུངས། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱོང་ལུགས་འདི་ག་རྩལ་དུ་བཏོན་ནས་འཆད་པ་པོ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ། མགོན་པོ་ཞི་བ་ལྷ། སློབ་དཔོན་དཔའ་བོ་སོགས་རྗེས་འབྲངས་དང་བཅས་པ་ཡིན་ལ། དེའི་ཁུངས་ཀྱི་མདོ་ནི། སངས་རྒྱས་ཕལ་པོ་ཆེའི་ཁྱད་པར་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་བསྟན་བཅོས་ཀྱང༌། བསླབ་སྤྱོད་གཉིས། སྐྱེས་རབས། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སེམས་ཅན་མགུ་བའི་ཚིགས་བཅད་སོགས་ཡིན་ཚུལ་སོགས་དང༌། གཏོང་ལེན་གྱི་དམིགས་པ་དངོས་ལ། གཏོང་བའི་ཚུལ་དང༌། ལེན་པའི་ཚུལ་གཉིས་ལས། རྒྱལ་སྲས་དངུལ་ཆུ་བ་སོགས་བཀའ་གདམས་གོང་མ་ཕལ་ཆེར་ལེན་པ་སྔོན་ལ་མཛད་ཀྱང༌། རྗེ་རིན་པོ་ཆེས་ཧོར་སྟོན་ནམ་མཁའ་དཔལ་ལ་གནང་སྐབས་གཏོང་བ་སྔོན་དང༌། ལེན་པ་རྗེས་ལ་མཛད་པ་འདི་མན་ངག་གི་གནད་ཡིན་ཚུལ་དང༌། དེ་ལ་ཐོག་མར་གཏོང་བའི་སྐབས་སུ། སྤྱི་བོར་བླ་མ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་པའི་མུར་ཐོག་མར་རང་གི་ཚེ་འདིའི་མ་དེ་མདུན་དུ་གསལ་བར་དམིགས་ཏེ། དེ་ནས་རིམས་ཀྱི་གཏོང་དགོས་པས་གཏོང་བ་ལ་ལུས་གཏོང་བ་དང༌། ལོངས་སྤྱོད་གཏོང་བ་དང༌། དགེ་རྩ་གཏོང་བ་གསུམ་ལ་གཞན་མེད་པས། ཐོག་མར་ལུས་གཏོང་(༥༡བ)པའི་སྐབས་ལུས་ཀྱི་སྐྱོན་ཐམས་ཅད་ཞི་ནས་མཚན་དཔེས་བརྒྱན་པའི་སྐུ་ལུས་སུ་གྱུར་བའི་མོས་པ་བརྟན་པོ་བྱེད། དེ་ནས་ཚེ་འདིའི་ཕ་མ་གཉེན་ཉེ་དུ་བར་མ་དགྲ་སོགས་ལ། དེ་ནས་འཛམ་བུ་གླིང་ནས་བརྩམས་ཏེ་གླིང་བཞི་པའི་མི་ཐམས་ཅད་དང༌། དེ་ནས་སྟོང་གསུམ། དེ་ནས་ཤར་ཕྱོགས་ཀྱི་ནམ་མཁའི་མཐས་ཁྱབ་ནས། མཐར་ཕྱོགས་བཅུའི་ནམ་མཁའི་མཐས་ཁྱབ་པའི་མི་རྣམས་ལ་བྱིན་པས་དེ་རྣམས་ཀྱི་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་ལུས་ཐོབ་པའི་མོས་པ་བྱེད། དེ་ནས་རིམ་བཞིན་དུ་དུད་འགྲོ་མཐའ་དག །དེ་ནས་ཡི་དྭགས་ཀྱི་རིགས་མཐའ་དག །དེ་ནས་དམྱལ་བ། དེ་ནས་ལྷ་མ་ཡིན། དེ་ནས་ལྷ་རྣམས་དང༌། དེ་ནས་ཉན་རང་བྱང་ཆུབ་སེམས་དཔའ་ས་བཅུའི་རྒྱུན་མཐའི་བར་དང༌། དེ་ནས་རང་གི་ལུས་དེ་ཅི་རིགས་སུ་སྤྲུལ་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། རང་གི་བླ་མ་རྣམས་ལ་ཕྱག་འཚལ་ཞིང༌། མཆོད་ཅིང་བཤགས་པ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ་བར། མྱ་ངན་ལས་མི་འདའ་བ་ནས། བསྔོ་བའི་བར་མ་ཆོད་པ་སོགས་སྒོ་མཐའ་དག་ནས་བྱས་པས། དེ་རྣམས་ཀྱི་སྤངས་རྟོག་མཐོ་རུ་འགྲོ་རྒྱུ་མེད་ཀྱང་རང་གི་མོས་ངོར་དེ་དག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སོགས་གོང་འཕེལ་དུ་སོང་བའི་མོས་པ་བསྐྱེད་ལུགས་ཞིབ་པ་དང༌། དེ་ཡང་ལུས་གཏོང་བའི་སྐབས་འདིར་བགེགས་སེལ་བ་དང༌། བོགས་འཐོན་པའི་ཕྱིར་དུ་གཅོད་ཀྱི་དམིགས་པ་(༥༢ན)སྐྱོང་དགོས་པ་བཀའ་གདམས་གོང་མའི་ཕྱག་ལེན་ཡིན། དེ་ཡང་སྙིགས་མའི་དུས་འདིར་ཆོས་སྒྲུབ་པ་ལ། མི་མ་ཡིན་གྱི་རིགས་སྡེ་བརྒྱད་དང༌། གདོན་བགེགས་སོགས་གདུག་རྩུབ་ཤིན་ཏུ་ཆེ་བས། དེ་ཚོས་བར་གཅོད་ཆེན་པོ་ཡོང༌། བར་གཅོད་གཏོང་ལུགས་ལ་ཡུམ་གྱི་མདོ་སོགས་ནས་གསུངས་པ་ལྟར། དེ་དག་གི་བདེན་པའི་མཐུ་བྱིན་ནས། དཔེར་ན་རང་ཉིད་ལ་ནུས་པ་ཆེན་པོ་མེད་ཀྱང༌། ངས་འདི་ལྟར་བྱས་པའི་མཐུས་ཁྱོད་མི་མ་ཡིན་གནོད་བྱེད་རྣམས་ཕྱིར་འཐོན་ཅིག་བྱས་ན། བགེགས་རིགས་རྣམས་ད་ཡག་པོ་བྱུང༌། ཁོ་སླུ་ཐུབ་པ་འདུག་སྙམ་སྐབས་ཐོབ་དེར་གདོན་བགེགས་སོགས་ཀྱི་གནོད་པ་ཆེན་པོ་ཡོད་ན་འཐོན་འགྲོ །དེ་ནས་རང་ཉིད་དཔའ་སྐྱེས་ཏེ། ང་ལས་མཐུ་ནུས་ཆེ་བ་མེད་སྙམ་པའི་ང་རྒྱལ་གྱིས་བསླུས་ནས་མཐར་ཆོས་དང་རྒྱབ་འགལ་དུ་འགྲོ་བ་མང་པོ་ཡོང་བ་ལྟ་བུ་དང༌། དེར་མ་ཟད་འདོད་ཡོན་གྱིས་སེམས་གཡེང་བའི་བར་གཅོད་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་དང༌། མངའ་ཐང་འདུ་ལོངས་རྩེད་འཇོ་སོགས་ཀྱིས་བསླུ་བ་སོགས། མདོར་ན་ཉི་ཁྲི་བདུད་ལས་ཀྱི་ལེའུ་ནས། སྙེམས་པ་དང༌། བླ་གབ་མེད་པ་དང༌། སྤྱི་གཙུག་རྣམ་པར་བལྟ་བའི་ཏིང་ངེ་འཛིན་ཞེས་པ་རྣམས་བར་གཅོད་ཀྱི་འབྱུང་ཁུངས་ཡིན་པས། སྙེམ་པ་ཞེས་པ་ནི་ཆགས་པའམ། ང་རྒྱལ་གྱི་མིང་ཡིན་ཚུལ་དང༌། དགེ་བའི་བཤེས་གཉེན་གླང་རི་ཐང་བར་མི་མ་ཡིན་གྱི་བར་གཅོད་བརྩམས་པར་ཡོད་ཚུལ་དང༌། དེ་ལྟ་བུའི་(༥༢བ)དུས་འདིར། སྣང་སྲིད་ལྷ་འདྲེ་གདུག་པ་ཅན་རྣམས་ལ་འདིར་ཤོག་ཅིག་ཅེས་འབོད་ནས་ཁྱེད་རྣམས་ཤ་ལ་དགའ་བ་ཤ་ཟོ། ཁྲག་ལ་དགའ་བ་ཁྲག་འཐུང༌། རུས་པ་ལ་དགའ་བ་རུས་པ་མུར། རེས་འགའ་ལུས་དང་རྣམ་ཤེས་མ་བྲལ་བར་སྙིང་དང་བཅས་པ་དམར་ཙ་རེ་ཞེ་ཐག་པ་ནས་གཏོང༌། འདི་སྐབས་གཅོད་གཞན་ལྟར་རྣམ་ཤེས་འཕོ་བ་སྤར་ནས་གཏོང་བ་མིན། དེ་ནུས་པ་ཆུང་བ་རེད། རྒྱལ་སྲས་བདག་ཉིད་ཆེན་པོས་སྟག་མོ་ལ་སྐུ་ལུས་དངོས་སུ་བྱིན་པ་ལྟར་སྟེར་དགོས་ལུགས་ཞིབ་པ་དང༌། དེ་ཡང་ཡི་གེ་ཐོབ་ཐང་གི་དབང་དུ་བཏང་ན། གཅོད་ཞེས་པ་བདག་འཛིན་གྱི་རྩ་བ་གཅོད་པའི་གང་གཅོད་ཡིན། དཀར་འགྱེད་ཀྱི་དམིགས་པ་བྱེད་པའི་སྤྱོད་འདི་ས་སྤྱོད་རྒྱལ་སྲིད་ཀྱི་སྤྱོད་པ་ཞེས་པ་དེ་ཡིན། བློ་ལུས་རོལ་པོ་རྣམས་ཤེས་དང་བཅས་པ་སྐྱུར་ནས་ཟ་མ་ནུས་ན་ཁྱོད་ཚོ་ཞན། སྟེར་མ་ནུས་ན་ང་ཞན་ཞེས་སྐྱུར་ཏེ་ལྷ་འདྲེ་ཐམས་ཅད་ཇིར་ཏེ་མནན་ནས་ཟར་བཅུག་པར་ཟིལ་གནོན་སྐོར་གསུམ་གྱི་དམིགས་པའི་གནད་ཐམས་ཅད་མཚུངས་ཚུལ་དང༌། འདི་ལ་དོགས་པའམ་བགེགས་སྡུག་ཤོས་འདི་འདྲ་ཡོང༌། སྟེར་བློ་བྱས་པ་ལས་དངོས་རང་ཟ་རྒྱུ་མེད་སྙམ་པ་དང༌། ང་བླ་མ་དཀོན་མཆོག་གི་སྐྱབས་འོག་ཏུ་ཆུད་པས་བྱིན་ཀྱང་ཁོང་ཚོས་ཟ་བ་དང་ཕྱོགས་ན་འཁོར་བ་རང་མི་ནུས་སྙམ་པ་སོགས་དེ་འདྲ་བ་དེ་འདིའི་བགེགས་ཆེ་ཤོས་ཡིན་ཚུལ་དང༌། འདི་འདྲ་ལ་སྤྱོད་དབང་མ་ཐོབ་ཀྱང་སྐྱོན་མེད། གཞན་གཅོད་དངོས་གཞི་ལ་དབང་(༥༣ན)ཐོབ་དགོས་ལུགས་དང༌། ཞེ་ཐག་པ་ནས་བྱིན་ན་བདག་གཞན་མཉམ་རྗེའི་བློ་སྐྱེ་ལ། དེ་བསྐྱེད་ན་སྡུག་བསྔལ་ཆེན་པོ་དང༌། མི་འདོད་པ་ཡོང་བའི་གོ་སྐབས་མེད་ཅིང༌། ཕན་ཡོན་སྐོར་ལ་ཡར་ལུང་གི་གྲུ་ལ་གྲྭ་བཙུན་སོགས་མི་མང་པོ་ཡོད་པས་གྲུ་ཆུ་ནང་དུ་བྱིང་གྲབས་བྱུང་སྐབས་བང་ཆེན་པ་ཞིག་བདག་གཞན་མཉམ་བརྗེ་བྱས་ནས་ཁོ་རང་ཆུ་ལ་མཆོངས་པའི་གཏམ་རྒྱུས་ཀྱང་གསུངས། དེ་ནས་ལོངས་སྤྱོད་གང་ཡོད་དང༌། གཞན་ཡང་གང་འདོད་སྤྲུལ་ནས་རང་གི་རྩ་བའི་མ་ནས་རྒྱུན་མཐའི་བར་དང༌། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བླ་མ་ལ་སྒོ་དུ་མ་ནས་རྒྱུན་མཐའི་བར་དང༌། མཆོད་པ་ཕུལ་བས་དགྱེས་བཞིན་དུ་བཞེས་ཏེ། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་མཐར་ཕྱིན་པའི་སྨོན་ལམ་འདེབས་དགོས་ཚུལ་དང༌། དེ་ནས་དགེ་རྩ་གཏོང་སྐབས། རང་གི་རྩ་བའི་མ་ནས། ནམ་མཁའི་མཐའ་ཁྱབ་ཀྱི་བར་ལ་རང་གིས་བསགས་པའི་དགེ་བ་དད་པ་སོགས་སྣ་གཅིག་ཡོད་པ་ཡན་དང༌། གཞན་མང་མོས་བློ་སྦྱངས་ནས་གཏོང་ཞིང༌། ཚོགས་ལམ་གྱི་རྟོགས་པ། དྲན་པ་ཉེར་བཞག་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡིད་ལ་བྱས་ཏེ་ལམ་མ་ཞུགས་རྣམས་ལ་གཏད་པས། དེ་རྣམས་ཀྱི་ཚོགས་ལམ་ཐོབ་པའི་མོས་པ་དང༌། སྦྱོར་ལམ་གྱི་རྟོག་པ་ཞི་ལྷག་ཟུང་འབྲེལ་སོགས་ཀྱི་དོན་སྤྱི་ཡིད་ལ་བྱས་ཏེ་ཚོགས་ལམ་པ་རྣམས་ལ་བཏང་བས་དེ་རྣམས་ཀྱི་སྦྱོར་ལམ་གྱི་རྟོག་པ་ནས། ས་བཅུ་པའི་(༥༣བ)བར་ལ་རིགས་འགྲེ་དེ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། སྟོབས་བཅུ་མི་འཇིགས་པ་བཞི་སོགས་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་ཡིད་ལ་བྱས་ཏེ་བཏང་བའི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་མེད་ཆོས་སྐུ་ཐོབ་པའི་མོས་བློ་དང༌། མདོར་ན་རང་གི་རྒྱུ་དུས་ཀྱི་དགེ་བ་དང༌། འབྲས་དུས་ཀྱི་བདེ་བ་རྣམས་འགྲེལ་པ་མ་ལུས་པ་ཀུན་ལ་གཏོང་བའི་བྱམས་པའི་དམིགས་རྣམ། དེ་སངས་རྒྱས་ལ་བཏང་བའི་རྟོག་པ་གོང་འཕེལ་དུ་སོང་བའི་མོས་བྱེད། འདི་ལ་དོགས་པ་འདི་འདྲ་ཡོད། སངས་རྒྱས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་སོགས་ཡོན་ཏན་རྣམས་དང༌། ས་བཅུ་པའི་སྤང་རྟོགས་རང་གི་དེ་དག་གི་མིང་ཙམ་ཡང་མི་ཤེས་རང་རྒྱུད་ལ་ཡོན་ཏན་དེ་དག་གང་ཡང་མེད་པར། གཞན་ལ་གང་གཏོང་བདེན་དོགས་མེད་སྙམ་པ་བྱུང་ན། རང་གི་དེ་རྣམས་མ་ཐོབ་ཀྱང༌། དོན་སྤྱི་ཡིད་ལ་བྱས་ཏེ་བསྒོམ་པས་འབྲས་བུ་རྒྱ་ཆེན་པོ་ཐོབ་པ་ནི། ཕར་ཕྱིན་གྱི་རྣམ་རྫོགས་སྦྱོར་བའི་སྐབས་སུ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིད་ལ་བྱས་ཏེ་བསྡུས་ནས་བསྒོམ་པས། རྣམ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་དང༌། སྐབས་གསུམ་པར་རྒྱལ་ལ་སོགས་ལ་ཆགས་པ་ཕྲ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས་ཞེས་སོགས་ཀྱིས་རྒྱལ་བའི་ཡོན་ཏན་དང༌། སྟོང་པ་ཉིད་དམིགས་ཡུལ་དུ་བྱས་ནས་མཚན་འཛིན་སྐྱེ་ལུགས་དང༌། སྔགས་ཀྱི་སྐབས་སུ་དཀྱིལ་འཁོར་རྒྱལ་མཆོག་གི་སྤྲོ་བསྡུའི་དམིགས་ (༥༤ན)རྣམ་བྱ་ལུགས་སོགས་དེ་དང་དེ་དག་མ་ཐོབ་ཀྱང༌། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་སའི་ཡོན་ཏན་གོང་མ་རྣམས་རྫོགས་དགོས་པ་དང༌། སྔགས་ཀྱི་སྐབས་ཀྱི་དམིགས་པའི་ཁྱད་པར་དེ་རྣམས་ལམ་རིམ་བློ་སྦྱོང་འདི་རང་གི་སྐབས་ནས་འབྱུང་དགོས་ལུགས་དང༌། དེ་ནས་ལེན་པའི་དམིགས་རྣམ་སྐོར་ལ། རང་གི་རྩ་བའི་མ་ནས་བཟུང༌། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་བར། མདོར་ན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་རྒྱུ་དུས་ཀྱི་སྡིག་པ་དང༌། འབྲས་དུས་ཀྱི་སྡུག་བསྔལ་ཐམས་ཅད་རང་སྟེང་དུ་ལེན་དགོས་ཤིང༌། དེ་ནི་སྙིང་རྗེ་ཆེན་པོའི་དམིགས་རྣམ་སྐྱོང་ལུགས་ཡིན་ཚུལ་བཅས་ཞིབ་པར་བཙལ་ཞིང༌། འདི་ལ་བགེགས་འདི་འདྲ་ཡོང༌། རང་རྒྱུད་ཀྱི་སྡུག་བསྔལ་འདི་དག་གིས་ཆོག་པ་ལ། གཞན་གྱི་སྡུག་བསྔལ་ཐམས་ཅད་ལེན་པ་ག་ལ་ནུས་སྙམ་དཔའ་ཞུམ་ན། དེའི་བགེགས་བསེལ་དུ། ལེན་པའི་གོ་རིམ་རང་ནས་བརྩམས་ཞེས་པ་ལྟར། ཐོག་མར་རང་གི་སྡུག་བསྔལ་སྔ་དྲོ་ཕྱི་དྲོ་མྱོང་རྒྱུ་དང༌། སང་ཉིན་མྱོང་རྒྱུ་དང༌། ཟླ་བ་དང༌། ལོ་རྗེས་མར་མྱོང་རྒྱུ་རྣམས་རང་ཐོག་ཏུ་བླངས་ལ་བློ་གོམས་སུ་བཅུག །དེ་ལ་བློ་གོམས་ནས་གཞན་གྱི་སྡུག་བསྔལ་རང་ཐོག་ཏུ་ལེན་དགོས་པ་ཡིན་གསུངས། དེ་ཚོ་དགའ་མོ་བྱུང་ན་དེ་ནས་དེ་གཉིས་རླུང་ལ་བསྐྱོན་པར་བྱ། ཞེས་གསུངས་པ་ལྟར། སྣ་བུག་གཡས་གཡོན་གྱི་རླུང་འགྲོ་འོང་ལ་བརྟེན་ནས།(༥༤བ)ཐོག་མར་རང་གི་སྣ་བུག་གཡོན་ནས་དགེ་རྩ་རྣམས་འོད་དཀར་པོའི་རྣམ་པར་བཏང་བ་མ་དེའི་སྣ་སྦུག་གཡས་ནས་བཞུགས་ཏེ་བདེ་བ་ཐོབ་ལུགས་དང༌། མ་དེའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་སྐྲ་གྲིས་སྐྲ་གཞར་བ་བཞིན་ནག་ལིང་ལིང་སྙིང་ནང་ནས་འཐོན་ཏེ། མ་དེའི་སྣ་སྦུག་གཡོན་ནས་རང་གི་སྣ་སྦུག་གཡས་སུ་ཞུགས་ནས་སྙིང་ནང་གི་བདག་འཛིན་འགོང་པོའི་མགོ་ཐོག་ཏུ་ཚག་སྒྲ་དང་འུར་སྒྲ་དང་བཅས་ལྷུངས་ཏེ་ཁོ་དམིགས་མེད་དུ་སོང་བའི་མོས་པ་སོགས་ཡང་ཡང་བྱས་པའི་མཐར་སེམས་ཅན་ཐམས་ཅད་ལ་གཏོང་ཚུལ་བཅས་གོང་དང་འདྲ་ཚུལ་ཞིབ་པ་དང༌། བདག་འཛིན་འགོང་པོ་ལ་གནོད་པའི་ཕྱིར་དུ། ཁོ་ལ་དམིགས་པའི་ཁྲོ་བོ་བཟླས་པ་དང༌། བླ་མ་ལ་མཎྜལ་འབུལ་བ་དང༌། སྡོད་ས་སྤོ་བ་དང་སྐེ་བཅུ་ཅུ་བྱེད་པ་ཚུན། ལྷག་པར་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རང་གི་དེའི་ཐོག་ཏུ་ལེན་དགོས་ལུགས་ཕན་ཡོན་དང་བཅས་པ་ཞིབ་ཏུ་གསུངས་སོ། །

ད་རང་རེ་རི་ཁྲོད་པ་སོགས་ཐམས་ཅད་རྣམ་རྟོག་མང་པོ་དང༌། བྱེད་རྒྱུ་མང་པོ་མ་བྱས་པར། ཚེ་འདིར་ནད་གདོན་གྱིས་ཟིན་པ་དང༌། དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་སོགས་མི་འདོད་པ་ཅི་བྱུང་ཡང༌། ལམ་རིམ་བློ་སྦྱོང་འདི་རང་ལ་བཀལ་ན་འདིས་ཆོག་པ། བར་དོའམ་ཕྱི་མའི་གནས་སྐབས་ཐམས་ཅད་དུ་འདི་རང་གིས་ཆོག་པ་ལ་བློ་ཕུགས་གཏོད་དགོས་ཚུལ་གྱི་བསླབ་བྱ་རྣམས་ཀྱང་སྐབས་སྐབས་སུ་རྒྱས་ཤིང་ཞིབ་པ་སྙིང་གཏམ་གྱི་ཚུལ་དུ་གསོངས་སོ། །(༥༥ན)དེར་མ་ཟད་གཏོང་ལེན་གྱི་སྐབས་སུ་དམིགས་པ་ཕྱོགས་རེ་བ་རྣམས་ལ་དགའ་མོ་འདྲིས་ནས། དེ་ནས་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་རྣམས་ལ་ཉེ་རིང་ཆགས་སྡང་མེད་པར་བློ་སྙོམས་ནས་གཏོང་དགོས་པར། རང་གི་ཐོག་མེད་ནས་བསགས་པའི་ལུས་དང་ལོངས་སྤྱོད་དགེ་རྩ་བཅས། རྒྱུ་དུས་ཀྱི་དགེ་བ་དང༌། འབྲས་དུས་ཀྱི་བདེ་བ་མཐའ་དག་རང་གི་སྣ་སྦུག་གཡས་ནས་ངེས་པར་འོད་དཀར་པོའི་རྣམ་པར་བུས་དེ། སེམས་ཅན་ཐམས་ཅད་ལ་ཕར་བཏང་བས། འོད་དེས་རིག་པ་ཙམ་གྱིས་སེམས་ཅན་དེ་རྣམས་ཀྱི་ཐོག་མེད་ནས་བསགས་པའི་རྒྱུ་དུས་ཀྱི་སྡིག་པ་དང་འབྲས་དུས་ཀྱི་སྡུག་བསྔལ་དང༌། གནས་ངན་ལེན་བག་ཆགས་དང་བཅས་པ་ལྷག་མེད་དུ་བྱང་ཞིང་དག་ནས་དེ་རྣམས་ཀྱི་ལུས་འགྲུབ་པའི་བཅུད་ལེན་གྲུབ་པའམ། གསེར་འགྱུར་གྱི་རྩིས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་གནས་གྱུར་ནས་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་དང༌། སེམས་ཆོས་སྐུ་ཐོབ་པའི་མོས་པ་བརྟན་པོ་དང་སྨོན་ལམ་ཤུགས་དྲག་པོ་ཡང་ཡང་འདེབས། ཡང་སྐབས་རེ་འོད་རེ་ཕར་བཏང་བའི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཀྱི་སྐྱོན་ས་གཞི་རང་རོང་དང་ཚེར་མ་ཅན་དང༌། ངམ་གྲོག་སོགས་མ་ལུས་པར་བྱང་ཞིང་དག་ནས། དག་པའི་ཞིང་ཁམས་བདེ་བ་ཅན་ལ་སོགས་པར་དངོས་སུ་གྱུར་པའི་མོས་པ་དང༌། སྨོན་ལམ་ཤུགས་དྲག་པོ་འདེབས་པ་ནི། མངོན་རྟོགས་རྒྱན་ལས། སེམས་ཅན་འཇིག་རྟེན་མ་(༥༥བ)དག་པ། །དེ་ལ་དག་པ་སྒྲུབ་པ་ཡི། །སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཞེས་པ་དང༌། དེའི་རྩ་བའི་ཡུམ་མདོ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོམ་རྐུན་གྱི་དགོན་པ་དང༌། མུ་གེའི་དགོན་པ་དང་ཞེས་སོགས་རྒྱས་པར་གསུངས་པ་ལྟར་སངས་རྒྱས་ཀྱི་ཞིང་སྦྱོངས་རྣམ་དག་ཏུ་འགྲོ་ལུགས་རྒྱས་པར་ཞིབ་ཆ་དང་བཅས་གསུངས་སོ། །དེ་ལྟ་བུའི་གཏོང་ལེན་གྱི་དམིགས་པ་རྒྱ་ཆེན་པོ་སྒོ་དུ་མ་ནས་བྱས་པའི་མཐར། སྤྱི་བོར་བླ་མ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་སྟེ། བྱུང་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ན་བཞུགས་པའི་གཏོང་ལེན་གྱི་དམིགས་པའི་སྨོན་ལམ་ཚིགས་བཅད་བཅུ་སྐོར་ཙམ་ཡོད་པ་དེ་ཚང་མ་བློ་ལ་བཟུང་ནས་འདོན་དགོས་ཞིང༌། མ་ཐ་ཡང་བདག་ལ་དེ་དག་བདག་ལ་སྡིག་སྨིན་ཞིང༌། བདག་གི་མ་ལུས་དེར་སྨིན་ཤོག་ཞེས་པའི་ཚིག་དང༌། ཇོ་བོའི་ཆེན་པོའི་བླ་མ། བདག་ཉིད་ཆེན་པོ་བྱམས་པའི་རྣལ་འབྱོར་པའི་དགྱེར་སྒོམ་རྡོ་རྗེའི་གླུ་དང་བཅས་པ་འདོན་གསུང་དེའི་ཞིབ་བཤད་དང༌། གཞན་ཡང་དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན་ཞེས་སོགས་ཚིག་ལྔ་ཡོད་པ་འདི། རྗེ་བཙུན་བློ་བཟང་ཆོས་རྒྱན་གྱི་བུ་སློབ་དྲུང་པ་རྒྱལ་ཚབ་པ་དང༌། གནས་བཅུ་རབ་འབྱམས་པ། ཞབས་དྲུང་ལྷ་པ་རིན་པོ་ཆེས། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་སོགས་གྲུབ་ཆེན་མང་པོ་ཡོད་པ་རྣམས་ཀྱིས། གཏོང་ལེན་ལ་ཆེད་དུ་བསྔགས་ནས་ཞུས་ཏེ་བླ་མ་མཆོད་པའི་(༥༦ན)ཆོ་ག་གཞུང་བསྐྱངས་ལ། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ་ཞེས་སོགས་ཀྱི་ཚིགས་བཅད་བཞི་པོ་འདི་རང་ཡིན་ཀྱང༌། དེ་ཐོག་ཏུ་གནོན་ཆོག་པ་ཞུས་ནས་མཚམས་འདིར་ཚར་གསུམ་རེ་ངེས་པར་འདོན་པ། དེང་སང་དབེན་ས་པ་ཡབ་ནས་བརྒྱུད་པའི་རི་ཁྲོད་པ་རྣམས་ཀྱི་ཕྱག་ལེན་ལ་ཡོད་ཚུལ་དང༌། དེ་ལྟར་སེམས་ཅན་གྱི་བཀའ་དྲིན་སྒོ་དུ་མ་ནས་བསམ་ཏེ། ཡིད་འོང་གི་བྱམས་པ་ཤུགས་དྲག་བསྐྱེད་ནས་བདག་གཞན་བརྗེ་བ་དངོས་ལ་བདག་གཞན་བརྗེ་མི་ཐུབ་ཀྱི་རྒྱུ་མཚན་དང༌། བརྗེ་ལུགས་ཇི་ལྟར་ཡིན་སོགས་ཡག་པོ་བསམ་དགོས། དེ་མ་བསམས་ན་བགེགས་འདི་འདྲ་ཡོང༌། ཨ་སེམས་བཟང་བའི་ཁྱད་ཙམ་མ་གཏོགས་རང་དང་གཞན་གཉིས་བརྗེ་ཐུབ་དོགས་མེད་བསམ་པ་ཡོང༌། རང་གཞན་བརྗེ་བ་དེ་ལུས་ཕར་སྤྲོད་ཚུལ་ལེན་བྱས་ནས་བརྗེ་བ་མིན། དེ་ལ་དགོས་པ་མེད་པར་མ་ཟད། གཞན་ལུས་འདོར་དུ་བཅུག་པའི་ཉེས་པ་ཡོད། དེ་འདི་འདྲ་རེད་སྔར་འཁོར་བ་ཐོག་མ་མེད་པ་ནས་རང་གཅེས་པར་བཟུང་ནས་ང་ང་རང་ཞེས་སྡད་པར་འཁོར་བ་ལས་ཐར་བ་སོགས་ཐོན་སྐྱེད་གང་ཡང་མེད་ཁར། ད་དུང་ཁོའི་དབང་དུ་སོང་ནས་འཁོར་བའི་ཕྱི་མཐའ་མ་ཐོབ་རྒྱུ་མེད་ཚུལ་དང༌། རང་ཡལ་བར་དོར། གཞན་གཅེས་པར་གཟུང་བས་སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པ་སོགས་གོང་དུ་ལུང་དང་རིག་པ་དྲི་མ་མེད་པས་བསྒྲུབས་ཟིན་པ་དེའི་ཕྱིར་ད་ཕྱིན་ཆད་རང་གཅེས་འཛིན་སྙིང་གི་ནང་ནས་(༥༦བ)ཡུལ་བཏོན། ཁོའི་ཤུལ་དེར་གཞན་གཅེས་འཛིན་འཇུག་དགོས་པའི་རྒྱུ་མཚན་རྗེ་རིན་པོ་ཆེའི་གསུང་གི་མན་ངག་བཞིན་བྱེད་པ་བདག་གཞན་བརྗེ་བའི་ཚུལ་དང༌། དེ་ཡང་བརྗེ་ཨེ་ཐུབ་ཟེར་ན་བརྗེ་ཐུབ་སྟཻ། སྤྱོད་འཇུག་ལས། ཁུ་བ་ཁྲག་གི་ཐིག་པ་ལ་ཞེས་སོགས་ཀྱི་རིགས་པ་དང་པོས་གཞན་གྱི་ལུས་ལ་དམིགས་ནས་རང་གི་ལུས་ཡིན་སྙམ་པ་བློ་གོམས་པའི་དབང་གི་འབྱུང་བ་ནི། དཔེར་ན་རང་རེ་རྣམས་ཀྱི་ཤ་རུས་གདོས་བཅས་ཀྱི་ལུས་འདི་དང་པོ་རང་གི་མིན། རང་གི་ཕ་མ་གཉིས་ཀྱི་ཁུ་ཁྲག་ཡིན། དེ་གཉིས་ལས་དབང་གིས་འདྲེས་ནས་ཕའི་ཁུ་བ་དཀར་པོ་རུས་པ་དང༌། མའི་ཁུ་བ་དམར་པོ་དེ་ཆེར་བསྐྱེད་ནས་ཤ་རུ་སོང་བའི་ཤ་ཁྲག་གི་ཕུང་པོ་ལ་ངའི་ལུས་བཟུང་ནས་སྡད་པ་ཡིན། དེ་རང་གི་མིན་པའི་རྟགས་སུ། མཐར་ཁོས་རང་སྐྱུར་ནས་རྣམ་ཤེས་གཅིག་པོ་བར་དོ་རུ་འཁྱམས་དགོས་པ་བྱུང་བ་དང༌། དེར་མ་ཟད་དབུ་མ་བཞི་བརྒྱ་པ་ནས། འགལ་བ་དུ་མ་ཞེས་སོགས་གསུངས་པ་ལྟར། འབྱུང་བའི་འཁོར་ལོ་ཆེན་པོ་ལྔ་མི་མཐུན་བཞིན་དུ་ཚོགས་པ་ལ། རྣམ་ཤེས་ཀྱི་ཁམས་ཞུགས་ནས་ངའི་ལུས་རང་ཟེར་རྒྱུ་བྱུང༌། དེ་ཐམས་ཅད་མི་མཐུན་པ་གཅིག་ཏུ་ཚོགས་པ་ནི། བསླབ་བཏུས་སུ་སྦྲུལ་གདུག་པ་བཞི་ལྷན་ཅིག་ཚོགས་པའི་དཔེ་དང་སྦྱར་ནས་ཞིབ་ཏུ་གསུངས་པ་བདེ་ལམ་སྐབས་ལྟར་དང༌། དེ་རྣམས་མི་མཐུན་ཏེ་སྐབས་རེ་འབྱུང་བ་མེ་ཁམས་རྒྱས་(༥༧ན)པས་གཞན་རྣམས་ཟིལ་གྱི་མནན་ཏེ། ཚ་བ་དང་ཁྲག་རླུང་སྟོད་ཚངས་སོགས་འབྱུང་ལུགས། སྐབས་རེ་ཆུ་ཁམས་རྒྱས་པས་གྲང་བའི་ནད་ལྟ་བུ་འབྱུང་ལུགས་དང༌། སྐབས་རེ་འབྱུང་བས་ཁམས་རྒྱས་ཏེ་ལུས་སེམས་ལྕི་བ་སོགས་བད་ཀན་གྱི་ནད་འབྱུང་ལུགས་དང༌། སྐབས་རེ་རླུང་ཁམས་རྒྱས་ཏེ་རླུང་ནད་ཀྱིས་མནར་ཚུལ་སོགས་ལ་བལྟས་ན་མངོན་སུམ་གྱིས་གྲུབ་པ་དང༌། དེ་ལ་ཡང་དོགས་པའམ་གེགས་འདི་འདྲ་སྟེ། བདག་གཞན་གཉིས་ཐ་དད་པས་ཕན་རེས་ཐུབ་དོགས་མེད་སྙམ་ན། སྤྱོད་འཇུག་ནས་གསུངས་པ་ལྟར་རྫས་ཐ་དད་ཀྱང༌། གཅིག་གིས་གཅིག་ལ་མངོན་སུམ་དུ་ཕན་འདོགས་རེས་བྱེད་པ་ཁ་དང་ལག་པ་ལྟ་བུ་ཡིན་ཏེ། ཁ་ལ་ཟ་བཏུང་དགོས་པ་ལག་པས་སྐྱེལ་ཞིང༌། ལག་པ་མེས་ཚིག་པ་ལྟ་བུའི་སྐབས་ཁ་ནང་དུ་བཅུག་པས་ན་ཚ་ཆུང་དུ་འགྲོ་བ་ལྟ་བུ་ཡིན་ཚུལ་དཔེ་དོན་མཚུངས་པའི་གསུང་བཤད་ཞིབ་པ་དང༌། ཇོ་བོས་བླ་མ་གསེར་གླིང་པ་ནས་ལམ་རིམ་བློ་སྦྱོང་གསན་སྐབས་སུ་ཡང་འདི་འདྲ་བྱས། མདོ་བསྟན་བཅོས་ཀྱི་དགོངས་པ་དང༌། བླ་མའི་མན་ངག་རྣམས་གུང་སྒྲིགས་ནས་གསན་པས་ལོ་བཅུ་གཉིས་འགོར་ལུགས་དང་བཅས་གསུངས། དེ་ལྟར་སྤྱོད་འཇུག་ལས། བདག་དང་གཞན་དུ་བརྗེ་བྱ་ཞིང༌། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར། རྒྱལ་སྲས་སྙིང་སྟོབས་ཆེན་པོ་རྣམས་ཀྱི་སྤྱོད་པ་ཡིན་པས་ཚད་ལས་འདས་པའི་ཕན་(༥༧བ)ཡོན་ཡོད་ལུགས་དང་བཅས་ཞིབ་ཏུ་བསམ་ནས་དེ་ཉིད་རྒྱུད་ལ་སྐྱེ་བའི་སྨོན་ལམ་ཡང་ཡང་འདེབས་དགོས་པ་ཡིན་དེ་ལྟར་བྱས་ན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བ་ལ། རྗེ་རིན་པོ་ཆེས། བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ་ཞེས་གསུངས་པ་ལྟར་ཡོང་བས། ཁོང་སྐུ་ཚེ་དེའི་སྨད་ཀྱི་རིང་ལ་ལམ་རིམ་བློ་སྦྱོང་འདི་རང་ལ་ཉམས་བཞེས་མཛད་པས། སྐུ་ཚེ་འདའ་ཁར་ཉེ་གནས་ལ་ཁྱོད་ཀྱིས་མཆོད་པ་ཡག་པོ་ཤོམས་དང༌། ང་ལ་རྟགས་དང༌། མཚན་མ་ཡག་པོ་མ་བྱུང་གསུངས། ཅི་འདྲ་བྱུང་ཞུས་པར། ང་བསམ་རྒྱུ་རང་དེ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གང་ཡོད་མྱོང་ནས་དམྱལ་བ་མནར་མེད་དུ་བསྐལ་པའི་བར་དུ་སྡོད་དགོས་བསམ་པ་ཡོད་ཀྱང༌། ད་ང་ལ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྣང་བ་ཁྲ་ལམ་ལམ་ཤར་གྱི་འདུག་གསུང་བའི་ལོ་རྒྱུས་དང༌། དྲུང་བ་རྟ་ཕུག་པས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཚུལ་བཞིན་བསྟེན་ནས་མན་ངག་མང་དུ་ཐོབ་པར་མ་ཟད། ལམ་རིམ་ཆུང་བ་འདི་ཉིན་ལྟར་ཤོག་འདེབས་རེ་རེ་བཞིན་ནས་དོགས་གཅོད་ལེགས་པར་མཛད་ཏེ་ཚུལ་བཞིན་ཉམས་སུ་བཞེས་ནས་གཞན་ལ་འདོམས་པར་མཛད་པས་འདི་དག་གི་འཁྲིད་རྒྱུན་ཆད་པ་ལ་ཉེ་བ་གཏིང་ནས་གསོས་པ་འདི་ཁོང་གི་བཀའ་དྲིན་ཡིན། ཁྱད་པར་རྐྱེན་ངན་ལམ་དུ་ལྷོངས་ཏེ་རྟོགས་པ་སྡེབས་ལ་འཁྲུངས་པའི་ལོ་རྒྱུས་དང༌། བྱམས་མགོན་བླ་མ་རིན་པོ་ཆེས་བཀྲ་ཤིས་(༥༨ན)ལྷུན་པོར་གྲྭ་མངས་ལ་བླ་མ་མཆོད་པའི་ཁྲིད་གནང་སྐབས་ཞིག་བླ་མེད་ཀྱི་དབང་ཆེན་མ་ཐོབ་པ་རྣམས་ལ་བཀག་སྡོམ་མཛད་པར།ཐམས་ཅད་ཀྱིས་དབང་ཆེན་ཡོད་མེད་ལ་ཆ་མ་བཞག་པར་ཆོས་འདོད་ནས་འཚང་བར། བླ་མ་རིན་པོ་ཆེས། འདི་བཀའ་དོག་པོ་ཡིན་ཏེ། ད་ཁྱོད་ཚོ་ལ་ཕན་ཐོགས་པ་ཞིག་བྱུང་ན་གསང་སྔགས་ཀྱི་གསང་སྒྲོག་བྱས་པས་ཉེས་པས་ང་དོ་ནུབ་རང་ཤི་ནས་རྡོ་རྗེ་དམྱལ་བ་ལ་སྐྱེད་ཀྱང་བཟོད་གསུང་བ་བདག་གཞན་མཉམ་རྗེའི་ཐུགས་འབྱོངས་པའི་གསུང་འཁྲུལ་པ་མེད་པས་དེ་ལྟ་བུ་དགོས་ལུགས་དང༌། དེ་ལྟ་བུར་སེམས་ཅན་ལ་ཕན་ན་རང་ཉིད་རྦད་དེ་བློས་བཏང་ནས་དམྱལ་བར་སྐྱེ་ནུས་པའི་ཁ་ཞེ་མེད་པའི་སྙིང་སྟོབས་ཡོད་ན། དེ་འདྲ་བའི་གང་ཟག་དེ་དམྱལ་བ་སོགས་ངན་སོང་གི་གནས་སུ་སྐྱེ་བ་སྲིད་དོགས་མེད། དེ་ལྟ་བུའི་བདག་གཞན་སྙམ་བརྗེའི་བློ་ཡོད་ན་ན་ཚ་དང༌། སྡུག་བསྔལ་སོགས་གང་བྱུང་ཡང་རང་གི་སྙིང་སྟོབས་ཆོས་གྲུབ་པའི་གྲོགས་ཡིན་ན། ཁོ་བགེགས་མ་ནས་མིན། ན་ཚ་བྱུང་ན་གྲོགས་ཡིན། ཉོན་མོངས་བྱུང་ཡང་གྲོགས་ཡིན། ཆགས་སྒོ་བྱུང་ཡང་གྲོགས་ཡིན། གཞན་གྱིས་ཁ་སྨྲས་བྱུང་ཀྱང་གྲོགས་ཡིན་པས་རྐྱེན་གང་བྱུང་ཀྱང་ལམ་དུ་བསྒྱུར་ཐུབ་པ་ཡིན། ངེད་ཀྱིས་བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་ཞབས་ཕྱི་ཡུན་རིང་དུ་ཞུས་སྐབས། སྐབས་རེ་སྐུ་སྙུན་པ་སོགས་བྱུང་ཚེ་ཞལ་གྱི་མདངས་ཡག་ཏུ་སོང༌། ཐུགས་སྤྲོ་ཉམས་ཆེ་རུ་འགྲོ་(༥༨བ)ད་ཡག་པོ་མ་བྱུང་སྙུན་གཟུགས་ཆེན་པོ་མེད་དམ་ཞུས་ཙ་ན། ལུས་ཤ་རུས་ཀྱི་སྡོང་པོ་ལ་ན་ཚ་ལོས་ཡོང་ཡང༌། མི་བདེ་བ་མི་འདུག་གོ །རི་ཁྲོད་པ་ལ་ན་ཚ་སོགས་རྐྱེན་ངན་བྱུང་བ་དེ་རྒྱན་ཡིན། དངོས་གྲུབ་བྱུང་བ་ཡིན་གསུང༌། དེ་འདྲ་མ་བྱས་པར། རང་ཉིད་རི་ཁྲོད་དུ་སྡོད་སྐབས་སོགས་ན་ཚ་དང༌། ཆགས་སྒོ་དང༌། གཞན་གྱི་ཁ་ལོག་དང༌། གྱོད་སོགས་ཀྱི་རྒྱུ་རྐྱེན་བྱུང་བ་ན། ང་ལས་སྡུག་པ་མེད་སྙམ་པ་བྱས་ན། དེ་ལམ་རིམ་དང་བློ་སྦྱོང་གི་གནད་མ་གོ་བར་ཚུལ་གསུམ་ཚང་བའི་རྟགས་ཡིན་ཚུལ་ཞིབ་པ་དང༌། དེ་འདྲའི་སྐབས་རང་ལ་རྐྱེན་ངན་གང་འདྲ་ཞིག་བྱུང་ཡང༌། དེ་ཡག་པོ་བྱུང༌། ང་འདི་འདྲ་བྱུང་བའི་སེམས་ཅན་མང་དུ་ཡོད་པས། དེ་ཐམས་ཅད་ཀྱི་རྐྱེན་ངན་དེ་རྣམས་ངའི་འདི་ཐོག་ཏུ་སྨིན་ནས་དེ་རྣམས་བདེ་བར་གྱུར་ཅིག་སྙམ་པ་ཞེ་ཐག་པ་ནས་བྱས། སྐབས་རེ་དགའ་བ་རེ་དང༌། སྐབས་རེ་སྔགས་ཀྱི་སྐབས་ལྟར་གྱི་ང་རྒྱལ་རེ་བྱས་ན་གནད་ཆེན་པོ་ཡོད་ཚུལ་དང༌། དེ་ཡན་གྱི་གཞན་དོན་དོན་གཉེར་གྱི་བློ་སྦྱོང་ཚུལ་རྒྱས་པར་སོང་ནས། གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་བ་ལ། རྩ་ཚིག་འདི་ཡིན། རྫོགས་པའི་བྱང་ཆུབ་སྨོན་པའི་སེམས་ཡོངས་སུ་དག་པར་སྦྱོང་བ་བྱ་ཞེས་པ་ཚིགས་བཅད་གཉིས་པ་འདི་ཡིན། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འཁུར་རང་སྟེང་དུ་ཁུར་ནུས། རང་ཡལ་བར་དོར་བའི་བློ་ཤུགས་དྲག་པ་བྱུང་ན་དེར་མ་བཞག་པར། ངེས་པར་བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་དགོས། དེ་མ་བྱས་ན་(༥༩ན)ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་ཡན་ལག་གཞན་དོན་དོན་གཉེར་ལས། བྱང་ཆུབ་དོན་གཉེར་མ་ནས་མ་ཚང༌། དེ་མ་ཚང་ན་སེམས་བསྐྱེད་མཚན་ཉིད་ཚང་བ་མི་བསྐྱེད། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་མ་སྐྱེད་ན་སངས་རྒྱས་འགྲུབ་ས་མེད། དེ་ལ་དོགས་པ་སྡུག་སྐྲད་འདི་འདྲ་ཡོང༌། གཞན་གཅེས་པར་བཟུང་བས་སེམས་ཅན་ལ་ནི་ངེས་ཕན་ཀྱང༌། དེ་བས་རང་ཉིད་འཁོར་བ་ལས་ཐར་ཙམ་བྱུང་ན་དེས་ཆོག་སྙམ་པ་བྱུང་ན། དེ་མི་ཡོང་སྟེ། དེ་འདྲ་བའི་སེམས་བཟང་བ་ཙམ་ལས་སེམས་ཅན་ལ་ཕན་རྒྱུ་གང་ཡང་མེད་པར་མ་ཟད། རང་ཉིད་རང་གིས་ཐར་པ་ཞིག་ཐོབ་ཀྱང་སེམས་ཅན་ཡལ་བར་འདོར་དེ་ཁྲེལ་མེད་ཀྱི་སྤྱོད་པར་མ་ཟད། རང་གི་ལུས་ཀྱི་རྒུད་པ་ན་ཚ་དང༌། སྡུག་བསྔལ་ཙམ་ཡང་སེལ་མི་ནུས་པའི་ཚུལ་གོང་ལྟར་རྒྱས་པ་དང༌། སྐབས་འདིར་དེ་ལྟ་བུའི་བསམ་པ་བཟང་བ་ཙམ་དུ་མ་བཞག་པར་ངེས་པར་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཏེ་དོན་བྱེད་དགོས་ཚུལ་དང༌། འགྲོ་བ་ཀུན་གྱི་རེ་བ་སྐོང་བ་ལ་སངས་རྒྱས་ལས་ལྷག་པ་མེད་ཚུལ་ཞིབ་ཏུ་བསམ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་དོན་གཉེར་གྱི་བློ་ངེས་པར་སྦྱོང་དགོས་ཏེ། རང་ལ་ལྟོས་ནས་གང་བྱས་ཀྱང་སངས་རྒྱས་ཐོབ་དགོས་ལུགས་དང༌། གཞན་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་གཉིས་ཕུན་ཚོགས་སྒྲུབ་པ་ལ་ལྟོས་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ན་བྱ་ཐབས་གང་ཡང་མེད་པའི་ཚུལ་ལ་(༥༩བ)ངེས་ཤེས་ཤུགས་དྲག་པོ་དྲངས་ཏེ། དེ་ལ་ཡང་གང་ཐོབ་བྱའི་བྱང་ཆུབ་བམ་སངས་རྒྱས་དེ་ངོ་ཡག་པོ་ཤེས་དགོས། དེ་མ་ཤེས་ན་ངེད་ཚོའི་གཙང་པ་གཞིས་ཀ་རྩེའི་དྲུང་འཁོར་སྡེ་པ་བཀྲས་གཤོངས་པ་ཟེར་བ་ཞིག་ཡོད་པ་དེས་སངས་རྒྱས་ཀྱི་ངོས་འཛིན་བྱས་པ་དང་འདྲ་ཚུལ་གྱི་ལོ་རྒྱུས་རྒྱས་པ་བདེ་ལམ་སྐབས་ལྟར་གསུངས་པ་བདེ་ལམ་ཟིན་བྲིས་ན་ཡོད་སྐབས་འདིར་སངས་རྒྱས་ཀྱི་ཡོན་ཏན་ལེགས་པར་བསམ་དགོས་པས། དེ་ལྟ་བུའི་སངས་རྒྱས་ཀྱི་ཡོན་ཏན་ལེགས་པར་བསམ་པ་ལ་སངས་རྒྱས་ཟེར་བ་འདི་འདྲ་ཞིག་ཡིན་སྙམ་པ་ངོ་ཡག་པོ་ཤེས་པར་བྱེད་པ་ལ། སངས་རྒྱས་དེའི་སྐུ་གསུང་ཐུགས་དང༌། འཕྲིན་ལས་དང་བཅས་པའི་ཡོན་ཏན་རྣམས་ངོས་བཟུང་ནས། དེ་ལ་དང་བ་དང༌། མངོན་འདོད་ཀྱི་དད་པ་སོགས་བསྒོམ་དགོས། དེ་ལ་དང་པོར་སངས་རྒྱས་ཀྱི་ཡོན་ཏན་ནི་ཞེས་མཚན་བཟང་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་གོ་རིམ། དེ་འགྲུབ་པའི་རྒྱུ། རྒྱུ་དེ་དག་གི་དེ་འགྲུབ་ལུགས། དེའི་ནང་ནས་དབུའི་གཙུག་ཏོར་ལྟར་མི་མངོན་པ་དང༌། དཔྲལ་བའི་མཛོད་སྤུ། མགྲིན་པ་ཆོས་དུང་གསུམ་འགྲུབ་དཀའ་ལུགས། དེའི་ནས་ཀྱང་གསུང་མགྲིན་པ་ཆོས་དུང་ཁྱད་དུ་འཕགས་ཚུལ། སངས་རྒྱས་ཀྱི་སྐུ་དང་ཕྱག་ཞབས་ཀྱི་ཡོན་ཏན་གཙུག་ཏོར་ལྟར་མི་མངོན་པའི་ཚད་སོགས་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་ནུབ་ཕྱོགས་ནས་སྟེང་དུ་སངས་རྒྱས་ཀྱི་ཞིང་མང་པོ་རྒལ་ནས་རྟགས་པས་ཀྱང་ཚད་མ་རྙེད་པ་དང༌། གསུང་(༦༠ན)དབྱངས་ཡན་ལག་དྲུག་ཅུ་གསུང་གཅིག་གིས་གསུངས་པས། དོན་མི་འདྲ་བ་དུ་མ་སོ་སོའི་འདོད་པ་ལྟར་གོ་ལུགས་དང༌། དེའི་ཚད་མཽངྒལ་གྱི་བུས་རི་རབ་ཀྱི་ཁོར་ཡུག་གི་བར་དུ་ཕྱིན་ནས་ཉན་པས་ཀྱང་མ་རྟོགས་ཚུལ་དང༌། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཡོད་ཚུལ་དང༌། ཁྱད་པར་རྟོགས་བཟུང་ནས་གསུངས་པའི་སངས་རྒྱས་ཀྱི་ཞིང་མུ་མེད་པ་དེ་ཐམས་ཅད་འཕགས་པ་སྤྱན་རས་ཀྱི་ཞབས་གཡས་པའི་འོག་གི་བ་སྤུའི་ཁུང་བུར་ཡོད་ལུགས་དང༌། ཐུགས་ཀྱི་ཡོན་ཏན་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་རྡུལ་ཇི་སྙེད་ཡོད་པ་རིལ་བུ་གཅིག་ཏུ་བྱས་ཀྱང༌། དེ་དག་སོ་སོར་མ་འདྲེས་པར་འགྱེད་མཁྱེན་ཚུལ་དང༌། བརྩེ་བའི་ཡོན་ཏན་ནི་འགྲོ་བ་འདི་དང་ཐམས་ཅད་ནི། ཁྱད་མེད་ཉོན་མོངས་རྣམས་ཀྱི་བསྡམས། ཁྱོད་ཉིད་འགྲོ་བའི་ཉོན་མོངས་རྣམས། །སྒྲོལ་མཛད་ཡུན་རིངས་ཐུགས་རྗེས་བསྡམས་ཞེས་པ་ལྟར་འགྲོ་བ་ཀུན་ལ་སྙིང་རྗེས་ལྷག་པར་ཆགས་ཚུལ་དང༌། འཕྲིན་ལས་ཀྱི་ཡོན་ཏན་ནི། མངོན་རྟོགས་རྒྱན་ལས་བཤད་པས། དེ་བཞིན་འཁོར་བ་ཇི་སྲིད་འདིར། །ལས་ནི་རྒྱུན་མི་ཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་བཞི་ལ་འགོད་པ་དང༌། །ཞེས་སོགས་གསུངས་པ་ལྟར། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་དང༌། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་(༦༠བ)གཉིས། དེའི་ནང་ནས་གནས་སྐབས་མངོན་མཐོ་ལ་འགོད་པའི་འཕྲིན་ལས་ནས། གདུལ་བྱ་མྱང་འདས་ལས་འགོད་པའི་བར་གྱི་འཕྲིན་ལས་ཉི་ཤུ་རྩ་བདུན་དང༌། སྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་གདུལ་བྱའི་དོན་མཛད་ཚུལ། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་སོར་འཕྲེང་ཅན། །ཤྲི་བའི་རྒྱལ་པོ་བཅས་ཀྱི་གཏམ་རྒྱུད་གསུང་ཞིང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་སྐོར་དང་བཅས་ལུང་རིགས་དྲི་མ་མེད་པའི་མན་ངག་ཞལ་ཤེས་དང་བཅས་པའི་སྒོ་ནས་རྒྱ་ཆེ་ཞིང་འབྲེལ་ཆགས་པ་ཡིད་འཁུལ་ངེས་སུ་བཙལ་བ་ཞིབ་རྒྱས་ཡི་གེར་འདྲིར་མ་ལང་བས་སྣེ་ཐོན་ཙམ་རེ་བཀོད་པ་ཡིན་ཅིང༌། ཁྱད་པར་བླ་མ་དང༌། སངས་རྒྱས་ཀྱིས་གང་དང་གང་ལ་གང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་སྣང་ངོ༌། །ཞེས་པ་ལྟར། བླ་མས་ནི་རྐུན་ཇག་དང༌། ན་ཚ། གྱོད་ཆགས་སྒོ །གཟིངས་དང་ཟམ་པ། བྱ་རི་དྭགས་ས་རྡོ་ཤིང་གསུམ་ལ་སྤྲུལ་ནས་སློབ་མའི་རྒྱུད་ལ་དགེ་བའི་ས་བོན་བསྐྱེད་ཅིང་ཁ་མིག་ཡར་བལྟ་བའི་འཕྲིན་ལས་སྒོ་གང་ནས་མཛད་མི་ཤིས་པས་སྐོར་ལ་མཉམ་མེད་དྭགས་པོ་རིན་པོ་ཆེ་གླང་ཐང་རྒྱ་ལྕགས་རི་ན་བཞུགས་སྐབས་རྗེ་བཙུན་མི་ལ་རིན་པོ་ཆེས་སྤྲང་པོར་རྫུས་ནས་གཏམ་ལབ་ཀྱི་བསྐུལ་བ་དང༌། སྐྱབས་གཅིག་བླ་མ་རིན་པོ་ཆེ་ཉིད་ལ་དཔོན་པོ་མི་དབང་ཕོ་ལྷ་ནས་མགྲོན་གཉེར་སོག་པོས་མར་རིལ་ཕུལ་བའི་གཏམ་རྒྱུད་བཅས་གསུངས་པ་ཞིབ་(༦༡ན)པ་བདེ་ལམ་ཟིན་བྲིས་ན་ཡོད་ཅིང༌། དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་རྣམས་ལ་དད་གུས་ཤུགས་དྲག་པོས་དྲན་ནས། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་གྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱའོ་ཞེས་ཞེ་ཐག་པ་ནས་བློ་ཐག་བཅོད་པ་དང༌། སྨོན་ལམ་འདེབས་པ་དང༌། དེའི་ཕྱིར་དུ་བསག་སྦྱང་རྒྱ་ཆེན་པོ་ལ་འབད་པ་དང༌། དེ་དག་གི་དོན་རྣམས་རྒྱས་པར་མངོན་པར་རྟོགས་པའི་རྒྱན་དང༌། དེའི་འགྲེལ་པ་ཉི་ཤུ་རྩ་གཅིག་གི་ནང་ནས་མཆོག་ཏུ་གྱུར་པ་འགྲེལ་པ་དོན་གསལ་དང༌། དབུ་མ་འཇུག་པ་སོགས་ལས་ཞིབ་ཅིང་རྒྱས་པར་གསུངས་ཡོད་པས། དེ་ཚོ་ལ་ཡག་པོ་བལྟས་ནས་སངས་རྒྱས་ཐུགས་རྗེ་ཅན་གྱི་ཡོན་ཏན་འདི་རྣམས་ཡག་པོ་བསྒོམ་དགོས། དེ་ལ་ཡང་འགའ་ཞིག་གི་བསམ་པར། རི་ཁྲོད་པ་འདི་རྣམས་ལ་མཚན་ཉིད་ཀྱི་ཡིག་ཆར་མ་གསལ་བའི་དེ་ལས་གཞན་པའི་མན་ངག་ཞིག་བསྒོམ་གྱྀ་ཡོད་འགྲོ་སྙམ་པ་ཡོང་སྟེ། དེ་ལས་གཞན་པ་བསྒོམ་རྒྱུ་གང་ཡང་མེད། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། མཛད་པ་འཕྲིན་ལས་དང་བཅས་པ་དང༌། དེ་ཐོབ་བྱེད་ཀྱི་རྒྱུ་སོགས་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་ཤེས་བསྐྱེད་ནས་དེ་ལྟ་བུ་ཐོབ་ན་སྙམ་པ་དང༌། དེ་ཐོབ་པར་བྱ་བའི་ཐབས་བླ་མའི་མན་ངག་ལ་བརྟེན་ནས་བསྒོམ་པ་དེ་རང་ཡིན་ཚུལ་ཞིབ་པ་དང༌། དེ་དག་ལ་སྣང་དག་གང་ཡང་མེད་པར། ཆོས་བྱེད་ཁུལ་བྱས་(༦༡བ)ཀྱང༌། དགེ་བའི་བཤེས་གཉེན་ཤ་ར་བས་གསུངས་པ་ལྟར། རང་རེ་སངས་རྒྱས་ལ་གྲོང་པའི་བུ་མོ་བྱད་ངན་མའི་མཐོང་ཙམ་ཡང་མེད་པས་ལན་གསུང་ཚུལ་དང༌། དེ་ལྟར་བྱང་ཆུབ་དོན་གཉེར་གྱི་བསམ་པ་བློ་སྦྱོང་བའི་ཕན་ཡོན་གོང་དུ་ཞུགས་པ་དེ་དག་ནི།སྐབས་

ཐོགས་དམིགས་བསྐོར་གྱི་གནད་རྣམས་མདོར་བསྡུས་པས་ས་བོན་ཙམ་ཡིན་ལ། བྱང་ཆུབ་དོན་གཉེར་གྱི་ཕན་ཡོན་རྒྱས་པར་བྱེད། དགེ་བཤེས་པོ་ཏོ་བས་གསུང་བ་ལྟར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་དོན་མཐའ་དག་ནི། སངས་རྒྱས་ཀྱི་ཡོན་ཏན་སྟོན་བྱེད་དུ་གོ་བ་ཞིག་དགོས། དེ་ཡང་འགའ་ཞིག་སངས་རྒྱས་ཀྱི་རྒྱུའི་ཡོན་ཏན། འགའ་ཞིག་འབྲས་བུའི་ཡོན་ཏན། འགའ་ཞིག་ངོ་བོའི་ཡོན་ཏན་དུ་གོ་དགོས་ཏེ། དཔེར་ན་དལ་འབྱོར་ནས་བཟུང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་ཡོན་ཏན་མཐའ་དག་སངས་རྒྱས་ཐོབ་པའི་རྒྱུའི་ཡོན་ཏན། དེའི་མཚན་དཔེ་དང༌། སྟོབས་བཅུ་མི་འཇིགས་པ་བཞི་སོགས་ངོ་བོའམ། འབྲས་བུའི་ཡོན་ཏན། དེ་ལ་བརྟེན་ནས་གདུལ་བྱ་ལ་ཆོས་བསྟན་ཏེ་ཐར་པ་ཆ་མཐུན་ནས། མི་གནས་པའི་མྱངས་འདས་ཀྱི་བར་ལ་བཀོད་པ་ནི་འཕྲིན་ལས་ཀྱི་ཡོན་ཏན་ཡིན་ཚུལ་ཞིབ་པར་གནང་ནས། མ་གི་ཀ་རི་ཀ་ནས་ཡ་གི་གསང་བ་འདུས་པའི་བར་རང་ཉིད་སངས་རྒྱས་ཐོབ་པའི་གདམས་ངག་ཏུ་གོ་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཞིག་འོང༌། དེ་ཡང་སོ་སོར་མཚོ་འགའ་ཞིག་མངོན་མཐོ་དང་ངེས་ལེགས་ཀྱི་སྤང་བླངས་བྱ་ཚུལ་(༦༢ན)སོགས་སྐྱེས་བུ་ཆུང་ངུའི་སྐོར་དང༌། འདུལ་བ་ལུང་སྡེ་བཞི་སོགས་ཚུལ་ཁྲིམས་ཀྱི་བསླབ་པའི་རྣམ་གཞག་སྟོན་པའི་མཚོ་གཅིག་སྐྱེས་བུ་འབྲིང་ལ་བསྡུ་བ་སོགས་ཡིན་ཅིང༌། དཔེར་ན། འདུལ་བ་ལུང་སྡེ་བཞིའི་བརྗོད་བྱ་ཐམས་ཅད་སློབ་དཔོན་ཡོན་ཏན་འོད་ཀྱིས་བཞི་བཅུ་བདུན་དུ་བསྡུས་པ་ནི། རབ་བྱུང་གི་གཞི་ནས། གནས་ལམ་གྱི་གཞིའི་བར་སོ་སོར་མ་འདྲེས་པར་ལག་ཏུ་བླང་བདེ་བར་གཞུང་གི་ཕྱག་མཛོད་ལྟ་བུ་ཡིན་གསུང་ཞིབ་པ་དང། དེ་ནས་བྱང་ཆུབ་དོན་གཉེར་གྱི་བསམ་པ་སྦྱོང་བའི་སྐབས་འདིའི་གཙོ་བོ་དཔྱད་སྒོམ་རང་བྱེད་དགོས་ལུགས་དང༌། དཔྱད་སྒོམ་དེ་ཡང་ཕྱོགས་གཅིག་ཙམ་མ་ཡིན་པར། རིག་པའི་རྣམ་འགྱུར་མི་འདྲ་བ་མཐའ་ཡས་པའི་སྒོ་ནས་དཔྱད་ན་གོ་བ་ཕུལ་ཕྱིན་དུ་ཚུགས་པ་ལ་དགོངས་ནས། རྩ་བ་ཤེས་རབ་དང༌། དབུ་མ་འཇུག་པ་སོགས་ཤིང་རྟ་ཆེན་པོའི་གཞུང་མཐའ་དག་ནས། དོན་རྩ་གཅིག་ལ་ཡང༌། རིག་པའི་རྣམ་འགྱུར་མི་འདྲ་བ་དུ་མའི་སྒོ་ནས་གཏན་ལ་འབེབས་ལུགས་དང༌། དེ་ཡང་དེ་ལྟར་ཐོས་པ་བྱེད་པའི་སྐབས་ཡིན། ནམ་ཞིག་ན་སྒོམ་བྱེད་དུས་ཉམས་སུ་ལེན་སྙམ་ནས། ལག་ལེན་མ་བཏབ་པར་བཞག་ན་སླར་ཉམས་སུ་ལེན་རྒྱུ་སོགས་གནད་དུ་ཁེལ་མིན་ཐེ་ཚོམ་པར་མ་ཟད། ཐོས་བསམ་སྒོམ་པ་ཡ་བྲལ་དུ་སོང་བས་རྟོགས་པ་སྐྱེ་བ་ཕར་ཞོག་གོ་བ་རགས་པ་ཙམ་ཡང་མ་བྱུང་བས། ད་ལྟ་ཐོས་རིམ་ནས་བསམ་(༦༢བ)ཏེ་ལག་ལེན་ལ་འདེབས་ཅི་ཐུབ་ཀྱིས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་ངེས་པར་དགོས། དེ་བྱུང་ན་རྗེ་རིན་པོ་ཆེའི་དགོངས་པ་ལམ་འོག་མ་ལ་ཉམས་ལེན་བྱས་ཀྱིན། གོང་མ་ཐོབ་འདོད་ཆེར་འགྲོ་བ་དང༌། གོང་མ་གཉེན་ཞིང་འོག་མ་ལ་རྩིས་ཆེ་རུ་སོང་ན་ཆོས་གནད་དུ་སོང་བ་ཡིན་གསུང་བ་དེ་ཡོང༌། དེ་ལ་ལམ་འོག་མ་ཉམས་སུ་ལེན་པའི་མུར། གོང་མ་དམིགས་འོག་ཏུ་བཅུག་ནས་མ་ཤོར་བ་གཙང་པས་བག་ཟན་ཟ་བའི་དཔེ་དང་སྦྱར་ནས་བྱམས་མགོན་བླ་མ་རིན་པོ་ཆེས་གསུངས་པ་བཞིན་ཡིན་གསུངས་ཞིབ་པར་བསྩལ། དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་བྲལ་དུ་མ་སོང་བར་ཉམས་སུ་ལེན་པ་དེའི་ཚེ་ཡང་མཐོན་པོའི་ངོས་འཛིན་དང་དམའ་མོའི་འཚོ་སྐྱོངས་སོགས་ཀྱི་གཡེང་བ་གང་ཡང་མེད་པར། རང་གི་འོག་ཏུ་འགྲོ་མཁན་ཆུ་མ་གཏོགས་མེད་པ་འབྲོམ་རིན་པོ་ཆེ་ལྟ་བུ་དགོས་ལུགས་དང༌། འབྲོམ་ལ་ཐུགས་གཡེང་བའི་རྒྱུ་ཅུང་ཟད་རེ་བྱུང་ཚེ། ཁྱོད་རྣམས་ཀྱིས་མཛོད་ཅིག་ང་སེམས་ཅན་ཐམས་ཅད་ཀྱི་བླ་མ་ཡིན་པས་ཡེང་ལོང་མེད་གསུང་ཚུལ་དང༌། ལྷག་ པར་འབྲོམ་རིམ་པོ་ཆེས་དམན་ཆ་བཟུང་ནས་སྐབས་ཞིག་ཕན་ཡུལ་ལེན་པའི་སྤྱིལ་བུ་ན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་བགྲེས་ཤོས་ཀ་བ་ཤཱཀྱ་དབང་ཕྱུག་བཞུགས་པའི་སར་གདན་དྲངས་ནས་བྱོན་པའི་ལེན་པའི་མདའ་རུ་སྔགས་པ་ཆང་གིས་གཟི་བ་ཞིག་དང་མཉམ་དུ་བྱུང་བར། སྔགས་པ་དེས་(༦༣ན)ཁྱོད་ཀྱིས་འདི་ཁུར་ཅིག་ཟེར་ཁོ་རང་གི་གལ་ཏེ་དང་ལྷམ་གོས་སྙམ་དུ་འབྲོམ་རིན་པོ་ཆེ་ལ་བསྐུར་བར་དམན་ཆ་རང་བཟུང་ནས་བསྣམས་ཕེབས་པར་ལེན་པ་སྤྱིལ་བུ་འོག་ཙམ་དུ་དགེ་འདུན་མང་པོས་འབྲོམ་ལ་གསེར་སྦྲེངས་མཛད་པ་སྔགས་པ་ཁོས་མཐོང་ནས་འདི་ཅི་ཡིན་ཟེར། འདི་དག་ཁོ་བོ་ལ་ཡིན་པས་ཞེད་དུ་གདའ་གསུངས་པས་སྔགས་པ་ཁོ་སྐྲག་ནས་བྲོས་སོང་བའི་ལོ་རྒྱུས་དང༌། དེ་མཚུངས་དགེ་བའི་བཤེས་གཉེན་སྤྱན་སྔ་བ་དང༌། ཕུ་ཆུང་བའི་ལོ་རྒྱུས་ཀྱང་རགས་རིམ་གསུངས་ཤིང༌། བླ་མ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱང་སུའི་ཡང་ངོ་འཛིན་མི་མཛད་ཅིང་དབུས་གཙང་གཟིར་བའི་སྐབས་མི་དབང་ཕོ་ལྷ་ནས་ཀྱི་སྟོད་སྒར་ཐོག་ནས་སྐུ་རིམ་སྒྲུབ་དགོས་ཀྱི་དངུལ་འབུལ་དུ་བཏང་བར་བུག་སྒོ་ནས་དངུལ་གཡུག་རྐྱང་བཏང་བ་དང༌། གྲྭ་རྐྱང་གཉོམ་ཆུང་ཆོས་མཐུན་པ་རེ་གཉིས་མ་གཏོགས་གཞན་མ་མཇལ་ཕྱག་ཏུ་ཡོང་མི་བྱུང་ཡང་བཞེངས་བཞིན་པར་མཇལ་ཁ་གནང་བ་སོགས་མ་གཏོགས་གདན་ཁར་སྡད་ནས་གསོལ་ཆ་གནང་བ་སོགས་ཀྱི་སྲོལ་མེད་ཚུལ་དང༌། དྲུང་འཁོར་ཞིག་གི་ངེད་ལ་བླ་མ་རིན་པོ་ཆེ་གཡུ་གྲུ་དམར་ཞིག་འབུལ་རྒྱུ་ཡོད་ཞེས་མཇལ་ཁ་ཞུས་པར། མཇལ་ཁ་མ་གནང་བའི་ལོ་རྒྱུས་དང༌། ཕུར་བུ་ལྕོག་བླ་མ་རིན་པོ་ཆེས་གྲུབ་པའི་དབང་ཕྱུག་དེ་ཉིད་ལ་ཞབས་བརྟན་ཞུས་ཐོག་འབུལ་བ་གནང་བའི་ཕྱིར་(༦༣བ)ཕེབས་སུ། ཁ་རོག་འདུག་བྱེད་རྒྱུ་མང་པོ་མ་བྱེད་གསུང་བའི་སྐོར་དང༌། ཕྱིས་སུ་མི་དབང་ཕོ་ལྷ་ནས་ཀྱི་ཕུར་བུ་ལྕོག་བྱམས་མགོན་བླ་མ་རིན་པོ་ཆེར་སྐྱིད་གྲོང་གི་བླ་མ་དཀའ་ཆེན་ཟེར་བ་འདི་ཐུགས་གཏུམ་པོ་ཡོད་ཚུལ་འདྲ་གླེང་ཞུས་པར། བྱམས་མགོན་བླ་མ་རིན་པོ་ཆེས་བླ་མ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས་སྔགས་བརྗོད་གནང་ལུགས་སོགས་ཞིབ་པར་བསྩལ་ནས། འོ་ཆོས་རྣམ་དག་བྱེད་ན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བ་དེ་འདྲ་ཞིག་རང་དགོས། དེ་འདྲ་མ་བྱས་པར་ད་ལྟའི་རང་རེ་རྣམས་ཀྱི་བསམ་པ་ལྟར་བྱས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་སྐྱེ་བའི་གོ་སྐབས་ག་ལ་ཡོད། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་བསྐལ་པ་མང་པོར་སྦྱངས་ནས་སྐྱེ་དགོས་པ་ཞིག་ཡིན་པས་ན། བསྐལ་པ་དུ་མར་རབ་གོམས་མཛད་པ་ཡི་ཞེས་སོགས་གསུངས། དེ་ལྟར་བྱས་ནས་ཡང་དང་ཡང་དུ་སྦྱངས། ཡང་དང་ཡང་སྨོན་ལམ་རེ་བཏབ་ན་བློ་དེ་ངེས་པར་སྐྱེ་ཞིང༌། དེ་སྐྱེད་པས་ཚད་ཀྱང་ཡག་པོ་མ་ཤེས་ན། མོས་བློ་ཡམ་མེ་བ་ཞིག་ལ་ང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ཡིན་སྙམ་མངོན་པའི་ང་རྒྱལ་བསྐྱེད་ནས་བར་གཅོད་དུ་འགྲོ་བས། དེའི་ཚད་ནི་བུ་གཅིག་བུ་ན་བའི་མ་ལ། གཞན་བསམ་རྒྱུ་གང་ཡང་མེད་པར་ཉིན་མཚན་ཀུན་ཏུ་ངའི་བུ་འདི་ཅི་དྲག་སྙམ་པ་ངང་གིས་སྐྱེ་བ་ལྟར། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་(༦༤ན)དམིགས་ནས་ངའི་མ་རྒན་སེམས་ཅན་ཐམས་ཅད་ལ་དམིགས་ནས་ངའི་མ་རྒན་འདི་རྣམས་ཅི་རང་དྲག་འདི་རྣམས་སྡུག་བསྔལ་དང་བྲལ་བ་ཞིག་ནམ་ཞིག་ན་ཡོང༌། འདི་རྣམས་ཀྱི་དོན་དུ་ངས་ངེས་པར་གོང་དུ་བཤད་པའི་ཡོན་ཏན་དེ་རྣམས་དང་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་པ་འབད་རྩོལ་མེད་པར་ཉིན་མཚན་ཀུན་ཏུ་ངང་གི་བསམ་པ་ཞིག་བྱུང་ན་སེམས་རིན་པོ་ཆེ་དེ་རང་རྒྱུད་ལ་སྐྱེས་པའི་ཚད་ཉིད་ཡིན་པ་ནི། རྗེ་རིན་པོ་ཆེས། མགོན་པོ་འཇམ་དཔལ་དབྱངས་ཀྱིས་གནང་བའི་མན་ངག་ངེས་འབྱུང་ལ་བརྟེན་ནས་སེམས་བསྐྱེད་ལུགས། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས་ཞེས་པ་ནས། ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད་ཞེས་པའི་བར་གྱིས་བསྟན་པ་དང་ཁྱད་པར་མེད་པ་རྗེའི་དགོངས་པ་ཡིན་གསུངས། དེ་ཡན་ཆད་ཀྱི་བྱང་ཆུབ་དོན་གཉེར་གྱི་བསམ་པ་སྐྱེད་ལུགས་དེ་ཞིབ་པར་སོང་ནས། དེ་ནས་རྗེས་ཐོབ་ཐུན་མཚམས་ལ་འཇུག་རན་པ་ན། འདི་རང་གི་རྩ་ཚིག་ཏུ་ཡུལ་དུག་གསུམ་དགེ་རྩ་གསུམ། དེ་མ་དྲན་པ་བསྐུལ་བའི་ཕྱིར། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས་ཞེས་གསུངས་པ་འདི་རྣམས་བླ་མ་གསེར་གླིང་པས་ཇོ་བོ་ལ་རྩལ་བའི་རྩ་ཚིག་ཡིན་ཀྱང༌། ཤིན་ཏུ་བརྡ་ཚིག་དམ་པས། ངོས་རང་གིས་བྱས་པའི་རྩ་ཚིག་དེ་དག་གི་དོན་ཅུང་ཟད་བཀྲོལ་ནས་རྒྱས་སུ་བཏང་སྟེ་གོ་བདེ་(༦༤བ)བར་བཅོས་པ་ཞིག་བར་ལ་འཁོད་ནས་ཡོད་པར་དེ་གཟིགས་རྟོགས་མཛད་འདོད་བྱུང་ན་དེ་བཞིན་དང༌། འདི་རྣམས་ལ་བླ་མའི་མན་ངག་མེད་ན། ཉམས་སུ་ལེན་ཤེས་ས་མེད། དེ་ཡང་ཐུན་མཚམས་ལ་འཇུག་པའི་སྐབས་དངོས་གཞིའི་དམིགས་སྐོར་རྣམས་རྦད་དེ་བློས་བཏང་ནས་འཇུག་པ་མ་ཡིན་པར། ཐུན་དངོས་དང༌། ཐུན་མཚམས་སོགས་སྤྱོད་ལམ་ཀུན་ཏུ་གང་བསྒོམ་རྒྱུའི་དམིགས་སྐོར་རྣམས་བློ་ཡུལ་ནས་མ་ཤོར་བ་བྱུང་ན་སྒོམ་ལ་ཐོན་སྐྱེད་ཆེ་བས་འདི་ནས་ཀྱང་བསམ་བློ་ཡག་པོ་ཞིག་བཏང༌། ཐུན་མཚམས་ལ་འཇུག་ལུགས་སྤྱིར་བཏང་ནི་བདེ་ལམ་སྐབས་ལྟར་དང༌། ཁྱད་པར་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང༌། མིག་ལ་སོགས་པའི་དབང་པོའི་སྒོ་དྲུག་ལ་ཡུལ་མི་འདྲ་བ་དྲུག་ཤར་བས། གཞན་རྣམས་ཀྱི་དམིགས་པ་ཐོག་རེག་ཅན་དང༌། ཡིད་དབང་གི་དམིགས་པ་ནི་ཐོགས་མེད་ཆོས་ཀྱི་སྐྱེ་མཆེད་ཡིན་པས། འདིའི་ཆོས་ནི་དབང་ཤེས་རྣམས་ཀྱི་ཡུལ་དུ་གྱུར་པའི་ཆོས་ལྟ་བུ་མ་ཡིན་པར། ཆོས་ཀྱི་སྐད་དོད་དྷརྨ་ཞེས་པ་འཛིན་པ་ལ་འཇུག་པས། རང་གི་ཡུལ་ཆོས་ཀྱི་སྐྱེ་མཆེད་འཛིན་པ་ཙམ་ལ་འཇུག་ཅིང༌། ཆོས་ཀྱི་སྐྱེ་མཆེད་ནི། རང་རེ་རྣམས་ད་ལྟ་མིག་བཙུམས་པའི་སྐབས། ཀ་བུམ་སོགས་གཟུགས་ཅན་གྱི་དངོས་པོ་གང་འདྲ་ཞིག་སྣང་ཡང༌། དེ་ལ་ཐོག་མར་བྱེད་རྒྱུ་མེད་པས་དངོས་མེད་ཀྱི་ཆོས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་པ་མ་(༦༥ན)ཡིན་པ་ལས་ལོག་པར་སྣང་བར་བུམ་པའི་དོན་སྤྱི་ཞེས་པ་ལྟ་བུ་ཡིན་ཚུལ་རྒྱས་པ་དང༌། དེ་ལྟར་མིག་ཤེས་ལ་ཡུལ་གཟུགས་སྣང་སྐབས་སུ། ཡིད་དུ་འོང་བ་དང༌། ཡིད་དུ་མི་འོང་བ་དང༌། བར་མ་གསུམ་པོ་གང་རུང་དུ་སྣང་བ་ལྟར། རྣ་བ་ལ་སྒྲ། སྣ་ལ་དྲི། ལྕེ་ལ་རོ། ལུས་རེག་བྱ། ཡིད་ལ་ཆོས་ཀྱི་སྐྱེ་མཆེད་གང་སྣང་ཡང་སྣང་ཚུལ་ཡང་དེ་གསུམ་གང་རུང་ཡང་མ་འདས་པར། ཡུལ་གཟུགས་ལྟ་བུ་ལ་ཡིད་དུ་འོང་བའི་བློ་སྐྱེས་ཚེ། འདི་ནི་ཟག་བཅས་ཀྱི་དངོས་པོ་ཡིད་དུ་འོང་བའི་རྣམ་པ་ཅན་གྱི་བློ་འདོད་ཆགས་ཞེས་བྱ་བ་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་བདེན་པ། ངོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས། འདིས་སེམས་ཅན་ཐམས་ཅད་སྡུག་དུ་བཅུག་པས། འདི་ལ་ཆགས་དོན་མེད་སྙམ་དུ་མི་སྡུག་པ་བསྒོམ་སྟེ་དགེ་བའི་ངོ་བོར་བསྒྱུར་བ་དང༌། དེ་བཞིན་དུ་ཡུལ་ངན་པ་ལྟ་བུ་ལ་ཡིད་མི་འོང་སྐྱེས་པའི་ཚེ། འདི་ནི་ཟག་བཅས་ཀྱི་དངོས་པོ་ཡིད་དུ་མི་འོང་བའི་བློ་ཞེ་སྡང་བྱ་བ་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་བདེན་པ། ངོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས། འདིས་སེམས་ཅན་སྡུག་དུ་བཅུག་པས་སྡང་དོན་མེད་སྙམ་པའི་བྱམས་པ་བསྒོམ་སྟཻ་དགེ་བའི་ངོ་བོར་བསྒྱུར་བ་དང། དེ་གཉིས་གང་ཡང་མིན་པའི་བཏང་སྙོམས་སུ་འདུག་ན། དེ་སྡུག་ཤོས་གཏི་མུག་མ་རིག་པའི་བདག་འཛིན་སྐྱེས་པ་ཡིན་པས། འདི་འདྲ་བས་ཕྱི་རོལ་པའི་སྟོན་པ་ཟག་བཅས་(༦༥བ)ཀྱི་ཚོར་བ་བདེ་སྡུག་གཉིས་ཀ་ལས་ཡིད་འབྱུང་ན་ཡང༌། ཚོར་བ་བཏང་སྙོམས་པ་འདི་ལ་ཆགས་ཤིང་ཞེན་ནས་འཁོར་བ་ལས་གྲོལ་མ་ཐུབ་པར། སླར་ཡང་འཁོར་བ་རང་དུ་འཁོར་དགོས་པ་འདི་ལ་ཐུག་པས། འདི་ལ་ཆགས་དོན་མེད་སྙམ་པའི་དེའི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དབུ་མའི་ལྟ་བ་བསྒོམ་སྟཻ། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམ་པ་ཞེས་པ་ཡིན་པས་འདི་ནི་སྐྱེས་བུ་འབྲིང་དང་ཐུན་མོངས་ཀྱི་ཉམས་ལེན་ཡིན་ལ། སྐྱེས་བུ་ཆེན་པོ་ཐུན་མོངས་མ་ཡིན་པའི་ཉམས་ལེན་ནི། དེ་ལྟར་གནང་བའི་ཚེ་བདག་ལྟ་བུ་ལ་འདི་ལྟར་གནང་བར་མ་ཟད། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད། ཡིད་དུ་འོང་བ་དང༌། མི་འོང་བ་དང༌། བར་མའི་ཟག་བཅས་ཀྱི་ཚོར་བ་འདི་གསུམ་གྱིས་དྲངས་པས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྐྱེས་པ་ལ་བརྟེན་ནས་ཁམས་གསུམ་གྱི་འཁོར་བ་འདིར་མགལ་མེའི་འཁོར་ལོ་ལྟར་འཁོར་བ་ཡིན་པས། འདི་རྣམས་སྡུག་བསྔལ་གྱི་རྒྱུ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་སྙིང་རྗེ་ཆེན་པོའི་རྒྱུ་ལ་སྦྱར་དགོས་པ་ཡིན། བློ་སྦྱོང་འདི་རང་གི་ཐུན་མོང་མ་ཡིན་པའི། ཡུལ་གསུམ་དུག་གསུམ་གྱིས་མ་བསླད་པ་རྣམ་དག་དགེ་རྩ་གསུམ་དུ་སྒྱུར་ལུགས་ཚུལ་གཉིས་ཡོད་པའི་དང་པོ་ནི། རང་ལ་དེ་ལྟ་བུའི་ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས་སྐྱེས་པའི་ཚེ། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་འདོད་ཆགས་ཀྱིས་ཟིན་པ་རྣམས་ཀྱི་འདོད་ཆགས་འབྲས་བུ་དང་བཅས་པ་ངའི་འདོད་ཆགས་(༦༦ན)འདིའི་ཐོག་ཏུ་སྨིན་ནས། དེ་རྣམས་འདོད་ཆགས་དང་བྲལ་ནས་མྱུར་དུ་སངས་རྒྱ་བར་འགྱུར་སྙམ་རང་ཐོག་ཏུ་བླངས་ཏེ་སྙིང་ནང་གི་བདག་འཛིན་འགོང་པོའི་ཐོག་ཏུ་ཐིམ་པའི་མོས་པ་དང༌། རང་རྒྱུད་ལ་ཡོད་པའི་འདོད་ཆགས་འབྲས་བུ་དང་བཅས་པ་ཞི་བའི་དགེ་རྩ་སོགས་སེམས་ཅན་ཐམས་ཅད་ལ་གཏོང་བའི་མོས་བློ་སྦྱོང༌། དེ་བཞིན་དུ་རང་ལ་ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་ཞེ་སྡང་སྐྱེས་པའི་ཚེ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་གང་ཡོད་རང་ཐོག་ཏུ་ལེན་པ་དང་བྱམས་པ་སོགས་ཕར་གཏོང་བར་མ་ལ་བརྟེན་ནས་གཏི་མུག་སྐྱེས་པའི་ཚེ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གང་ཡོད་རང་ཐོག་ཏུ་ལེན་ཞིང༌། གནས་ལུགས་ཟབ་མོ་རྟེན་འབྲེལ་རྟོགས་པའི་རྟོགས་པ་ཕར་གཏོང་བ་སོགས་གཏོང་ལེན་གྱི་དམིགས་པ་སྤེལ་བ་འདི་མཆོག་ཡིན་ལ། གཉིས་པ་ནི་སྒོ་དྲུག་ལ་ཡིད་འོང་གི་བློ་ནམ་སྐྱེས་པའི་ཚེ། དེ་རྣམས་མཆོད་པའི་བྱེ་བྲག་སྣ་ཚོགས་པར་སྤྲུལ་ནས་བླ་མ་དང་དཀོན་མཆོག་ལ་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ནར་དམིགས་ནས་འབུལ་དགོས་པ་འདི་མན་ངག་བླ་ན་མེད་པ་ཡིན། རྗེ་སྒྲུབ་ཁང་པ་ཆེན་པོ་དགེ་ལེགས་རྒྱ་མཚོ་བ་དེ་ཉིད་དབྱར་དུས་རི་ཀླུང་སོགས་ལ་ཕེབས་ཚེ་མེ་ཏོག་སྣ་ཚོགས་པ་གཟིགས་པ་ན། མེ་ཏོག་དམ་པ་འཕྲེང་བ་དམ་པ་ཞེས་སོགས་བརྗོད་དེ་མཆོད་པར་ཕུལ་(༦༦བ)ནས། སངས་རྒྱས་ཆོས་ཚོགས་མའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་རེ་ངེས་པར་མཛད་པ་ཡིན་འདུག་པ་དེ་མགོན་པོ་ཞི་བ་ལྷའི་བསླབ་བཏུས་ཀྱི་མན་ངག་ཡིན། ཁྱད་པར་འགྲོ་འཆག་ཉལ་འདུག་གི་མཚོན་སྤྱོད་ལམ་མཐའ་དག་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་ཡན་ལག་དང༌། གྲོགས་སུ་སྒྱུར་བའི་ཚུལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་ན་གླེགས་བམ་ཚང་མ་གཅིག་བཞུགས་པའི་སྤྱོད་ཡུལ་ཡོངས་སུ་དག་པ་ཞེས་པའི་མདོ་ནས་རྒྱས་པར་འབྱུང་བ་ལྟར། རང་གོམ་པ་སྤོས་ནས་འགྲོ་བའི་ཚེ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགྲོ་བར་གྱུར་ཅིག་སྙམ་པ་དང༌། སྒོ་ཕྱེ་བའི་ཚེ་སེམས་ཅན་ཐམས་ཅད་ཐར་པའི་སྒོ་ཕྱེ་བར་གྱུར་ཅིག་སྙམ་པ་དང། མེ་ཏོག་བདུག་སྤོས་འབུལ་བའི་ཚེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་ཡན་ལག་དང༌། ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་སྙམ་པ་དང༌། མར་མེ་འབུལ་བའི་སེམས་ཅན་ཐམས་ཅད་ལ་ཤེས་རབ་ཀྱི་སྣང་བ་ཁྱད་པར་འབྱུང་བར་གྱུར་ཅིག་སྙམ་པ་དང༌། ཞལ་ཟས་འབུལ་བའི་ཚེ་སེམས་ཅན་ཐམས་ཅད་ཀྱི་ཟག་མེད་ཀྱི་བདེ་བའི་རོ་མྱོང་བར་གྱུར་ཅིག་སྙམ་པ་དང༌། རོལ་མོ་འབུལ་བའི་ཚེ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལས་བརྩམ་པའི་ཆོས་ཀྱི་སྒྲ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་སྙམ་པ་སོགས། མདོ་སྡེ་རིན་པོ་ཆེ་དེ་ནས་འབྱུང་(༦༧ན)བ་ལྟར་བྱས་ན། སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར་བ། མཁས་གྲུབ་ཐམས་ཅད་མཁྱེན་པས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨིན་པའི་རྒྱུར་འགྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། དབུགས་ཕྱི་ནང་དུ་རྒྱུ་བ་དང༌། ལག་པའི་གཡོ་འགུལ་ཙམ་ཡང་སེམས་ཅན་གྱི་དོན་དུ་འགྱུར་བ་ཞིག་ངེས་པར་ཡོང་ཐག་ཆོད་རེད་དེ་བྱུང་ན་སྐལ་བ་བཟང་པོ་གང་འདྲ་རེད་གསུངས། དེ་ནས་དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས་ཞེས་པ་ནི། དེ་ཡང་གོང་དུ་བཤད་པའི་དམིགས་པ་དེ་དག་ཐུན་དང༌། ཐུན་མཚམས་ཀུན་ཏུ་ལན་རེ་ཙམ་དྲན་པས་མི་ཆོག་པར། ཚིག་གི་སྒོ་ནས་ཀྱང་ཡང་དང་ཡང་དུ་སྦྱང་དགོས་པ་ཡིན། དེ་ཡང་དང་པོར་ཚིག་འབྲུ་ལ་མ་བརྟེན་པར་དོན་གྱི་ཕུ་ཐག་ཆོད་པ་མི་ཡོང༌། ཕྱིས་ཡག་པོ་འདྲིས་ཤིང་གོམས་ནས། ཚིག་འབྲུ་ལ་བརྟེན་མི་དགོས་པར། ཡིད་དེ་ལ་རྩེ་གཅིག་ཏུ་གནས་པ་ཞིག་ཡོང༌། ཚད་མ་རྣམ་འགྲེལ་ལས། མིག་གཟུགས་མཛེས་ལ་ལྷག་པར་ཆགས་དུས་སུ། །དབང་པོ་གཞན་རྣམས་ནུབ་ནས་སྣང་ལ་མ་ངེས་པའི་བློ་ཡིན་ལུགས་དང༌། དེ་ཡིན་པར་དཔེར་ན། བྱིས་པ་ལྟད་མོ་ལ་མིག་རྩེ་གཅིག་ཏུ་གཉིས་སྣང་ནུབ་པ་ལྟ་བུའི་སྐབས། གཞན་གྱི་སྐད་ལྟ་བུས་ཇི་ཙམ་བོས་ཀྱང་རྣ་བས་མི་གོ་བར་ལག་གིསབརྡ་གཏོང་དགོས་པ་(༦༧བ)ལྟ་བུ་ཡིན་ལུགས་དང༌། གོང་དུ་བཤད་པ་ལྟར་རྗེ་བདག་ཉིད་ཆེན་པོ་ལ། ཐོས་བསམ་གྱི་ཏིང་ངེ་འཛིན་ལ་ཐུགས་ཡིད་བརྟན་པོ་མདོ་ཁམས་སྨད་ན་བཞུགས་སྐབས་ནས་ཡོད་ཅིང༌། སྒོམ་པའི་བློ་ལ་ཏིང་ངེ་འཛིན་བརྟན་པོ་རྙེད་པ་ཅུང་དཀའ་བས། ཕྱིས་སུ་འོལ་ཁ་ནས་འཁྲུངས་ཚུལ་དང༌། གང་གི་སྦྱངས་རྒྱུའི་ཚིག་དེ་ཡང་རང་གར་མ་ཡིན་པར། རྗེ་རིན་པོ་ཆེའི་གསུང་རིགས་ལྟར་ན། གསེར་འོད་དམ་པའི་མདོ་ལས་འབྱུང་བའི། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡི་ནི། །སྟོང་གསུམ་འཇིག་རྟེན་གསུམ་འདི་ན་ཞེས་སོགས་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོན་པའི་ཚིགས་བཅད་བམ་པོ་གཅིག་ཙམ་ཡོད་པ་དེ་དང༌། གཞན་ཡང་བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པ། །དོན་མཆོག་བསྒྲུབ་པའི་བསམ་པ་ཡི་ཞེས་སོགས་གླང་རི་ཐང་བའི་ཚིག་བརྒྱད་མ་དང༌། ཤ་ར་བ་ཆེན་པོའི་བློ་སྦྱོང་གི་ཚིགས་བཅད་སོགས་གང་འོས་ཚིག་དོན་ཡིད་ལ་བསམ་ཞིང་སྨོན་ལམ་ཡང་དང་ཡང་དུ་འདེབས་དགོས་པ་ཡིན། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པ་ལྟ་ཞོག །ཡིད་འགྱུར་གྱི་མྱོང་བ་སྣ་རེ་སྐྱེས་པ་ཙམ་ལ་ཡང་ཕན་ཡོན་བསམ་ལས་འདས་པ་ཚད་མེད་པས་ངེས་པར་ལག་ལེན་ལ་འདེབས་དགོས་ཤིང༌། དེ་ཡང་བཤེས་གཉེན་བསྟེན་ཚུལ་ནས་མཐར་ཆགས་ཀྱི་ཆད་ལྷག་མེད་པར་བསྒོམ་སྟཻ་ཉམས་སྟོན་ནས་བློ་འདི་ལྟ་བུ་(༦༨ན)ལ་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་དཔྱད་ན། ཚེ་འདིར་རྟོག་པ་མཚན་ཉིད་ཚང་བ་མ་སྐྱེས་ཀྱང༌། སྐྱེ་བ་ཕྱི་མ་ལ་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ལ་འགྲོ་བ་ཡིན། དེ་བྱུང་ན་ད་ལྟའི་འདི་འདྲ་མིན་པར། ཚིགས་བཅད་རེ་སྟོན་པ་ཙམ་གྱིས་རང་སར་གྲོལ་ཐུབ་པ། རྒྱ་གར་གྱི་གྲུབ་ཐོབ་ཉ་ལྟོ་བའམ། ལུ་ཧི་པ་ལྟ་བུ་ཡོད་རྒྱུ་རེད་གསུང་དེའི་ལོ་རྒྱུས་ཞིབ་པ་བདེ་ལམ་སྐབས་ལྟར་སྩལ། དེ་ལྟར་མ་བྱས་པར་ད་ལྟ་དུས་སྙིགས་མའི་དེ་ཙམ་གྱིས་ཆོག་ཞེས་པ་དང༌། དགེ་རྒན་ནམ་བློ་ཉེ་བ་ལྟ་བུས། ད་ལྟ་ཆོས་འགྲིམ་སྐབས་དགོང་བཅོད་པ་དང༌། ཆབ་ལེན་ལྷམ་འབུད་སོགས་འདུལ་བའི་ཕྱག་ལེན་ཕྲ་ཞིབ་མི་འོང༌། སླར་རི་ཁྲོད་འདྲ་ལ་སྡོད་སྐབས་བྱ་དགོས་རྒྱུ་ཡིན་ཞེས་བསླབས། རང་ཡང་དེ་བདེན་སྙམ་གཉིས་ཀ་འདོད་པ་མཐུན་འདུལ་བའི་བཅས་མཚམས་གང་ཡང་མི་བསྲུངས། དེ་འདྲ་རྩ་བ་ནས་ཚིག་ཙམ་ཡང་ཟེར་མི་ཉན། འདུལ་བ་དང་མདོ་སྡེ་སོགས་ནས་བསྐལ་བ་རྫོགས་ལྡན་གྱི་དུས་ལས། སྙིགས་མའི་དུས་འདིར་ཚུལ་ཁྲིམས་སྣ་གཅིག་བསྲུངས་པ་དང༌། རབ་ཏུ་བྱུང་བའི་རྟགས་ཙམ་འཆང་པ་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས། དེའི་སྟོབས་ཀྱིས་བཀའ་གདམས་གོང་མ་རྣམས་ཀྱིས། རང་ཅག་རྣམས་ལ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་རྐྱེན་ངན་རུ་འཛིངས་པ་འདི་ལམ་དུ་བསྒྱུར་བའི་དགེ་བ་འགྱུར་ཁྱད་ཆེ་བས་ཚེས་བཟང་དུས་བཟང་བྱུང་བ་ཡིན་གསུངས། དེ་སྐད་སྨྲ་བ་(༦༨བ)དང་དེ་ལ་ཉན་འཇོག་བྱེད་པ་ནི་རང་རེ་རྣམས་ཀྱི་རྒྱུད་ལ་ཆོས་ཀྱི་དྲོད་སླེབས་མ་ཐུབ་པ་ཡིན། དགེ་བཤེས་པོ་ཏོ་བས། སྐྱེས་རབས་སོ་བཞི་པའི་ཕྱག་དཔེ་རེ་དབུ་སྔས་སུ་བཞག་ནས་དུས་རྒྱུན་དུ་རང་གཟིགས་རྟོགས་མཛད། དེ་ནང་ནས་ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་ཞེས་སོགས་ཀྱི་ཚིགས་བཅད་འདི་ཤིང་བྱང་ལ་ཡག་པོ་བྲིས་དེ་ལ་སྲ་རྩིས་མནན་ནས་སྐུ་མདུན་དུ་བཞག་ཐུན་དངོས་དང་ཐུན་མཚམས་སུ་ཐམས་ཅད་དུ་གཟིགས་རྟོགས་ཡང་ཡང་མཛད་ཀྱིན་ཐུགས་དམ་མཛད། རི་བོ་དགེ་ལྡན་གྱི་རི་དང༌། གཙང་གི་གམ་པ་ལ་གཉིས་ཐག་རིང་ནས་མི་ཐུག་པ་ལྟར་རང་རེ་རྣམས་ཀྱི་ཤེས་རྒྱུད་ཀྱང་ཆོས་དང་ཐག་རིང་ནས་མི་ཐུག་པས་ལན་ཚུལ་ཡང་གསུངས། དེ་ལྟར་གཞན་དོན་དོན་གཉེར་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་མྱོང་བ་འདོན་པ་ལ་རང་གར་དམིགས་པ་རེ་ཙམ་བསྒོམས་པས་མི་ཆོག་པར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཉམས་ལེན་གྱིས་གནད་དུ་འཁྱེར་ཤེས་པ་ཞིག་ངེས་པར་དགོས། འདི་ལ་བླ་མ་རིན་པོ་ཆེས་འདི་འདྲ་གསུངས། ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཐབས་སུ་གོ་ནས་ཉམས་ལེན་ཐམས་ཅད་ཀྱི་འགག་རང་རེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྟེང་དུ་ཐག་ཆོད་པ་ཞིག་དགོས། དེ་ཡང་གཟུགས་ཀྱི་དབང་ཕྱུག་རྒྱལ་པོས་(༦༩ན)ཞུས་པའི་མདོ་ལས་གསུངས་པ་ནོར་བུ་མཁན་གྱི་ནོར་བུ་སྦྱོང་ཚུལ་ཞིབ་ཏུ་གསུངས་ནས། དེ་ལྟ་བུར་དང་པོར་སྐྱེས་བུ་ཆུང་ངུའི་སྐབས་སུ་མི་དགེ་བ་བཅུ་སོགས་ཀྱི་དྲི་མ་རྣམས་སྦྱངས་ཏེ། ཚེ་འདི་ལས་བློ་ལོག་པ་ཞིག་བྱས། དེ་ནས་སྐྱེས་བུ་འབྲིང་གི་སྐབས་སུ་འཁོར་བའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་ཤུགས་དྲག་པོ་ཞིག་བསྐྱེད། སྐྱེས་བུ་ཆེན་པོའི་སྐབས་སུ་རང་དོན་ཡིད་བྱེད་ཀྱི་དྲི་མ་རྣམས་སྦྱངས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ། སེམས་ཅན་ཐམས་ཅད་ལ་དགོས་འདོད་ཐམས་ཅད་ཡིད་བཞིན་སྟེར་བའི་ནོར་བུ་རིན་པོ་ཆེ་ལ་བྱི་དོར་རིམ་གྱིས་བྱས་ནས། གཙང་ཞིང་ཡིད་དུ་འོང་བའི་མཆོད་པ་རྒྱ་ཆེར་བཤམས་སྟེ་དད་པའི་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་ཚུལ་རྒྱས་པར་གསུངས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་ནས་རང་རྒྱུད་ལ་སྐྱེས་པའི་ཚད་ཁ་སང་ཞུས་པ་ལྟར་ལ། དེ་ལྟར་ཇོ་བོ་ཆེན་པོས་ཉི་ཟླ་ལྟ་བུར་བྱང་ཆུབ་ཀྱི་སེམས་ཞེས་སོགས་གསུངས་པ་ལྟར་རེ་ཞིག་དངོས་གནས་ལ་མཚན་ཉིད་ཚང་བ་སྐྱེ་དཀའ་བས་སྨོན་ལམ་གྱི་ཡུལ་དུ་བྱས་ནས། དེ་ལ་རྩོལ་བྱས་ཀྱི་མྱོང་བ་འཐོན་བྱུང་ན། དེའི་སྟེང་དུ་སྨོན་སེམས་ཆོ་གས་བླངས་(༦༩བ)ནས་དེའི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་དགོས་པས། དེ་ཡང་སྤྱིར་སྨོན་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཆོས་བཅུ་པའི་མདོ་ནས་གསུངས་པས་རང་གཞན་གྱི་རྐྱེན་བཞིན། བྱང་ས་ནས་གསུངས་པའི་རྒྱུ་བཞི། རྐྱེན་བཞི། སྟོབས་བཞི། མདོ་སྡེ་རྒྱན་ནས་གསུངས་པའི་སྟོབས་ལྔ་བཅས་ཞལ་ལུང་གི་སྐབས་ལྟར་ཞིབ་ཏུ་བསྩལ་ནས། དེ་ཐམས་ཅད་མན་ངག་གི་ཉམས་ལེན་སྙིང་བོར་དྲིལ་བ་ནི། བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ལ་བརྟེན་ནས། ཟབ་པ་དང་རྒྱ་ཆེ་བའི་མན་ངག་ཚང་ལ་མ་ནོར་བ་ཐོས་ཤིང༌། དེའི་དོན་ལ་བསམ་ནས། གོམས་པ་ཡུན་བསྲིངས་ཏེ་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་འཐོན་པ་དེའི་ལྷན་ཅིག་བྱེད་རྐྱེན་དུ་ཚོགས་བསག་སྒྲིབ་སྦྱོང་རྒྱ་ཆེན་པོ་ལ་འབད་པ་སོགས་ཚར་བར་གསུངས་པས། ཐོས་པའི་དོན་ནི་དཔེ་ཆ་ལྟ་བུ་རང་གིས་ཀློག་པ་ལ་ཐོས་པ་མི་ཟེར། ཐོས་པ་ཞེས་པ་གཞན་ཞིག་གིས་རྣ་བའི་ལམ་དུ་བསྒྲགས་དེ་ཐོས་དགོས་པ་ལ་ཟེར་བ་བྱང་ས་དང༌། སློབ་དཔོན་སེང་གེ་བཟང་པོའི་བརྒྱད་སྟོང་པའི་འགྲེལ་ཆེན་གྱི་ཁུངས་དང་སྦྱར་ནས་གསུངས༌། རྒྱུ་རྐྱེན་སྐབས་ཀྱི་གྲོགས་སྟོབས་ནི། དགེ་བའི་བཤེས་གཉེན་ལ་བྱེད་པར་གསུང༌། ཡང་འགའ་ཞིག་བཀའ་ལས་ཚ་འདི་དེ་འདྲ་མི་ཐུབ། དེ་ལས་ཟབ་མོ་དབུ་མའི་ལྟ་བ་རྐྱང་པ་ཞིག་རང་བསྒོམ་ན་དེས་ཆོག་སྙམ་པ་བྱུང་ན། དེ་མ་ཡིན་དེ་དབུ་མའི་(༧༠ན)ལྟ་བ་དེ་ཡང་ཐབས་ཀྱི་ཆ་ཚོགས་བསག་སྒྲིབ་སྦྱོང་རྒྱ་ཆེན་པོས་མ་ཟིན་ན། ཇི་ལྟར་མཐོ་ཡང་ཉན་རང་གི་ཐར་པ་ཞིག་ལས་མི་ཐོབ་པས། ས་ཐོབ་ནས་ཀྱང་གཉིས་སྣང་འཁྲུལ་བའི་བག་ཆགས་མ་ལུས་པར་སྤོང་བའི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསོག་དགོས་པར་གསུངས་ཏེ། ས་ཐོབ་ནས་ཀྱང་ཡོངས་སུ་སྦྱོང་བ་རྣམ་བཅུ་ཡི། །ས་ནི་དང་པོ་ཐོབ་འགྱུར་ཏེ་ཞེས་སོགས་བཅུ་པའི་བར་གྱི་རྗེས་ཐོབ་ཏུ་ཡན་ལག་བདུན་པ་མཎྜལ་བཅས་པའི་ཚོགས་བསགས་སྒྲིབ་སྦྱོང་རྒྱ་ཆེན་པོ་བྱེད་དགོས་ཚུལ་ཞིབ་ཏུ་གསུངས་མདོར་ན་རང་རེ་རྣམས་སྨོན་སེམས་དམ་བཅའ་ཅན་གྱི་ཆོ་ག་རྒྱས་པར་བྱེད་དགོས་པས། དེ་ལྟར་མཇུག་ཏུ་སེམས་བསྐྱེད་མཆོད་པའི་སྐབས་རྒྱས་པ་ཞུས་མཆོག་པ་འདུག་ཅིང་གསུངས། དེ་སྐབས་ཞལ་ལུང་གི་སེམས་བསྐྱེད་མཆོད་པའི་སྐབས་ནང་ལྟར་གསུངས་སོ། །

དེ་ནས་འཇུག་སྡོམ་བཟུང་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་དགོས་པར། འདོད་པ་དེ་མ་བཟུང་ན་གོང་ནས་བྱང་སེམས་ཀྱི་སྤྱོད་པ་མཐའ་དག་ལ་བསླབས་ནས། དེའི་ཁུར་ཐེག་ཅིང་ནུས་ན། སྡོམ་པ་བཟུང་ནས་སྤྱོད་པ་ལ་བསླབ་དགོས་པ་ནི། སྔགས་འདུལ་བ་གཉིས་མི་འདྲ་འདུལ་བ་ལྟ་བུ་ཡིན་ན། དགེ་བསྙེན་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་དགོས་པར། སྡོམ་པ་དེ་མ་བཟུང་གོང་ནས་བྱང་སེམས་ཀྱི་སྤྱོད་པ་(༧༠བ)མཐའ་དག་ལ་བསླབས་ནས། དེའི་ཐེག་ཁུར་ཅིང་ནུས་ན། སྡོམ་པ་བཟུང་ནས་སྤྱོད་པ་ལ་བསླབ་དགོས་པ་ནི། དགེ་སློང་གི་བར་གྱི་སྡོམ་པ་བཟུང་བ་ལ་ཐོག་མར་བསླབ་བྱ་གང་ཡང་ཤོད་རང་མི་ཉན། དེ་བྱས་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བར་མ་ཟད་སྐྱོན་ཆེན་པོ་འབྱུང་བ་དཔེར་ན་བསླབ་བྱའི་རྣམ་གྲངས་ཤོད་ཉེས་ན། དེ་ལ་དཔའ་ཞུམ་ནས་རབ་ཏུ་འབྱུང་མི་ཐུབ་པར། སླར་སངས་རྒྱས་ཐུགས་རྗེ་ཅན་གྱི་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་ཁྱིམ་བདག་བི་རྫི་ལྟ་བུ་ཡོད་གསུངས་དེའི་ལོ་རྒྱུས་རྒྱས་པར་གསུངས། དེ་བཞིན་དུ་སྔགས་ལ་ཡང༌། དང་པོར་དབང་བསྐུར་བ་ལ་ལམ་ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་ལ་མ་ཐ་ཡང་ཡིད་འགྱུར་གྱི་མྱོང་བ་ཙམ་ཐོན་འདུག་མིན་ཞིབ་ཏུ་བརྟགས་ནས་དབང་བསྐུར་བ་ལས། དེའི་གོང་དུ་བསླབ་བྱ་བརྗོད་མི་ཉན། དེ་ལས་དབང་བསྐུར་མ་ཐག་རྩ་བ་དང་ཡན་ལག་གི་ལྟུང་བ་འབྱུང་ལུགས། དེ་དག་གི་ཆར་གཏོགས་འབྱུང་ཚུལ། དེ་དག་བཤགས་ཚུལ་སོགས་བསླབ་བྱ་རྣམས་ལེགས་པར་སྟོན་དགོས་པ་དམ་ཚིག་ཡིན། བྱང་སེམས་ཀྱི་སྤྱོད་པ་ལ་བསླབ་ཁར། བསླབ་བྱ་རྣམས་ལ་སྤྱོད་ནུས་མིན་བརྟག་དགོས་པ་ནི། བསླབ་བྱ་རྒྱ་ཆེན་པོ་འདི་དག་ལ་བསླབ་ནས་གྲངས་མེད་གསུམ་གྱི་ཚོགས་གཉིས་རྫོགས་པས། འགྲོ་བ་ལྷ་དང་བཅས་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་སྙིང་སྟོབས་ཀྱིས་ནུས་མིན་བརྟག་པའི་ཕྱིར་དེ་གཙོ་(༧༡ན་གོང)གལ་ཆེ་བ་ཡིན། དེ་ཡང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་བསླབ་པར་བྱེད་པ་ལ། འདི་ལ་བགེགས་སྡུག་བསྐྲད་འདི་འདྲ་ཡོང༌། བགེགས་དེ་ངོས་བཟུང་ནས་སེལ་ལུགས་ཀྱི་བོགས་འདོན་དང་བཅས་པ་བླ་མའི་མན་ངག་རང་ལ་མ་བརྟེན་པར་ཤེས་ཐུབ་ས་མེད། དེ་འདི་འདྲ་རེད། དེ་ལ་བསླབ་པའི་སྐབས་སུ་སེམས་ཞུམ་པ་འདི་རང་གི་བགེགས་བྱས་ནས་དེ་ལ་བློ་རང་འགྲོར་མི་ཉན། ཞུམ་པ་དེ་ལ་ཡང་བྱང་ས་ནས་བཤད་པའི་རྒྱུའི་སྒོ་ནས་ཞུམ་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རེ་རེ་ལ་ཡང་དཀའ་ལས་འདི་འདྲ་ན། རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ལ་བསླབ་པ་འདི་རང་མི་ནུས་སྙམ་པ་དང༌། འབྲས་བུའི་སྒོ་ནས་ཞུས་པ། སངས་རྒྱས་ཀྱི་མཚན་དཔེ་དང༌། སྟོབས་བཅུ་མི་འཇིགས་པ་སོགས་རེ་རེ་སྒྲུབ་པ་ལ་བསྐལ་པ་མང་པོར་དབུ་སྟོང་དང༌། ལུས་གྲངས་མེད་གཏོང་དགོས་པ་སོགས་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསོགས་དགོས་པར་མ་ཟད་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་སེམས་ཅན་ཀྱི་བསོད་ནམས་གང་ཡོད་ཕྱོགས་གཅིག་ཏུ་བསྡོམས་ཀྱང་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་ལས་མི་འགྲུབ་པར་གསུངས་ནས། ཡོན་ཏན་དེ་དག་ཡོངས་སུ་རྫོགས་པ་ནམ་ཞིག་ན་འགྲུབ་སྙམ་པ་དང༌། དུས་ཀྱི་སྒོ་ནས་ཞུམ་པ། ཨཱ་སངས་རྒྱས་ཀྱི་གོ་འཕང་དེ་ལྟ་བུ་ཐོབ་པ་ལ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཡུན་དགོས་ན། དེ་ལྟ་བུ་ནུས་སྙམ་ཞུམ་པ་དང༌། (༧༡བ་གོང) སྒྱིད་ལུག་པའི་ལེ་ལོ་གཉིས་ཀྱི་འབྱུང་ཚུལ་དང༌། ཡང་འགའ་ཞིག་ཕར་ཕྱིན་ཐེག་པའི་སྐབས་ཀྱི་བསྐལ་ཆེན་དེ་འདྲ་མི་ནུས། དེ་ལས་བཟླས་པ་འདྲ་བྱས་ཏེ་ཡི་དམ་ཞིག་སྒྲུབ་ན་སྙམ་པ་ཡོང་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་མེད་པ་ལ་དེ་རྣམས་ཡོང་ས་མེད་ལུགས་དང༌། དེ་ལྟར་གོང་དུ་བཤད་པའི་རྒྱུ་དང་འབྲས་བུ་ངོ་བོ་སྒོ་ནས་ཞུས་པ་དང༌། སྒྱིད་ལུག་པའི་ལེ་ལོ་འདི་རྣམས་ཀྱིས་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལམ་རང་ནས་བསླབ་ཏུ་མི་འཇུག་པས། དེ་ལ་བགེགས་སེལ་ལུགས་འདི་འདྲ་དགོས། དེ་ཚོ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཙམ་དགོས་ནའང༌། དེ་ལ་དཀའ་ལས་གང་ཡོད། དེའི་རྒྱུ་མཚན་ནི། རང་ཅག་རྣམས་ཀྱི་ད་ལྟ་བླ་མའི་མན་ངག་ལ་བརྟེན་ ནས་ལམ་གྱི་རིམ་པ་ལ་བློ་སྦྱངས་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པས་ བྱམས་པ་ཐུན་གཅིག་བསྒོམས་པས། སེམས་ཅན་གྱི་གྲངས་ཇི་ཙམ་དམིགས་ཡུལ་དུ་ཡོད་པར་རེ་རེའི་ཐོགས་ནས་བྱམས་པ་བསྒོམས་པས་ཕན་ཡོན་བསོད་ནམས་ཆུང་ ངུ་རེ་ནི་ངེས་པར་ཐོབ། དེ་ཐམས་ཅད་བསྡོམས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་ གཤོམས་པའི་དེ་འདྲ་བའི་སེམས་དང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པས།དགེ་ཚོགས་རེ་རེས་ཀྱང་སེམས་ཅན་གྱི་གྲངས་ཇི་ཙམ་དམིགས་ཡུལ་དུ་ཡོད་པ་རེ་རེའི་ཐོགས་ནས་བྱམས་པ་བསྒོམས་པས་ཕན་ཡོན་བསོད་ནམས་ཆུང་(༧༡ན་འོག) ངུ་རེ་ནི་ངེས་པར་ཐོབ།དེ་ཐམས་ཅད་བསྡོམས་ན་སྟོང་གསུམ་གྱི་འཇིག་རྟེན་ལ་ མི་གཤོམས་པའི་དེ་འདྲ་བའི་སེམས་དང༌།བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པས།དགེ་ཚོགས་རེ་རེས་ཀྱང་བསྐལ་པ་མང་པོའི་བསོད་ནམས་ཀྱི་ཚོགས་རྫོགས་ལུགས་ལ་བསམ་ན་དེ་འདྲ་ཡིན་པས་ལས་སླ། ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱིས་སྒུག་ནས་བཞུགས་པ་མངོན་སུམ་གྱིས་མཐོང་ཚུལ་དང༌། ས་དང་པོ་ཐོབ་ནས་ནམ་མཁའི་བརྙེས་ཚུལ་རྒྱས་པ་དང༌། རྒྱ་གར་པུ་ལ་ཧ་རིའི་ནགས་ཁྲོད་ནས། བླ་མ་མར་པས་གསེར་དཀར་ཡོལ་འབྲུག་རྒྱབ་མ་གང་ཕུལ་བ་པཎ་ཆེན་ན་རོ་པས་ནམ་མཁའ་ལ་གཏོར་བའི་ལོ་རྒྱུས་ཀྱང་གསུང༌། དེ་ལྟ་བུའི་གོ་འཕང་དེངས་བྱས་ན་ངེས་པར་རིང་པོར་མི་ཐོགས་པ་འགྲུབ་ཐག་ཆོད་རེད་སྙམ་རང་གིས་རང་ལ་ཡང་ཡང་དཔའ་བསྐྱེད་དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་ཞག་གཅིག་ཏུ་རྩིས་པའི་བསྐལ་པ་གྲངས་མེད་དུ་མའི་བར་དུ་འཁོར་བར་བསྡད་ནས། ཡོན་ཏན་དེ་རྣམས་སྒྲུབ་དགོས་བྱུང་ཡང་དཀའ་ཚེགས་མེད་སྙམ་པ་ལ་སོགས་པས་དཔའ་བསྐྱེད་ན། ད་ལྟ་རང་རེ་ལས་དང་པོ་བ་རྣམས་ཀྱིས་རིམ་གྱིས་འདི་དག་ལ་རྒྱུན་བསྲིངས་ནས། བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་གྱི་མྱོང་བ་ཙམ་འཐོན་པར་འགྱུར་བས། དེ་བྱུང་ན་དེ་ནས་ཚེ་ཕྱི་མ་ལ། སེམས་ཅན་(༧༡བ་འོག)རིན་པོ་ཆེ་དེའི་སྟོབས་ཀྱིས་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྐད་ཅིག་དང༌། སྐད་ཅིག་ལ་སྐྱེ་བ་ལ་དཀའ་ལས་གང་ཡང་མེད། ཚིག་ཐོས་པ་ཙམ་གྱིས་ཡིད་ལ་གོ་བ་སྐྱེ་ཐུབ་པས། ཁོ་ལ་སྔོན་སྦྱངས་སམ་བག་ཆགས་ཡོད་ཟེར་བ་དེ་ལྟ་བུ་ཡིན་ཚུལ་ཞིབ་པ་དང༌། དེ་ཡང་སྤྱོད་འཇུག་ལས། སྡིག་པ་སྤང་ཕྱིར་སྡུག་བསྔལ་མེད། །མཁས་པས་ཕྱིར་ན་མི་དགའ་མེད། །བྱང་ཆུབ་སེམས་ཀྱི་རྟ་བཞོན་ནས། བདེ་ནས་བདེ་བར་འགྲོ་བ་ལ་ཞེས་སོགས་གསུངས་པ་ལྟར། སྐྱེས་བུ་ཆུང་འབྲིང་གི་ལམ་ལ་སྦྱངས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་ལ་མཐོན་ཙ་ན་སྡིག་པ་རྣམ་པ་ཀུན་ནས་མི་བསོག་པ་དང༌། རྒྱུ་སྡིག་པ་མ་བསགས་ན། འབྲས་བུ་སྡུག་བསྔལ་ཡོང་བ་ལ་ག་ལ་སྲིད། དེ་འདྲ་བས་བླང་དོར་གྱི་གནས་ལ་མཁས་ཤིང༌། ཁྱད་པར་རྐྱེན་ངན་ལམ་སློང་གི་གནད་ལ་མཁས་པས། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་དུ་སྒྱུར་བའི་གཏོང་ལེན་གྱི་གནས་ལ་མཁས་པས་བདེ་སྡུག་བར་མ་ཇི་འདྲ་ཞིག་བྱུང་ཡང༌། ཆོས་སྒྲུབ་པའི་གྲོགས་སུ་འཁྱེར་བ་ལ་མི་དགའ་བ་གང་ཡང་མེད་ཚུལ་སོགས་ཞིབ་ཏུ་བསྩལ། ཡང་མགོ་ལུས་སོགས་གཏོང་བ་ལ་ཞུམ་པའི་གེགས་སེལ་ནི། བསླབ་བཏུས་སུ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་སོགས་ཀྱི་ཁུངས་ལ་བརྟེན་ནས་སེལ་དགོས་པས། དེ་ལས་ཚོད་སོགས་གཏོང་བའི་ཞེས་སོགས་གསུངས་པ་ལྟར། རང་གི་(༧༢ན)ལུས་སྲོག་གཏོང་བ་ལ་ཚོད་མ་གཏོང་བའི་བློ་ལྟ་བུ་མ་བྱུང་གི་བར་དུ་སྦྱོང་དགོས་པ་དང༌། འོན་ཀྱང་ལས་དང་པོ་བས་དགག་དགོས་ཁྱད་པར་ཅན་མེད་པར་རང་གི་ལུས་གཏོང་བ་དང༌། རང་ལ་ཆོས་སྒྲུབ་པའི་མཐུན་རྐྱེན་གྱི་དཔེ་ཆ་དང༌། ཆོས་གོས་སོགས་གཏོང་བར་དགག་བྱ་ཡོད་ལུགས་དང༌། དེ་དག་སློང་མི་བྱུང་ཡང་ཁོང་ཁྲོ་སོགས་མེད་པར་ཐབས་མཁས་ཀྱི་སྒོ་ནས་ངག་འཇམ་པོས་རེ་ཞིག་ངེད་ལ་དགོས་པ་ཡོད་སླར་ཁྱེད་ལ་འབུལ་ཟེར་བ་ལྟ་བུ་དང༌། མགོ་ལུས་བྱིན་པར་དངོས་སུ་གཏོང་བའི་སྙིང་སྟོབས་ཅན་གྱི་བྱང་སེམས་ཚོགས་སྦྱོར་བ་ཡོད་ཀྱང༌། སྤྱིར་བཏང་ལ་ས་དང་པོ་མ་ཐོབ་བར་དུ་གཏོང་མི་རུང༌། དེ་ནས་བཏང་བས་སྡུག་བསྔལ་མེད་པའི་ཁར་ཡིད་ལ་དགའ་བ་སྐྱེ་བ་ནི་འཇུག་པ་ལས། དེའི་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོར་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །རང་ཤ་སྟེར་ལ་གུས་པར་བྱས་པ་ཡི། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར་ཞེས་གསུངས་པ་དང༌། སྐྱེས་རབས་སོ་བཞིའི་ནང་ན་བཞུགས་པའི་སྟག་མོ་ལུས་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཆེན་པོ་དེ་ཐམས་ཅད། ས་དང་པོ་ཐོབ་པ་ཡན་གྱི་ཉམས་ལེན་ཡིན་པ་ནི། དེའི་མཚམས་སྦྱར་དང་པོ་ནས་བཤད་པ་ལྟར་མངོན་རྟོགས་རྒྱན་ལས་གསུངས་ཚུལ་དང༌། དེ་དག་ལ་ཞིབ་ཏུ་བསམས་ཏེ། ད་སྐྱོན་མི་འདུག་ས་ཐོབ་རྒྱུ་ཞིག་བྱུང་ན་རང་གི་ལུས་སྦྱིན་པར་བཏང་ཀྱང་སྡུག་བསྔལ་མེད། ད་ལྟ་ནི་དངོས་སུ་གཏོང་དགོས་རྒྱུ་(༧༢བ)མ་རེད་སྙམ་རང་གི་བློ་དཔའ་བསྐྱེད་དེ། ད་ང་རང་གི་ངོས་ནས་ཆོས་རྣམ་དག་ཞིག་སྒྲུབ་རྒྱུ་བྱུང་ན། འདི་ཚོ་ཐོབ་པ་ལ་དཀའ་ལས་གང་ཡང་མི་འདུག་སྙམ་བློ་བདེ་འབོལ་བ་ཞིག་དགོས་ཚུལ་ཞིབ་པ་དང༌། དངོས་གཞི་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པ་ལ། སྤྱོད་པའི་རྣམ་གྲངས་མེད་པ་ཞིག་ཡོད་ཀྱང༌། ཐམས་ཅད་བསྡུ་ན་ཕར་ཕྱིན་དྲུག་ཏུ་འདུ་ལུགས་དང༌། ཁྱད་པར་སངས་རྒྱས་ཟེར་བ་དེ་སྒྲུབ་པ་ལ་དེའི་ཆོས་སྐུ་དང་གཟུགས་སྐུ་འགྲུབ་པ་ལ་ཟེར། དེ་ཡང་སྐུ་ཐུགས་གཉིས་དབྱེར་མེད་དུ་འཇུག་པ་ལ་ཟེར་བས། དེ་ལ་སངས་རྒྱས་ཀྱི་སྐུ་གཟུགས་སྐུའི་སྤྱི་ཁོག་དེ་ཚུལ་ཁྲིམས་ཀྱིས་འགྲུབ། མཚན་དཔེ་ལ་སོགས་པ་མཛེས་པའི་ཆ་དེ་བཟོད་པས་འགྲུབ། འཕྲིན་ལས་དང་སྟོབས་བཅུ་སོགས་བརྩོན་འགྲུས། ནམ་མཁའ་མཛོད་ལ་མངའ་བརྙེས་པ་སོགས་ལོངས་སྤྱོད་རྒྱ་ཆེན་པོ་རྣམས་སྦྱིན་པས། སྲིད་པ་ཇི་སྲིད་བར་དུ་ཞི་བའི་དབྱིངས་སུ་ཞུགས་པ་སོགས་བསམ་གཏན། ཤེས་རབ་ཀྱི་ཆོས་སྐུ་འགྲུབ་ལུགས་སོགས་དང༌། དེ་ཡང་སྦྱིན་པ་དམན་པ་ནས། ཤེས་རབ་མཆོག་ཡིན་པ་དང༌། སྦྱིན་པ་ལ་ཡང་ཟང་ཟིང་མི་འཇིགས་ཆོས་ཀྱི་སྦྱིན་པ་གསུམ་ཚུལ་ཁྲིམས་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་བསྡུད། སེམས་ཅན་དོན་བྱེདཀྱི་ཚུལ་ཁྲིམས་སོགས་གསུམ། བཟོད་པ་ལ་གནོད་བྱེད་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་ཀྱི་བཟོད་པ་སོགས་གསུམ། བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་བསྡུད། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོགས་གསུམ་(༧༣ན)བསམ་གཏན་ལ། ཞི་གནས་དང་ལྷག་མཐོང་དེ་ཟུང་འབྲེལ་དེ་གསུམ། ཤེས་རབ་ལ་གནས་ལུགས་རིགས་པ་དོན་དམ་རྟོགས་པའི་ཤེས་རབ་གནས་ལྔ་རིག་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་ཚུལ་རྟོགས་པའི་ཤེས་རབ། དེ་རེ་རེ་ལའང་ཕར་ཕྱིན་དྲུག་ལྡན་དང༌། དམ་པ་དྲུག་ལྡན་དུ་ཉམས་སུ་ལེན་དགོས་ལུགས་སོགས་ཞིབ་ཅིང་རྒྱས་ལ་མཐའ་ཆོད་པར་གསུངས་པའི་མན་ངག་རྣམས་ཞལ་ལུང་སྐབས་ལྟར་གསུངས་པ་ཞལ་ལུང་ཟིན་བྲིས་ན་ཡོད་དོ། །

ཁྱད་པར་སྦྱིན་སོགས་དྲུག་པོ་དེ་ཡག་པོ་ངོ་ཤེས་དགོས་པར། སྦྱིན་པའི་ངོ་བོ་རང་དེ་གཏོང་བའི་སེམས་བྱུང་སེམས་དཔའ། ཚུལ་ཁྲིམས་ལ་སྤོང་བའི་སེམས་དཔའ་ཞེས་ལས་ཞིག་ལ་ངོས་བཟུང་ནས་སེམས་ལ་དེའི་རྩལ་ཡོངས་སུ་རྫོགས་པ་ཕར་ཕྱིན་དེ་དང་དེའི་ངོ་བོར་འཇོག་དགོས་ཤིང༌། དེ་མིན་དབུལ་ཕོངས་ལ་རྩམ་པ་སྦྱིན་པ་ལྟ་བུར་སྦྱིན་པར་འཇོག་མི་རིགས་པ་དང༌། མདོར་ན་ལམ་གྱི་རིམ་པའི་དམིགས་སྐོར་གང་བསྒོམ་ཡང༌། རྣམ་བཤད་སྙིང་པོ་རྒྱན་དང༌། ལེགས་བཤད་གསེར་གྱི་འཕྲེང་བ་གཉིས་ནས་ཡང་ཡང་གསུངས་པ་ལྟར། མིག་གིས་གཟུགས་ལ་བལྟ་བ་ལྟར་དུ་མ་སོང་བར། འཛིན་སྟངས་སམ། བློ་དེའི་རྣམ་པ་ཤར་ནས་བསྒོམ་དགོས་ལུགས། དེ་ཡང་དམིགས་པ་ཞེས་པ་ཡུལ་གཞན་ལ་མིག་བལྟས་ནས་འདི་རེག་སྙོམ་པ་ལྟ་བུར་མ་སོང་བར། སེམས་རྒྱུད་ལ་བཀུག་ནས་དེའི་ངོ་བོ་བསྐྱེད་ནས་བསྒོམ་ན་ཐོན་སྐྱེད་ཡོང་ལུགས་བཅས་ཞིབ་པར་(༧༣བ)གསུངས། འདི་འདྲའི་སྐབས་ཁྱེད་ཅག་དགེ་བའི་བཤེས་གཉེན་རྣམས་ཕན་ཚུན་གླེང་མོ་རེ་ངེས་པར་མཛད་དགོས། དེ་ཡང་ཐལ་ཕྱིར་ཟེར་མི་ཉན། དེ་བྱས་ན་བླ་མའི་བྱིན་རླབས་ཐམས་ཅད་ཡལ་འགྲོ་བས་ཕན་མི་ཐོགས་བླ་མས་གང་གསུང་བ་དེ་རང་ལ་ཆ་བཞག་ནས། བླ་མས་གསུངས་པ་འདི་ཨེ་ཡིན་མ་ཡིན་ཞེས་དྲི་བ་དྲི་བཤད་ཀྱི་དོགས་པ་གཅོད་དགོས་ལུགས་ཀྱང་རྒྱས་པར་གསུངས་སོ། །

 

 

 

 

 

སྦྱིན་སོགས་ཕར་ཕྱིན་དྲུག་ཉམས་སུ་ལེན་ཚུལ་བཤད་པ།

 

དེ་ལ་སྦྱིན་པ་སོགས་ཕྱིན་དྲུག་ཉམས་སུ་ལེན་པ་ཡང༌། ཐུན་གྱི་ངོ་བོ་དང༌། ཐུན་མཚམས་གཉིས། དང་པོ་ལ་སྦྱོར་དངོས་འཇུག་གསུམ་ལས། བྱུང་ན་དམིགས་སྐོར་རེ་རེ་བཞིན་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་མཉམ་འདོན་དགོས་པ་ནི། ཇོ་བོས་བླ་མ་གསེར་གླིང་པ་ལ་ལོ་བཅུ་གཉིས་སྦྲེལ་ནས་ཆོས་འདི་ཞུས་སྐབས། དམིགས་སྐོར་རེ་རེ་བཞིན་གྱི་ཁྲིད་ཕོག་ཚར་རེས་ནས། སྦྱོར་དངོས་འཇུག་གསུམ་ཚང་བར་ བསྒོམ་ཡང༌། ཆོས་ཞུས་པའི་བགེགས་སེལ་བོགས་འདོན་ཀྱང་སྐབས་སྐབས་སུ་ཞུས་པའི་ཕྱག་ལེན་ཡིན་པས་དེ་འདྲ་ཞིག་རང་དགོས་ཀྱང༌། ད་ལྟ་ཟླ་བ་གཅིག་གི་དུས་ལ་གཏུགས་པས་དེ་འདྲ་བཤད་མི་ཚར་བས། ཕྱིན་དྲུག་གི་དམིགས་སྐོར་གཅིག་ཏུ་བྱས་ནས་བཤད་པ་འདི་ལ་ཐུན་དངོས་གཞིའི་སྐབས་ཕར་ཕྱིན་དྲུག་ལ་བློ་སྦྱངས་ནས་བློ་དེའི་རྩལ་རྫོགས་པའི་ཉམས་ཀྱི་འགྱུར་བ་བཏོན་ནས། ཐུན་མཚམས་སུ་ལག་ཏུ་བླང་འོས་རྣམས་ལག་ལེན་དུ་སྟར་དགོས་པ་ཡིན། དེ་ཡང་སྦྱིན་པ་(༧༤ན)ལ་གོང་དུ་བཤད་པ་ལྟར་གསུམ་ཡོད་པས། དང་པོ་ཟང་ཟིང་གི་སྦྱིན་པ་གཏོང་བའི་ཡུལ་ལ་བསོད་ནམས་ཀྱི་ཞིང་དང༌། སྙིང་རྗེའི་ཡུལ་གཉིས་ཡོད་པས། ཟང་ཟིང་གི་སྦྱིན་པ་ལ་བརྟེན་ཁྱིམ་པ་རྣམས་ལ་མངགས་པ་ཡིན་ཞིང༌། རབ་ཏུ་བྱུང་བ་རྣམས་ལ་བསླབ་པ་གཅེས་སྤྲས་བྱེད་པ་འདི་རང་བསྔགས་དེའི་ཐོག་ནས་ལོག་འཚོ། ཁ་གསག །གཞོགས་སློང༌། ཐབས་ཀྱིས་འཇལ་བ། རྙེད་པས་རྙེད་པ་འཚོལ་བ་སོགས་དང༌། སོ་ནམ་དང༌། ཚོང་བུན་སྐྱེད་སོགས་སྡིག་པ་དང་འདྲེས་པ་མ་ཡིན་པས། རང་ལ་བླ་མ་དཀོན་མཆོག་དང༌། ལས་དབང་གིས་རྩོལ་མེད་དུ་བྱུང་བ་རྣམས་སྦྱིན་པར་གཏོང་བ་ལས། ལོག་འཚོ་དེ་དག་གི་སྒོ་ནས་གཏོང་བ་ནི་ཉེས་དམིགས་ཤིན་ཏུ་ཆེ་བས། དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོས། ང་ནི་གཏོང་བའི་ཕན་ཡོན་མི་བརྗོད། འཛིན་པའི་ཉེས་དམིགས་བརྗོད་གསུངས་པ་དང༌། དེར་མ་ཟད་བཅོམ་ལྡན་འདས་ཀྱིས་དགེ་ཚུལ་སློང་གི་བཅས་པ་མཐའ་དག་སྲེད་པའམ་འདོད་ཆགས་སོགས་འཁོར་བ་ལ་ཞེན་པ་བཟློག་ཕྱིར་དུ་གསུངས་པ་ཤ་སྟག་ཡིན་པ་ལ། དེ་འདྲ་བའི་འཁོར་བ་ལ་འཆིང་བ་མ་གཏོགས་ཞེན་པ་བཟློག་མི་ཐུབ་པའི་ཚུལ་རྒྱས་པ་དང༌། ཟང་ཟིང་ནི་ཁྱིམ་པ་རྣམས་ཀྱིས་རྒྱ་མཚོ་ནས་ནོར་བུ་བླངས་ཏེ་འཇིག་རྟེན་ཐམས་ཅད་ཀྱི་དབུལ་བ་སེལ་བ་དང༌། དཀོན་མཆོག་མཆོད་པ་སོགས་དང༌། གཞན་ཡང་ཚོང་བུན་སྐྱེད་སོ་ནམ་བྱས་ཏེ། དེ་དག་ལས་འབྱུང་བའི་ཡོ་བྱད་རྣམས་ཡར་མར་གྱི་ཞིང་གཉིས་ལ་སྦྱིན་པར་གཏོང་བར་(༧༤བ)མངགས་པས། འདི་ལ་འདུལ་བ་ནས་གསུང་པའི་བསོད་ནམས་བཞི་བདུན་ཞེས། དཀོན་མཆོག་མཆོད་པ་དང༌། དགེ་འདུན་གྱི་གཙུག་ལག་ཁང་བཞེངས་པ་དང༌། དགེ་སློང་དགོན་པ་པ་ལ་གནས་ཁང་བརྩིགས་ཏེ་ཕུལ་བ་ན་དེ་དག་གི་རྡོ་མ་ཟད་པར་བསོད་ནམས་ཐོབ་ཚུལ་རྒྱས་པར་གསུངས། དེ་ཡང་དུག་རིགས་དང༌། ནད་པ་ལ་མི་འཕྲོད་པའི་ཟས་དང༌། དགེ་ཚུལ་སློང་ལ་ཆང་དང༌། ཕྱི་དྲོའི་ཁ་ཟས་སྟེར་བ་སོགས་གཏན་ནས་བྱ་མི་རུང་ཚུལ་དང༌། ཆོས་དང་མི་འཇིགས་པའི་སྦྱིན་པའི་སྐོར་ཞལ་ལུང་སྐབས་ལྟར་གསུངས། དེ་ནས་ཚུལ་ཁྲིམས་ལ་རྣམ་པ་གསུམ་ཡོད་པས། སྡོམ་པའི་ཚུལ་ཁྲིམས་ནི། བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པའི་ཚུལ་ཁྲིམས་ལ་བྱ་ཞིང༌། འདི་ལ་འཕགས་པ་ཐོགས་མེད་ཀྱི་བྱང་ས་ནས་བཤད་སྐབས། དགེ་སློང་གི་སྡོམ་པའི་ཚུལ་ཡོད་ན། བྱང་སེམས་དང༌། སྔགས་ཀྱི་སྡོམ་པའི་ཚུལ་ཁྲིམས་གཉིས་ཡོད་ལ། དེ་མེད་ན་དེ་གཉིས་མེད་པས་ཁྱབ་པ་ལྟ་བུར་གསུངས་པ་ནི་ཁྲིག་ཁྲིག་ཡིན། སོ་ཐར་གྱི་སྡོམ་པ་འདི་སྲེད་པའམ། འདོད་ཆགས་བཟློག་པའི་ཚུལ་ཁོ་ནར་གསུངས་པས། དེ་གཉིས་ལ་ཞེན་པས་འཁོར་བ་ལ་ཡིད་འབྱུང་མི་སྐྱེ། དེ་མ་སྐྱེས་ན་བྱང་སེམས་ཀྱི་ཚུལ་ཁྲིམས་མ་ནས་ཡོང་ས་མེད་པས། དེ་དག་ལ་དགོངས་ནས། འདུལ་བ་ནས། དགེ་སློང་ལ། ཐ་ན་རུང་ཆུ་ཡང་གྲང་མོ་མ་གཏཽགས། ཆུ་ཚ་མོ་དང༌། ཐབ་ཀ་ལ་བཀལ་ནས་རུང་ཆུ་འདེབས་པ་སོགས་བྱས་མི་ཆོག །མཚོན་ཆའི་རིགས་ནས་(༧༥ན)གྲི་གུག་སོར་བཞི་པའམ་སོར་དྲུག་པ་མ་གཏོགས་བཅང་མི་ཆོག་པ་དང༌། དེ་མིན་མཚོན་ཆའི་རིགས་རང་གི་ལག་ཏུ་བྱུང་ན། བཟང་ངན་ཇི་ལྟར་ཡིན་པ་ཕྲལ་དུ་བཅུག་ནས་དགེ་འདུན་གྱི་འདུ་ཁང་གི་ལྕགས་གཤན་སོགས་ལ་གཏོང་དགོས་པ་བདག་ཅག་གི་མཁན་པོ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར་ལྟར་དང༌། དགེ་ཚུལ་གཉིས་ཀས་ཆོས་ལྡན་གྱི་དགོས་པ་མེད་བཞིན་དུ་གསེར་དངུལ་ལ་རེག་མི་ཆོག་ཅིང༌། དགོས་དབང་གིས་རེག་དགོས་བྱུང་ན་བྱིན་རླབས་བྱེད་དགོས་པ་ལ། དེ་དག་བྱས་ན་ཕུགས་ཡུལ་བདེ་བར་མ་ཟད། ཕྲལ་གང་རང་ལ་ཁེ་ཆེ་བ། ཡེར་པར་ཇོ་བོ་ཡབ་སྲས་ལ་འབྲོམ་གྱིས་འབུལ་མོ་ཆེ་མཛད་སྐབས། ཀ་བ་ཤཱཀྱ་དབང་ཕྱུག་གིས་འདུལ་བའི་བཅས་མཚམས་ལ་དགོངས་ནས་ཕྲལ་དུ་གསེར་ཞོ་གང་མ་བཞེས་པར། དེ་མ་ཐག་གསེར་སྲང་གང་རེ་བས་སྣམ་ཕྲུག་གི་མཚམས་རྩེ་བྱུང་བའི་ལོ་རྒྱུས་དང༌། ཤར་པ་ཆོས་རྗེ་ནམ་མཁའ་བཟང་གིས་དཔོན་པོ་མི་དབང་ཕོ་ལྷ་བའི་བཞུགས་གྲལ་དུ་བླ་མ་བྱིངས་ཀྱི་ཁྲོད་ནས། དམ་པའི་ཆོས་འདུལ་བ་ནས་མ་གནང་ཞེས་ཆེ་གལ་མ་བཞེས་པར། ཕྱིས་ནམ་ཕེབས་ལ་གསོལ་ཞོ་རང་བཞེས་རྒྱུ་བྱུང་བའི་ལོ་རྒྱུས་དང༌། དེང་སང་འདུལ་བའི་བསྟན་པ་ཉམས་ཚབ་ཤིན་ཏུ་ཆེ་བའི་སྐབས་འདིར། འདི་འདྲའི་རིགས་ཤོད་དགོས་མང་དུ་ཡོད་ཀྱང་མི་ཚར་བས། ཐ་ན་གོང་དུ་བཤད་པའི་བཅས་པ་ལ། ལུང་རང་གི་མཇུག་ཏུ་རུང་ཐུན་སྦྱར་བ་ཞེས། དཔེར་ན་སྲིན་བལ་འབའ་ཞིག་ལས་བྱས་པའི་སྟན་བཀག་པ་ལ་ཡུལ་འགའ་ཞིག་ཏུ་སྲིན་བལ་འབོལ་ལ་བལ་དཀར་ནག་དཀོན་ན། དེ་རྐྱང་པ་ལ་སྟན་བྱས་ན་ཡུལ་དུས་དབང་གིས་སྤང་ལྟུང་ཡོད་ཚུལ་སོགས་ཚུལ་ཁྲིམས་ཀྱི་ནང་ནས་དགེ་སློང་གི་སྡོམ་པའི་ཚུལ་ཁྲིམས་འདི་གཞན་གང་དང་ཡང་མི་འདྲ་བ་འགངས་ཆེ་བས་དགེ་སློང་གི་སྡོམ་པའི་ཚུལ་ཁྲིམས་སོགས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་འདི་རང་ལ་གཅེས་སྤྲས་བྱེད་དགོས་ཚུལ་མང་དུ་གསུངས་སོ། །

དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་དགེ་བ་ཆོས་སྡུད་ཀྱི་ནང་དུ་འདུས་ལུགས་ལེགས་པར་ཤེས་ནས་བློ་ཡག་པོ་སྦྱོང་དགོས་པ་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། རྒྱས་པར་བྱེད་ན་བྱང་ས་ནས་བཤད་པ་ལྟར། ལམ་མ་ཞུགས་ནས་ས་བཅུ་པའི་བར་གྱི་སེམས་ཅན་རྣམས་ཆ་བཅུ་གཅིག་ཏུ་ཕྱེ་ནས། དེ་དག་གི་ཁམས་དང་བསམ་པ་དང་མོས་པ་དང་མཐུན་པའི་དོན་བྱེད་ལུགས་ཞལ་ལུང་སྐབས་ལྟར་དང༌། དེ་དག་ཕྱིན་ཅི་ལོག་ཏུ་སོང་ནས། སེམས་ཅན་དེ་ལ་དུག་གི་བྱིན་པ་ལྟ་བུར་ཉེས་པ་ཡོད་ལུགས་དང༌། འདི་འདྲ་བའི་སེམས་ཅན་གྱི་དོན་བྱེད་པ་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཐོབ་པ་དགོས་ཀྱང༌། དུས་དབང་གིས་ད་ལྟ་མངོན་ཤེས་ཐོབ་པ་དཀོན་པས། མངོན་ཤེས་མ་ཐོབ་ཀྱང་ཕྱོགས་འགྲོ་ཙམ་ཤེས་པའི་མན་ངག་འདུལ་བ་ནས་གསུངས་པ། སྐད་དང་དབང་པོ་ཞེས་སོགས་གསུངས་པ་ལྟར་ཞིབ་ཏུ་བརྟག་སྟེ། སྐད་ཀྱི་གདངས། བཞིན་གྱི་(༧༦ན)མདངས། ལུས་ཀྱི་ཀུན་སྤྱོད་སོགས་ལ་དཔག་ནས་ཧ་ལམ་ཤེས་ཡོང་བས་དེ་དང་བསྟུན་ནས་དོན་བྱ་དགོས་ལུགས། བྱིངས་ཞལ་ལུང་སྐབས་ལྟར་གསུངས། དེ་ནས་བཟོད་པ་ལ་གསུམ་ཡོད་པས། གནོད་བྱེད་ལ་ཇི་མི་སྙམ་པ་འདི་ལ། ལུས་ལ་དབྱུག་པ་བསྣུན་པ་ལྟ་བུའི་ཁོང་ཁྲོ་སྐྱེས་པ་ན། སྤྱོད་འཇུག་གི་རིགས་པའི་གནོད་བྱེད་མཐར་གཏུགས་ནས་གང་ཡིན་རྩད་བཅད་དེ། ལྟུང་བཤགས་དང་བརྒྱ་ཕྲག་བཅས་ཏེ་ཁོ་ལ་ཁྲོ་ལུགས་དང༌། གཞན་གྱི་རང་ལ་ལྐོག་ལབ་སོགས་མི་ཁ་མང་བས་ཁྲོས་ན། དེ་ལ་ཁྲོ་བ་དེ་སེལ་བའི་ཐབས་ནི། སྤྱོད་འཇུག་ལས། ས་སྟེང་འདི་དག་ཀོས་གཡོགས་ན། །དེའི་ཚེ་ཀོ་བས་ག་ལ་ལང༌། ཞེས་སོགས་གསུངས་པ་ལྟར། ཐམས་ཅད་ལ་ཁོང་ཁྲོ་མི་རིགས་པས་རང་སེམས་བཟོད་པས་འདུལ་དགོས་ལུགས་དང༌། འདི་འདྲ་བ་འདོད་རྒྱལ་གྱི་སྒྲའི་བརྗོད་ལུགས་ཡིན་པས། སྒྲ་ནི་བརྗོད་འདོད་པའི་རྗེས་སུ་ཞུགས་པས། ཕར་ཡང་རང་གི་ཉེ་དུ་ཐམས་ཅད་བསགས་ཏེ་ངན་སྨྲས་བྱས་ཀྱང་ཕ་རོལ་པོ་ལ་གནོད་རྒྱུ་གང་ཡང་མེད་པ་རྣམ་འགྲེལ་གྱི་རིགས་པ་སོགས་ཞལ་ལུང་སྐབས་ལྟར་གསུངས། གཉིས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། རང་རེ་ཚོ་དགོངས་བཅད་པ་དང༌། སྒོམ་རྒྱག་པ་དང༌། དཔེ་ཆ་འཛིན་སྐྱོར་དང༌། ཆོས་གྲྭ་འགྲིམ་པ་དང༌། ཕྱག་འཚལ་བ་སོགས་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་སྐབས། ལུས་དང་ཡན་ལག་ན་བ་དང༌། ཐང་ཆད་པ་དང༌། བཀྲེས་(༧༦བ)སྐོམ་སོགས་ཀྱི་སྡུག་བསྔལ་བྱུང་ཡང༌། །དེ་ལ་ཡིད་མི་བདེ་བ་གང་ཡང་མེད་པར་དང་བླངས་ཏེ། །བཀའ་གདམས་གོང་མའི་གསུང་སྒྲོས་ལྟར་རྐང་པ་ན་ན་སྐོར་བ་བསྐོར། སྐེད་པ་ན་ན་ཕྱག་འཚལ་ཞེས་པ་ལྟར། གཅེས་འཛིན་འགོང་པོ་ཁོ་ལ་གང་ངན་ངན་བྱས་ན། ཁོ་དབལ་ཞོམ་ནས་ཕན་རྒྱུ་ཡོད། དཔེར་ན་རྐང་ལག་ལ་རྨ་འབྲས་ལྟ་བུ་བྱུང་བའི་ཚེ། ང་ལས་སྡུག་པ་མེད་སྙམ་སྒུར་ནས་སྡད་ན། ཚོར་བ་ཡིད་མི་བདེ་ལྷག་པར་དེ་ལས་བརྒྱ་འགྱུར་གྱི་སྟོབས་ཆེ། དེ་བས་ད་བཟོད་བསམ་གཏོང་ལེན་བསྒོམ་པ་སོགས་བྱས་ནས། འདི་ང་ལ་བཀའ་དྲིན་ཆེ་ན་པོ་བྱུང་སྙམ་པ་བྱས་ན། ལས་དབང་གིས་བྱུང་བའི་སྡུག་བསྔལ་དངོས་གཞི་དེ་དེ་འདྲ་བས་བཟློག་མི་ཐུབ་ཀྱང༌། ཚོར་བ་ཡིད་མི་བདེ་ཁོ་ཞི་ནས་ཁོའི་དབལ་ཞོམ་ནས། དེ་ཙམ་གྱི་ཡིད་མི་བདེ་ཁོ་ཞི་ནས་ཁོའི་དབལ་ཞོམ་ནས། དེ་ཙམ་གྱི་བདེ་བ་མི་ཡོང་ཚུལ་དང༌། གསུམ་པ་ཆོས་ལ་ངེས་སེམས་སྐབས། །ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། །སངས་རྒྱས་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། སེམས་ཅན་ལས་ཀྱིས་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་སོགས་བསམ་ནས། འདི་ངས་ཤེས་རྒྱུ་དང༌། ཉམས་སུ་ལེན་ཐུབ་རྒྱུ་མ་རེད་སྙམ་པ་ཡིད་ཞུམ་བྱུང་ན་གོང་དུ་བཤད་པའི་ཞུམ་པ་སེལ་ལུགས་ཀྱི་སྐབས་ལྟར་དང༌། ལྷག་པར་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་གྱིས་ནམ་ཞིག་ན་འདི་ངས་ཤེས་པ་དང༌། ཉམས་སུ་ལེན་རྒྱུ་ཞིག་ཡོང་སྙམ་བློ་དཔའ་བསྐྱེད་དེ་ཆོས་ལ་ངེས་པར་(༧༧ན)སེམས་ཚུལ་དང༌། སྨོན་ལམ་ཡང་ཡང་འདེབས་པ་ལས་བསྐྱུར་ནས་འཇོག་མི་ཉན་པ་ཞལ་ལུང་སྐབས་ལྟར་གསུངས།

དེ་ནས་བཞི་བ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་གསུམ་ཡོད་པས། གོ་ཆའི་བརྩོན་འགྲུས་ནི་རྒྱས་པར་ཁ་སང་ཐུན་མོང་དང༌། ཐུན་མོང་མ་ཡིན་པས་གོ་དཀོན་ལུགས་སྐབས་སུ་བཤད་པ་ལྟར་དང༌། ལྷག་པར་འདི་ལ་བླ་མའི་མན་ངག་འདི་འདྲ་ཡོད། འདི་སྐབས་རང་གིས་རང་ལ་དུས་ཚོད་བགོས་ནས། ཐོ་རངས་ལངས་མ་ཐག་དེ་རིང་ངས་དགེ་སྦྱོར་འདི་འདྲ་བྱེད། ཐུན་འདི་ལ་འདི་བྱེད། ཐུན་མཚམས་འདི་ལ་འདི་བྱེད། དེ་ནས་སང༌། དེ་ནས་ཞག །ཟླ་བ། ལོགས་སུ་བཅད་ནས། གཞན་གྱི་དེ་སྐབས་རང་གྲོང་ཆོག་ཏུ་འབོད་པ་སོགས་བར་དུ་གཅོད་པ་བྱུང་ན། དེ་སྐབས་གོང་གི་བསམ་པ་དེ་རང་མུ་མཐུད་ནས་དགེ་སྦྱོར་ལ་ཉག་བསྐྱངས་ཏེ། བླ་མ་རིན་པོ་ཆེས་གསུང་བ་ལྟར། ཆབ་མདོ་བའི་སྐད་ཡིན་ནམ། རྩེ་དག་ཉག་གང་མི་གཏོང་གསུང་བ་དང༌། བླ་མ་དོན་ཡོད་མཁས་གྲུབ་ཀྱིས་ཕན་སྐད་དམ་པོ་གནང་ནས་དཀར་ན་ཞོ། དམར་ན་ཁྲག་ཞེས་པ་ལྟར་དགོས་ཚུལ། དེའི་གསུང་སྐད་ཇི་བཞིན་གོ་དཀའ་ལུགས་སོགས་ཀྱང་གསུང༌། དེ་ནས་དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སྒྱུར་ཁ་ཅུང་ཟད་མ་གཏོགས་གོང་གི་དེ་ཚོས་ཤེས་ཐུབ་པས་རྒྱས་པར་ཞུ་མི་དགོས་གསུང༌།

ལྔ་པ་བསམ་གཏན་གྱི་ཕར་ཕྱིན་དང༌། དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་གཉིས་སང་ལྟ་ཁྲིད་ཀྱི་སྐབས་སུ་རྒྱས་པར་ཞུས་ཆོག་པ་དང༌། (༧༧བ)དེ་ནས་བསྡུ་བའི་དངོས་པོ་བཞི་ལ་ངེས་པར་བསླབ་དགོས། དེ་ཡང་ཕྱིན་དྲུག་གི་ནང་དུ་ཚང་བར་འདུ་ཡང༌། འདིར་ཁྲིད་ཀྱི་སྐབས་ལོགས་སུ་བྱེད་དགོས། དེ་ཡང་བྱང་ཆུབ་སེམས་དཔའ་ཕྱིན་དྲུག་གིས་རང་རྒྱུད་སྨིན་ནས། དེ་ནས་སེམས་ཅན་གྱི་དོན་བྱ་ལུགས། ཤེས་པས་ཚུལ་ཡིན། དེ་ལ་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་བཞི་ཡོད་པ་ལས། དང་པོ་སྦྱིན་པ་ནི། ཆོས་སྒྲུབ་པའི་མཐུན་རྐྱེན་ཟས་གོས་གནས་མལ་སོགས་འབྱོར་དགོས་པ་ཡིན། སྙན་སྨྲ་ནི། དེ་ནས་ཕ་རོལ་པའི་ཁམས་དང༌། བསམ་པ་དང༌། མོས་པ་དང་བསྟུན་ནས། ཆོས་སྦྱིན་ཉོན་མོངས་ཅན་མིན་པར། །མདོ་སོགས་ཡང་དག་ཇི་བཞིན་བཤད། །ཞེས་གསུངས་པ་ལྟར་གདུལ་བྱ་ལ་འཆད་དགོས་པས་དོན་ཡིན། དོན་སྤྱོད་པ་ནི། དམིགས་པའི་ཡུལ་ཙམ་དུ་མ་སོང་བར་བློའི་ངོ་བོའམ། འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་ལག་ལེན་ལ་འདེབས་དགོས་པའི་དོན་ཡིན། བཞི་པ་དོན་མཐུན་པ་ནི། གཞན་ལ་དེ་ལྟར་བྱེད་དུ་འཇུག་པ་ལ། ཐོག་མར་རང་ཉིད་ཀྱིས་ཀྱང་དེ་དང་མཐུན་པ་ཞིག་ངེས་པར་བྱ་དགོས་པའི་དོན་ཡིན། དེ་ལྟ་བུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་དེ་ཐམས་ཅད་ཀྱང་གཏོང་གསུངས་ཀྱང་སྤེལ་བཞིའི་སྒོ་ནས་ཉམས་སུ་ལེན་དགོས་པ་བསླབ་བཏུས་ཀྱི་དགོངས་པ་བློ་སྦྱོང་འདི་གའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། དེ་ལ་དང་པོར་གཏོང་བ་ལ། ལུས་གཏོང་བ་དང༌། ལོངས་སྤྱོད་གཏོང་བ། དགེ་རྩ་གཏོང་བ་གསུམ། བསྲུང་བ་ལ་ལུས་བསྲུང་བ། ལོངས་སྤྱོད་བསྲུང་བ། དགེ་རྩ་བསྲུང་(༧༨ན)བ་གསུམ་སོགས་བཅུ་གཉིས་ཡོད། དང་པོ་ལུས་གཏོང་བ་ནི། ཁ་སང་གཏོང་ལེན་སྐབས་སུ་བཤད་པ་བཞིན། གང་གི་ལུས་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་ནས་སེམས་ཅན་ལ་གཏོང་བ་དང༌། ལོངས་སྤྱོད་གཏོང་བ་ལ་ཡང་དེ་སྐབས་བཤད་པ་ལྟར་དང༌། དགེ་རྩ་གཏོང་བའང་འདྲ། ལུས་བསྲུང་བ་ནི་ལུས་རྟེན་རྣམ་པར་དག་པ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པ་མི་ཐོབ་པའི་རྒྱུ། ལོངས་སྤྱོད་ཕུན་སུམ་ཚོགས་པ་མི་ཐོབ་པའི་རྒྱུ། མ་བྱིན་ལེན་སོགས་རང་ཡིན་པས། དེ་རྣམས་ངེས་པར་སྤངས་དགོས་ལུགས་དང༌། དགེ་རྩ་བསྲུང་བ་ནི་ཅུང་མི་འདྲ་བས། དགེ་རྩ་གང་བྱས་བསྔོ་བས་རྒྱས་བཏབ་ཏེ་བླ་མེད་རྫོགས་བྱང་གི་རྒྱུར་ཕྲལ་ལ་བསྔོས་ན་ཁོ་ལ་ཟད་རྒྱུ་མེད་པ་དང༌། དག་པ་ནི་ལུས་ཀྱི་གནས་ངན་ལེན་དང༌། ལོངས་སྤྱོད་ལ་སེར་སྣའི་ཀུན་འཛིན་དང༌། དགེ་བ་འཇོམས་བྱེད་ཀྱི་ཁོང་ཁྲོ་ལ་སོགས་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཏེ་རྣམ་པར་དག་པ་བྱེད་དགོས་པ་ཡིན། སྤེལ་བ་ནི། དེ་དག་གོང་ནས་གོང་དུ་འཕེལ་བའི་ཐབས་ཚོགས་བསག་སྒྲིབ་སྦྱོང་དང༌། བསྔོ་སྨོན་གྱི་རྒྱས་འདེབས་པ་སོགས་ཡིན་པས། དེ་དག་གིས་གཞན་རྣམས་ལ་ཡང་གོ་བར་བྱ་ཞིང༌། ལམ་གྱི་རྟོག་པ་བཟང་པོ་འདི་རྣམས་རང་རྒྱུད་ལ་སྐྱེ་ཕྱིར་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཡང་དང་ཡང་དུ་ཕུལ་ནས་སྨོན་ལམ་རྣམ་པར་དག་པ་འདེབས་དགོས་ལུགས་དང༌། དེ་ལྟ་བུའི་བློ་སྦྱོང་གི་གནད་འགག་རྒྱལ་སྲས་ཀྱི་སྤྱོད་པ་ནམ་མཁའ་ལྟ་བུ་ལ་སློབ་(༧༨བ)ཚུལ་སོགས་འདི་དག་བཤད་པའི་སྐབས་སུ། ད་འདི་ལྟ་བུ་སྨོན་ལམ་གྱི་ཡུལ་དང༌། སྐལ་བ་བཟང་བཟང་ལས། ཇི་བཞིན་གོ་བ་དང༌། ཉམས་སུ་ལེན་རྒྱུ་ཞིག་ཡོང་རྒྱུ་མིན་པ་འདྲ་སྙམ་པའི་ཡིད་དཔའ་ཞུམ་ན་མི་ཡོང༌། འདི་ལ་བྱམས་མགོན་བླ་མ་རིན་པོ་ཆེས་བཀའ་བཀྱོན་དང་བཅས་འདི་འདྲ་གསུངས། ངས་ལོ་དེ་ཙམ་གྱི་བར་དུ་བཤེས་གཉེན་དམ་པ་ཡུན་རིང་དུ་བསྟེན་ཏེ་དཀའ་སྤྱད་དུ་མས་སྒྲུབ་པས་ལམ་གྱི་གནད་འདི་འདྲ་བ་ཐམས་ཅད་ཁྱོད་ཚོས་དུས་གཅིག་ལ་ངེས་པ་ཡོངས་དོགས་མེད། བྱུང་ན་དགའ་རྟགས་ཡིན་དོགས་མེད་གསུང་བ་ལྟར། ཚང་མ་ཡན་ལག་དང་བཅས་པ་མ་ངེས་ཀྱང༌། །རྩ་བའི་ས་བཅད་རྣམས་བློ་ཡུལ་ནས་མ་ཤོར་བ་བྱས། བླ་མ་ལ་ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ་ཏེ་གསོལ་བ་བཏབ་སྟེ། ལན་ཅིག་མིན་པར་ཡང་རིམ་གྱིས་ཉན་ནས་ཞིབ་ཏུ་བཏང་སྟཻ་བློ་གོམས་སུ་བཅུག་ན། མཐར་ཐམས་ཅད་ལ་ངེས་ཤེས་དྲོངས་ནས་ཉམས་ལེན་དུ་འཁྱེར་ཤེས་པ་ཞིག་ངེས་པར་ཡོངས་ཚུལ་ཡང་ཡང་ཞིབ་ཏུ་གསུངས་སོ། །

དེ་ལྟ་བུའི་སེམས་བསྐྱེད་པའི་རིམ་པ་ལ་ནན་ཏན་སྙིང་པོར་བྱས་ནས་ཉམས་སུ་ལེན་དགོས་པ་ནི། བློ་སྦྱོང་སྙན་བརྒྱུད་ཆེན་མོ་འདིའི་ཉམས་ལེན་གྱི་གནད་མཐར་ཐུག་པ་ཡིན་པ་ནི། བཤེས་གཉེན་བསྟེན་ཚུལ་ནས་སངས་རྒྱས་ཀྱི་ས་ལ་མ་སླེབས་ཀྱི་བར་དང༌། སངས་རྒྱས་ནས་ཀྱང་ནམ་མཁའ་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་ཡང་སེམས་རིན་པོ་ཆེ་འདི་རང་གོང་འཕེལ་གྱི་ཐོག་ནས་བྱེད་དགོས་(༧༩ན)པས་ན། བྱམས་མགོན་གྱིས་དེ་ཡང་ས་གསེར་ཟླ་བ་མེ། གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་གཉིས་སུ་འདོད། །ཞེས་སེམས་རིན་པོ་ཆེ་དེ་ཚོགས་ལམ་ཆུང་ངུའི་གནས་སྐབས་སུ་ས་དང་དཔེ་མཚུངས་པ་ནས། སངས་རྒྱས་ཀྱི་ས་ལ་སྤྲིན་དང་དཔེ་མཚུངས་སྦྱར་ནས་བཤད་པ་དང༌། མདོ་སྡེ་རྒྱན་ལས། འདུན་དང་བསམ་གཏན་ཞེས་སོགས་གྲོགས་ཉེར་གཉིས་སྦྱར་ནས་གསུངས་པ་གཉིས། ལམ་ཉམས་ལེན་གྱི་དུས་སུ་གུང་བསྒྲིགས་ནས་ཉམས་སུ་ལེན་དགོས་ཚུལ་སོགས་ཞིབ་ཏུ་གསུངས་ནས་མཚམས་འདིར་གོང་དུ་བཤད་པའི་ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་པ་དང༌། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས་ཞེས་པའི་རྗེས་ཐོབ་ཀྱི་བྱ་བ་རྣམས་ལེན་དགོས་བྱུང་ཚེ་བླངས་ཆོག་པར་གསུངས། དེ་ཡན་ཆད་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་ཚུལ་རྒྱས་ཤིང་ཞིབ་པ། དོགས་པ་ཁོངས་ནས་བསུས་པ་དོགས་གཅོད། བགེགས་སེལ་བོགས་འདོན་ལུང་རིགས་དང་བཅས་པ་བླ་མའི་མན་ངག་གིས་བརྒྱན་ཏེ་རང་གི་ཕུང་པོར་གང་ཤར་ཚོད་ཡག་པོ་བྱས་ཏེ་ཕུལ་བ་ཡིན།

 

དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ།

 

དེ་ནས་གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཞེས་རྒྱུ་མིང་འབྲས་བུ་ལ་བཏགས་པ་དེ་ཉིད་ཉམས་སུ་ལེན་པར་བྱེད་པ་ལ་དེའི་རྩ་ཚིག་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །(༧༩བ)མ་སྐྱེས་རིག་པའི་གཤིས་ལ་སྤྱོད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག །ཞེས་པས་ཇོ་བོས་གསུངས་པ་འདི་རང་ཡིན། འདི་ཙམ་གྱིས་གང་ཡང་ཤེས་མི་ཐུབ། །འདི་ལ་རྗེ་རིན་པོ་ཆེའི་མན་ངག་གིས་རྒྱན་ནས་ཉམས་སུ་ལེན་པའི་སྐབས་སུ་ཐོག་མར་ཞི་གནས་བསྒྲུབ་སྟེ། དེ་ཐོག་ནས་ལྟ་བ་འཚོལ་དགོས་པས། དེ་གཉིས་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་གཉིས་སུ་རིམ་གྱིས་བསྡུས་ནས་གོ་རིམ་དུ། །གསུངས་པ་ཡང་དེ་ལྟར་ཡིན། ཐོག་མར་ཞི་གནས་བསྒོམ་པ་ལ་ཡང༌། དེའི་ཚོགས་དགོས་པ་ནི། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་འགས་འགྲུབ། །ཞེས་པ་འདིས་བསྟན་ཅིང༌། དེའི་དོན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རྣམ་པར་འཇོམ་པ་ལ། དང་པོར་ཞི་གནས་ཐོབ་དགོས་ཤིང༌། །ཞི་གནས་འགྲུབ་པ་ལ། ཞི་གནས་ཀྱི་ཚོགས་ལེགས་པར་བརྟེན་དགོས། དེ་དང་མི་ལྡན་ན་བསྐལ་པ་བརྒྱའི་བར་དུ་སྒྲུབ་ཀྱང་ཞི་གནས་མི་འགྲུབ་པ་ནི། ཇོ་བོས་ཞི་གནས་ཡན་ལག་རྣམས་ཉམས་པས། རབ་ཏུ་འབད་དེ་བསྒོམ་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་ཡིན། ཞི་གནས་ཀྱི་རྒྱུ་ཚོགས་དེ་ལ་མདོ་སྡེ་ལས་རྣམ་གྲངས་དུ་མ་ཞིག་གསུངས་པ་རྣམས། འཕགས་པ་ཐོགས་མེད་ཀྱིས་ཉན་པར་ཚོགས་བཅུ་གསུམ་དུ་བསྡུས་(༨༠ན)ནས་གསུངས་པ། མཁས་པའི་དབང་པོ་ཀ་མ་ལ་ཤྲཱི་ལས། དབུ་མའི་སྒོམ་རིམ་དུ་ཚོགས་དྲུག་ཏུ་བསྡུས་ནས་གསུངས་པ་བཞིན། རྗེ་རིན་པོ་ཆེ་ཡང་འདི་རང་ཙམ་གསུངས་ཚུལ་ཞིབ་པ་དང་དེ་ལྟ་བུའི་གཞི་གནས་ཀྱི་རྒྱུ་ཚོགས་དྲུག་པོ་དེ་གང་ཡིན་ན། མཐུན་པའི་ཡུལ་ན་གནས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང་བྱ་བ་ངན་པ་མང་པོ་སྤང་བ་དང༌། འདོད་པ་ལ་འདུན་པའི་ཆགས་པ་དང་བྲལ་དགོས་པ་དང་དྲུག་ཡིན། དང་པོ་མཐུན་པའི་ཡུལ་དེ་གང་ཡིན་ན། འདི་ལ་ཆོས་རྒྱུད་ཆུང་བ་འགའ་ཞིག་འདི་འདྲ་བསམ་ཡོང༌། ཆོས་ཟེར་བ་དེ་སེམས་རྒྱུད་ཀྱི་ཐོག་ཏུ་སྒྲུབ་པ་ལ་སྡོད་ས་ལ་ཁྱད་པར་གང་འདྲ་ཡོད། རི་ཁྲོད་པ་འདི་ཚོ་ཡང་བསོད་སྙོམས་ཀྱི་གཡེང་བ་ཆེ་འདི་འདུག་དེ་བས་རང་གི་ཡུལ། དེའི་ནང་ནས་ཀྱང་རང་གི་ཕ་མའི་ཁྱིམ་རང་དུ་བསྡད་ན། ལྟོ་གོས་ཀྱི་སེམས་ཕྲལ་གང་ཡང་མི་དགོས་པར་དགེ་སྦྱོར་བྱེད་པ་ལ་བདེ་འབོལ་ལེ་བ་ཞིག་ཡོང་སྙམ་པ་བྱེད་ཀྱང༌། དེ་འདྲ་མ་རེད། ཆོས་སྙིང་ནས་སྒྲུབ་པའི་མཐུན་ཡུལ་དེ་ལ་གནས་དབེན་པ་ཞིག་ངེས་པར་དགོས་པ་ནི། བྱམས་མགོན་གྱིས་བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་བ། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་བཞིན། གནས་དབེན་པ་ཞེས་པ་དེ་ཡང་བྱམས་མགོན་གྱི་གསུང་བཤད་མ་ཐག་པ་དེ་ལས་གཞན་དུ་གྱུར་པ། དཔེར་ན་བླ་མ་གོང་མའི་སྒྲུབ་(༨༠བ)ཁང་སོགས་ཕྱག་ཞབས་ཀྱི་རྗེ་ས་ཡོད་པ་དང། རང་བྱོན་མང་པོ་ཡོད་པ་དེ་འདྲ་ལ་མི་ཟེར། དེ་ཚོ་བྱིན་རླབས་ཆེ་མོད་ཀྱང༌། འདི་ནས་གསུངས་པའི་དབེན་པ་དེ་མདོ་སྡེ་རྒྱན་ལས་གསུངས་པ་ལྟར། གནས་དབེན་ཅིང༌། ཆོས་སྒྲུབ་པའི་མཐུན་རྐྱེན་ཟས་གོས་སྲོག་འཚོ་ཙམ་རྙེད་སླ་བ། ནད་མི་སྐྱེད་པའི་ས་ཆུ་འཕྲོད་པ། ཉིན་མོ་མི་དང་མི་མིན་གྱི་ཀླག་ཅོར་ཆུང་ཞིང༌། མཚན་མོ་ཆོམ་རྐུན་དང་གཅན་གཟན་སོགས་ཀྱིས་འགྲིམ་འགྲུལ་གནོད་འཚེ་མེད་པ་ཞིག་དགོས་པར་གསུངས། གནས་དེ་འདྲ་ཞིག་ལ་སྒྲུབ་པ་ཡུན་བསྲིངས་བྱས་ན་དགེ་སྦྱོར་འཕེལ་བས། ཤ་ར་བས། དབེན་པའི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱི་གནས་ན་ད་བཟོད་ཕས་བུ་གསོས་བྱ་བ་ཡོང་གསུང་བ་ལྟར་ངེས་པར་ཡོང་ཚུལ་དང༌། དེ་འདྲ་མ་བྱས་པར་རི་གདོང་དུ་ཁང་པ་ཞིག་བརྩིགས་དེར་ལམ་ཀ་རྒྱ་གྲམ་ཁ་སྐྱ་ཤར་བ་རེ་བྱས། དགོས་མེད་དུ་གྲོང་པའི་མི་ཐམས་ཅད་ཚོགས་ནས་ཡོང་བ་དེ་འདྲ་ལ་དགེ་སྦྱོར་རྣམ་དག་ཡོང་བའི་རེ་བ་བྱེད་རྒྱུ་མེད། སྒྲུབ་པ་བྱེད་དུས་ལྟོ་གོས་ཧ་ཅང་བཟང་གྲགས་པ་འདིས། ཉོན་མོངས་འཕེལ་བའི་གྲོགས་བྱས་ནས་ཆོས་འཕེལ་པོ་མི་ཡོང་བས་ཆོས་རྣམ་དག་བྱེད་པ་ལ། དང་པོ་དཀའ་སྤྱད་རེ་ངེས་པར་བྱེད་དགོས། ད་ང་ཡང་མི་རྒས་པོ་འཆི་ལ་ཁད་ལ་སླེབས་པས། བླ་མའི་མན་ངག་གི་གནད་འདི་ཚོ་ལ་རེ་ཆེན་པོ་ཡོད་པས་ཡག་པོ་བྱས་ཏེ་ཤོད་དགོས། འདུལ་བ་ལུང་ནས་གསུངས་པའི་དུས་ཚིགས་ཀྱི་སྐབས་སུ། ང་རང་ཚོ་མར་ངོ་སྔོན་འགྲོ་བྱེད་དགོས། མར་ངོ་(༨༡ན)སྔོན་འགྲོ་བྱེད་ལུགས་ནི་སྨིན་དྲུག་ཟླ་བའམ་ཧོར་ཟླ་བཅུ་པ། དེའི་ཚེས་བཅུ་དྲུག་ནས་ལོ་མགོ་དང༌། ཚེས་མགོ་གཉིས་ཀ་བཟུང་བའི་མགོ་ཟླ་བའམ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཟླ་བ་ཉ་གང་བའི་སྐབས་ཟླ་བ་དེའི་འཇུག་རྫོགས་པར་འཇོག་ཚུལ་བཅས་ཞིབ་ཏུ་གསུངས་ནས། དཔེ་དེ་བཞིན་དུ། རང་རེ་རྒྱལ་བའི་བསྟན་པ་ལ་རབ་ཏུ་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་བྱེད་པ་རྣམས་ཀྱང༌། དང་པོར་སློབ་གཉེར་དང་བསྒོམ་བྱེད་དུས་སོགས་ལྟོ་གོས་ཀྱི་ཉམས་ཐག་པས་སྐྱ་སེང་སེང་བ། ཁ་སྟབས་གང་ཡང་མེད་པས་མི་གྲལ་ནས་བུད་པ་ལྟ་བུ་ཡོང་བ་ནི་གནམ་གང་གི་ཟླ་བ་མི་མངོན་པ་དང་འདྲ་ལ་དེ་ནས་ཐོས་བསམ་སྒོམ་གསུམ་ལ་ཧུར་བསྐྱེད་བྱས་པས། ཚེས་གཅིག་ལྟ་བུ་ནས་ཟླ་བ་གོང་དུ་འཕེལ་འགྲོ་བ་བཞིན་ཡོན་ཏན་གོང་འཕེལ་དུ་སོང་ནས། བཅོ་ལྔ་ལ་ཟླ་བ་ཉ་གང་བ་ལྟར་རང་རྒྱུད་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་ཏེ་ཉ་གང་བས་མཐུས་འཇིག་རྟེན་ལྷ་དང་བཅས་པའི་མཆོད་གནས་སུ་འགྲོ་ཚུལ་གྱི་དཔེ་དོན་རྣམས་རྒྱུད་ཐོག་ཏུ་ཕྲོད་ངེས་པའི་ཞིབ་ཆ་དང༌། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང༌། རང་ཅག་རྗེས་འཇུག་རྣམས་ལ། ཆོས་རྣམ་དག་བྱེད་པ་ལ་དང་པོར་ལྟོ་གོས་ལ་གྱོང་བཏང་སྟེ་དཀའ་སྤྱད་སྡུག་རྒུར་བྱེད་དགོས་སོ་ཞེས་པའི་བརྡར་ཆུ་བོ་ནཻ་ར་ཛའི་འགྲམ་དུ་ལོ་དྲུག་གི་བར་དཀའ་ཐུབ་འབའ་ཞིག་མཛད་དེ་དཀའ་བ་སྤྱད་ལུགས་དང༌། དེ་ལ་སྡུག་རུས་བྱས་ན་དེའི་མཐར་ཡོན་ཏན་གྱི་རྒྱས་པར་འགྱུར་རོ་(༨༡བ)ཞེས་པའི་བརྡར། གྲོང་པའི་བུ་མོ་ལེགས་སྐྱེས་མ་ལས། བ་མཆོག་སྟོང་གི་འོ་མ་བཞེས་ཏེ་སྐུ་ལུས་རྒྱས་སྟེ་གསེར་མདོག་ལང་ཚོ་དར་བའི་ཚུལ་བཞེས་པ་དང༌། ཡོན་ཏན་ཡོངས་སུ་རྫོགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམ་ཡག་པོ་བྱེད་དགོས་ཞེས་པའི་བརྡར། རྡོ་རྗེའི་གདན་དུ་རྩ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱི་ཕུལ་བའི་རྩ་ཟོར་བའི་ཆུན་པོའི་སྟན་དུ་མི་གཡོའི་དམ་བཅའ་མཛད་པ་དང༌། རྟོགས་པ་བཟང་པོ་རྒྱུད་ལ་སྐྱེ་ཁར་བདུད་རིགས་ཀྱིས་བར་གཅོད་ཆེན་པོ་འབྱུང་ངོ་ཞེས་པའི་བརྡར་བདུད་བཏུལ་བའི་མཛད་པ་བསྟན་པའི་ཚུལ་དང༌། དེའི་དབང་དུ་མ་བཏང་བར་བླ་མ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་སྟེ་རྩེ་གཅིག་ཏུ་སྒྲུབ་པ་དང་སློབ་གཉེར་སོགས་བྱས་ན་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པའི་བརྡར། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པ་སོགས་ཐམས་ཅད་རང་ཅག་རྗེས་འཇུག་རྣམས་ལ་ཆོས་རྣམ་དག་བྱེད་ན་འདི་འདྲ་གྱིས་ཞེས་བསླབ་བྱ་མཛད་པ་བླ་མའི་མན་ངག་ཡིན་ཚུལ་དང༌། རྗེ་བདག་ཉིད་ཆེན་པོའི་འཁོར་དག་པ་རྣམ་བརྒྱད་དང་བཅས་པས་ཀྱང༌། འོལ་ཁར་ཟླ་བ་མང་པོའི་བར་མི་ཟས་ལ་མ་བརྟེན་པར་ཤུག་པའི་འབྲུ་གུ་ཆང་གིས་མ་སྦོལ་བར། ཆུ་གཙང་མས་སྦོལ་ཏེ་བཅུད་ལེན་གྱི་རིལ་བུ་གསུམ་ཅུ་རེ་ཉིན་ལྟར་བཞེས་སྟེ་ཐུན་བཞིའི་རྣལ་འབྱོར་ཆག་མེད་མཛད་པའི། ཐུན་དངོས་གཞི་ལ་བརྒྱ་ཕྲག་དང་འབྲེལ་བའི་ལྟུང་བཤགས་(༨༢ན)ཚར་སུམ་ཅུ་སོ་ལྔ་རེ་དང༌། ཐུན་མཚམས་སུ་ཤིང་རྟ་ཆེན་པོའི་གཞུང་དོན་ལ་ཞིབ་ཏུ་སྤྱད་དེ་དཀའ་སྤྱད་སྙིང་རུས་མཛད་པས་མཐར་རྟེན་འབྱུང་ཟབ་མོ་དབུ་མའི་ལྟ་བ་སོགས་ལུང་རྟོག་ཡོན་ཏན་གྱི་ཀློང་རྡོལ་ནས་ད་ལྟའི་བར་དུ། ས་གསུམ་སྐྱེ་དགུའི་གཉེན་ལ་ཞེས་པ་ལྟར་བྱུང་ཚུལ་ཞིབ་པར་སྩལ། ཚོགས་གཉིས་པ། ཚུལ་ཁྲིམས་རྣམ་པར་དག་པ་འདི་ཞི་གནས་ཀྱི་ཉེར་ལེན་གྱི་རྒྱུ་མེད་དུ་མི་རུང་བ་ཡིན། གཞན་རྣམས་ལྷན་ཅིག་བྱེད་རྐྱེན་ཡིན། དེའི་རྒྱུ་མཚན་ཞི་གནས་ཟེར་བ་ནི་དྲན་པ་སྒྲུབ་པ་ཞེས་མི་གཡེང་བའི་དོན་ཡིན་པས། ཚུལ་ཁྲིམས་རྣམ་པར་དག་ན། ཟས་གོས་གནས་མལ་འགྲོ་འཆག་ཉལ་འདུག་སོགས་གང་གི་ཚེ་ཡང་དྲན་པས་ཐུན་རེ་བཟུང་ནས་སྡོད་པ་མ་གཏོགས། དྲན་པ་གཡེངས་པས་སྤྱོད་ལམ་འཇུག་པ་མེད་པ་སོགས་རྒྱས་པར་གསུངས་ནས། དེའི་གནད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་ཡོད་ན། དེ་སྟེང་ནས་ཞི་གནས་རང་ཤུགས་ལ་འགྲུབ་ཡོང་བ་ཡིན། ཚུལ་ཁྲིམས་རྣམ་པར་དག་པ་ཡོད་ན་འདོད་པ་ཆུང་བ་དང་ཆོག་ཤེས་པ་གཉིས་ཀྱང་ཞར་ལ་ཡོང༌། དེ་མིན་པར་འདོད་པ་ཆེན་པོ་བྱས་ནས། ད་ལོའི་རིང་ལྟོ་གོས་འདིས་ཆོག་ཀྱང་ད་བཟོད་འདི་དགོས་སང་ཕོད་འདི་དགོས་སྙམ་སྦྱིན་བདག་ལ་ཆོས་གོས་ཐང་ཤམ་རྩམ་པ་སོགས་ཀྱིས་རེ་བས་ངོས་འཛིན།ཐ་ན་བཙུན་མ་ཚུན་ནས་ཀྱང་གོས་ལྷོག་ཞིག་ཨེ་ཡོང་སྙམ་པ་བྱས་ན་སེམས་ཀྱི་གནས་རྒྱུ་ག་ལ་ཡོང༌། ཆོག་(༨༢བ)ཤེས་ནི་དེའི་ཟློག་ཕྱོགས་ནས་གོ་ནུས། བྱ་བ་མང་པོ་ལ་མི་བརྩོན་པ་ནི། ཚོང་དང་བུན་སྐྱེད་སོ་ནམ། སྨན་དཔྱད་རྩིས་དཀར་ནག་སོགས་གཡེང་བའི་རྒྱུ་བྱ་བ་མང་པོ་ལ་བརྩོན་ན་ཞི་གནས་ཞེས་སེམས་རྩེ་གཅིག་པ་ལྷན་ནེར་སྡོད་དགོས་པ་ལ་དེ་འདྲ་ག་ལ་ཡོང༌། ལྷག་པར་ཞེ་ཐག་པ་ནས་ཞི་གནས་སྒྲུབ་པའི་སྐབས་སྨན་དཔྱད་དང་རྩིས་དཀར་ནག་སོགས་ཀྱང་ངེས་པར་སྤང་དགོས་གསུངས། འདོད་པ་ལ་འདུན་པའི་འདོད་ཆགས་དང་བྲལ་དགོས་པ་ནི། ཚེ་འདིའི་སྣང་ཤས་དང༌། འདོད་ཡོན་ལ་ཆགས་པས་འདོད་པ་ལ་སྡུག་བསྔལ་བའི་རང་བཞིན་གྱི་རགས་པ་དང༌། ཁམས་གོང་མ་ལ་ཞི་མ་སྐྱེ། དེ་མ་སྐྱེས་ན་ཞི་གནས་ཟེར་བ་ཁོ་གོང་མའི་ས་བསྡུས་ཡིན་པས་སྐྱེ་ཐབས་མེད་པས། དེ་དག་ལ་ཆགས་པ་སྤོང་དགོས་ལུགས་ཞིབ་པར་གསུངས། དེ་ནས་དངོས་གཞི་ཞི་གནས་སྒྲུབ་པ་ལ་ཐུན་དངོས་དང༌། ཐུན་མཚམས། ཐུན་དངོས་གཞི་ལ་སྦྱོར་དངོས་རྗེས་གསུམ། སྦྱོར་བ་ལ་སྦྱོར་བའི་ཆོས་དྲུག །དངོས་གཞི་ནི་སྤྱི་བོར་ཐུགས་རྗེ་ཆེན་པོ་སྒོམ་བཞིན་པ་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་པའི་མུ་ནས། ཐོག་མར་དམིགས་རྟེན་འཚོལ་དགོས། སྤྱིར་ཞི་གནས་ཀྱི་དམིགས་པ་ལ་ཤིང་རྟ་ཆེན་པོའི་གཞུང་ནས་བཤད་པའི་ཁྱབ་པའི་དམིགས་པ། ཉོན་མོངས་རྣམ་སྦྱོང་གི་དམིགས་པ། སྤྱོད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ་དང་བཞི་ཡོད། ཁྱབ་པའི་དམིགས་པ་ལ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་(༨༣ན)བརྙན་དང༌། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པ་དང་ཞེས་པ་བཞི་ཡོད་པས། རྣམ་པར་རྟོག་པ་དང་བཅས་པས་ཞེས་པ་ནི་ལྷག་མཐོང་གི་དམིགས་པ་དང༌། རྣམ་པར་རྟོག་པ་མེད་པ་ཞེས་པ་ནི་ཞི་གནས་ཀྱི་དམིགས་པ་དང༌། གཟུགས་བརྙན་ནི་དམིགས་པ་དེ་དང་དེའི་དོན་སྤྱི་མིང་ཡིན་ཚུལ་དང༌། དངོས་པོའི་མཐའ་ནི། ཡང་ན་ཀུན་རྫོབ་ཀྱི་དངོས་པོ་དང༌། ཡང་ན་དོན་དམ་གྱི་དངོས་པོ་གཉིས་གང་རིགས་སུ་འདུ་བ་དང༌། དགོས་པ་ཡོངས་སུ་གྲུབ་པ་ནི། དེ་གཉིས་སོ་སོར་རྟོགས་པ་དང༌། ཉོན་མོངས་རྣམ་སྦྱོང་གི་དམིགས་པ་ནི། ས་གོང་འོག་ལ་ཞི་རགས་སུ་བལྟས་ནས་འཇོག་ལུགས་དང༌། སྤྱོད་པ་རྣམ་སྦྱོང་ནི། ཞི་གནས་ཀྱི་དམིགས་པ་གང་དང་གང་ལ་བྱེད་རང་རྒྱུད་ལ་བརྟག་ན་ཤེས་ཐུབ་པ་རེད། དཔེར་ན་མིའི་རིགས་འདི་ལ། འགྲོ་བ་རིགས་དྲུག་ཀ་ནས་འཕོས་པ་ཡོད་པས། གང་ནས་འཕོས་ཁོ་ཚོ་ལ་བལྟས་ན་ཤེས་པ་ཡོད་རྒྱུ་རེད། མི་འགའ་ཞིག་རང་གཤིས་ཀྱི་ཕྱག་བདར་སོགས་གཙང་སྦྲ་དང༌། གནས་ཁང་པ་སོགས་མཐོ་ས་དང༌། དྲི་བཟང་པོ་དང༌། མེ་ཏོག་འདོད་པས་མགོ་ལུས་ལ་འདོགས་པ་སོགས་འདུག་ན་མི་དེ་ཚེ་སྔོན་མ་ལྷ་ནས་འཕོས་པའི་རྟགས་རེད། ཡང་འགའ་ཞིག་གནས་འོག་ཁང་དུ་སྡོད་ཅིང༌། གཙང་སྦྲ་ཆུང་བ་དང༌། ལྟོ་གོས་བཟང་ངན་མེད་པ་སོགས་ནི། མི་དེ་ཚེ་སྔོན་མ་དུད་འགྲོ་ནས་འཕོས་པས་རྟགས་ཡིན་པ་སོགས་འདི་དག་དྲན་པ་ཉེར་བཞག་ན་གསལ་(༨༣བ)བར་ཡོད། སྐབས་འདིར་དགོས་རྒྱུ་རང་དེ་ཉོན་མོངས་པ་དུག་གསུམ་ཤས་གང་ཆེ་བརྟག་ནས། རེ་ཤིག་དེ་རང་གི་གཉེན་པོ་བསྟེན་དགོས། དེ་མ་བྱས་ན་ཞི་གནས་མཚན་ཉིད་ཚང་བ་སྐྱེ་མི་ཐུབ་དེ་རང་རྒྱུད་ལ་གང་ཤས་ཆེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་ཤེས་སླ། ཡུལ་གཟུགས་མཛེས་པ་སོགས་ཟག་བཅས་ཀྱི་དངོས་པོ་ལ་ཡིད་དུ་འོང་བས་འདོད་ཆགས་ཤས་ཆེ་བ་འདུག་ན། དེའི་གཉེན་པོར་མི་སྡུག་པ་བསྒོམ་ནས་ཁོའི་དབལ་གཞོམ་དགོས། མི་སྡུག་པ་སྒོམ་ཚུལ་རྒྱས་པ། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་དང༌། དེའི་འགྲེལ་པ་རྒྱལ་སྲས་མ་དང༌། རྣམ་བཤད་རིག་པ་སོགས་ལས་དེ་དག་རྒྱས་པ་རྒྱ་ཆེ་མུ་མེད་ཞིབ་ཏུ་གསུངས་ཡོད། ཡང་འགའ་ཞིག་ཁོང་ཁྲོ་ཆེན་པོ་ཞེ་སྡང་ཤས་ཆེ་ནས། ཐམས་ཅད་ལ་སྤུ་སུད་རང་བྱས་ཏེ་ཁོང་ཁྲོ་ན་དེའི་གཉེན་པོར་བྱམས་པ། འགའ་ཞིག་ལུས་དང་ལོངས་སྤྱོད། ཡོན་ཏན་རིགས་རུས་སོགས་ཀྱི་ང་རྒྱལ་ཆེ་བ་ཡོང༌། ང་རྒྱལ་ཞེས་པ་ནི་སེམས་མཐོ་བའི་རྣམ་པ་ཅན་ཞིག་ཡིན་པས། རང་ལ་གཟུགས་བཟང་བ་ཞིག་ཡོད་ཀྱང་ང་རྒྱལ་བསྐྱེད། ཤེད་ཆེ་བ་ཞིག་ཡོད་ཀྱང་ང་རྒྱལ་སྐྱེ། དེའི་ནང་ནས་དམན་པའི་ང་རྒྱལ་ཅེས་རང་ལ་གང་ཡང་མེད་ཀྱང་ཁོ་ལ་དེ་ཡོད་ཀྱང་ཁྱད་མི་འདུག་ཁོ་རང་གི་རེད་སྙམ་པ་འདི་རང་སྡུག་པས་དེའི་གཉེན་པོར་མིག་སོགས་ཁམས་བཅོ་བརྒྱད་ལ་དམིགས་ཏེ། དེ་རྣམས་དམིགས་པས་སོ་སོར་བྱས་པ་ནས། ང་རྒྱལ་ཁམས་དེ་རྣམས་འདུས་པའི་གོང་བུ་(༨༤ན)ལ་བརྟེན་ནས་ང་རྒྱལ་བས། དེ་དག་སོ་སོར་ཆ་ཤས་སུ་དབྱེ་ན་ཁོ་སྡོད་ཚུགས་ཤོར་ནས་ཞིག་འགྲོ་ལུགས་ཞལ་ལུང་སྐབས་ལྟར་དང༌། ཡང་རྣམ་རྟོག་ཆེས་ན། དེའི་གཉེན་པོར་དབུགས་འགྲོ་འོང་ལ་དམིགས་དགོས་ལུགས་དང༌། དམིགས་པ་གཞན་རྣམས་ཕྱི་རོལ་པ་སོགས་ཐམས་ཅད་ལ་ཡོད་ཀྱང༌། འདི་ཐུན་མོང་མིན་པ་ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་པ་མཛོད་རང་འགྲེལ་དང་འགྲེལ་པ་རྒྱལ་སྲས་མ་ལས་གསུངས་ཚུལ་དང༌། སྔགས་ཀྱི་སྐབས་ཀྱང་རླུང་འགྲོ་འོང་ལ་དམིགས་པ་འདི་རང་གལ་ཆེ་ལུགས་དང༌། ཡང་འགའ་ཞིག་གླེན་ཞིང་གཏི་ཐུག་པ་དང༌། རྒྱུ་མཚན་གང་ཡང་མེད་པར་ཁ་ཁྲད་ཁྲད་མིག་ཚུམ་ཚུམ་བྱེད་པ་སོགས་འདུག་ན་གཏི་མུག་ཤས་ཆེ་བའི་རྟགས་ཡིན་པས། དེའི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཟབ་མོ་སྟོང་པ་ཉིད་ཀྱི་ཤེས་རབ་ལ་རེ་ཞིག་བསླབ་ནས། དེ་ནས་དམིགས་རྟེན་གང་བྱུང་ལ་བྱས་ཆོག་ལུགས་དང༌། ཞི་གནས་དངོས་གཞི་བསྒོམ་དུས། དེའི་གེགས་ཉེས་པ་ལྔ་སྤངས་ནས། འདུ་བྱེད་བརྒྱད་བརྟེན་ལུགས་དང༌། བྱིང་རྒོད་གཉིས་ཀྱི་དབྱེ་བ། བྱིང་བ་ལ་དགེ་བས་ཁྱབ་པ་དང༌། རྨུགས་པ་ནི་མི་དགེ་བའི་ཆར་གཏོགས་ཡིན་པས་དེ་གཉིས་ངོས་འཛིན་མི་འཕྱུག་པ་དགོས་ལུགས་དང༌། གཉིད་སྤྱིར་ལུང་མ་བསྟན་ལ། དེ་ལ་དགེ་བ་དང་མི་དགེ་བ་ཡང་འབྱུང་ཚུལ་དང༌། གཉིད་དང་འགྱོད་པ་དང་རྟོགས་དཔྱོད་བཅས་ལ་གཞན་འགྱུར་ཞེས་པ་ནི། དེའི་ངོ་བོ་གཞན་དུ་འགྱུར་རྒྱུ་(༨༤བ)ཡོད་པས་ན་གཞན་འགྱུར་གྱི་དོན་དང༌། ཁྲོ་བ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་ལུགས་དང༌། དྲན་ཤེས་གཉིས་ཀྱི་ངོ་བོ་དང༌། མཚན་ཉིད་སོགས་ཞལ་ལུང་སྐབས་ལྟར་ཕེབས་བྱུང་བ་ཞལ་ལུང་ཟིན་བྲིས་ན་བཀོད་ཡོད་ཅིང༌། ཤེས་བཞིན་དྲན་བཞིན་པའི་འབྲས་བུ་ཟུར་གྱི་ལྟ་བ་ལྟ་བུ་ཡིན་པ་དང༌། སེམས་ཅན་གྱི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པར་རིགས་མཐུན་རྫས་ཐ་དད་པ་གཉིས་གཅིག་ཅར་དུ་སྐྱེ་བ་མི་སྲིད་ཀྱང༌། ངོ་བོ་གཅིག་པ་དུ་མ་གཅིག་ཆར་དུ་སྐྱེ་བ་ནི། དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་ལ་བྱེད་པ་སྟེ། ཀུན་འགྲོ་ལྔ། ཡིད་ཀྱི་རྣམ་ཤེས་དེ་དང་དུས་མཉམ་པས་ངོ་བོ་གཅིག་ཏུ་སྐྱེ་བ་ནས། གཙོ་སེམས་དེའི་བྱ་བ་བྱེད་པ་ནི། དེའི་འཁོར་གྱི་ཚོར་བ་དེས། གཙོ་སེམས་དེའི་ཡུལ་གང་ཡིན་མྱོང་བར་བྱེད། འདུ་ཤེས་དེས་འདིའོ་ཞེས་ཡུལ་གྱི་སྤུ་རིས་འབྱེད། སེམས་པ་དེས་རྣམ་ཤེས་དེ་སྡོད་མི་གཅུག་པར་ཡུལ་ལ་གཡོ་བར་བྱེད། རེག་པ་དེས་རྣམ་ཤེས་དེས་གང་མྱོང་བ་དེའི་རྟེན་བྱེད། ཡིད་ལ་བྱེད་པ་ནི་རྣམ་ཤེས་དེའི་དམིགས་པ་གང་ཡིན་པ་དེ་རྩེ་གཅིག་ཏུ་འཛིན་པ་ཡིན། འདིར་སྐབས་སུ་བབས་པའི་དམིགས་རྟེན་ནི་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ནས་བསྒོམ་དགོས་པར། བློ་སྦྱོང་འདི་རང་གི་རྩ་བར། ཏིང་ངེ་འཛིན་རྒྱལ་བོའི་མདོ་ཁུངས་སུ་དྲངས་ནས་གསུངས་པས། དེ་ལྟར་བྱས་ནས་གལ་གནད་ཆེན་པོ་ཡོད་ལུགས་བཅས་ཞིབ་ཏུ་བདེ་ལམ་སྐབས་ལྟར་(༨༥ན)གསུངས་ཤིང༌། དེ་ལ་ཡང་སྦྱོར་བའི་ཆོས་དྲུག་ནས་གསོལ་འདེབས་བར་སྔོན་དུ་བཏང་ནས། དེ་ནས་བླ་མ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་བཞིན་པའི་མུར་བླ་མའི་ཐུགས་ཀ་ནས་སྟོན་པའི་སྐུ་གང་ཆུང་ཆུང་དགོས་པར། ཆུང་བ་ཡུངས་འབྲུ་ཙམ་ནས། ཆེ་བ་སོར་བཞི་མན་བྲིས་འབུར་གང་རུང༌། དེ་ཡང་བྲིས་སྐུ་དང་ལུགས་མ་ལྟ་བུའི་རྣམ་པ་མ་ཡིན་པར་སྟོན་པ་མངོན་སུམ་དུ་བཞུགས་པའི་རྣམ་པ་ལ་ཞལ་འཛུམ་བག་དང་ལྡན་པ། གསུང་དབྱངས་ལྷང་ལྷང་བ་འཇའ་འོད་དང་བཅས་པ་རང་གི་ལྟེ་བའི་ཐད་ཙམ་དུ་བསྒོམ་དགོས་པ་སོགས་ཞལ་ལུང་སྐབས་ལྟར་གསུངས། སེམས་དམིགས་པ་ལ་བཏགས་སོ་སྙམ་དུ་བྱེད་དགོས་པར་གསུངས་པ་ལྟར། སྐུ་དེའི་འོལ་སྤྱི་ཙམ་ཤར་ན་ནི་དམིགས་རྟེན་རྙིང་པའི་ཚད་དུ་འཛིན་པ་སོགས་ཞིབ་ཆ་བདེ་ལམ་ཟིན་བྲིས་ན་ཡོད། དེ་ནས་དམིགས་པ་དངོས་ལ་འཇུག་ཚུལ་རྒྱས་པ་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་ལུགས་བཅས་དབུས་མཐའ་རྣམ་འབྱེད་ལས་རྩལ་དུ་སྟོན་ནས་བཤད་ཅིང༌། མདོ་སྡེ་རྒྱན་ནས་གསུངས་པའི་སེམས་གནས་བའི་ཐབས་དགུ །སྟོབས་དྲུག་ཡིད་བྱེད་བཞིའི་འགྲོ་ལུགས་ཧ་ལམ་ཞལ་ལུང་སྐབས་ལྟར་དང༌། དང་པོ་ནང་ཉིད་དུ་འཇོག་པའི་སེམས་དེ། ཐོས་པའི་སྟོབས་ལས་བྱུང་བའི་དམིགས་སྐོར་གང་ཡིན་རང་ཤེས་མི་བྱེད་པར། ལམ་རིམ་སོགས་ནས་གསུངས་པ་ལྟར་དང༌། དམིགས་པའི་ཚད་དབྱིབས་ཁ་དོག་གོ་རིམ་སོགས་ལ་(༨༥བ)ངེས་པ་བཞི་དང་བྲལ་དགོས་པ་བླ་མས་ཇི་ལྟར་བསླབས་པ་ལྟར་དགོས་ལུགས་དང༌། གཉིས་པ་རྒྱུན་དུ་འཇོག་པའི་སེམས་གནས་དེ་བསམ་པའི་སྟོབས་ལས་འབྱུང་བས། བླ་མ་ལས་ཇི་ལྟར་ཐོས་པའི་དོན་ལ་ཞིབ་ཏུ་བསམ་ནས་འཇུག་པ་དང༌། དེ་ནས་གཉིས་དྲན་པའི་སྟོབས་ལས་བྱུང༌། དེ་ནས་གཉིས་ཤེས་བཞིན་གྱི་སྟོབས་ལས་བྱུང༌། དེ་ནས་གཉིས་བརྩོན་འགྲུས་ཀྱི་སྟོབས་ལས་བྱུང༌། སེམས་གནས་དགུ་པས་སྟོབས་ལས་བྱུང་ཚུལ་སོགས་ལ་མན་ངག་གི་གསུང་བཤད་མང་དུ་བྱུང་ཡང་ཐམས་ཅད་འབྲིར་མ་ནུས་ལ། ཡིད་བྱེད་བཞིའི་ནང་ནས་དང་པོ་གཉིས། བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང༌། བར་མ་ལྔ་སྐབས་སུ་འཆད་པ་འཇུག་པའི་ཡིད་བྱེད་དང༌། བརྒྱད་པ་སྐབས་སུ་འཆད་པ་མེད་པའི་ཡིད་བྱེད་དང༌། དགུ་པ་ལྷུན་གྱིས་གྲུབ་པའི་ཡིད་བྱེད་དུ་འགོག་ཅིང༌། དམིགས་པ་དེ་དག་ལ་སེམས་འཇོག་པའི་ཚེ་ཡང༌། ཨུ་བཙུགས་མི་བྱེད་པར་བླ་མ་གྲུབ་པའི་དབང་ཕྱུག་གི་གསུང་བ་ལྟར། སེམས་དམིགས་རྟེན་ལ་ཁྱིམ་ཙམ་རེ་བཞག་ནས་དགའ་མོ་ཡོང་གྲབས་བྱུང་ན་དེའི་མུ་ན་བཞག་པའི་དགེ་སྦྱོར་དང་དགའ་དགྱེས་བྱེད་དགོས་ལུགས་དང༌། དེ་ནས་རིམ་གྱི་འདྲིས་ནས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བ་སོགས་བྱུང་ན་དེ་ནས་ཇི་ཙམ་གྱི་རྒྱུན་བཞག་ཀྱང་སྐྱོན་མེད་པར་གསུངས་དེ་ཡང་རང་གི་སྣང་ངོ་ལ་ཡུན་འགའ་མ་སོང་ཡང་ཉི་ཚོད་སོགས་རིམ་གྱི་སོང་འདུག་ན་དམིགས་པ་གཏན་དུ་སོང་བ་ཡིན། དེ་མིན་རང་གི་རྒྱུན་(༨༦ན)རིང་པོ་ཞིག་སོང་སྙམ་ཡང༌། ཉི་མ་དང་སྤོས་ཚད་སོགས་ལ་བལྟས་པས་གང་ཡང་མ་སོང་བར་སྡད་འདུག་ན། ལོ་གསུམ་ཕྱོགས་གསུམ་གཏོང་མཁན་གྱི་མཚམས་པ་ཞིག་ཞག་གཅིག་ནས་སྙུགས་བུད་པའི་ལོ་རྒྱུས་ལྟར་གནད་དུ་མ་སོང་བ་ཡིན་གསུང༌། དེ་ལྟར་དམིགས་པ་ལ་གོམས་འདྲིས་གཏན་དུ་སོང་ནས་སེམས་གནས་དགུ་པ་ལྟ་བུའི་སྐབས་བྱིང་རྒོད་ཀྱི་གཉེན་པོ་བསྟེན་བློ་སོགས་དཔྱད་བཅོས་གང་ཡང་མི་བྱེད་པར་རྩེ་གཅིག་ཏུ་རང་གི་ངང་གིས་འཇུག་པ་ནི་རྒོད་ནམ་མཁའ་ལ་ལྡིང་བ་ཡིན། དེ་ནས་གཤིན་སྦྱང་སྐྱེས་པའི་ཚད་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་ཐོབ་ལུགས་ཞལ་ལུང་སྐབས་ལྟར་དང༌། དེའི་ནང་ནས་ལྟ་བ་འཚོལ་དགོས་པར་དེ་ཡང་བྱུང་ན་ཞི་གནས་མཚན་ཉིད་ཚང་བ་དང༌། དེ་ལྟར་མ་བྱུང་ཀྱང་རང་རེ་ལས་དང་པོ་རྣམས་ཀྱི་ཞི་གནས་རྗེས་མཐུན་པའི་སྟེང་ནས་ལྟ་བ་འཚོལ་དགོས་པ་དང༌། དེ་ཡང་དགེ་སྦྱོར་གང་བྱེད་ཀྱང་དེ་བར་ལ་དྲན་པ་མི་གཡེང་བར་སེམས་ནང་དུ་བཞག་པའི་ཞི་གནས་རྗེས་མཐུན་པ་འདི་ངེས་པར་དགོས་ཤིང༌། འདི་རང་དགེ་སྦྱོར་བྱེད་པ་ལ་མངགས་པ་དང༌། ཞི་གནས་མཚན་ཉིད་པ་ཐོབ་ནས་རབ་ཡིན་མོད་ཀྱང་འདི་རང་མྱུར་དུ་ཡོང་བ་དཀའ་ལས་ཆེ་ཚུལ་བཅས་ཞིབ་ཏུ་གསུངས་ཤིང༌། དེ་ན་མ་ཐ་ཡང་ཞི་གནས་རྗེས་མཐུན་པ་ཙམ་གྱི་སྟེང་ནས་ལྟ་བ་འཚོལ་བ་ལ། འདི་ལ་ཡང་ཞི་གནས་ཀྱི་སྐབས་སུ་བཤད་པའི་སྔོན་འགྲོ་རྣམས་(༨༦བ)ཀྱི་ཐོག་ཏུ་སྒོམ་རིམ་ནས་གསུངས་པས་ལྷག་མཐོང་གི་ཚོགས་གསུམ་དང༌། དེ་ཐོག་ཏུ་རྗེ་བླ་མ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གནང་བ། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་གསོལ་འདེབས་ཤུགས་དྲག་པོ་དང༌། ཤིང་རྟ་ཆེན་པོའི་གཞུང་དོན་ལ་དཔྱོད་པ་དང༌། ཚོགས་བསགས་སྒྲིབ་སྦྱོང་རྒྱ་ཆེན་པོ་རྣམས་སྔོན་དུ་བཏང་ནས། དངོས་གཞི་ལྟ་བ་འཚོལ་བ་ལ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ན་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་ཕྲག་གིས་ནི་འཛུད་པར་མཛད་ཞེས་གསུངས་པ་ལྟར་ཟབ་མོ་དབུ་མའི་ལྟ་བ་འདི་རྟོགས་དཀའ་ཞིང༌། རྟོགས་ན་རླབས་ཆེ་བས། གང་ཟག་གང་ཡིན་གྱི་བློར་མི་ཆུད་པས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་སངས་རྒྱས་མ་ཐག་ནས་ཞིང་འདིར་ཟབ་མོའི་ལྟ་བ་འདི་སྟོན་པའི་གདུལ་བྱ་མ་རྙེད་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ནང་ནས་གནས་པར་བྱ། །ཞེས་རེ་ཞིག་ཆོས་འཁོར་མ་བསྐོར་བར་གསུང་ཞིང༌། དེ་ནས་ཡུལ་ཝ་ར་ཎ་སིར་ལྔ་སྡེ་ལ་ཐོག་མར་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབས་དགོས་ཚུལ་སོགས་བདེན་བཞིའི་ཆོས་འཁོར་བསྐོར་ནས་ལོ་གཅིག་ཙམ་སོང་བ་ནས། བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་ལ་སོགས་(༨༧ན)པས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་རྒྱས་པར་བསྟན་ཚུལ་དང༌། དེ་ཡང་གསུང་རབས་ཀྱི་དགོངས་པའི་དོན་དྲང་བ་དང་ངེས་པ་ལེགས་པར་འབྱེད་དགོས་ཤིང༌། དེ་མ་ཕྱེ་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བསམ་ངོ་དང་བསྟུན་ནས་ཐེག་དམན་གྱི་མདོ་སྡེ་འགའ་ཞིག་ན་བདག་པོ་ཤེས་ལས་སྐྱེས་སོ་ཞེས་སོགས་ཀྱིས་བདག་ཡོད་པ་ལྟ་བུ་དང༌། འགའ་ཞིག་ན་ཆོས་ཐམས་ཅད་ནང་ཤེས་པའི་བདག་ཉིད་ཡིན་གསུང་པ་དང༌། འགའ་ཞིག་ན་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་བསྟུན་པ་སོགས་སྣ་ཚོགས་ཡོད་པས་དེ་རྣམས་དྲང་ངེས་གང་ཡིན་ལེགས་པར་འབྱེད་དགོས་ལུགས་དང༌། དེ་ཡང་རང་ཉིད་ཀྱིས་འདི་ལྟར་གསུངས་བྱས་པས་མི་ཆོག །དེ་བྱས་ན་རྩོད་གཞིའི་རྟགས་སུ་སོང་བའི་སྐྱོན་ཡོད་པས། སངས་རྒྱས་ཀྱིས་གསུངས་པ་ཡིན་བྱས་ན། མདོ་སྡེ་དགོངས་འགྲེལ་ངེས་དཽན་ཡིན་པ་དང་བློ་གྲོས་མི་ཟད་པའི་མདོ་ངེས་དོན་ཡིན་པ་གཉིས་ཀ་སངས་རྒྱས་ཀྱིས་གསུངས། དེ་ལྟར་ན་དེ་གཉིས་ཁས་བླངས་ནང་འགལ་ལ་འགྲོ །དེ་ཡང་རིགས་པ་དྲི་མ་མེད་པའི་ལམ་ནས་སྒྲུབ་དགོས། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ་ཞེས་གསུངས་པ་ལྟར། རྒྱལ་བའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་པ་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་འབྱེད་དགོས་ལུགས། ཀླུ་སྒྲུབ་ཀྱི་རྔ་བོ་ཆེའི་སྒྲ་ལན་གསུམ་(༨༧བ)ནི་བཤད་སྲོལ་གང་གི་ཡོད་ཀྱང༌། རང་རང་གི་བསམ་ཚོད་ལྟར་ན། དང་པོ་འདུལ་བའི་བསྟན་པ་ཉམས་དོགས་མ་བཟོད་ནས། འདུལ་བའི་བསྟན་པ་ལ་བྱི་དོར་མཛད། གཉིས་པ་ཐེག་ཆེན་གྱི་བསྟན་པ། གསུམ་པ་མྱ་ངན་ལས་འདའ་ཁར་ཆོས་དབྱིངས་བསྟོད་པ། དེའི་དོན་ཐམས་ཅད་རྩ་ཤེས་དང་འདྲ་ལུགས། རྩ་ཤེས་ལས་ཐབས་ཀྱི་ཆ་གང་ཡང་མ་བསྟན་ཀྱང༌། སྟོང་པ་ཉིད་ལ་འཇུག་ཚུལ་རིགས་པའི་རྣམ་གྲངས་མཐའ་ཡས་པས་སྒོ་ནས་བསྟན་བཅོས་གྲས་སུ་འགྲོ་བ་ནི་ཟབ་མོ་དབུ་མའི་ལྟ་བ་རྟོགས་ལུགས་ཀྱི་གནད་ཡོད་ཚུལ་དང༌། གདུལ་བྱ་ལམ་ལ་དཀྲི་བའི་ཕྱིར་དུ་བཅོམ་ལྡན་འདས་ཀྱིས་བྱེ་མདོའི་རིགས་ཁ་ཅིག་ལ་བདག་དེ་ཡོད་ཀྱང་དབང་བསྒྱུར་བ་པོ་མིན། སེམས་ཙམ་པའི་རིགས་ཁ་ཅིག་ལ་བདག་དེ་དབང་བསྒྱུར་བ་པོ་ཡིན་ཀྱང་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཡིན་གསུང་བ་དང། རང་རྒྱུད་པའི་རིགས་ལ་བདག་དེ་དབང་བསྒྱུར་བ་པོ་ཡིན་ཀྱང༌། ངའམ་བདག་དེ་ཡོད་ནི་ཡོད་ཞེས་གསུངས་པས། རང་རྒྱུད་པ་རྣམས་ཀྱི་ཀྱང་བདག་དེ་མེད་རང་བྱས་ན། ལས་འབྲས་ཀྱི་རྣམ་གཞག་དང༌། བདེ་སྡུག་སོགས་འཇོག་ས་མི་རྙེད་པས་ཁོ་ཡོད་བྱས་ནས་དགའ་རྒྱུ་རེད་སྙམ། རྟོག་གེ་འབར་བ་ལས། ཁོ་བོ་ཅག་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཞེས། མདོར་ན་རང་རྒྱུད་པ་མན་གྱིས་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བ་ངེས་དོན་དང༌། སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་ལ་དྲང་དོན་དུ་འཇོག་བྱས་པ་ལ་ཐལ་འགྱུར་བས། དེ་མི་འཐད་དེ། ལས་རྒྱུ་འབྲས་དང༌། འདུས་བྱས་མི་རྟག་པ་སོགས་(༨༨ན)སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་ཡང་དྲང་དོན་ཡིན། དྲང་དོན་ཞེས་པ་ནི། ཁོའི་དོན་དེ་ལས་མཐར་ཐུག་པ་ཞིག་གཞན་དུ་དྲངས་དགོས་པས་ན་དེ་ལྟར་འཇོག་ཅིང༌། དཔེར་ན་ལས་འབྲས་སོགས་ཀྱི་མཐར་ཐུག་གི་དོན་བདེན་གཉིས་ངོ་བོ་དབྱེར་མེད་པས་སྟོང་པ་ཉིད་ལ་འདྲེན་དགོས་པས། སྟོང་པ་ཉིད་དང་དོན་དམ་བདེན་པ་སྟོན་པའི་མདོ་སོགས་ངེས་དོན་དང༌། ཀུན་རྫོབ་བདེན་པ་དང༌། དེ་སྟོན་པའི་མདོ་སོགས་དྲང་དོན་དུ་འཇོག་པས། དྲང་ངེས་འབྱེད་ལུགས་དེ་ལྟ་བུ་ཞིག་དགོས་ཚུལ་ཞིབ་པ་ཞལ་ལུང་སྐབས་ལྟར་གསུངས་སོ། །

དེ་ལྟར་ངེས་ན་ཀླུ་སྒྲུབ་དང༌། འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པའི་གཞུང་ལ་བརྟེན་ནས། དྲང་ངེས་ཕྱེ་བས་ཚད་ཡིན། དེ་མ་བྱས་ན་ཐམས་ཅད་རུ་འཛིངས་ནས་དྲང་ངེས་འབྱེད་མི་ཐུབ། དེ་ཚུལ་བཞིན་མ་ཕྱེ་ན། ལྟ་བ་རྣམ་དག་རྟོགས་མི་ཚུལ་ཞིབ་ཏུ་གསུངས། ད་ལྟ་ཡོན་ཏན་གང་ལ་ཡང་མ་སྦྱངས་པར། ཟབ་མོ་དབུ་མའི་ལྟ་བ་དེ་ལས་སླ་དཔེ་ཆའི་ནང་ན་ཡོད་པ་དེ་ག་ཡིན་པ་ཟེར། དེ་ཚོ་ལས་སླ་པོ་ཡོད་རྒྱུ་མ་རེད། བདག་ཉིད་ཆེན་པོ་དབྱིག་གཉེན་དང༌། དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་རང་གཞན་གྱིས་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་གསོན་ཅིང༌། ཁྱད་པར་སློབ་དཔོན་དབྱིག་གཉེན་གྱི་གཙུག་ཏོར་རྣམ་རྒྱལ་མ་རྒྱུན་དུ་ཞལ་གཟིགས། ཉིན་རེ་བཞིན་མདོ་སྡེ་བརྒྱད་སྟོང་པ་བློ་ནས་འདོན། ཟླ་བ་རེ་ལ་དགུ་བཅུ་གོ་དགུའི་འབུམ་སྡེའི་གཞུང་དོན་པ་སོགས་མཛད་པས། མཁས་པ་ཆེན་པོ་དེ་ཚོས་ཀྱང་ཟབ་མོ་(༨༨བ)དབུ་མའི་ལྟ་བ་རྟོགས་དཀའ་བའི་ཚུལ་སོགས་ཞིབ་པ་ཞལ་ལུང་སྐབས་ལྟར་གསུངས།

 

ངེས་དོན་གསུང་རབ་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་ཚུལ།

 

དེ་ལྟར་ངེས་དོན་གྱི་གསུང་རབ་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་པ་ལ། དགག་བྱའི་མཚམས་འཛིན་ཕུ་ཐག་ཆོད་པ་ཞིག་མ་བྱུང་ན། འབེན་མ་མཐོང་བར་མདའ་འཕེན་པ་དང་འདྲ་བས། དགག་བྱ་དེ་གང་ཡིན་ངོ་ཤེས་དགོས། དེ་ལ་ཡང་བདག་འཛིན་མ་རིག་པ་ཁོ་འཁོར་བའི་རྩ་བ་དང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་གོ་དགོས། དེ་ཡང་ཁོའི་ཡུལ་དེ་ལ་དམིགས་ཡུལ། སྣང་ཡུལ། ཞེན་ཡུལ། འཛིན་སྟངས་ཀྱི་ཡུལ་སོགས་ཡོད་པས། དམིགས་ཡུལ་དང་སྣང་ཡུལ་རེ་ཞིག་འགོག་མི་ཐུབ། ཞེན་ཡུལ་ལམ་འཛིན་སྟངས་ཀྱི་ཡུལ་ཁོ་ངོས་ཟིན་ནས་དེ་རང་འགོག་དགོས། དེ་ངོ་ཡག་པོ་མ་ཤེས་ན་ལྟ་བ་གནད་དུ་མི་འགྲོ་སྟེ། རང་ཁྱིམ་རྩིག་ཕུགས་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །

ཞེས་དཔལ་ལྡན་ཟླ་བས་གང་གསུངས་པ་ལྟར་ཡོང་ཞེས་ཞིབ་ཏུ་གསུངས། ཡང་བོད་སྔ་རབས་པ་འགའ་ཞིག་གིས་ཟེར་བ་ལྟར། མིའི་མགོ་ཡང་མི་མིན། མིའི་རྐང་ལག་སོགས་རེ་རེ་ནས་མི་མིན་ཞེས་ཆ་ཤས་རེ་རེ་ནས་བསལ་བའི་རྗེས་སུ་མི་དེ་སྟོང་སང་དུ་གྱུར་ནས་ཅི་ཡང་མེད་པ་ལ་ཟབ་མོ་དབུ་མའི་ལྟ་བ་ཡིན་ཞེས་འཇོག་ལུགས་སོགས་ནི་ཆད་མཐར་ལྷུང་སྟེ། མི་ཡོད་པ་བཞིན་དུ་མེད་ཞེས་འཇིག་རྟེན་གྱི་ཐ་སྙད་ཀྱང་(༨༩ན) འཇིག་པ་ཡིན་པས། ཟླ་བས་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་རླག་ཅིག་ཞེས་དང༌། ཐ་སྙད་རྟེན་ལ་རྣམ་པར་དཔྱད་མི་བྱ་ཞེས་ཡང་ཡང་གསུངས། འཇིག་རྟེན་ན་གང་ཡོད་པ་ན་དེ་ནི་ང་ཡང་ཡོད་པར་འདོད་ཅེས་ཐལ་འགྱུར་བ་རྣམས་ཀྱིས་སངས་རྒྱས་ཀྱི་དགོངས་པ་བཞིན་འཇིག་རྟེན་གྱི་ཐ་སྙད་རྩིས་སུ་མཛད་ལུགས་དང༌། དགག་བྱ་ངོས་མ་ཟིན་པར་རང་གི་བློས་དགག་བྱ་རེ་བཅོས་ནས་ངོས་བཟུང༌། དེ་ཉིད་རིགས་པས་དགག་ཚུལ་བྱས་ཀྱང་བློས་བྱས་དང་ཉི་ཚེ་བའི་སྟོང་ཉིད་ལས་མ་འདས་ཚུལ་ཀྱང་དགེ་ལྡན་ཕྱག་རྒྱ་ཆེན་པོའི་སྐབས་ལྟར་རྒྱས་པར་གསུངས། རྗེ་རིན་པོ་ཆེས་གསུང་བ་ལྟར། དགག་བྱའི་ངོས་འཛིན་འདི་འཁྲུལ་མེད་ཞིག་ངོས་ཟིན་ན་ལྟ་བ་རྟོགས་པ་དཀའ་ལས་མེད། དེ་ལ་དགག་བྱ་རགས་པ་རྟགས་གཅིག་རང་དབང་ཅན་གྱི་བདག །རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཆོས་ཐམས་ཅད་ཀུན་གཞིའི་བག་ཆགས་ལས་བྱུང་ཚུལ། ཡིད་ཀྱི་རྣམ་པར་ཤེས་པ་བདག་ཏུ་འཇོག་ལུགས་སོགས་གོ་དགོས། དེས་ན་ལུགས་འདིའི་དགག་བྱ་ཕྲ་མོ་ངོས་འཛིན་ལུགས་ནི། སྲོག་ཆགས་གྲོག །སྦུར་ཡན་ཆད་ལ་ཐོག་མ་མེད་པ་ནས་ལྷན་དུ་སྐྱེས་པའི་ངའོ་སྙམ་པའི་བློས་གཟུང་བའི་བདག་དེ་འདྲ་ཞིག་ལ་ངོས་གཟུང་ནས་འཇོག་དགོས། གྲོག་སྦུར་སོགས་ལ་ངར་འཛིན་ལྷན་སྐྱེས་དེ་འདྲ་ཡོད་མིན་ཁོ་ལ་ཤིང་ཚག་ཞིག་བཙུག་ན་ཤེས་ཡོང༌། དེ་སྐབས་ཁོ་ཞུམ་སྟེ་སྡོད་པ་དེ། ད་ང་ཤི་(༨༩བ)སོང་སྙམ་པའི་བློ་ལྷན་སྐྱེས་དེ་མངོན་དུ་གྱུར་པ་ཡིན་ཚུལ་སོགས་ཞལ་ལུང་སྐབས་ལྟར་རྒྱས་པར་གསུངས།

དེ་ཡང་རང་རྒྱུད་པ་རྣམས་ཀྱིས་གང་ཟག་གི་བདག་འཛིན་དུ་འདོད་པས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འཇོག་ཅིང༌། དགག་བྱའི་སྒོ་ནས་མི་འཇོག་པ་སོགས་ཀྱང་ངོ་ཡག་པོ་ཤེས་དགོས་ལུགས་ཞིབ་ཏུ་གསུངས། ཁྱད་པར་རང་སྐྱ་ཐུབ་པའི་བདག་འཇོག་པ་དང༌། ཐལ་འགྱུར་བས་དེ་ལྟར་མིན་པར་རང་རྒྱུད་པ་སོགས་ཀྱིས་བདེན་འཛིན་སོགས་ཆོས་ཀྱི་བདག་འཛིན་དུ་འདོད་པ་རྣམས་ཀྱང་གང་ཟག་གི་བདག་འཛིན་དུ་འདོད་པས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འཇོག་ཅིང༌། དགག་བྱའི་སྒོ་ནས་མི་འཇོག་པ་སོགས་ཀྱང་ངོ་ཡག་པོ་ཤེས་དགོས་ལུགས་ཞིབ་ཏུ་གསུངས། ཁྱད་པར་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་འདི་ལུས་སེམས་གཉིས་ལ་དབང་བསྒྱུར་བ་པོ་ལྟ་བུར་འཆར་སྐབས། བདག་ཁོ་རང་ལུས་སེམས་གཉིས་ཀ་ལ་དབང་སྒྱུར་བ་པོར་འཛིན་པ་དེ། ལུས་སེམས་གང་རུང་དང་ངོ་བོ་གཅིག་པའི་འཛིན་ཚུལ་མ་ཡིན་ཏེ། ལག་པ་ལ་སྤོས་མེས་རེག་པའི་སྐབས། ངའི་ལག་པ། ངའི་ལུས་ཞེས་པ་ལྟ་བུར་འཛིན། དེར་མ་ཟད་རང་ལ་ན་ཚ་དང༌། གྱོད་ཆགས་སྒོ་སོགས་བྱུང་སྐབས། རང་གི་ལུས་སེམས་གཉིས་པོ་དེ་གཞན་དང་བརྗེ་རྒྱུ་བྱུང་ན་བརྗེ་ཕོད་པའི་ཚོད་ལྟ་བུར་གཏོང་ནུས་པའི་ཚོད་ལ་དཔག་ན་ཧ་གོ །ལུས་སེམས་གང་རིགས་ལས་ངོ་བོ་ཐ་དད་པས་འཛིན་ཚུལ་མ་ཡིན་ཏེ། དེ་ཡིན་ན་གཞན་སྐྱེའི་དོན་དུ་འགྱུར་བས། (༩༠ན)གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གི་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད་ཞེས་པ་དང་འགལ་ཚུལ་དང༌། ཁྱད་པར་སེམས་ཙམ་པ་རྣམས་ཡུལ་སྣང་ཐམས་ཅད་ཀུན་གཞིའི་སྟེང་དུ་བག་ཆགས་བསགས་པ་ལས་བྱུང་ཚུལ་ཞལ་ལུང་སྐབས་ལྟར་དང༌། རང་རྒྱུད་པ་རྣམས་བདེན་མེད་ཡོད་ནི་འདོད། ཐམས་ཅད་བདེན་པར་མེད་རང་བྱས་ན་ལས་འབྲས་ཀྱང་ཞིག་འགྲོ་སྙམ། བར་གཟུ་བྱས་ཏེ། ཁོ་བོ་ཅག་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གི་དངོས་སུ་འདོགས་སོ་ཞེས་གོང་དུ་བཤད་པ་ལྟར་གྱི་དགག་བྱ་རགས་པ་རྣམས་འགོག་ལུགས་དགའ་མོ་ངོ་ཤེས་ནས། དེ་ནས་ལྷན་སྐྱེས་ཀྱི་དགག་བྱ་ཕྲ་མོ་འགོག་པ་ལ་འཇུག་དགོས། རགས་པ་ངོ་མ་ཤེས་ན། དགག་བྱ་ཕྲ་མོ་ལ་ངོ་ཤེས་པ་དང༌། འགོག་པའི་རེ་བ་མ་རང་ནས་བྱེད་རྒྱུ་མེད། དགག་བྱ་ལྷན་སྐྱེས་འདི་རང་རེ་འཁོར་བ་པ་ཐམས་ཅད་ལ་ཐོག་མ་མེད་པ་ནས་ལྷན་སྐྱེས་སུ་ཡོད་བཞིན་པ་ཞིག་ཡིན་ཀྱང༌། འདི་ངོ་ཤེས་པར་ཤིན་ཏུ་ཁག་དེ་ཡང་གོང་དུ་བཤད་པ་ལྟར་བདག་འཛིན་ལྷན་སྐྱེས་ཀྱི་ཡུལ་མང་དུ་ཡོད་པས་ནང་ནས་འཛིན་སྟངས་ཀྱི་ཡུལ་དེ་རང་འགོག་དགོས་ཚུལ་དང༌། དེ་ནས་ལྟ་བ་བསྒོམ་པ་ལ། རྩ་ཚིག་ནི། ཆོས་ཀུན་སྒྱུ་མ་ལྟ་བུར་བལྟ་ཞེས། ཐོག་མར་ཕྱིའི་ཡུལ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་གཏན་ལ་འབེབས་དགོས་པ་འདི། ཇོ་བོ་ཆེན་པོའི་དབུ་མ་བདེན་གཉིས་སོགས་ཀྱི་དགོས་པ་ཡིན་ཚུལ་དང༌། དེ་དག་གཏན་(༩༠བ)ལ་ཕབ་ནས་ཁ་ནང་དུ་ལོག་དེ། ནང་གི་སེམས་འདི་བདེན་མེད་དུ་གཏན་ལ་འབེབས་པ་ལ། མ་སྐྱེས་རིག་པའི་ཤེད་ལ་སྤྱོད་ཞེས་གསུངས། འདི་རྣམས་ཤིན་ཏུ་རྟོགས་དཀའ་བ་ཡོད། དེ་ནས་ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞོག །ཅེས་པ་ནི་རྗེ་རིན་པོ་ཆེའི་མན་ངག་ཐེག་ཆེན་བློ་སྦྱོང་དུ་གསུང་སྐབས། ལམ་གྱི་ངོ་བོ་རང་དེ་སེམས་ཀྱི་ཆོས་ཉིད་ཀྱི་སྟེང་དུ་འཇོག་དགོས་པས། དེ་ལ་ཀུན་གཞིའི་མིང་གིས་རྟགས་ཚུལ་དང༌། བོད་སྔ་རབས་པ་འགའ་ཞིག་གི་བཤད་ཚུལ། ཀུན་གཞི་ཁོ་རང་ལམ་གྱི་ངོ་བོར་འཇོག་དགོས་པ་གསུངས་པ་ཡིན་ཟེར་བ་ནི། གཞུང་དོན་མ་གོ་བས་བཤད་པ་སྟེ། ལམ་ལ་དགེ་བས་ཁྱབ། ཀུན་གཞི་འདོད་པ་རྣམས་ཀྱིས་དེ་ལུང་མ་བསྟན་དུ་འཇོག་པ་ཤིང་རྟ་ཆེན་པོ་ཀུན་གྱི་བཞེད་ཚུལ་དང༌། ཡང་ལམ་ཁོ་རང་དེའི་དམིགས་པར་འཇོག་རྒྱུ་ཡིན་ན། སྒྲུབ་བྱ་མ་ཡིན་དགག་ཏུ་འགྲོ་སྟེ། སོ་སྐྱེ་ཐམས་ཅད་དང༌། འཕགས་པའི་གང་ཟག་ས་བཅུ་པ་མན་ལ་ཡང་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་བདེན་སྣང་འབའ་ཞིག་ཆར་ལུགས་དང༌། དགག་བྱ་འགོག་པའི་ཚེ་བསྒྲུབ་བྱ་ལ་སྒྲུབ་པའི་རྣམ་བཤད་ཕྱིན། སྒྲུབ་བྱ་མ་ཡིན་དགག་ཏུ་སོང་བས་ལྟ་བ་རྣམ་དག་ཏུ་མི་འགྲོ་ལུགས་དང༌། དེ་ལ་མེད་དགག་ཁོ་ན་དགོས་པས། ཤེས་རབ་སྙིང་པོའི་མདོ་ལས་ཀྱང༌། གཟུགས་མེད། སྒྲ་མེད། དྲི་མེད། ཞེས་སོགས་གསུངས་ཚུལ་དང༌། རྒྱ་ནག་ཧ་ཤང་གིས་ནི་ཁོ་ལ་སྒྲུབ་པའི་རྣམ་པ་ཞིག་ཤར་ཕྱིན་མཚན་འཛིན་ཡིན་པས་མདོ་(༩༡ན)ཁུངས་ནི། གཟུགས་སྟོང་པའོ། །སྙམ་ན་མཚན་མ་ལ་སྤྱོད་དོ་ཞེས་བཟང་རྟོག་ངན་རྟོག་གང་ཡིན་ཡང༌། འཁོར་བའི་རྒྱུར་འགྲོ་བས་ཞེས། ཅི་ཡང་མེད་པའི་ལྟ་བའི་འགྲོ་ཚུལ་དང་དེའི་དོན་རྒྱ་ནག་གི་མཁན་པོ་ཧ་ཤང་གིས་མ་གོ་བ་ཡིན། དེ་འདི་འདྲ་གསུང་རྒྱུ་རེད། གཟུགས་ཀྱི་སྟོང་པ་ཉིད་ལྟ་བུ་གཏན་ལ་འབེབས་སྐབས། གཟུགས་བདེན་པར་གྲུབ་པ་ལྟ་བུ་དགག་བྱར་བཟུང་ནས། དེའི་འགལ་ཟླ་གཟུགས་བདེན་མེད་སྒྲུབ་བྱར་འཇོག་དགོས་ལ། དེ་ལྟར་ན་གཟུགས་དེ་སྒྲུབ་པ་ཡིན་པས་དེའི་སྒྲུབ་བྱ་མ་ཡིན་དགག་ཏུ་འགྲོ་བས། གཟུགས་ཀྱི་སྟོང་ཉིད་གཏན་ལ་འབེབས་མི་ཐུབ་པས། དེ་འདྲ་བ་སྒྲུབ་བྱར་བཟུང་ན་མཚན་མ་ལ་སྤྱོད་པ་ཡིན་ཚུལ་ཞིབ་པར་གསུངས། ཧ་ཤང་གིས་ལོ་རྒྱུས་རྒྱས་པ་ཞལ་ལུང་སྐབས་ལྟར་གསུངས། དེ་ལྟར་རགས་རིམས་ནས་ཞིབ་ཏུ་བཏང་དེ་སྣང་ངོ་དང་རིག་ངོ་སོགས་ཀྱང་སྤུ་རིས་ཆོད་པ་དགོས། དེ་ལྟར་གཏན་ལ་ཕབ་ཏེ་དགག་བྱ་དེ་ཉིད་ངོས་ཟིན་ནས། དངོས་གཞི་འགོག་པའི་རིམས་པ་ལ་འགོག་བྱེད་ཀྱི་རིགས་པ་དེ་ལ། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་འགོག །མུ་བཞིའི་སྐྱེ་འགོག །གཅིག་དུ་བྲལ་སོགས་མང་དུ་ཡོད་པའི་ནང་ནས། གཙོ་བོ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རིགས་པས་འགོག་པ་ནི་མཆོག་ཏུ་བསྔགས་ཤིང༌། འདི་རང་ལྟ་བ་རྟོགས་པར་སླ་བ་ཡིན། རྟེན་འབྲེལ་གྱི་རིགས་པ་འདི་ལ་ཡང༌། རྒྱུ་འབྲས་བུ་བསྐྱེད་པའི་རྟེན་འབྲེལ་དང༌། བདག་གཞི་དང་བཏགས་ཆོས་ལ་བརྟེན་ནས་ལྟོས་གྲུབ་སྣང་བའི་རྟེན་འབྲེལ་གཉིས་ཡོད་ལུགས་(༩༡བ)དང༌། དེ་ལྟ་བུའི་ཟབ་མོ་དབུ་མའི་ལྟ་བ་ལ། སྔོན་ནས་སྦྱངས་པའི་བག་ཆགས་ཡོད་པ་ཞིག་ཡིན་ན། བླ་མ་ལས་འདི་ཉན་བསམ་ཐོས་པའི་སྐབས་སུ། ཡིད་ལ་དགའ་བ་ཡང་དག་སྐྱེ་བ་དང༌། ལུས་ཀྱི་བ་སྤུ་ལྡང་བ། མིག་ནས་མཆི་མ་འཁྲུག་པ་སོགས་དང༌། སླར་ཡང་བདེ་འགྲོའི་རྟེན་བཟང་ལ་ཟབ་མོའི་དོན་འཚོལ་བའི་ཕྱིར་དུ། དུས་རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང༌། ཆོས་སྒྲུབ་པ་ལ་ལོངས་སྤྱོད་ཀྱིས་མི་འཕོངས་པའི་ཕྱིར་དུ་སྒོ་དུ་མ་ནས་སྦྱིན་པ་གཏོང་བ། རང་འདྲའི་འགྲོ་བར་སྙིང་བརྩེ་བ་འགྱུར་བ་སོགས་ཡོང་ལུགས་ཞལ་ལུང་སྐབས་ལྟར་རྒྱས་པར་གསུངས། བླ་མ་གྲུབ་པའི་དབང་ཕྱུག་ཆེན་པོའི་གསུང་རིགས། བསྡུས་གྲྭ་ཁ་མདོག་དཀར་དམར་ནས། བློ་རིག་གི་བར་ཐམས་ཅད་དུ། གཞི་གྲུབ་པ་ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་པ་དང༌། རྟགས་ཡོད་ཆོས་གསུམ་ཚང་བ་དང༌། རྫས་ཡོད་ཆོས་གསུམ་ཚང་བ་ཞེས་སོགས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་རྟགས་གསལ་འགོད་ལུགས་སོགས་ལྟ་བ་རྟོགས་པའི་སྔོན་འགྲོ་ཡིན། གཞི་རྟགས་ཆོས་ལ་བརྟེན་ནས་གྲུབ་པ་ངོས་འཛིན་དང༌། མིང་རྐྱང་བཏགས་ཡོད་ཙམ་གྱི་འཇོག་ལུགས་འདི་ནས་རང་ཁོའི་སྔོན་འགྲོ་ལ་སོང་བ་ཡིན་གསུང་ཚུལ་ཞིབ་པ་དང༌། ད་ལྟ་གྲྭ་པ་ཆོས་གྲྭ་བ་རྣམས་ཀྱང་རབ་འབྱམས་པ་ཞེས་པས་མིང་རྐྱང་དེ་ཙམ་དོན་དུ་གཉེར་བ་མ་ཡིན་པར་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་ཡག་པོ་མཛད། (༩༢ན)འདི་ཚོ་ལ་ཞིབ་ཏུ་བརྟགས་ན། ཐ་ན་བསྡུས་གྲྭ་ཚུན་ཀྱང་ལམ་ཐོན་པོའི་ཉམས་ལེན་དུ་འགྲོ་བས་གནད་འགག་ཡོད། རི་ཁྲོད་པ་ཚོ་ཡང་ལམ་རིམ་གྱི་ཁྲིད་རེ་ཞུས། དཀའ་བའི་གནད་རྣམས་ལ་ཡང་ཡང་ལྟ་རྟོགས་ཞིབ་འཇུག་གིས་དོགས་གཅོད་སོགས་བྱས་ན་སློབ་གཉེར་རྒྱག་པ་ལ་ཡིན་གཅིག་མིན་གཉིས་གཟན་སྐེད་པ་ལ་དཀྲིས་ལག་པ་རྡེབ་དགོས་པ་དེ་འདྲ་རང་ནི་མ་རེད། འཇམ་དབྱངས་བཞད་པའི་རྡོ་རྗེས། ལམ་ཁྲིད་རེ་ཞུས་ཆོས་གྲྭ་འགྲིམས་ཏེ་སློབ་གཉེར་བྱེད་མི་རྣམས་ལ་ཉིན་རེ་ལ་ཆོས་སྐུའི་རྒྱུ་བརྒྱ་ཐམ་པ་རེ་འགྲུབ་པ་ངས་ཁག་ཐེག །རི་ཁྲོད་པ་གང་ཡང་མ་བསམ་སྒོམ་རྫུས་པ་འདི་རྣམས་ལ་ཆོས་སྐུའི་རྒྱུ་གཅིག་ཡང་མི་ཡོང་བ་ངས་ཁག་ཐེག་གསུངས་པ་དང་མི་ནག་བརྒྱ་ལས་མཚན་ཉིད་པ་གཅིག་མགོ་མཁྲེགས། མཚན་ཉིད་པ་བརྒྱ་ལས་རི་ཁྲོད་པ་གཅིག་མགོ་མཁྲེགས་གསུང་བ་ཉམས་ཚར་དུ་རི་ཁྲོད་པ་རྒད་པོས་རི་ཁྲོད་པ་རྣམས་ཀྱི་མཚང་བརྟོལ་བ་ཡིན་གསུངས་པ་དང༌། འབྲས་སྤུངས་སུ་བསླབ་གཉེར་ལ་ཡོང་བའི་ཁམ་པའི་བཙུན་ཆུང་ཞིག་གིས་ཕ་ཡུལ་དུ་སླེབས་ནས། ཨ་ཕ་ནད་ཀྱིས་ཟིན་པ་ལ་ཁྱོད་ལ་ཐབས་ཅི་ཡོད་བྱས་པས་གཟན་སྐེད་པ་ལ་དཀྲིས་ནས་རིགས་ལུང་བཏང་བས་ཨ་ཕ་ཡིད་མུག་པའི་གཏམ་རྒྱུད་ཀྱང་གསུངས། གོང་དུ་བཤད་པའི་རིགས་པ་དྲི་མ་མེད་པའི་དགག་བྱ་ངོས་བཟུང་ནས་འགོག་ལུགས་ཀྱི་གནད་འདི་ཚོ་(༩༢བ)མ་ཤེས་ན། དཔེར་ན་གཅིག་དུ་བྲལ་གྱི་རིགས་པས། ང་དང་པོ་གཅིག་ཏུ་ཡོད་ན་ཕུང་པོ་མེར་བསྲེགས་སྐབས་ངའམ་བདག་དེ་ཡང་བསྲེག་དགོས་ལུགས་དང་ཐ་དད་དུ་ཡོད་ན། ཕུང་པོ་དེའི་ཆ་ཤས་རེ་རེ་ནས་གསལ་བའི་རྗེས་སུ་ངའམ་བདག་དེ་འདི་ཡིན་ཞེས་ངོས་འཛིན་རྒྱུ་ཡོད་དགོས་ཟེར་བ་ཐད་ལྡན་དུ་མི་འགྲོ །འོ་ན་བྱས་པ་དང་མི་རྟག་པ་གཉིས་ཐ་དད་ཡིན་བྱས་པ་ལ། དེ་གཉིས་གཅིག་གསལ་རྗེས་ལ། གཅིག་ཤེས་འདི་ཡིན་ཞེས་ངོས་འཛིན་དགོས་ན། བྱས་པ་བཞག་ནས་མི་རྟག་པ་སྟོན་རྒྱུ་ག་ལ་ཡོད། སྤྱིར་ཐ་དད་ལ་འབྲེལ་མེད་ཐ་དད་མི་དགོས་ཀྱང༌། རང་བཞིན་གྱིས་གྲུབ་པའི་ཐ་དད་དགོས་པ་ལྟ་བུའི་གནད་རྣམས་གོ་ཡོང་ལུགས་དང༌། དེ་བཞིན་དུ་མེད་པ་དང༌། བདེན་པར་མེད་པ་དང༌། ཡོད་པ་དང༌། བདེན་གྲུབ་ཏུ་ཡོད་པའི་ཚུལ་བཞི་པོ་འདི་ལ་མ་འདྲེས་པར་སོ་སོར་སྤུ་རིས་ཡག་པོ་ཕྱེ་ནས། ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་ཅིང༌། དོན་དུ་མེད་པས་ལྟ་བ་རྣམ་དག་རྟོགས་དགོས་ལུགས་དང༌། དེ་ལྟར་རྟེན་འབྲེལ་གྱི་རིགས་པ་ལ་བརྟེན་ནས། ཟབ་མོ་དབུ་མའི་ལྟ་བ་བསྒོམ་པ་ལ་ངེས་པ་ཤུགས་དྲག་བྱུང་ན། དེ་ནས་བློ་སྦྱོང་འདི་རང་གི་ཐུན་མོང་མ་ཡིན་པའི་བདག་མེད་པའི་ལྟ་བ་སྒོམ་ལུགས། བསླབ་སྤྱོད་གཉིས་ནས་རྩལ་དུ་བཏོན་ནས་གསུངས་པས། སྐྱེས་བུ་ཁམས་དྲུག་ལ་བརྟེན་ནས་བཏགས་པ་ཙམ་ལས་བདག་རྒྱུ་མེད་ཚུལ་དང༌། དྲན་པ་ཉེར་བཞག་བཞིའི་སྒོ་(༩༣ན)ནས་བདག་མེད་གཏན་ལ་འབེབས་ལུགས་ལ་ཕུ་ཐག་ཆོད་པར་སྦྱངས་ཏེ་བསྒོམ་དགོས་པས། དེ་ཡང་འདི་འདྲ་རེད། དྲན་པ་ཉེར་བཞག་ལ་ལུས་དྲན་པ་ཉེ་བར་བཞག་པ། ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་དང་བཞི་ཡོད་པས། དང་པོ་ལུས་དྲན་པ་ཉེ་བར་བཞག་དེ་ལ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་ཡོད་པས། ཐུན་མོང་བ་ནི། ལུས་གཙང་བ་དམ་པར། འཛིན་པའི་གཉེན་པོར། ལུས་འདིའི་སྐྲ་ནས་བཟུང་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ཀྱི་གང་ལ་དམིགས་ནས་མི་སྡུག་པ་བསྒོམ་པ་དང༌། སྐབས་འདིའི་ཐུན་མོང་མ་ཡིན་པ་ནི། ལུས་འདི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་དམིགས་ནས་བདག་མེད་བསྒོམ་པ་དང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཀ་འཚོར་བས་མྱོང་རྒྱུ་ཡོད་ཅིང༌། དཔེར་ན་ལག་པའི་རྨ་ལྟ་བུ་ཚ་ཁམ་ཁམ་ས་དེ་མྱོང་བ་ཡིན། འོ་ན་མྱོང་བ་དེ་འཚོར་བ་ཁོ་རང་གིས་མྱོང་བ་ཨེ་ཡིན་ཟེར་ན་ཁོ་རང་གིས་ཁོ་རང་མྱོང་མི་ནུས་ཏེ། བྱེ་མདོས་རང་རིག་སྐབས་རང་མྱོང་མེད་ལུགས་དང༌། འོ་ན་མྱོང་བ་དེ་ཚོར་བ་ལས་གཞན་ཞིག་གིས་མྱོང་བ་ཨེ་ཡིན་ཟེར་ན་དེ་ཡང་མིན། དེ་ལྟར་ན་རང་བཞིན་གྱིས་གྲུབ་པས་གཞན་སྐྱེའི་དོན་དུ་འགྲོ་ཚུལ་ཞིབ་པ་དང༌། སེམས་དང་ཆོས་གཉིས་ཀྱང་རང་བཞིན་གྱིས་མ་གྲུབ་པར་རིགས་པས་གཏན་ལ་ཕབ་ནས་ལྟ་བ་(༩༣བ)སྒོམ་ལུགས་དང༌། མདོར་ན་དགག་བྱ་འཚོལ་བ་དང༌། ལྟ་བ་རྟོགས་ལུགས་འདི་ལ་ཚིམ་སླ་བས་ཐག་གཅོད་མི་བྱེད་པར། ཡང་ནས་ཡང་དུ་བླ་མ་ལ་གསོལ་འདེབས་ཤུགས་དྲག་ཏུ་བྱས། ཚོགས་བསགས་པ་དང༌། སྒྲིབ་པ་སྦྱོང་བ་ལ་འབད། ཤིང་རྟ་ཆེན་པོའི་གཞུང་ལ་ཡང་ཡང་བལྟས་ནས་དཔྱད་དེ། རང་རྒྱུད་ཀྱི་བདག་འཛིན་གྱི་གཉེན་པོར་འགྲོ་ཅི་ཐུབ་ལས། གཞན་ཕྱི་རོལ་པ་མུ་སྟེགས་པ་སོགས་འགོག་བྱེད་རང་ཡིན་སྙམ་པ་བྱས་ན་མི་ཡོང༌། ཟླ་བས་བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིགས་པར་གྱུར་ན་ཉེས་པ་མེད་ཞེས་གསུངས། མཁས་གྲུབ་ཐམས་ཅད་མཁྱེན་པས། རྗེ་བདག་ཉིད་ཆེན་པོའི་ཟབ་མོ་དབུ་མའི་ལྟ་བའི་སྐོར་འདི་ལ། ཤིང་རྟ་ཆེན་པོའི་གཞུང་ནས་བཤད་པའི་རིགས་པ་བརྒྱ་ཕྲག་དུ་མས་གཏན་ལ་ཕབ་པའི། རྣམ་དཔྱོད་ཀྱི་ཤེས་རབ་སོགས་འདི་དག་ནི་མཛད་པའི་གཙོ་བོ་ཡིན་ལ། ཕལ་པས་ལྟ་ཅི་སྨོས། ཁོ་བོ་ལྟ་བུའི་རིགས་པའི་གནས་དུ་མ་ལ་མང་དུ་སྦྱངས་པ་རྣམས་ཀྱིས་ཀྱང་རྗེ་བདག་ཉིད་ཆེན་པོའི་གསུང་རབ་ཀྱི་དོན་ལ་ཞིབ་ཏུ་བརྟག་ན། སྔར་གོ་ལུགས་དེ་ཙམ་ཡིན་འདུག་སྙམ་ཐག་གཅོད་བྱས་པ་ཐམས་ཅད་བྱེ་མའི་ཆང་བུ་བཞིན་དུ་ཞིག་ནས་འགྲོ་གི་འདུག་གསུང་བའི་སྐོར་རྒྱས་པར་གསུངས། དེ་ནས་མཇུག་ཏུ་སྤྱི་བོའི་བླ་མ་ཐུགས་རྗེ་ཆེན་པོ་ལ་གསོལ་(༩༤ན)འདེབས་བྱས། བསྔོ་སྨོན་གྱིས་རྒྱས་བཏབ་སྟེ་ཐུན་མཚམས་ལ་འཇུག་སྐབས། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ་ཞེས་པ་ལྟར། དེ་ལྟར་བསྒོམ་པས་རྗེས་ཐོབ་ཏུ། །གང་སྣང་སྒྱུ་མ་ལྟ་བུར་འཆར་ཅི་ཐུབ་དང༌། དེ་དག་གནད་དུ་འགྲོ་ཕྱིར་ཤེར་ཕྱིན་གྱི་མདོ་སྡེ་ཟབ་མོར་ཀློག་འདོན་ཡང་ཡང༌། ཚོགས་བསགས་སྒྲིབ་སྦྱང་མུ་ལས། བླ་མ་ལ་གསོལ་བ་བཏབ་སྟཻ་ཤིང་རྟ་ཆེན་པོའི་གཞུང་དོན་ལ་དཔྱོད་པ་དང༌། བླ་མ་ལས་ཤེར་ཕྱིན་ཟབ་མོའི་གདམས་ངག་གང་མང་མང་ཉན་པ་སོགས་དགོས་པ་ནི། བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོ་ལས་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། སྔོན་འཕགས་པ་ཆོས་འཕགས་བསྟེན་ནས་ཇི་ལྟར་ཉམས་སུ་བླངས་པ་བཞིན་བྱའོ་ཞེས་གསུངས་ནས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ལོ་རྒྱུས་རྒྱས་པར་ཞལ་ལུང་སྐབས་ལྟར་གསུངས་པ་ཞལ་ལུང་ཟིན་བྲིས་ན་ཡོད་དོ། །

དེ་ཡན་ཆད་ཀྱི་བློ་སྦྱོང་འདིའི་བརྗོད་བྱ་བཤེས་གཉེན་བསྟེན་ཚུལ་ནས། དོན་དམ་སེམས་བསྐྱེད་ཀྱི་བར་གྱི་ལུས་ཡོངས་སུ་རྫོགས་པར་འབྱུང་ཁུངས་ལོ་རྒྱུས་དང་བཅས་པ། གྲངས་ངེས་པ། ངོ་བོ་མ་ནོར་བ། གོ་རིམ་མ་འཕྱུག་པར་སོང་བས། དེ་ལྟར་དུ་ཉམས་སུ་ལེན་པ་ལ། སྐྱུར་ནས་འཇོག་པ་དང༌། གོང་འོག་འཁྲུག་པ་སོགས་བྱ་རྒྱུ་མ་ནས་རང་མེད་པས། དེ་ལྟར་བྱས་ན་སྐྱོན་ཆེན་པོ་ཡོང༌། མ་འཕྱུག་པ་རང་གལ་གནད་ཆེ་བས་ངེས་ཤེས་(༩༤བ)ཏག་ཏག་མཛོད།

 

 

 

 

རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ།

 

རྩ་བའི་ས་བཅད་གསུམ་པ་རྐྱེན་ངན་གང་བྱུང་ལམ་དུ་བསྒྱུར་བ་འདི་མན་ལ། གྲངས་དང༌། གོ་རིམ་ལ་ངེས་པ་མེད། བཤེས་གཉེན་བསྟེན་པས་དོན་དམ་སེམས་བསྐྱེད་པར་དགོས་པ་རུ་ཁྱེར་ཆོག་པ་ནི། བགེགས་སེལ་བོགས་འདོན་སྤྱོད་ལམ་ཀུན་ཏུ་བྱ་རྒྱུ་རྣམས་ཡིན་ཚུལ་རྒྱས་པ་དང༌། དེ་ལ་རྐྱེན་ངན་ལམ་དུ་སྒྱུར་བ་དེ་ལ་རྩ་ཚིག་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། ཞེས་གསུངས། འདི་ལ་ངེད་ཀྱིས་ཁ་སྣོན་རྒྱབ་པའི་རྩ་ཚིག་རྒྱས་པ་ཞིག་སྤར་དུ་འཁོད་ཡོད། འདི་རྣམས་ཀྱི་དོན་ནི། དེང་སང་སྣོད་བཅུད་ཐམས་ཅད་སྡིག་པའི་འབྲས་བུས་གང་བས་སྙིགས་མ་ལྔ་བདོ་བའི་དུས་ཡིན་ལུགས། སྣོད་ཀྱི་འཇིག་རྟེན་སྡིག་པའི་བདག་འབྲས། ས་གཞི་རྩུབ་པ་དང༌། ཡུལ་ལ་ནད་རིགས་དང་འཐབ་རྩོད་འཁྲུག་ལོང་མང་བ། འགའ་ཞིག་ལོ་ཆུ་མི་རྟེན་པ་སོགས་ཡོད་པ་དང༌། བཅུད་ཀྱི་སེམས་ཅན་རྣམས་ཀྱང་བསོད་ནམས་དམན། གཡོ་སྒྱུ་ཆེ། བསམ་པ་ངན། སྦྱོར་བ་རྩུབ། དྲན་པ་འཁྲུལ། སྡིག་པའི་ལས་དང༌། འཐབ་རྩོད་ལ་དགའ། ཤེས་རྒྱུད་གྱོང་བ་སོགས། དཔེར་ན་དགུན་དང༌། དཔྱིད་དུས་ཀྱི་རླུང་དམར་འཚུབ་པ་དང་འདྲ་ལ། དེའི་དཀྱིལ་དུ་རང་རེ་ཆོས་སྒྲུབ་པ་རྣམས་མར་མེ་དང་མཚུངས་པས། ཉེར་འཚེ་ཤིན་ཏུ་མང་བའི་དུས་འདིར། གློ་བུར་དུ་ཤི་བ་དང༌། བདུད་དང་བར་ཆད་ཀྱིས་འཁྱེར་བ་སོགས་ཀྱི་ཆོས་མགོ་འཐོན་པ་(༩༥ན)ཤིན་ཏུ་དཀའ་སྟེ། འགའ་ཞིག་དཔོན་པོའི་ངོ་འཛིན། གཡོག་པོའི་འཚོ་སྐྱོང༌། གཉེན་དང་ཉེ་དུའི་ཞེན་ཆགས། གྲྭ་ས་དང་གྲྭ་ཚང་གི་ཞེན་ཆགས། ཚོང་བུན་བསྐྱེད། ཞིང་ལས་སོགས་ཀྱིས་གཡེངས་ནས་ཆོས་རྣམ་དག་སྒྲུབ་པ་ཤིན་ཏུ་དཀོན་པ་སོགས་རྐྱེན་ངན་རུ་འཛིངས་པའི་དུས་འདིར་ལམ་དུ་འཁྱེར་ཤེས་པ་ཞིག་མེད་ན། ཆོས་ཡོང་ས་རྩ་བ་ནས་མེད་པས། དེ་ལ་རྐྱེན་ངན་གང་བྱུང་ལམ་དུ་འཁྱེར་ལུགས་ཤེས་དགོས་རྟ་ནག་ཐུབ་བསྟན་གླིང་གི་བླ་མ་ཞིག་ལ་ཕྱི་ནང་གི་རྐྱེན་མང་པོས་ཐུགས་བཟོད་མ་བདེ་བ་བྱུང་སྐབས་བླ་མ་རང་གིས། ཐུབ་བསྟན་བླ་མ་བྲོ་པའི་རྔ་དང་འདྲ་ཞེས་གསུངས་པའི་ལོ་རྒྱུས་དང༌། ཆོས་ཞིག་བྱེད་སྙམ་ཙ་ན། རྐྱེན་ངན་རུ་འཛིངས་ནས། སྐབས་རེ་ནད་ན་ཚས་ཟིན། སྐབས་རེ་རྐྱེན་གློ་བུར་བས་གཡེངས། སྐབས་རེ་གཉེན་ཉེ་དུ། དགྲ་རོགས་གྲོགས་མཆེད། སྐབས་རེ་སྡེ་དགོན། རེས་གྲྭ་ས་གྲྭ་ཚང༌། རེས་ཁམ་ཚན་མི་ཚན། རེས་སློབ་དཔོན་ངན་པས་བསླུས། རེ་གཉིས་སྡིག་པའི་དབང་དུ་སོང་སྟེ། ཆོས་མི་ཡོང༌། རྒྱུ་ཆས་ཀ་ཞིག་མེད་ན་ནི་མི་གྲལ་ནས་བུད་འགྲོ་རྒྱུ་རེད་སྙམ། རྒྱུ་ཆས་ཀ་དང་ལྟོ་གོས་སོགས་འབྲལ་ཆིལ་ཆིལ་བ་ཞིག་འདོད་ནས། འཐབ་རྩོད་དང༌། སྡིག་པ་སྣ་ཚོགས་པའི་སྒོ་ནས་ཆས་ཀ་བསོག་ཏུ་ཕྱིན་ཀྱང་ཡོང་བའི་ངེས་པ་མེད། རྒྱུ་ཅ་ལག་མང་ན་མི་གོང་དཔོན་པོ་ཡང་མི་དགའ་ཐབས་དུ་མའི་སྒོ་ནས་འཕྲོག་རྩིས་བྱེད། གཡོག་པོ་ཡང་མི་དགའ་དེ་ནས་རྐུ་ཨེ་ཐུབ་(༩༥བ)རང་ལྟ་གཞན་རྣམས་ཀྱང་ཁ་གསག་དང༌། གཞོགས་སློང༌། གཡར་སྐྱེ་སོགས་ཀྱི་སྒོ་ནས་འཕྲོག་ཨེ་ཐུབ་བལྟ། སྡུག་བསྔལ་བསམ་ལས་འདས། རྐྱེན་ངན་དེ་དག་བསམ་པས་ལམ་དུ་འཁྱེར་ལུགས་དང༌། སྦྱོར་བས་ལམ་དུ་ཁྱེར་ལུགས་གཉིས་ཡོད། བསམ་པས་ལམ་དུ་འཁྱེར་ཚུལ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་ལམ་དུ་འཁྱེར་ཚུལ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་ལམ་དུ་འཁྱེར་ཚུལ་གཉིས་ཡོད། སྦྱོར་བས་ལམ་དུ་འཁྱེར་ཚུལ་ལ། ཚོགས་བསོགས་པའི་སྒོ་ནས་ལམ་དུ་འཁྱེར་ཚུལ། སྒྲིབ་པ་སྦྱོང་བའི་སྒོ་ནས་ལམ་དུ་འཁྱེར་ཚུལ། བཀའ་སྲུང་མཆོད་པའི་སྒོ་ནས་ལམ་དུ་འཁྱེར་ཚུལ། གདོན་བགེགས་ལ་གཏོར་མ་གཏོང་བས་སྒོ་ནས་རྐྱེན་ངན་ལམ་དུ་འཁྱེར་ཚུལ་བཞི་ཡོད། དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་འཁྱེར་བ་རང་ལ། ལུས་ཀྱི་ནད་ན་ཚ་སོགས་བྱུང་སྐབས་ང་ལས་སྡུག་པ་མེད་སྙམ་དེ་ལ་སྨན་བཅོས་རིམ་གྲོ །ལུང་རྟགས་ཞུས། མོ་རྩིས་སོགས་བྱ་མི་ཉན། དེ་ལ་མི་འདོད་པ་མ་བྱས་པར་ད་ཡག་པོ་བྱུང་སྤྱིར་ན་ང་ལ་རང་ཉིད་ཚེ་ཕྱི་མར་ངན་འགྲོ་མྱོང་རྒྱུའི་ལས་དེ་བླ་མའི་ཐུགས་རྗེས་འདི་ལ་སྨིན་ནས་ཡོང་བ་འདིས་གོ་ཆོད་རྒྱུ་རེད་སྙམ་དགའ་བ་བསྒོམ། གཉིས་ན་ངས་སྔར་གཏོང་ལེན་བསྒོམ་སྟཻ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཐམས་ཅད་རྒྱུ་དུས་ཀྱི་སྡིག་པ་དང༌། འབྲས་དུས་ཀྱི་སྡུག་བསྔལ་ཐམས་ཅད་རང་ཐོག་ཏུ་བླངས་པ་ཡིན་པས། སེམས་(༩༦ན)ཅན་

ཐམས་ཅད་ཀྱི་ནད་ན་ཚ་ཐམས་ཅད་འདིའི་སྟེང་དུ་སྨིན་ནས་དེ་ཚོའི་གོ་ཆོད་པར་ཤོག །དགོས་སུ་ཆོས་མཛད་ཡོང༌། ཡང་དགོས་དཔལ་ལྡན་བླ་མ་དམ་པའི་སྐུའི་བགེགས་ཐམས་ཅད་ངའི་འདིས་གོ་ཆོད་པར་ཤོག་ཅེས་སྙིང་ཐག་པ་ནས་གཏོང་ལེན་བསྒོམ་སྟེ་སྨོན་ལམ་བཏབ་ན་སྐབས་སུ་འཆི་རྒྱུ་གང་དྲག་རེད། ཁོའི་ན་ཚ་ཐམས་ཅད་རྒྱུན་དང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གྲོགས་སུ་སོང༌། དེ་བཞིན་དུ་རང་ལ་དགེ་སྦྱོར་སོགས་ཆོས་དགའ་མོ་ཡོང་གྲབས་ཡོད་པའི་སྐབས་སུ། གཞན་གྱི་ཁ་གཏོང་བ་དང༌། འཁྲུག་པ་རྒྱག་པ་དང༌། ལུས་སེམས་ལ་གནོད་པ་བྱེད་པ་སོགས་བྱུང་ན། དེ་ལ་ཁོང་ཁྲོ་དང༌། གནོད་ལེན་སོགས་མི་བྱེད་པར། བྱམས་པ་དང་སྙིང་རྗེ་བསྒོམ་སྟཻ་ཡག་པོ་བྱུང༌། སྤྱིར་ན་རང་ལ་གཞན་གྱིས་གནོད་པ་བྱེད་པ་ཐམས་ཅད་ཚེ་སྔོན་མ་རང་གི་ལས་ངན་བསགས་པའི་འབྲས་བུ་ཡིན་པས། དེ་ཟད་འགྲོ་རྒྱུ་རེད། གཉིས་སུ་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཁྲོད་ན། འདི་འདྲ་བྱུང་བ་མང་པོ་ཡོང་བས་དེ་ཐམས་ཅད་བདེ་བར་གྱུར་ཅིག་ཞེས་སོགས་གཏོང་ལེན་བསྒོམ་པ་སོགས་བྱས་ན་གནོད་རྒྱུ་གང་ཡང་མེད་པའི་ཁར་ཁོའི་གྲོགས་སུ་སོང༌། འདི་ཡང་བླ་མའི་ཐུགས་རྗེ་ཡིན། འདི་རྣམས་བླ་མའི་སྤྲུལ་པ་རང་ཡིན་པར་འདུག་སྙམ་པ་བྱེད་དགོས། རང་ལ་ཆོས་མགོ་འདོན་པའི་ཕྱིར་དུ་བླ་མའི་སྤྲུལ་པ་དེ་འདྲ་ཡོང་ཐག་ཆོད་རེད་གསུང༌། རས་ཆུང་བས་བུད་མེད་ལྷ་ལྕམ་དང་ཕྲད་ནས་སྡུག་ཐག་ཆོད་པའི་ལོ་རྒྱུས་བདེ་ལམ་སྐབས་(༩༦བ)ལྟར་གསུངས། ཡང་འདྲེས་གནོད་པ་བྱུང་ན། དེ་ལ་འཇིགས་སྐྲག་མི་བྱེད་པར་ལམ་དུ་འཁྱེར་ཐུབ་པ་དགོས། ང་རང་ཚོ་ལ་འདྲེས་གནོད་པའི་དོགས་པའམ། རྨི་ལམ་ཚུབ་པ་ཙམ་བྱུང་ན། རྣམ་རྟོག་སྒོ་དུ་མ་ནས་སྐྱེས་ཏེ། མོ་རྒྱག །ལུང་རྟགས་ཞུ། ཅི་དྲག་གང་དྲག་གིས་ཁོ་ལ་འབུད་ཅི་ཐུབ་བྱེད། དེ་འདྲས་ཕན་རྒྱུ་མ་རེད་གསུངས། རྗེ་བཙུན་མི་ལ་ལ་འདྲེས་དམག་དྲངས་པའི་ལོ་རྒྱུས་གསུངས། དེ་འདྲའི་དོགས་པ་མི་དགོས་འདྲེ་ཁོ་དངོས་སུ་བྱུང་ཡང༌། ཁྱེད་བཀའ་དྲིན་ཆེ། ངའི་རྒྱུད་ཀྱི་བདག་འཛིན་འགོང་པོ་འདི་ཁྱོད་ཀྱིས་ཐུལ་ཤིག །ངས་རང་རྒྱུད་ཀྱི་དགེ་རྩ་ཐམས་ཅད་ཁྱོད་ལ་སྟེར། ཁྱོད་ཀྱི་སྡུག་བསྔལ་ཐམས་ཅད་ངས་ལེན་ཞེས་བྱམས་དང་སྙིང་རྗེའི་སྒོ་ནས་གཏོང་ལེན་བསྒོམ་ཅི་ཐུབ་བྱེད། ཁྱོད་ལ་ཁག་མི་འདུག །ཉེས་སྐྱོན་ཐམས་ཅད་རང་གིས་བྱས་འདུག་ཞེས། འདི་སྐབས་ལེ་ལེན་ཐམས་ཅད་ཞེས་སོགས་མར་བླངས་ནས་གཏོང་ལེན་རྒྱས་པར་བསྒོམ། ཇོ་བོ་ལ་དྲི་ཟའི་རྒྱལ་པོས་དངོས་སུ་མཇལ་དུ་ཡོང་བ། ནག་ཚོ་ལ་གསུངས་པས། ནག་ཚོས་ཇོ་བོ་མ་འཇིགས་ཞུས་པར། ངའི་མ་རྒན་མོ་རྟའི་གདོང་པ་ཅན་རི་ཙམ་ལྟ་རུ་ཡོང་བ་ལ་གང་འཇིགས་སྙིང་རེ་རྗེ་གསུང་བའི་ལོ་རྒྱུས་དང༌། མདོར་ན་སྙིགས་མའི་དུས་འདིར། འདི་ལྟ་བུ་རྐྱེན་ངན་ལམ་དུ་ལེན་པའི་མན་ངག་འདི་འདྲ་མེད་ན། ངེས་པར་ཆོས་མགོ་མི་ཐོན། འདི་ཡོད་ན་ཐམས་ཅད་རང་གི་མཐུན་རྐྱེན་ནམ། གྲོགས་སུ་གྱུར་ནས་རིན་པོ་ཆེའི་གླིང་དུ་སྡད་པ་འདྲ་ཞིག་ཡོང་རྒྱུ་རེད། རིན་པོ་ཆེའི་གླིང་དུ་ཁྱི་ལ་རྒྱག་པའི་རྡོ་མི་(༩༧ན)རྙེད་པའི་དཔེ་དོན་ཡང༌། འདི་ལ་བཀའ་གདམས་གོང་མའི་གསུང་བགྲོས་ཚོ་ལ་ཡང་འདི་འདྲ་འདུག །རང་ལ་སེམས་ཅན་མི་ལ་སོགས་པའི་སྙམ་པ་དང༌། བརྡེག་པ་དང༌། མཚང་འབྲུ་བ་དང༌། ཚིག་ངན་སྨྲ་བ་ལྟ་བུ་བྱུང་ན། དེ་ལ་མི་དགའ་བ་མེད་པར་ཡག་པོ་བྱུང་སྙམ་དུ། མཐོ་མཐོ་རླུང་ལ་བསྐུར་དམའ་དམའ་ཆུ་ལ་བསྐུར་ཏེ། འདི་ཐམས་ཅད་རང་ལ་དྲིན་ཆེ་བས་མ་དང༌། ཡོན་ཏན་ཐམས་ཅད་འབྱུང་བའི་དགོས་འདོད་ཀྱི་ཡིད་བཞིན་ནོར་བུ་ལྟ་བུར་འདུག་པས། འདིའི་རྒྱུ་དུས་ཀྱི་སྡུག་བསྔལ་སོགས་དང༌། ཁྱད་པར་ང་ལ་དམིགས་ནས་གནོད་པ་བྱས་པའི་འབྲས་བུ་ཐམས་ཅད་ངའི་ཐོག་ཏུ་སྨིན་པར་ཤོག་ཅིག །ངའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་བའི་མཐུན་རྐྱེན་དུ་འགྱུར་བ་ཤོག་སྙམ་དུ། ཞེས་ཐག་རྦད་དེ་བཅད་ནས་གཏོང་ལེན་བྱས་ན། ངེས་པར་སེམས་དེ་ལ་བརྟེན་ནས་རང་རྒྱུད་ལ་བཟོད་པ་དང༌། བྱམས་སྙིང་རྗེ་སོགས་སྐྱེ་བའི་རྒྱུ་མེད་མི་རུང་བ་ཡིན་པ་ནི། བློ་སྦྱོང་སྐབས་སུ་བཅོས་མ་ཡིན་པར་ངེས་པར་དོན་མཐུན་དུ་འགྱུར་ནས། དེ་རང་ལ་གཞལ་དུ་མེད་པས་བཀའ་དྲིན་ཆེ་ཞིང༌། རང་ཉིད་དེ་ལ་གནོད་བྱེད་ལྟ་བུར་འགྱུར་བ་ཞིག་ངེས་པར་ཡོངས་གསུངས། དེ་བཞིན་དུ་མི་མ་ཡིན་གྱི་གནོད་པ་དེ་འདྲ་བྱུང་ན། ལས་སྦྱོར་སོགས་ཁོ་ལ་གནོད་བྱེད་ཀྱི་ལས་དྲག་པོའི་སྒོ་ནས་བྱས་ཀྱང་ཆེན་པོ་བཟློག་མི་ཐུབ། གལ་ཏེ་ཐུབ་ཀྱང་མི་མ་ཡིན་གྱི་རིགས་འདི་བློ་རྣོ་ཞིང༌། འཁོན་འཛིན་དམ་པོས་སྐྱེ་བ་མང་པོའི་བར་དུ་སྒུག་(༩༧བ)ནས་གནོད་ལན་འཇལ་བ་དང༌། ཆོས་ལ་བར་ཆད་ཆེ་བ་མང་དུ་འབྱུང་ཞིང༌། ལྷག་པར་རྗེ་དགེ་འདུན་གྲུབ་ཀྱིས་བདག་ཉིད་ཆེན་པོའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་ལ། མི་མ་ཡིན་གྱི་གནོད་པ་མང་པོ་བྱུང་བ་དང༌། རྗེ་བཙུན་ཤེས་རབ་སེང་གེས། དྲག་པོའི་ལས་སྦྱོར་ཞིག་མཛད་པར། སླར་ཡང་དེའི་ལན་དུ་རྗེ་དགེ་འདུན་གྲུབ་པ་ལ་མི་མ་ཡིན་གྱི་གནོད་པ་མང་དུ་བྱུང་འདུག་པ་དང༌། དེས་ན་འདྲེ་ངན་ཇི་འདྲ་བྱུང་ཡང༌། ཞི་བའི་སྒོ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། ཟབ་མོ་དབུ་མའི་ལྟ་བའི་སྒོ་ནས་བཏུལ་ན། དེ་རྣམས་མཐར་རང་གི་ཆོས་གྲུབ་པའི་སྲུང་མར་འགྱུར། ཚེ་རིང་མ་རྣམས་ཀྱིས་རྗེ་བཙུན་རིན་པོ་ཆེར་དང་པོར་ལྷ་འདྲེའི་དམག་དྲངས་པ་ལ། རྗེ་བཙུན་གྱིས་དེ་རྣམས་བྱམས་སྙིང་རྗེ་དང༌། ཟབ་མོ་དབུ་མའི་ལྟ་བའི་སྒོ་ནས་བཏུལ་བའི་མཐར་དེ་རྣམས་རྗེ་བཙུན་རིན་པོ་ཆེའི་ཆོས་སྐྱོང་དུ་འགྱུར་ཚུལ་དང་བཅས་གསུངས་ནས། དེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་སྒྱུར་ཚུལ་དེ་རྒྱས་པར་སོང་ནས།

 

དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ།

 

གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ་ལ། རྩ་ཚིག་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་བསྲུང་བ་བླ་ན་མེད་ཅེས་གསུངས་ཏེ། གཞན་གྱིས་རང་ལ་ལུས་སྲོག་ལོངས་སྤྱོད་སོགས་ཀྱི་གནོད་པ་ཅི་བྱུང་ཡང༌། དེ་ལ་བསྲུང་བའི་མཆོག་ཏུ་གྱུར་པ་ནི་ཟབ་མོ་དབུ་མའི་ལྟ་བ་འདི་ཡིན། དེ་ཡང་རང་གར་སྟོང་ཉིད་བསྒོམ་པ་ཙམ་ལ་མི་ཟེར་གྱིས། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་(༩༨ན)བླངས་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་འདི་ཡིན། དེ་འདྲ་བ་བསྒོམ་པ་ཕར་ཞོག །དོན་ཡིད་ལ་བསམ་པ་ཙམ་ལ་ཡང་ཕན་ཡོན་མཐའ་ཡས་པ་ཡོད་པ་ནི། ཤེར་ཕྱིན་གྱི་མདོ་ལས། རྩེ་སྦྱོར་གྱི་སྐབས་སུ། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མཆོད་པ་ལ་སོགས་པའི་དགེ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་རྣམས་ཀྱི། བྱང་ཆུབ་སེམས་དཔའ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིད་ལ་བྱས་པ་ཙམ་གྱིས་དགེ་བ་བཅུ་དྲུག་གི་ཆར་ཡང་མི་ཕོད་པ། ཤེར་ཕྱིན་གྱི་མདོ་ལས་ལྷའི་དབང་པོ་བརྒྱ་བྱིན་དང༌། རབ་འབྱོར་གྱིས་དྲི་བ་དྲི་བཤད་མང་དུ་བྱས་པ་རྣམས། རྗེ་བཙུན་བྱམས་མགོན་གྱིས། མངོན་པར་རྟོགས་པའི་རྒྱན་དུ་གསུངས་པ་ནི། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པས་དགེ་ལ་སོགས། །རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ་ཞེས་གསུངས་པ་འདི་དང༌། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས་ཞེས་སོགས་རྒྱ་ཆེར་གསུངས་ཚུལ་དང༌། མདོར་ན་རང་གི་ཚོགས་དྲུག་དབང་པོའི་ཡུལ་ལ་རྐྱེན་ངན་ཅི་ཤར་ཡང༌། རང་བློས་བཏགས་པ་ཙམ་ལས། ངོ་བོ་ཉིད་ཀྱིས་སྒྲུབ་པ་རྡུལ་ཙམ་ཡང་མེད་པར་བསམ་ནས། ཟབ་མོ་དབུ་མའི་ལྟ་བུའི་ངང་དུ་བཞག་སྟཻ་ལམ་དུ་སྒྱུར་ན། འཁྲུལ་སྣང་སྐུ་བཞིར་ཤར་བ་དེ་ཡོང་རྒྱུ་རེད། འདིའི་སྐུ་བཞི་ནི། ངོ་བོ་ཉིད་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ། ཡེ་ཤེས་ཆོས་སྐུ་དང་བཞི་ལ་བྱེད་པས། འདི་རྣམས་(༩༨བ)མཚན་ཉིད་ལ་སྦྱངས་པ་ཚོས་ཡག་པོ་མཁྱེན་ཡང༌། གཞན་མ་ཚོས་འདི་གང་འདྲ་ཞིག་ཡིན་ན་སྙམ་ཤེས་པར་དཀའ། དེ་འདི་འདྲ་རེད། རང་གི་བླ་མ་དགེ་བའི་བཤེས་གཉེན་ལ་བསྟེན་ནས། དལ་འབྱོར་དང༌། འཆི་བ་མི་རྟག་པ་སོགས་བསྒོམས་ཏེ། ཚེ་འདིའི་སྣང་ཤས་འགག་པ་དེ་ཁ་ངོ་བོ་ཉིད་སྐུའི་ཆ་ཤས་ཡིན། དེ་རིམ་གྱིས་གོང་འཕེལ་དུ་སོང་སྟཻ། གཉིས་སྣང་འཁྲུལ་བའི་བག་ཆགས་མ་ལུས་པར་སྤངས་པའི་འགོག་པ་དེ་ལ་ངོ་བོ་ཉིད་སྐུ་ཟེར་བ་ཡིན། ལོངས་སྐུ་ནི། ཡེ་ཤེས་ཆོས་སྐུ་དེ་སྡོད་སའི་ཁོག་པ་དེ་དང་མཉམ་དུ་སྒྲུབ་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཚན་དཔེས་སྤྲས་པ་དེ་ལ་ཟེར། སྤྲུལ་སྐུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དེས་གཡོ་བ་མེད་བཞིན་དུ། གདུལ་བྱའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་སྣ་ཚོགས་པ་སྤྲུལ་པ་དེ་ཡིན། ཡེ་ཤེས་ཆོས་ཀྱི་སྐུ་ནི། གཟུགས་སྐུ་དེ་དག་གི་རྒྱུད་ལ་ཡོད་པའི་མཁྱེན་པ་སོགས་ཤེས་པའི་ཆ་རྣམས་ལ་ཟེར་བ་ཡིན། དེ་རྣམས་མཐར་ཐུག་གི་སྐུ་བཞི་པོ་དེ་ཡིན། སྐབས་འདིར་འཁྲུལ་སྣང་སྐུ་བཞི་ཞེས། །ལས་དང་པོ་བས་བསྒོམ་རྒྱུའི་སྐུ་བཞི་ནི། སེམས་ཉིད་ཆོས་ཉིད་རང་བཞིན་གྱི་འོད་གསལ་བ་དེ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན། འདིའི་འོད་གསལ་ཟེར་བ། སྔགས་ཀྱི་སྐབས་ཀྱི་དེ་མིན། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མེད་རྣམས་ཀྱི་གློ་བུར་བའོ། །ཞེས་མདོ་ཕྱོགས་ནས་དེ་འདྲའི་བརྡ་ཆད་(༩༩ན)མང་དུ་ཡོད་ཚུལ་ཞིབ་པ་དང༌། སྤྲུལ་སྐུ་དེ་སེམས་ཀྱི་ཆོས་ཉིད་དང་ངོ་བོ་གཅིག་པས་སེམས་ཁོ་རང་ལ་ཟེར། དེ་གཉིས་ངོ་བོ་ཅིག་ལུགས་ཞལ་ལུང་སྐབས་ལྟར་དང༌། དེ་ལ་སྤྲུལ་སྐུ་ཟེར་བའི་རྒྱུ་མཚན་ནི། སྤྲུལ་སྐུ་དེ་ལ་དག་མ་དག་གི་གདུལ་བྱའི་སྣང་བ་སྣ་ཚོགས་པ་ཤར་བས་དེ་ལྟར་ཟེར་བ་ཡིན། ཡེ་ཤེས་ཆོས་སྐུ་ནི་ཟབ་མོ་དབུ་མའི་ལྟ་བ་རྟོགས་པའི་ཤེས་རབ་དེ་རང་ལ་ཟེར་ཞིང༌། དེ་མཐར་ཐུག་ན་ཡེ་ཤེས་ཆོས་སྐུར་འགྱུར་ངེས་ཀྱང་ཡིན། ལོངས་སྤྱོད་རྫོགས་སྐུ་ནི་ཟབ་མོའི་ལྟ་བ་སྟོང་པ་ཉིད་དེ་རང་ལ་ཟེར་ཞིང༌། ལོངས་སྤྱོད་རྫོགས་སྐུ་དེའི་འཕྲིན་ལས་ལ་ནམ་ཡང་ཟད་པ་མེད་པས་རྟག་པ་ཞེས་བརྗོད་པ་བཞིན་དུ། ཟབ་མོ་སྟོང་པ་ཉིད་དེ་ལ་ཡང་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང་ཞེས་སོགས་ཀྱི་དོན་ལྟར་ཆོས་མཐུན་ལུགས་ཞིབ་པར་གསུངས། དེ་ལྟར་རྐྱེན་ངན་ཅི་བྱུང་ཡང་རང་སེམས་འཁྲུལ་པའི་སྣང་ངོ་ཙམ་ལས་དོན་དམ་པར་བདེན་པར་མ་གྲུབ་པའི་ཚུལ་ལ་ཡང་ཡང་བསམ་སྟེ་མཉམ་པར་བཞག་ན། མཚན་འཛིན་གྱི་རྣམ་རྟོག་ཐམས་ཅད་རང་སར་ཞིག་ནས། བདེན་པར་གྲུབ་པའི་ཁོ་ཞི་ནས་མེད་པས། ཁོ་ལ་གནོད་རྒྱུ་ག་ལ་ཡོད་པས། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་ལུགས་དེ་ལྟར་བྱས་ནས། དེས་བསམ་པའི་སྒོ་ནས་རྐྱེན་ངན་ལམ་དུ་སྒྱུར་ལུགས་གཉིས་པོ་དེ་སོང༌། དེ་ནས་སྦྱོར་བའི་སྒོ་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའི། རྩ་ཚིག་ནི། སྦྱོར་བ་བཞི་(༩༩བ)ལྡན་ཐབས་ཀྱི་མཆོག །ཕྲལ་ལ་གང་ཐུབ་བསྒོམ་དུ་སྦྱར་ཞེས་གསུངས་འདི་ཡིན། འདི་ལ་གོང་དུ་བཤད་པ་ལྟར་བཞི་ཡོད། སྦྱོར་བ་ཚོགས་བསགས་པའི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར། སྒྲིབ་པ་སྦྱོང་བའི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ། འབྱུང་པོ་ལ་གཏོར་མ་སྦྱིན་པའི་རྐྱེན་ངན་ལམ་དུ་བསྒྱུར་བ་ཆོས་སྐྱོང་ལ་མཆོད་པའི་སྒོ་ནས་རྐྱེན་ངན་ལམ་དུ་བསྒྱུར་བ་ཆོས་སྐྱོང་ལ་མཆོད་པའི་སྒོ་ནས་རྐྱེན་ངན་དང་བཞི་ཡོད། དང་པོ་ཚོགས་བསགས་པའི་སྒོ་ནས་རྐྱེན་ངན་ལམ་དུ་སྒྱུར་ལུགས་ནི། རང་ལ་ན་ཚ་དང༌། གྱོད་ཆགས་སྒོ་སོགས་རྐྱེན་ངན་ཅི་བྱུང་ཡང༌། ཡག་པོ་བྱུང༌། འདི་ངའི་བླ་མས་སྤྱིར་ཆོས་ལ་བསྐུལ་བ་དང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་བསྐུལ་མ་མཛད་པར་གོ་ནས། དེ་ཐམས་ཅད་བླ་མའི་སྤྲུལ་པ་ཡིན་པར་ཐག་རྦད་དེ་བཅད། ང་ལ་འདི་འདྲ་ཡོང་བ་དེ་ཚོགས་མ་བསགས་པས་ལན་པར་འདུག་སྙམ། བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་སོགས་ཀྱིས་ཡང་ཡང་མཆོད་པ་རྒྱ་ཆེན་པོ་དང༌། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སོགས། ངན་སློང་ལ་སྦྱིན་པ་གཏོང་བ་སོགས། ཚོགས་བསགས་པ་ལ་སྒོ་དུ་མ་ནས་འབད་དེ། རེ་དོགས་འགོག་པའི་གསོལ་འདེབས་བྱེད་དགོས་པར། དེ་འདི་འདྲ་རེད། རང་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་བླ་མ་ལ་བློ་གཏད་དེ། ཡུན་རིང་པོའི་འདོད་བློ་དང༌། ཕན་ཐོགས་ཀྱི་རེ་བ་དང༌། གནོད་དོགས་ཀྱི་དོགས་པ་གང་ཡང་མི་བྱེད་པར། བླ་མ་རིན་པོ་ཆེ། བདག་ན་བ་ལེགས་(༡༠༠ན)ན་ན་བར་བྱིན་གྱིས་བརླབས་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབས་ཏུ་གསོལ་གསོན་པ་ལེགས་ན་གསོན་པར་བྱིན་གྱིས་བརླབས་ཏུ་གསོལ་ཞེས། ཞེ་ཐག་པ་ནས་བློ་ཐག་བཅད་ན། ཁོ་ལ་གནོད་རྒྱུ་གང་ཡང་མེད། གནོད་བྱེད་ཐམས་ཅད་མཐུན་རྐྱེན་དང༌། བླ་མའི་སྤྲུལ་པར་གོ་ནས་རིན་པོ་ཆེའི་གླིང་དུ་སྡད་པ་ལྟ་བུར་བདེ་འབོལ་ལེ་བ་ཡོང་ཚུལ་ཞིབ་པ་དང༌། དེ་དག་ཀྱང་དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཚུལ་ལ་བསམ་སྟེ་ལྟ་བ་རེ་ཡང་ངེས་པར་བསྒོམ། དེ་ལྟར་བྱས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདིའི་མཐུས་ཚོགས་རྫོགས་ཤིང་གཞན་ལས་ཁྱད་དུ་འཕགས་པ་བདག་ཅག་གི་འདྲེན་པ་བླ་ན་མེད་པ་རྗེ་བདག་ཉིད་ཆེན་པོ་ལྟ་བུ་འབྱུང་ཚུལ་དང༌། རྗེ་རིན་པོ་ཆེས་སྤྱིར་རྒྱལ་བའི་བསྟན་པ་ལ་རྨད་དུ་བྱུང་བའི་མཛད་པ་རྒྱ་ཆེན་པོ་དང༌། ཁྱད་པར་ལྷ་ས་སྨོན་ལམ་ཆེན་མོའི་སྲོལ་འཛུགས་པ་དང༌། རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་པ་དང༌། རྫིང་ཕྱིའི་བྱམས་པ་སོགས་གཙུག་ལག་ཁང་ལ་ཞིག་གསོས་དང༌། ཚོགས་བསོག་རྒྱ་ཆེན་པོ་དང༌། གཉལ་གྱི་གསེར་བྱེ་འབུམ་པར་སྐྱེ་བ་མང་པོ་སྡོམ་པ་ལ་བཀོད་པ་སོགས་མཛད་ཆེན་བཞིར་གྲགས་པར་ཧ་ལམ་ལོ་གཅིག་གི་ཁོངས་སུ་མཛད་པ་དང༌། ཁྱད་པར་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ལ། འགྲེལ་ཚུལ་བཞི་སྦྲགས་སུ་མཛད་པ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་ལ་བརྟེན་ནས་འཕྲིན་ལས་ནམ་མཁའ་དང་(༡༠༠བ)མཉམ་པ་བྱུང་ཞིང༌། དེ་སྐབས་རྙིང་མ་བ་ཞིག་གིས་རྗེ་དེ་ཉིད་ལྷ་ས་སྨོན་ལམ་གྱི་ཚོགས་དབུར་གདན་དྲངས་ནས་ཁྱེད་ལ་དབང་འདུས་ཀྱི་ལས་ཟབ་མོ་ཡོད་ཚུལ་ཕུལ་བར། རྗེ་ཉིད་ཀྱིས་བཀའ་ལེན་དུ་ངེད་ཀྱི་དབང་འདུས་ཀྱི་ལས་དྲག་ཤེས་ལས་འབྲས་དང་ཚུལ་ཁྲིམས་གཞི་མར་བྱས་ཏེ། དེའི་ཁོག་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་དགེ་སྦྱོར་གྱི་མཐིལ་དུ་བྱས་པ་འདི་ཡིན་ཚུལ་གསུངས་པའི་ལོ་རྒྱུས་ལྟར་ཞིབ་ཏུ་སྩལ། གཉིས་པ་སྒྲིབ་པ་སྦྱོང་བའི་སྒོ་ནས་རྐྱེན་ངན་ལམ་དུ་སྒྱུར་བ་ནི། རང་ལ་ནད་ན་ཚ། གྱོད་ཆགས་སྒོ་སོགས་མི་འདོད་པ་ཅི་བྱུང་ཡང༌། རང་གིས་ཚེ་རབས་སྔ་མ་སོགས་སུ་སྡིག་པ་མི་དགེ་བ་བསགས་པའི་འབྲས་བུ་ཡིན། དགེ་བ་ལས་བདེ་བ་འབྱུང་ལ། སྡུག་བསྔལ་འབྱུང་མི་སྲིད་པ་དང༌། སྡིག་པ་ལས་སྡུག་བསྔལ་འབྱུང་ལ་བདེ་བ་རྣམ་པ་ཀུན་ནས་འབྱུང་མི་སྲིད་པས་མཁྱེན་པ་དེ་གནས་དང་གནས་མ་ཡིན་པ་མཁྱེན་པ་སྟོན་པའི་སྟོབས་ཡིན། དེ་འདྲ་བྱུང་སྐབས། འདི་ལ་མི་འདོད་པ་བྱེད་རྒྱུ་གང་ཡང་མེད། རང་གིས་ལས་ངན་བསགས་པའི་འབྲས་བུ་ཡིན། ཁྱོད་སྡུག་བསྔལ་མི་འདོད་ན། དེའི་རྒྱུ་སྡིག་པ་སྤོངས་ཤིག་ཞེས་བླ་མ་ཐུགས་རྗེ་ཅན་གྱིས་རང་ལ་བསྐུལ་མ་མཛད་པ་ཡིན་འདུག་སྙམ་ཐག་བཅད་ནས། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་རང་གི་དེ་ཐོག་ཏུ་བླངས་ཏེ་གཏོང་ལེན་བསྒོམ་ནས། དེ་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་དུ་སྨོན་ལམ་འདེབས། སྔར་བྱས་(༡༠༡ན)ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟ་བུར་འགྱོད་སེམས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ཀྱི་ངང་ནས་ལྟུང་བཤགས་བཏོན་ཏེ་སྔར་བསགས་ཀྱི་སྡིག་པ་འདག་ངེས་སུ་ཡང་ཡང་སྦྱོང། དེའི་མཐར་ཡང་ལྟ་བ་དེ་བསྒོམ་ན་སྟོང་གསུམ་གྱི་ལྷ་འདྲེ་ཐམས་ཅད་ཚོགས་ཀྱང་ཁོ་ལ་གནོད་པ་གང་ཡང་བྱེད་མི་ཐུབ་གསུངས་རྗེ་བཙུན་མི་ལ་བྲག་དམར་ཁྱུང་ལུང་ན་བཞུགས་སྐབས། འདྲེ་མང་པོས་གནོད་པ་སྐྱེལ་དུ་འོང་བ་ལ། རས་ཆུང་པ་ལྟ་བ་མཐོ་དམའ་ཡ་འུད་ཚ་བས་མི་འོང་གསུངས་རྗེ་བཙུན་རང་གི་སྐུ་རྒྱབ་ཏུ་སྦས་ནས་རྗེ་བཙུན་རང་གིས་ཟད་པར་ཆུའི་ཏིང་ངེ་འཛིན་  བསྒོམ་ནས་བཞུགས་པས་བསྒྲུབ་ཁང་ཐམས་ཅད་ཆུས་ཁེངས་པ་ལྷ་འདྲེ་རྣམས་ཀྱིས་མཐོང་བས་གཅིག་གིས་རྡུལ་ཞིག་ཆུ་ནང་དུ་སྐྱུར་བས་མཐར་རྗེ་བཙུན་སྐུ་སྟོད་ཚུལ་སོགས་ཀྱི་ལོ་རྒྱུས་ཀྱང་གནང༌། སྦྱོར་བ་གསུམ་པ་གནོད་བགེགས་ལ་གཏོར་མ་བཏང་ནས་རྐྱེན་ངན་ལམ་དུ་སྒྱུར་ལུགས་ནི། རང་ལ་རྐྱེན་ངན་བར་གཅོད་སེལ་ཕྱིར་གདོན་བགེགས་དེ་དག་ལ་དུས་རྒྱུན་དུ་གཏོར་མ་ཡག་པོ་བྱིན་ནས་ཁོ་ལ་འཕྲིན་ལས་བཅོལ་དགོས། འདི་ལ་གཉིས་ཡོད། བློ་སྦྱོང་བསྒོམ་པའི་གདེངས་ཚད་ཐོབ་པའི་འཕྲིན་ལས་བཅོལ་ལུགས་དང༌། དེ་མིན་རང་བཞིན་པས་འཕྲིན་ལས་བཅོལ་ལུགས་པ་ནས་བློ་སྦྱོང་བསྒོམ་མཁན་ཚོས་ནི་དེ་དག་ལ་གཏོར་མ་བྱིན། དེ་དག་རང་ལ་གཅེས་འཛིན་འདུལ་བ་ལ་བཀའ་དྲིན་ཆེ་བས་འདུ་ཤེས་བཞག་སྟེ་ཁྱེད་ཐུགས་རྗེ་ཆེ། (༡༠༡བ)ད་གང་དུ་ཡང་མ་བྱོན་པར། འདི་རུ་རང་སྡད་ནས་ང་ལ་གནོད་པ་གང་ཡོད་ཐོངས། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་ངའི་སྟེང་དུ་སྤུང་ནས་ཐོངས། ང་ལ་རྐྱེན་ངན་ཕོངས་པ་ཐམས་ཅད་གཅེས་འཛིན་འདིས་བྱས་པ་ཡིན་པས་འདི་ཤུལ་མེད་དུ་གཏོང་རོགས་མཛོད་ཅེས་རང་གི་ངག་ནས་རང་བརྗོད་དེ་གཏོང་ལེན་དང༌། ལྟ་བ་བསྒོམ། དེ་ལྟར་མིན་པ་ཚོས་ངས་ཁྱོད་ལ་གཏོར་མ་གཏེར། ཁྱོད་ཀྱིས་ངའི་ཆོས་སྒྲུབ་པའི་བར་གཅོད་ཐམས་ཅད་སེལ། གདོང་གྲོགས་དང་གནས་པོ་མཛོད་ཅེས་བརྗོད། བཞི་པ་བཀའ་སྲུང་མཆོད་པ་ནི། བཀའ་སྲུང་ཆོས་སྐྱོང་རྣམས་ལ་དུས་རྒྱུན་ཏུ་གཙང་སྦྲ་དང་ལྡན་པའི་སྒོ་ནས་མཆོད་གཏོར་རྒྱ་ཆེན་པོ་ཡང་ཡང་འབུལ། འདི་ལ་ཡང་འཕྲིན་ལས་བཅོལ་ཚུལ་གཉིས་ཡོད། བློ་སྦྱོང་ལ་གདེངས་དང་ལྡན་པ་རྣམས་ཀྱིས་ནི། རྐྱེན་ངན་ཐམས་ཅད་ངའི་བྱང་ཆུབ་སྒྲུབ་པའི་གྲོགས་སུ་གྱུར་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ང་རང་གཅིག་པུས་བྱས་པར་མ་ཟད། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱིས་བྱས་པའི་ལས་ངན་པའི་འབྲས་བུ། ནད་ན་ཚ་སོགས་རྐྱེན་ངན་གང་ཡོད་པ། ངའི་གཅེས་འཛིན་འགོང་པོ་འདིའི་སྟེང་དུ་སྤུངས་ནས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛད། ཞེས་བརྗོད་ནས། གཏོང་ལེན་དང༌། ལྟ་བ་བསྒོམ། འདི་ལྟ་བུའི་རྐྱེན་ངན་ལམ་དུ་བསྒྱུར་བའི་གནད་རྣམ་དག་མ་ཤེས་ན། དུས་མཐར་ཆོས་མགོ་ཐོན་པ་ཆེར་མི་ཡོང་ལུགས་དང༌། འདི་ཚོ་ཡག་པོ་ཤེས་ན། སྔོན་(༡༠༢ན)གྱི་སྒྲུབ་ཆེན་ཏེ་ལོ། ན་རོ། མར་མི་སོགས་ཀྱི་ཆོས་བརྒྱད་མགོ་སྙོམ་རང་ཟེར་བ་འདི་རང་ཡིན། རོ་སྙོམས་ཟེར་བ་དང་སྣང་བ་གདོང་འོད་ཟེར་བ་འདི་ཚོ་ལས་ལྷག་པ་མེད་གསུངས་པ་ཡང་འདི་ཚོ་ཡིན་ལུགས། བླ་མ་གྲུབ་པའི་དབང་ཕྱུག་གི ང་བན་གནང་བ་གདོང་འདི་ཡིན་ཞག་གསུམ་ཕན་གྱི་བསམ་བློ་གང་ཡང་མེད་གསུང་བའི་ལོ་རྒྱུས་དང༌། དེས་ན་ཕྲལ་དུ་གང་ཐུག་སྒོམ་ལ་བསྒོམ། རྐྱེན་ངན་ལམ་དུ་སྒྱུར་རྒྱུ་ཡིན་ཟེར་གདན་ཁར་སྡད་ནས་བསྒོམ་པ་ལྟ་བུ་མ་ཡིན་པར་རང་གཅིག་པུར་སྡོད་པ་དང༌། འགྲོ་བ། མི་མང་པོའི་བསེ་བ་དང༌། དགེ་འདུན་གྱི་གསེབ་ཏུ་འགྲོ་འདུག་སོགས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུ་ཕྱིན་ནང་གི་རྐྱེན་ངན་གང་འདྲ་ཞིག་བྱུང་ཡང༌། ཕྲལ་དང་ཕྲལ་དུ་རང་ཐོག་ཏུ་བླངས་ནས། གཏོང་ལེན་དང༌། ལྟ་བའི་སྒོ་ནས་ལམ་དུ་བསྒྱུར་དགོས། དེ་ལྟར་མ་བྱས་ན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཐོན་སྐྱེད་མི་ཡོང་བའི་ཁར། རྐྱེན་ངན་གཅེས་འཛིན་ཁོ་ཁ་བརྒྱལ་ནས་ཆོས་གནད་དུ་མི་འགྲོ་ཚུལ་ཞིབ་པ་དང༌། དེ་ཡན་གྱི་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཚུལ་དེ་ལེགས་པར་སོང་ནས།

 

ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།

 

བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ། རྩ་ཚིག་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ་ཞེས་གསུངས། འདི་ལ་ཡང་འཕེན་པའི་སྟོབས། གོམས་པའི་སྟོབས། ས་བོན་གྱི་སྟོབས། སུན་འབྱིན་པའི་(༡༠༢བ)སྟོབས། སྨོན་ལམ་གྱི་སྟོབས་དང་ལྔ་ཡོད། ལྔ་པོ་དེ་ལ་ཡང་ཚེ་གང་ཉམས་སུ་ལེན་པའི་སྟོབས་ལྔ་དང༌། འཆི་ཁར་ཉམས་སུ་ལེན་རྒྱུའི་སྟོབས་ལྔ་དང་གཉིས་ཡོད། དང་པོ་དགེ་སྦྱོར་སོགས་གང་བྱེད་ཀྱང༌། འཕེན་པ་དྲག་པོ་གཏོང་བ་འདི་རང་ཤུགས་ཆེ་བ་རེད། དེ་བསམ་པའི་སྐབས་སུ། དང་པོར་ཞོགས་ཁ་ལངས་མ་ཐག་ཏུ། ཁོ་རེ། རྟ་ཕྱུགས་ལ་རྩྭ་བྱིན་ཡོད་དམ། ཁ་སང་གི་དོན་ཐག་དེ་ཡག་པོ་བཅད་ཡོད་དམ། ཚོད་དེ་ཚོ་ཡག་པོ་བྱུང་འདུག་གམ་ཟེར་བ་ལྟ་བུ་མ་ཡིན་པར་ད་ང་མདང་དགོང་ཕན་ལ་མ་ཤི་བ་དེ་བླ་མའི་བཀའ་དྲིན་ཡིན། དེ་རིང་མ་ཤི་ཚོད་བྱུང་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་སྟཻ་དགྲ་བོ་བདག་འཛིན་འགོང་པོ་འདི་འདུལ་ཅི་ཐུབ་ཞིག་རང་བྱེད་སྙམ་ཞེ་ཐག་རྦད་བཅད། དེ་ནས་དམིགས་སྐོར་གང་དང་གང་བསྒོམ་ཀྱང། དེ་རྐྱང་པ་ལ་ཨུ་ཚུགས་མཐའ་འདེད་མི་བྱེད་པར། སྒོ་དུ་མ་ནས་ཚོགས་བསགས། སྒོ་དུ་མ་ནས་སྒྲིབ་པ་སྦྱོང་བའི་ཐབས་སུ་སྐབས་རེ་དམིགས་རྣམ་སྐྱོང༌། སྐབས་རེ་བླ་མ་གོང་མའི་རྣམ་ཐར་དང༌། མདོ་སྡེ་ཟློ་བ་སོགས་བྱེད། སྐབས་རེ་ཕྱག་འཚལ། སྐབས་རེ་མཆོད་པ་འབུལ་བ་སོགས་ལ་འབད་ནས་སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་བྱེད། ད་ལྟ་ཁྱེད་རང་ཚོས་དེ་འདྲ་མཛད་ཀྱི་འདུག་ཞེས་རྒྱལ་བ་རིན་པོ་ཆེས་བཀའ་ཆོས་པ་རྣམས་གྲོལ་ནས་ལྷ་སའི་གླིང་སྐོར་སོགས་ལ་ཕེབས་ཕྱོགས་ཕྱོགས་ནས་ཕྱག་འཚལ་བ་དང༌། མཎྜལ་འབུལ་བ་སོགས་ཡག་པོ་མཛད་འདུག་གསུང་བ་ནི་ཤིན་(༡༠༣ན)ཏུ་ནས་ཀྱང་སྐལ་བ་བཟང་བ་ཡིན། ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཡང་ཡང་སྤྱོད་ལམ་ཀུན་ཏུ་དགོས་ཚུལ་ཞིབ་ཏུ་གསུངས། དེ་རིང་ལྟ་བུ་དེ་དགའ་མོ་བྱུང་ན། དེ་ནས་ཞག་གྲངས་འདི། དེ་དགའ་མོ་བྱུང་ན་དེ་ནས་ཟླ་བ་འདི། དེ་དགའ་མོ་བྱུང་ན་དེ་ནས་ལོའོ། དེ་ནས་ཚེ་གང་བར། དེ་དགའ་མོ་བྱུང་ན་དེ་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་ལྟར་བྱེད་སྙམ་འཕེན་པ་ཡག་པོ་བཏང་ན། སྟོབས་ཕྱི་མ་ལྔ་ཡང་འདི་ལ་བརྟེན་ནས་འབྱུང་བས་འཕེན་པ་གཏོང་བ་གནད་ཆེ། དཔེར་ན་ང་རང་གྲྭ་རྐྱང་ཚོ་ལ་སང་ཉིན་མང་ཇ་ལ་འགྱེད་དངུལ་སྲང་གང་རེ་ཡོད་ཟེར་ན། དོ་ནུབ་ནས་འཕེན་པ་ཡང་ཡང་བཏང་དེ་སང་མང་ཇ་ལ་རྗེས་ལུས་མེད་པ་ཅི་ཀྱང་འགྲོ་དགོས་སྙམ་འཕེན་པ་བཏང་བས་དོ་ནུབ་གཉིད་ཡར་རྒྱག་པ་སོགས་ཡོང་ཚུལ་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་གསུང༌། འོ་ང་རང་ཚོ་ཚེ་འདིའི་བྱ་བ་ལ་འཕེན་པ་དེ་འདྲ་ཡང་ཡང་བཏང་བས་བསྒོམ་པ་དེ་འདྲ་རེད། ཆོས་ཕྱོགས་ལ་འཕེན་པ་གཏོང་རྒྱུ་ལ་མ་འདྲིས་པས་ལན་འཕེན་པ་དེའི་མུ་ནས་སྤྱོད་ལམ་ཀུན་ཏུ་གནོད་པ་བྱུང་ན་སྒྲིམ་དགོས་ལུགས་དང༌། གཏོང་བ་ལ་ཡང་བྲག་ཆ་ལྟ་བུ་དང༌། ཡུལ་སྣང་ཐམས་ཅད་གཟུགས་བརྙན་ལྟ་བུ་འཆར་ཅི་ཐུབ་བྱས་ནས། སུ་རང་མ་དགའ་ན་ཡང་ཁྱད་མི་འདུག་སྙམ་པ་བྱས་ནས་དགེ་སྦྱོར་ལ་འཕེན་པ་ཡག་པོ་གཏོང། འཕེན་པ་དེ་དང་ལྡན་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་གཉིས་པོ་ཡང་ཡང་སྦྱངས་ཏེ། གཏོང་ལེན་བསྒོམ་པ་གོང་འཕེལ་(༡༠༣བ)དུ་སོང་བ་ནི་གོམས་པའི་སྟོབས་ཡིན། དཀར་པོ་ས་བོན་གྱི་སྟོབས་ནི། སེམས་རིན་པོ་ཆེ་དེ་ཉིད་གོང་འཕེལ་དུ་འགྲོ་ཕྱིར་ཚོགས་གཉིས་རྒྱ་ཆེན་པོ་བསོག་པ་དེ་ཡིན། བཞི་པ་སུན་འབྱིན་པའི་སྟོབས་ནི། རང་ཆོས་ཡག་པོ་བྱེད་དུས། གཉེན་ཉེ་དུ་དང༌། གྲོགས་མཛའ་ཤེས་སོགས་ཀྱི་རྐྱེན་ངན་འདི་ལྟ་བུ་བྱུང་ཟེར་བ། དེ་ལ་ཆགས་ན། གཅེས་འཛིན་ཁྱོད་ཀྱི་སྔར་ཡང་བསླུས། ད་ཡང་བསླུ་བ་འདུག་པས་ཁྱོད་ཀྱི་དབང་དུ་གཏོང་རེ་ཤི་སྙམ་བདག་འཛིན་དང༌། གཅེས་འཛིན་གཉིས་ལ་འབུར་འཇོམས་བྱས་ཏེ་འདུལ་ཅི་ཐུབ་བྱེད་དགོས་པ་ནི། སྤྱོད་འཇུག་ལས། ཁྱོད་ཀྱིས་ཁོ་བོ་གར་རླག་པས། །སྔོན་དེ་དུས་དེ་གཞན་ཡིན་གྱི། །ངས་མཐོང་ད་ཁྱོད་གང་དུ་འགྲོ །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་པ་དང༌། དྷརྨ་རཀྵི་ཏས། དེ་ལྟར་ལག་པས་དགྲ་བོ་བདག་གིས་ཟིན། །འཇབས་ནས་བསླུ་མའི་ཆོམ་རྐུན་བདག་གིས་ཟིན། །རང་དུ་རྫུས་ནས་སླུ་བ་བདག་གི་ཟིན། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་གཅོད་ཅེས་སོགས་ཚིག་ཏུ་བཏོན་ནས་བརྗོད་ན། སེམས་ཁོ་ངོ་ཚ་ནས་དྲག་ཏུ་འགྲོ་རྒྱུ་ཡོད་ལུགས་དང༌། རྣམ་པ་ཀུན་ནས་གཅེས་འཛིན་འགོང་པོ་འདི་ལ་དགྲར་བལྟས་ནས་སུན་འབྱིན་དགོས་ལུགས་ཞིབ་པར་བཙལ།

 

སྨོན་ལམ་གྱི་སྟོབས་ལྔ་བསྟན་པ།

 

ལྔ་པ་སྨོན་ལམ་གྱི་སྟོབས་ལྔ་ནི། རང་གི་དགེ་བ་གང་བྱས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་དགོས་པས། ཕ་མ་སེམས་ཅན་ཐམས་ཅད་ཞེས་པ་འདི་གྲོ་ལུང་པ་ཆེན་པོའི་བསྟན་རིམ་ནས་འབྱུང་ཚུལ་ཆེ་བརྗོད་བཅས་ཞིབ་ཏུ་གསུང༌། གཉིས་པ་(༡༠༤ན)འཆི་དུས་ཉམས་སུ་ལེན་རྒྱུའི་སྟོབས་ལྔ་ནི། རང་ཉིད་གང་བྱས་ཀྱང་བཟློག་ཏུ་མེད་པས་འཆི་བ་ལ་ཉེ་བའི་ཚེ། བསམ་རྒྱ་ཆེན་པོ་གཞན་མི་བྱེད་པར། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་དང༌། འདི་སྟོན་པའི་བླ་མ་དང་མཇལ་བ་ཞིག་བྱེད་སྙམ་པ་དང། སྐྱིད་སྡུག་གང་བྱུང་ཡང་སེམས་ཅན་གྱི་དོན་དུ་འགྲོ་བ་ཞིག་རང་བྱེད་སྙམ་འཕེན་པ་དྲག་པོ་ཡང་ཡང་གཏོང༌། དེ་ནས་དཀར་པོ་ས་བོན་གྱི་སྟོབས་ནི། རང་ལ་འབྱོར་པ་ཡོད་ན་རོ་འདོན་ཐུབ་ཙམ་ཞིག་བཞག་གཞན་ཐམས་ཅད་བསོད་ནམས་གང་ཆེའི་ཞིང་དུ་བཏང་ནས་ཆགས་ཞེན་གང་ཡང་བློ་ཐག་རྦད་བཅད། སྐུ་འདྲ་དང་དཔེ་ཆ་སོགས་ལྷ་རྟེན་ཆོས་གསུམ་ཚོང་བ་དང༌། འགྱེད་ལ་གཏོང་བ་སོགས་རྩ་བ་ནས་མི་བྱེད། དེ་ལ་ཆགས་ཞེན་བྱུང་ན། རྒྱལ་ལ་སོགས་ལ་ཆགས་པ་ཕྲ་ཞེས་པ་ལྟ་བུ། སྐུ་གསུང་ཐུགས་རྟེན་ཡིན་མིན་མེད། ཁོ་ལ་ཆགས་ཕྱིན། ཆགས་པ་དེའི་དབང་གིས་ངན་སོང་རང་དུ་འགྲོ །དེ་བས་དཔེ་ཆ་སོགས་བསྟན་པ་ལ་ཕན་ཐོགས་པའི་བླ་མ་དགེ་བའི་བཤེས་གཉེན་དང༌། ཆོས་འཆད་ཉན་དར་བའི་གྲྭ་ས་གྲྭ་ཚང་སོགས་ལ་འཇོག་ཅིང་ཉོ་ཚོང་མི་བྱེད། སྐུ་འདྲ་དང་ཐུགས་རྟེན་སོགས་མཆོད་པ་གང་བཟང་སར་འབུལ་ཅི་ཐུབ་བྱེད། དེ་ནས་གཅེས་འཛིན་དང༌། ཆགས་ཞེན་གྱི་དབང་དུ་མ་སོང་བར། སྔར་རང་གི་བསྒོམ་པའི་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་འདོན་ཅི་ཐུབ་དང༌། འཆི་ཁར་རང་གིས་གསལ་འདེབས་ཅི་ཐུབ་དང༌།(༡༠༤བ)དེ་མིན་གྲོགས་ལ་རོགས་བཅོལ་ནས། ཡན་ལག་བདུན་པ་དང༌། མཎྜལ་རྒྱས་བསྡུས་གང་རིགས་ཕུལ། བླ་མ་སྤྱི་བོར་སྒོམ་བཞིན་པ་ནས་བདག་འཇུག་སོགས་ལེན་དུ་བཅུག །སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་རྣམས་གསོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱང་སྐྱེད་སྐྱོང་བྱས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྒྱལ་བས་བསྔགས་པས་ལམ་རྣམ་པར་དག་པ་དང་མི་འབྲལ་བར་གྱུར་ཅིག་སྙམ་གཏོང་ལེན་སྒོམ་བཞིན་པས། བདག་ཅག་གི་སྟོན་པས་གྲོང་ཁྱེར་རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པ་ཚུལ་སྟོན་པའི་རྣམ་ཐར་དང་མཐུན་པར། མགོ་བྱང༌། ཁ་ནུབ་ཏུ་བལྟ། གཞོགས་གཡས་ཕབ་སྣ་བུག་གཡས་པ་སྲིན་མཛུབ་ཀྱིས་བཀག་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་གཏོང་ལེན་གྱི་དམིགས་པ་དེ་གའི་ནང་ནས་འཆི་ཐུབ་ན། སྐྱབས་སུ་འཆི་རྒྱུ་གང་འདྲ་རེད་གསུངས། དགེ་བཤེས་པོ་ཏོ་བ་ཆོས་འཆད་བཞིན་པར་ཁྲི་ཐོག་ཏུ་ཞིང་གཤེགས། བྱམས་མགོན་བླ་མ་རིན་པོ་ཆེ་ཡང་ཐུགས་བཞེད་དེ་ལྟར་ཡོད་པའི་གསུང་བགྲོས་བཅས་རྒྱ་ཆེར་གསུངས་ནས་ད་དེ་ཚོ་ཤིན་ཏུ་ནས་གལ་ཆེ་བ་ཡོད་པས་ཕྱག་ལེན་ལ་འདེབས་ཐུབ་པ་ཞིག་ཅི་ནས་ཀྱང་མཛད་པ་ཞུ་གསུང༌། དེ་ལྟ་བུའི་བློ་སྦྱོང་གི་དོན་ཐམས་ཅད་ཚེ་གང་གི་ཉམས་ལེན་སྟོབས་ལྔའི་ནང་དུ་ཧྲིལ་ཏེ་དྲིལ་ནས་ཉམས་སུ་ལེན་ཐུབ་པ་ཞིག་བྱུང་ན། ལམ་རིམ་དང་བློ་སྦྱོང་གི་དོན་གོ་བས་ཉམས་ལེན་གནད་དུ་སོང་ཚུལ་ཞིབ་པར་གསུངས། དེ་ལྟར་ཉམས་སུ་བླངས་(༡༠༥ན)ནས་འཆི་དུས་སུ་ཡང་ཇི་ལྟར་བྱེད་སྙམ་ན། ཐེག་ཆེན་འཕོ་བའི་གདམས་པ་ནི། སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་ཅེས། །ཞེས་པ་ལྟར། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྟོབས་ལྔའི་ནང་དུ་བསྡུས་པས་ཉམས་ལེན་འདི་རང་གི་ངང་ནས་གོང་དུ་བཤད་པ་ལྟར་འཕོ་ཐུབ་པ་ཞིག་བྱུང་ན་དེ་ལྟར་འཕེལ་ལ། སྤྱིར་ལྷ་བསྒོམ་ནས་འཕོ་བ་དང༌། འདུན་པས་དག་བཞིན་དུ་འཕེན་ཚུལ་སོགས་སྔགས་ཀྱི་སྐོར་ནས་དུ་མ་ཞིག་གསུང་ཡོད་ཀྱང༌། འདི་རང་མཆོག་ཏུ་གྱུར་བ་ཡིན། དེ་གང་ཡིན་ན་ཉམས་ལེན་གྱི་སྐབས་སུ་གཞན་ཞིག་བྱས། འཆི་དུས་སུ་དེ་ལས་གཞན་པ་ཞིག་གསར་དུ་བསླབ་ནས་བྱེད་དགོས་བྱུང་ན། མིའི་རྣམ་ཤེས་བསྡུ་བའི་དུས་ལ་ཡང་ཤེས་ཐུབ་ས་མེད། འདི་ལ་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བས་འདི་འདྲ་གསུངས་འདུག །འཕོ་བ་ལ་འུད་ཆེ་བ་མང་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ངང་ནས་འཕོ་བ་འདི་ལས་ལྷག་པ་གང་ན་མེད་ཞེས་སོགས་གསུངས། རྗེ་རིན་པོ་ཆེའི་སྔགས་མཚན་ཉིད་ཀྱི་ལམ་གྱིས་རིམ་པ་གཉིས་དང༌། རིམ་ལྔ་གསལ་སྒྲོན་སོགས་སུ། ཉམས་ལེན་ནམ་འོད་གསལ་སྒོམ་བཞིན་པའི་ངང་ནས་འཆི་ཐུབ་པ་བྱུང་ན་དེ་རང་འགངས་ཆེ་བར་གསུངས། རང་ལ་ལམ་གྱི་ཉམས་ལེན་སོགས་བྱེད་རྒྱུ་མེད་ན། འཆི་དུས་སུ་གཞན་དག་ལ་གསོལ་འདེབས་ཞུ་བ་དང༌། གྲོགས་བཅོལ་བ་ལས་འོས་མེད་ཚུལ་དང༌། དང་པོ་དེ་མཆོག་ཏུ་བསྔགས་པ་ནི། རྗེ་བཙུན་བློ་བཟང་ཆོས་(༡༠༥བ)རྒྱན་གྱིས་བླ་མ་མཆོད་པའི་རྫོགས་རིམ་གྱི་དམིགས་སྐོར་གྱི་མཇུག་ཏུ། ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། །བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་ནི། །སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། །དག་པའི་ཞིང་དུ་བགྲོད་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ཡིན་གསུངས།

 

 

 

 

 

བློ་འབྱོངས་པའི་ཚད་བསྟན་པ༌།

 

དེ་ནས་རྩ་བའི་ས་བཅད་ལྔ་པ། འབྱོངས་པའི་ཚད་བསྟན་པ་ལ། རྩ་ཚིག་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུ། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྒོམ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན་ཞེས་ཚིག་བཅད་བཞི་པོ་འདི་ཡིན། འདི་ལ་རྒྱལ་སྲས་དངུལ་ཆུ་བས་འབྲུ་འགྲེལ་རེ་མཛད་ནས་གསུངས། རྗེ་བཙུན་

ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། ལམ་ཉམས་ལེན་གྱི་ཉམས་དང་སྦྱར་བའི་སྣོན་ཁ་རྒྱབ་པ་ནི། བྱ་བ་དེ་ནི་ལོག་པ་ཡིན། འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཞེས། །དམ་པ་གོང་མའི་གསུང་ལས་བྱུང༌། །ཞེས་པ་འདི་ཡིན་ཚུལ་དང༌། དང་པོ་ལ་ཆོས་ཀུན་དགོས་པ་གཅིག་ཏུ་འདུས་ཞེས་བློ་སྦྱོང་གོང་མ་འགའ་ཞིག་ལ་ཡོད་པ་དང༌། འདིར་དགོངས་པ་ཞེས་པ་དོན་ཐག་གཅིག་ཡིན། དང་པོ་ནི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ཇི་སྙེད་ཅིག་གསུངས་པའི་དགོས་པ་དེ། ཆོས་ཐམས་ཅད་རང་རྒྱུད་ཀྱི་ཉོན་མོངས་འདུལ་

ཐབས་སུ་གོ་བ་དེ་ཡིན། དེ་ལ་བདག་ཅག་གི་སྟོན་པས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ། འདོད་ཆགས་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་ཉི་ཁྲི་ཆིག་སྟོང༌། གཏི་མུག་ཉི་ཁྲི་ཆིག་སྟོང༌། དེ་གསུམ་(༡༠༦ན)ཆ་མཉམ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་གསུང་ཟེར་བ་འདི་ད་ལྟ་གྲྭ་ས་ཚོ་ལ་རླུང་ལྟར་གྲགས་པ་དེ་ཡིན་ཚུལ་ཞིབ་པ་དང༌། དེ་རྣམས་ཉོན་མོངས་པའི་གཉེན་པོར་འགྲོ་ཟེར་བ་དེ། ནགས་ཀྱི་དཀྱིལ་དང་ནམ་མཁའི་མཐོང་སོགས་ཕྱོགས་གཞན་ཞིག་ན་ཡོད་པའི་ཉོན་མོངས་པའི་གཉེན་པོར་འགྲོ་གསུངས་རྒྱུ་མ་རེད། དེ་རང་རྒྱུད་ཀྱི་ཉོན་མོངས། དེ་ཡང་ཉོན་མོངས་པ་སྤྱི་ཙམ་མ་ཡིན་པར། རང་རྒྱུད་ཀྱི་ཉོན་མོངས་པའི་གཙོ་བོ་ཐམས་ཅད་ཀྱི་འབྱུང་གནས་བདག་འཛིན་འགོང་པོ་འདིའི་གཉེན་པོར་སོང་ནས། བདག་འཛིན་ཁོ་འཇམ་ལྷན་ནེ་སོང་བ་ངེས་པར་དགོས་རྒྱུ་ཡིན་འདུག །དེ་ལ་དོགས་པ་འདི་འདྲ་ཡོང༌། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས་ཀྱང་ང་ལ་ཁྱད་མི་འདུག །ད་ལྟ་བདག་འཛིན་འགོང་པོ་ཁོ་འདུལ་བའི་ས་ལ་མི་འདུག །ཐོག་མར་ཚེ་འདི་ལ་བློ་མ་ལོག་པར་སྙམ་པ་བྱུང་ན། འདི་ལ་ལས་དང་པོ་བའི་ས་ནས་རིན་པོ་ཆེ་བཞིན་ཆོས་ཀུན་དགོངས་པོ་གཅིག་ཏུ་འདུ་ལུགས་དང༌། ལྷག་མཐོང་བར་གྱི་ཉམས་ལེན་ཐམས་ཅད་ཧྲིལ་གྱིས་དྲིལ་ནས་ཆོས་ཀུན་དགོངས་པ་གཅིག་ཏུ་འདུ་ལུགས་གཉིས་ཡོད་པས། དང་པོ་ནི་དགེ་བའི་བཤེས་གཉེན་བསྟེན་པའི་ཆོས་སྐོར་ཉམས་སུ་བླངས་པ་ལ་བརྟེན་ནས། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་སྐྱོན་འདོག་གི་བློ་ཐམས་ཅད་ལོག་ནས། ཅི་མཛད་ལེགས་པར་མཐོང་བའི་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དཻ། བླ་(༡༠༦བ)མ་གང་བྱུང་མང་པོ་མི་བརྟེན་པ་དང༌། སྡིག་པའི་གྲོགས་པོའི་དབང་དུ་མ་སོང་བར། སྣ་ཐག་བླ་མའི་ཕྱག་ཏུ་གཏད་དེ་དེ་མཉེས་པའི་ཐབས་འབའ་ཞིག་སྒྲུབ་པ་ལ་ཞུགས་ན་དེ་འདྲ་བ་ལ་བཤེས་གཉེན་བསྟེན་ཚུལ་རང་གི་ཐོག་ཏུ་ཆོས་ཀུན་དགོངས་པ་གཅིག་ཏུ་འདུས་པ་ཡིན། དེ་བཞིན་དུ་དལ་འབྱོར་དང༌། འཆི་བ་མི་རྟག་པ། ངན་འགྲོའི་སྡུག་བསྔལ། སྐྱབས་འགྲོ་ལས་འབྲས་སོགས་བསམ་པས། ཚེ་འདི་ལ་བློ་ལོག་ན། སྐྱེས་བུ་ཆུང་ངུའི་ནང་དུ་ཆོས་ཀུན་དགོངས་པ་གཅིག་ཏུ་འདུས་པ་ཡིན། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་སྒོ་དུ་མ་ནས་བསྒོམ་པས། སྐྱོ་ཤས་དང་ངེས་འབྱུང་ཤུགས་དྲག་པོས། ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེས་བྱུང་ན། སྐྱེས་བུ་འབྲིང་གི་སྟེང་དུ་ཆོས་ཀུན་དགོངས་པ་གཅིག་ཏུ་འདུས་པ་ཡིན། དེ་བཞིན་རྒྱུ་འབྲས་མན་ངག་བདུན་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པས། རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པར། ཅི་བྱེད་སེམས་ཅན་གྱི་དོན་དུ་གྱུར་པས་བློ་དེས་དྲངས་ཏེ། རྒྱལ་བའི་སྲས་ཀྱི་སྤྱོད་པ་ཟབ་མོ་དབུ་མའི་ལྟ་བ་སོགས་ལ་བརྟེན་ནས་གཏོང་ལེན་བསྒོམ་པ་སོགས་ལ་ལ་རང་ཤུགས་ཀྱིས་འཇུག་ན། སྐྱེས་བུ་ཆེན་པོའི་སྟེང་ཏུ་ཆོས་ཀུན་དགོངས་པ་གཅིག་ཏུ་འདུས་པ་ཡིན། དེ་ནས་བཤེས་གཉེན་བསྟེན་ཚུལ་ནས་ལྷག་མཐོང་གི་བར་གྱི་ལམ་ཐམས་ཅད་སྟན་ཐོག་གཅིག་རང་ལ་ཧྲིལ་ཏེ་དྲིལ་ནས། རྒྱས་བསྡུས་ཀྱི་ཉམས་ལེན་རྣམ་པར་དག་(༡༠༧ན)པ་ཞིག་བྱུང་ན། ཆོས་ཀུན་རང་རྒྱུད་ཀྱི་བདག་འཛིན་འགོང་པོའི་གཉེན་པོར་སོང་ནས། མདོ་སྔགས་ཀྱི་ཆོས་ཐམས་ཅད་དགོངས་པ་གཅིག་ཏུ་ལུས་ཚུལ་ཞིབ་པ་དང༌། ཁྱད་པར་དགེ་སྦྱོང་གང་བྱེད་ཀྱང་རང་རྒྱུད་ཀྱི་བདག་འཛིན་དང༌། གཅེས་འཛིན་གཉིས་འདུལ་བའི་ཐབས་སུ་བཏང་ནས། ཁོང་གཉིས་འཐུལ་ནས་འཇམ་ཉལ་དེ་སོང་ན། འབྱོངས་བའི་ཚད་ཡིན་པས། དེ་འདྲ་བ་ལག་ཏུ་ལེན་པ་དང༌། སྨོན་ལམ་རྣམ་པར་དག་པར་ཡང་འདེབས། འབྱོངས་ཚད་གཉིས་པ་དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་ཞེས་པས། རང་རྒྱུད་ཆོས་དང་ཨེ་མཐུན་མི་མཐུན་གྱི་དཔང་པོ་དེ་ལ་གཞན་གྱི་སྣང་ངོར་ཕྱི་ཚུལ་གྱི་སྤྱོད་ལ་སོགས་ལེགས་པ་དང༌། རང་སེམས་རང་ལ་མ་ཁྲེལ་བའི་དཔང་པོ་གཉིས་ཡོད་པས། གཞན་དེ་རང་མཉམ་གྱི་མི་ལ་བྱེད་ཅིང༌། རང་གི་བླ་མ་དང༌། སྟོན་པ་སངས་རྒྱས་དང༌། དཀར་ཕྱོགས་པའི་ལྷ་ཀླུ་མངོན་ཤེས་དང་ལྡན་པ་སོགས་ནི་གཞན་ཡིན་ཀྱང༌། དེ་རྣམས་ཀྱིས་རང་སེམས་མི་མཁྱེན་པ་མེད་པས། དེ་རྣམས་ཐུགས་མ་ཁྲེལ་བ་ནི་གང་བྱས་ཀྱང་དགོས། རང་མཉམ་གྱི་མི་ཕལ་པ་ལ་ཟེར་བ་ཡང༌། སྡེ་སྣོད་གསུམ་པ་བློ་གཟུ་བོར་གནས་པ་ཞིག་ལ་བྱེད་པ་ཡིན་ཅིང༌། དེ་མིན་པའི་གླེན་པ་གང་ཡང་མི་ཤེས་པ་ནི་ངེས་པ་མེད། དེ་འདྲའི་རིགས་ཚོ་འདི་འདྲ། ང་ཤི་སོང་ན་ཡང་འགྱོད་པ་མེད། ང་ལ་སྡིག་པ་ནི་མེད་ཟེར་བ་སོགས་ནི། སྡིག་པ་གང་(༡༠༧བ)ཡིན་ངོ་རང་མ་ཤེས་པའི་རྟགས་ཡིན། ཁོའི་སྡིག་པ་ངོས་བཟུང་བཅུག་ན། གཞན་ལ་གྲི་བཞུས་ནས་བསད་པ་དང༌། གཞན་ནོར་རྐུས་པ་སོགས་ལ་བྱེད་རྒྱུ་རེད། དེ་ཡང་མི་གཞན་གྱི་སྣང་ངོར་ལེགས་པ་དེ་ལ། ལེགས་པས་ཁྱབ་པ་མེད། བླ་མ་རིན་པོ་ཆེས་འདི་འདྲ་གསུངས། འགའ་ཞིག་འདི་འདྲ་ཡོང༌། ཕྱི་ཚུལ་བཅོས་ནས་སོག་མའི་སྟེང་དུ་ཕྱིན་ཀྱང་ཚག་ཚག་མི་ཟེར་བའི་འགྲོ་ལུགས་མཁས་པ་དང༌། ཆོས་གོས་གྱོན་ལུགས་སོགས་ཀྱང་གཞན་གྱིས་བལྟས་ན། ཆོས་པ་རྣམ་པར་དག་པ་ཡིན་འདྲ་ཡང༌། ནང་གི་གཤིས་རྒྱུད་དེ་འདྲ་ཡིན་མིན་ཧ་མ་གོ །ནང་དུ་སླེབས་ཕྲལ་གཟན་ཡང་གཡུགས་ཧར་ཧར་རྒྱུག །ཚུར་ཚུར་རྒྱུག །མི་དྲན་དགུ་དྲན་སྣ་ཚོགས་བྱེད། དེ་འདྲའི་མི་དེ་ཞི་མི་དང་འདྲ་ཚུལ་རྒྱས་པ་དང་བཤེས་སྤྲིངས་ཀྱི་འགྲེལ་པར་དྲངས་པ་བཅོམ་ལྡན་འདས་ཀྱིས་ངའི་དགེ་སློང་རྣམས་ཤིང་ཐོག་ཨ་མ་འདྲ་གསུངས། ཤིང་ཐོག་ཨ་མ་དེ་ལ་ཕྱི་མ་སྨིན་ཕྱི་ནང་གཉིས་ཀ་སྨིན་པ། ཕྱི་ནང་གཉིས་ཀ་མ་སྨིན་པ་དང་བཅས་མུ་བཞི་གསུངས། འདིའི་ཤིང་ཐོག་ཨ་མ་ཟེར་བ་དེང་སང་གི་མི་རྒན་ཨམ་ཅོག་ཟེར་བ་འདི་རེད། འདིའི་རིགས་ཁ་གཅིག་འབྲས་བུ་ཆགས་མ་ཐག་ཏུ་དམར་དེང་དེ་སྨིན་པ་འདྲ་ཡང་ནང་མ་སྨིན། འགའ་ཞིག་ཕྱི་སྔོ་ཐབ་ཐབ་ལ་ནང་སྨིན་ནས་རུལ་སོང་བ་ཡང་ཡོང་བ་རེད། དེ་བཞིན་དུ་མི་འགའ་ཞིག་ཕྱི་ཚུལ་དུལ་མདོག་ཁ་ཡང༌། ནང་གི་སེམས་རྒྱུད་གང་ངན་ངན་ཡོད། འགའ་(༡༠༨ན)ཞིག་ཕྱི་ལ་སྤྱོད་པ་རྩིང་མདོག་ཁ་ཡང༌། ནང་གི་གཤིས་རྒྱུད་འཇམ་ཐིང་ཐིང་བ། འདོད་པ་ཆུང་ལ་ཆོག་ཤེས་པ་སོགས་ཡོད་པ་རེད། དེ་གཉིས་ཀྱིས་རང་གི་སེམས་དེས་རང་གི་དཔང་པོ་འཕེར་བ་ཞིག་བྱས་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པར་མངོན་སུམ་དུ་གྲུབ་པ་ཡོངས་སུ་གྲགས་པས། རང་སེམས་ཀྱི་དཔང་པོ་བྱས། བླ་མ་དཀོན་མཆོག་དང༌། མཁའ་འགྲོ་ཆོས་སྐྱོང་སོགས་ཐུགས་མ་ཁྲེལ་བ་ཞིག་བྱེད་པ་དཔང་པོའི་གཙོ་བོ་ཡིན། དེ་རྣམས་ཐུགས་ཁྲེལ་དགོས། དང་པོར་རང་རྒྱུད་ལ་འདུལ་བ་ནས་བཤད་པའི་ལྟུང་བས་གང་མ་གོས་གོས་བྱེད། ཅུང་ཟད་གོས་ཀྱང་ཕྲལ་དུ་བཤགས་པས་དག་པར་བྱེད་དགོས་ཏེ། ཇོ་བོ་རྒྱ་གར་ནས་ཕེབས་དུས། རོང་གི་ནང་དུ་ཚོང་པའི་སྣ་དཀྱིལ་ནས། སྡིག་ལྟུང་ལ་བཤགས་སྡོམས་མཛད་དེ་ད་གཤེགས་ཁོ་བོ་དེ་ཕྲལ་དུ་ཤི་ན་ངན་སོང་དུ་འགྲོ་གསུང་བའི་ལོ་རྒྱུས་དང༌། དེ་ནས་འདུལ་བའི་བཅས་མཚམས་རྣམ་པར་དག་པས་དྲན་པ་བརྟན་པའི་ཐོགས་ནས། སྔགས་བྱང་སེམས་སོགས་ཀྱི་བསླབ་བྱ་དང་མི་འགལ་བ་དགོས་ལུགས་གསུངས་ནས། འདིའི་ཚེ་ནཉེན་ཁ་ཤིན་ཏུ་ཆེ། སྡོམ་པ་གསུམ་ལྡན་ཞིག་ཡིན་ཕྱིན་འདུལ་བ་ནས་བཤད་པའི་ཕྱི་དྲོའི་ཁ་ཟས་དང༌། ཆབ་ལེན་ལྷམ་འབུད། བྱིན་ལེན་བྱེད་པ། རུང་ཆུ་འདེབས་པ་ལྟ་བུར་ལྟོས་མེད་ཀྱིས་འདས་ན། སྔགས་ནས་བཤད་པའི་བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ་འབྱུང༌། དེ་བྱུང་(༡༠༨བ)ན་སྔགས་ཀྱི་སྐབས་ནས་བཤད་པའི་སྦོམ་པོ་གཅིག་བྱུང་ཡང༌། འདུལ་བ་ནས་བཤད་པའི་རྩ་བའི་ལྟུང་བ་བཞི་ཀ་ལས་ལྕི་ཚུལ་སོགས་ཞིབ་པ་དང་དེ་ལྟ་བུའི་ལྟུང་བས། ང་རང་ཚོ་ལ་མི་གོས་པ་ཆེར་མི་ཡོང༌། བྱུང་ཡང་ཕྲལ་ཕྲལ་དག་པར་བྱེད་དགོས། བྱེད་ཚུལ་རྗེ་བདག་ཉིད་ཆེན་པོའི་མན་ངག །གསེར་ཆོས་ལས་ཀྱང་ལྷག་པར་ཐུན་དྲུག་གི་རྣལ་འབྱོར་བསྒོམ་རྒྱུ་འདི་རང་ཉམས་སུ་ལེན་རྒྱུ་བྱུང་ན། དེའི་དང་པོར་ཐོ་རངས་སྐབས་ལྟུང་བ་བསྔོ་བགྲངས་བྱས་ཏེ། སྡིག་ལྟུང་སྤྱིའི་བཤགས་པ་ལྟུང་བཤགས་འདོན་ལུགས་རྒྱུད་པའི་ལག་ལེན་ལྟར་དང༌། བསྔོ་བགྲངས་བྱེད་པར་འདུལ་བའི་ལྟུང་བའི་སྐོར་ལ་འདུལ་བ་ལུང་རང་ནས་གསུངས་པ་དེ་ནི་བསྡུས་དྲགས་པས་གོ་མི་ཐུབ། ཞབས་དྲུང་ལྷ་པ་རིན་པོ་ཆེ་སོགས་དངོས་སློབ་གྲུབ་ཆེན་རྣམས་ཀྱིས་ཞུས་ནས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་མཛད་པས། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་སྡོམ་ཚིག་དང༌། བྱང་སེམས་ཀྱི་སྡོམ་པ་ཉི་ཤུ་པ། སྔགས་ཀྱི་རྩ་ལྟུང་བཅུ་བཞི་པ་དང༌། སྦོམ་པོ་བརྒྱད་པ་སོགས་བཟུང་ན་མང་ཉུང་མཚམས་ཤིང་གོ་བདེ་ལུགས་དང༌། བཤགས་པའི་རྗེས་སུ་ཐུན་དྲུག་དངོས་གཞིའི་ཉམས་ལེན་མ་ཆག་པར་བྱས་ན་དེའི་ནང་དུ་ཐམས་ཅད་འཐུས་ཤིང༌། གཞན་མ་བསྲུང་ལུགས་དཀའ་ཚུལ་བཅས་ཞིབ་ཏུ་བསྩལ། དེ་ལྟར་རང་རྒྱུད་སྡིག་ལྟུང་གིས་མ་གོས་ཀྱང༌། བཤགས་སྡོམ་གྱིས་ཟིན་པས་བློ་བདེ་སེང་ངེ་བ་ཞིག་རང་བློ་རང་ལ་ལྐོག་ཏུ་མ་(༡༠༩ན)གྱུར་པས་དེ་ལྟར་བྱུང་ན་དེ་དང༌། བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཐུགས་མི་ཁྲེལ་བ་དེ་ཡང་དཔང་པོའི་གཙོ་བོ་ཡིན། དེ་ནས་འབྱོངས་ཚད་གསུམ་པ་ཡིད་བདེ་འབའ་ཞིག་རྒྱུན་དུ་བསྒོམ་གསུང་བ་ནི། ང་རང་ཚོ་ལ་བློ་སྦྱོང་བསྒཽམ་པའི་སྐབས་སོགས་གང་ལ་ཡང་མི་བདེ་བ་ལྷང་ལྷང་བ་ཞིག་གང་ནས་ཀྱང་ཡོང༌། དེ་ཅི་རེད་ཟེར་ན། སྐབས་རེ་ལུས་ལ་ན་ཚ། སྐབས་རེ་སེམས་ལ་སྡུག་བསྔལ། སྐབས་རེ་རྒྱུ་ཆས་ཀའི་བསམ་པས་བློ་མི་བདེ། སྐབས་རེ་གཉེན་དུ། སྐབས་རེ་འཁོར་གཡོག་དང༌། རང་གི་གང་བྱེད་པ་ལ་བརྟེན་ནས་ཡིད་མི་བདེ་བ་ཞིག་རང་འོང༌། ང་རང་ཚོའི་བློ་འདི་སྡུག་རང་དྲགས་ནས། དེ་ཐམས་ཅད་ཀྱི་སྦོ་ངོ་རྒྱབ་ནས་གདན་ཁར་ཡང་སྡོད་མི་ཐུབ་པ་ཞིག་ཡོང༌། དེ་ལ་བླ་མ་རིན་པོ་ཆེས་སྔ་ཐོག་འདིའི་ཁྲིད་གནང་སྐབས་ང་རང་ཚོའི་བློ་འདི་སྡུག་རང་དྲགས་ནས་རྣམ་རྟོག་ཞིག་གང་ནས་ཀྱང་སྐྱེ་སྟེ། གཞན་གྱིས་བསད་དོགས་པ་སོགས་ཀྱི་མཚན་མོ་གུང་གསེང་ལ་ཡང་འགྲོ་མི་ནུས། གུང་གསེང་གཏོང་སྐབས་སྤྱོད་ནང་ནས་མདུང་ཞིག་བུས་ཏཻ་བསད་མི་ཡོང་ལས་ཆེ་བསམ་པ་ཡང་ཡོང་གསུངས༌། དེ་འདྲའི་བློ་རྣམ་རྟོག་གི་ཚབ་ཚུབ་ཅན་ལ་ཡིད་བདེ་བའི་སྐབས་ཡོང་ས་མེད། །དེས་ན་སྐྱིད་སྡུག་གང་བྱུང་ཡང་བཟོད་སྙམ་མགོ་ལ་ཐོག་བབས་བྱུང་ཀྱང་ཐེ་ཚོམ་མེད་པར་སྒུར་ནས་སྡད། གཞན་མཐོ་དམའ་སྣང་ཤས་ཅན་ཚོ་ལ་སྙིང་རྗེ་བསྒོམ་ཁྲེལ་དགོད་རེ་བྱས། བྱམས་སྙིང་རྗེའི་ངང་ནས་གཏོང་(༡༠༩བ)ལེན་རེ་སྒོམ་ནས་སྡད་ན། རྣམ་པར་རྟོག་པ་གང་བྱུང་ཡང་ལམ་དུ་སྒྱུར་ཤེས་པས་ཡིད་མི་བདེ་བ་གང་ཡོད། དེ་ཐམས་ཀྱི་རྩ་བ་འདི་རེད། བདག་འཛིན་དང་གཅེས་འཛིན་འདི་གཉིས་བློས་མ་ཐོངས་པའི་སྐྱོན་རང་ཡིན། ཁོ་སྙིང་དུ་ཡོད་ཕྱིན་ཁོ་ལ་མི་དགོས་པ་མེད་པས་ཁོས་ནང་ནས་ཕུད་གཏད་གཏོང་བ་རེད། དེ་འདྲ་མ་བྱས་པར་ད་བླ་མ་ཐུགས་མ་ཁྲེལ་ཙམ་བྱུང་ན་གཞན་སུ་རང་མ་དགའ་ཡང་ཁྱད་མི་འདུག་སྙམ་དགེ་བཤེས་འབན་གྱི་རྣམ་ཐར་བཞིན་བྱས་ནས་སྡད། གཞན་དོན་མེད་དོ་འདུར་རུ་འདུར་རུ་རྒྱུག་ནས་འགྲོ་བ་ཚོ་ལ་སྙིང་རྗེ་རེ་བསྒོམ། དེ་ཡང་རང་ལ་ན་ཚ་སོགས་མི་ལེགས་པ་རེ་བྱུང་ན་ཕ་རོལ་པོའི་འདྲེ་ཞིག་རང་ལ་བསམ་ནས་གང་གིས་གནོད་འདུག་རང་ཞེས་གསུང་རྟགས་ཞུ། འདྲེ་རང་གི་སྙིང་ན་ཡོད་པ་དེ་ངོ་མ་ཤེས། སྒོ་གསུམ་ཉོན་མོངས་པས་མི་གོས་པས་བྱ་ར་བྱས་ཏེ། རྐྱེན་ངན་གང་བྱུང་ཡང༌། ང་ལ་དགོས་རྒྱུ་དེ་ཡིན། ངས་གཏོང་ལེན་བསྒོམ་ཆོག་སྙམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམ་བཞིན་དུ་བདེ་འབོལ་ལེ་སྡད་ན་ཁོ་ལ་ཡིད་མི་བདེ་བ་གང་ཡང་མེད། རྐྱེན་ངན་ཐམས་ཅད་ནི་བྱུང་རེས་ཀྱི་ལམ་དུ་སྒྱུར་ཆོག་པས་དེ་ལ་ཡིད་མི་བདེ་བ་མེད་པས། ཡིད་བདེ་འབའ་ཞིག་རྒྱུན་དུ་སྒོམ་ལུགས་དེ་འདྲ་ཡིན་ཚུལ་ཞིབ་པ་དང༌། འབྱོངས་རྟགས་བཞི་པ། ཡེངས་ཀྱང་ཐུབ་ན་འབྱོངས་པ་ནི། བློ་སྦྱོང་གི་ཉམས་ལེན་ཡག་པོ་མཐར་ཕྱིན་ནས། འགྲོ་འདུག་སྤྱོད་ལམ་སོགས་ཀྱི་སྐབས་རྐྱེན་ངན་ཅི་བྱུང་ཡང་ཁོ་(༡༡༠ན)བྱུང་སྙམ་ལམ་དུ་སྒྱུར་ཐུབ་པ་ཞིག་བྱུང་ན་འབྱོངས་རྟགས་ཡིན་ཀྱང༌། དེ་ད་ལྟ་ལས་དང་པོ་བའི་སྐབས་མི་འབྱུང་ཡང་སྨོན་ལམ་གྱི་ཡུལ་དུ་བྱ་དགོས། དེ་ལ་དཔེ་འདི་འདྲ་གསུང༌། དཔེར་ན་མི་རྟ་ལ་ཤིན་ཏུ་འདྲིས་པའི་རྟ་རྩལ་ཅན་དེ་རྟ་གློ་བུར་དུ་འདྲོགས་ཀྱང་ཁོ་སྐྱུར་མི་ཐུབ་པར་མ་ཟད། ཁོས་རྟའི་སྟེང་ནས་ས་སྟེང་གི་དངོས་པོ་ལེན་པ་སོགས་དེ་དང་འདྲ་གསུངས། འདི་ལ་སྔོན་གྱི་གཏམ་རྒྱུད་མ་གཅིག་ལབ་སྒྲོན་གྱིས་ལ་སྟོད་དིང་རིར། ཕ་དམ་པ་སངས་རྒྱས་ལ་གཅོད་ཀྱི་གདམས་པ་སོགས་ཞུ་བར་ཕེབས་སྐབས་ཡུལ་དེར་ལོ་དུས་ཀྱི་ལྟད་མོ་ཞིག་ལ་མི་ཐམས་ཅད་འགྲོ། དེར་འགའ་ཞིག་རྟའི་སྟེང་ནས་ཡར་ལངས་ནས་རྒྱུག་པ་སོགས་མཐོང་བས་ཡ་མཚན་ནས། ཨ་མ་ལབ་སྒྲོན་ལ་ཞུས་པར། ལབ་སྒྲོན་གྱི་དེ་བས་ང་རྟ་རྩལ་ཆེ། ངས་རྟ་གདན་ཐོག་ཏུ་རྒྱུན་དུ་སྡོད་ཐུབ་པ་ཡིན་གསུངས་པ་དང༌། རྗེ་བཙུན་མི་ལས་མཚན་ཉིད་པ་ཚོ་ལ་ཉམས་མཚར་མཛད་ནས། ཁྱོད་མཚན་ཉིད་པའི་དགེ་བའི་བཤེས་གཉེན་ཚོའི་གདན་ཆུང་གྲུ་བཞིའི་ཁར་ཚེར་མ་རྣོན་པོ་བཙུགས་མེད་ལས་ཆེ་གསུང་བའི་གཏམ་རྒྱུད་དང༌། རང་རེ་ཚོ་མ་བྱུང་བ་རང་དེ་རྗེ་བཙུན་གྱིས་གསུངས་པ་ལྟར་སྤྱིར་གདན་ཐོག་གཏན་ནས་མི་སྡོད་པར། ཧར་ཧར་ཕྱིན། ཚུར་ཚུར་ཕྱིན། ཅུང་ཞིག་ཐོབ་ཀྱང་ཐོན་སྐྱེད་དང༌། ཡར་བསྐྱེད་གང་ཡང་མི་ཡོང་བ་སྟཻ། ཕྲེང་བ་རྨུར་རྒྱུ་འདི་རང་གིས་མ་བྱུང༌། སྐབས་རེ་ནད་ན་ཚ་བྱུང་དོགས། སྐབས་རེ་འདོད་དོན་མ་འགྲུབ་དོགས།(༡༡༠བ)རེས་གཉེན་མ་འཁྱོངས་དོགས། ཕྲེང་བ་རང་རྨུར་ནས་མང་པོ་ཞིག་འདྲེན་དགོས་པ་འདིས་ལན། དོན་དུ་རང་རེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་མཁན་སོགས་ཆོས་རྣམ་དག་བྱེད་པ་རྣམས་ལ་སྒྲུབ་ཁང་དུ་གདན་ཆུང་གྲུ་བཞི་མནན་ནས་སྡོད་པ་འདི་རང་རྟ་རྩལ་ཆེ་དྲག་ཤོས་ཡིན་ཚུལ་བསླབ་བྱ་དང་བཅས་ཞིབ་པར་གསུངས། འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཞེས། དམ་པ་གོང་མའི་གསུང་ལས་བྱུང་གསུངས་པ་ནི། འབྱོངས་རྟགས་མི་གཅིག་པ་ལྔ་ལོགས་སུ་བཀར་ནས་འཇོག་པ་ལ་མི་ཟེར། བླ་མ་མཁས་པ་ཚུལ་བཞིན་དུ་བསྟེན་ནས་ལམ་རིམ་བློ་སྦྱོང་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་ལེན་ཁོ་ཐག་ཆོད་པ་ཞིག་བྱུང་ན། དེ་འདྲ་བ་དེ་མཁས་པ་ཆེན་པོ་ཡིན་ཏེ། འདུལ་བའི་སྡེ་སྣོད་དགོངས་འགྲེལ་དང་བཅས་པའི་དོན་ཐམས་ཅད་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཐོག་ནས་ཤེས་ཐུབ་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སོགས་སྟོན་པའི་མདོ་སྡེའི་སྡེ་སྣོད་དགོངས་འགྲེལ་དང་བཅས་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྟོན་པས་མངོན་པའི་སྡེ་སྣོད་དགོངས་འགྲེལ་དང་བཅས་པའི་དོན་ཐམས་ཅད་སྐྱེས་བུ་ཆེན་པོའི་ཆོས་སྐོར་ནས་ཤེས་པས་མཁས་པ་ཆེན་པོ་གཅིག་ཡིན། དེ་རྣམས་ཀྱི་དོན་མ་ཚང་བ་མེད་པར། དབེན་པའི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་བསྐྱངས་ནས་ཉམས་ལེན་ལ་གཞོལ་བས་སྤོང་བ་ཆེན་པོ་༢ཡིན། འདུལ་བ་ལ་སོགས་པའི་སྡེ་སྣོད་གསུམ་(༡༡༡ན)འཛིན་པས་སྡེ་སྣོད་འཛིན་པོ་༣ཡིན། ཅི་བྱེད་སེམས་ཅན་གྱི་དོན་དུ་འགྱུར་བས་སེམས་དཔའ་ཆེན་པོ་༤ཡིན། དེ་འདྲ་བ་དེ་རང་གཞན་སེམས་ཅན་ཐམས་ཅད་ལ་བྱམས་པས་བྱམས་པ་ཆེན་པོ་༥ཡིན། དེ་ལ་བསམ་ན་རང་རེ་རྣམས་བླ་མའི་ཐུགས་རྗེས་ད་ལྟ་ཆོས་ལམ་རིམ་བློ་སྦྱོང་འདི་ལ་ཐོས་བསམ་སྒོམ་གསུམ་བྱས་པས་མཁས་པ་ཆེན་པོ་ཡིན། ད་དུང་ཚིག་ཙམ་དུ་མ་ལུས་པར་དབེན་པ་བརྟེན་ནས་བསྒོམ་ན་སྤོང་བ་པ་ཆེན་པོ་ཡོང་རྒྱུ་རེད། དེ་བཞིན་དུ་སྡེ་སྣོད་འཛིན་པ་ཆེན་པོ་དང༌། སེམས་དཔའ་ཆེན་པོ་སོགས་འབྱུང་རྒྱུ་རེད་སྙམ་པའི་ཡིད་ལ་དགའ་སྤྲོ་བསྐྱེད། འདི་དག་ནི་བློ་འབྱོངས་པའི་རྟགས་ཡིན་པས། འབྱོངས་ནས་ཀྱང་རྒྱུན་དུ་བསྒོམ་པས་ཕྱག་ལེན་ལ་འདེབས་པ་གལ་ཆེ་ཚུལ་བཅས་གསུངས།

བློ་སྦྱོང་གི་དམ་ཚིག་བསྟན་པ།

 

དེ་ཡན་གྱི་བློ་འབྱོངས་པའི་ཚད་སོང་ནས། དེ་ནས་དྲུག་པ་བློ་སྦྱོང་གི་དམ་ཚིག་དེ་ལ་བཅོ་བརྒྱད་ཡོད་པས་དང་པོ་ལ་རྩ་ཚིག་ནི། སྤྱི་དོན་གསུམ་པོ་གང་ཡིན་ན། བློ་སྦྱོང་ཁས་བླངས་དང་མི་འགལ་བ། བློ་སྦྱོང་ཐོ་ཅོར་མ་ཤོར་བ། བློ་སྦྱོང་ཕྱོགས་རེར་མ་ལྷུང་བ་དང་གསུམ་ལ་བྱེད། དང་པོ་བློ་སྦྱོང་གི་དམ་ཚིག་ཟེར་བ་དེ་སྔགས་ཀྱི་དམ་ཚིག་ལྟ་བུ་ལ་ཟེར་བ་མིན། དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་འདིར་མི་རུང་བ་ལ་ཟེར། འདིར་གང་ལས་མི་འདའ་བ་ནི། རང་གིས་ཁས་བླངས་པ་ལས་མི་འདའ་བ་ལ་ཟེར་རྒྱུ་ཡིན། རང་གིས་ཁས་བླངས་པ་ནི། སོ་ཐར་གྱི་སྐབས་སུ་བར་མ་རབ་བྱུང་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་(༡༡༡བ)དགེ་སློང་གི་བར་གྱི་བསླབ་བྱ་རྣམས་མ་བསླབ་པར་རང་གར་ཁས་བླངས་པ་ཙམ་མ་ཡིན་པར། མངོན་གྱུར་བཅུ་ཚང་བའི་སྒོ་ནས་ཁས་བླངས་ཚུལ་སོགས་བདེ་ཞལ་སྐབས་ལྟར་ཞིབ་ཏུ་གསུངས་ནས། དེ་དག་ལས་འགལ་ན། ཁས་བླངས་དང་འགལ་བས། གཙོ་ཆེར་འདུལ་བ་ནས་བཤད་པའི་བཅས་རང་གི་ལྟུང་བ་འདི་རྣམས་དང་མ་འགལ་བ་གལ་ཆེ། ང་བློ་སྦྱོང་སྒོམ་མཁན་ཡིན་ཟེར་ནས། སྦྱིན་ལེན་དང་རུང་ཆུ་འདེབས་པ་དང་ཆབ་ལེན་ལྷམ་འབུད་སོགས་འདུལ་བའི་བཅས་མཚམས་ཕྲ་མོ་རྣམས་ལ་ཁྱད་དུ་བསད་དེ། རང་གི་སེམས་དུལ་ན་དེས་ཆོག་མོད། ཁ་ཆུས་ཤལ་བས་ཅི་ལ་ཕན་ཟེར་བ་སོགས་བདུད་དང་སྡིག་པའི་གྲོགས་པོས་ཡིད་བསྐྱོད་ནས་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་པའི་ཚིག་ཡིན་པས་དེ་འདྲ་ཁ་ནས་རང་འདོན་མི་རུང༌། བསམ་པས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་སྒོ་ནས། དགེ་ཚུལ་གྱི་བསླབ་བྱ་ཀ་རི་ཀ་ནས་བཟུང༌། དཔལ་གསང་བ་འདུས་པའི་དམ་ཚིག་གི་བར་རང་གིས་ཇི་ལྟར་ཁས་བླངས་པའི་བསླབ་པ་རྣམས་མ་ཉམས་པ་བསྲུང་དགོས། བསླབ་པའི་བཅས་མཚམས་ཁྱད་དུ་བསད་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་དང་སྒྲུབ་པ་བྱེད་བློ་བྱས་ཀྱང་རྒྱལ་བ་དགྱེས་པའི་ལམ་དུ་མི་འགྲོ་བས། ལམ་ལ་ས་ཕྱོགས་དང་ཐོན་སྐྱེད་གང་ཡང་མི་ཡོང༌། མདོར་ན་སོ་ཐར་བྱང་སེམས་གསང་སྔགས་ཀྱི་བཅས་པ་རང་གིས་ཇི་(༡༡༢ན)ལྟར་ཁས་བླངས་པ་ལྟར་མ་འགལ་བར་རྣམ་པར་དག་པར་སྙིང་ཐག་པ་ནས་བསྲུང་བ་གལ་ཆེ་གསུངས། གཉིས་པ་བློ་སྦྱོང་ཐོ་ཅོ་མ་ཤོར་བ་ནི། དེང་སང་ཕལ་ཆེར་ལ་ཐོ་ཅོར་ཤོར་བ་འདི་རང་འབྱུང་ཉེན་ཆེ། ཅི་ཡིན་ན་བློ་སྦྱོང་གི་མཇུག་འདིར་གཅོད་ཁྲིད་རེ་བགེགས་སེལ་བོགས་འདོན་དུ་གཏོང་བའི་སྲོལ་ཡོད། གཅོད་ཀྱི་འགོར་ཟིལ་གནོན་གྱི་དམིགས་པ་སྐོར་གསུམ་ཟེར་བ་ཡོད་པས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་རྒྱུ་ཡིན་ཟེར་དེར་གནས་པའི་ལྷ་རྟེན་སོགས་བཤིག །ཤིང་གཉན་བཅད། རྡོ་གཉན་སློག །ས་གཉན་བརྐོས། གྲོང་ཁྱེར་གྱི་གསུམ་མདོར་གསང་སྔགས་ཁྲོམ་ཆོས་སུ་བྱས་ནས་གཅོད་གཏོང༌། རྐང་གླིང་འབུད་པ་སོགས་བྱེད་པ་ནི་ངེས་པར་ཐོ་ཅོའི་སྤྱོད་པ་ཤ་སྟག་ཡིན། དེའི་རྒྱུ་མཚན་ཁོས་སྐབས་ཐོག་མི་མ་ཡིན་རྣམས་དབང་དུ་འདུས། དེས་གང་བྱེད་ན། ཁོས་དེ་དག་ལ་འཕྲིན་ལས་བཅོལ་ཏེ། གྲོང་ཆེ་བ་ཚོའི་ངའི་སྦྱིན་བདག་ཏུ་ཁུགས་ཙ་ན། ངས་མོ་ཆ་བགྱིས་པ་རྣམས་བདེན་དུ་ཆུག་ཅིག །ལྟོ་བཅོས་བྱས་པ་རྣམས་ལམ་དུ་ཐོངས་ཞིག་ཟེར། དེ་བྱུང་ན་ཁོ་ལ་ཕྲལ་གང་ལྟོ་གོས་གྲལ་ཆིལ་ཆིལ་བ་ཞིག་ཡོང་སྙམ་པ་ལས་གཞན་གང་ཡང་ཡོང་རྒྱུ་མེད་དེ་འདྲའི་ལྷ་འདྲེ་གཞིས་བདག་ཁྲོས་ཀྱང་ཕྲལ་དུ་ཁོ་ལ་གནོད་ཚེ་བྱེད་མིན་སྣ་ཚོགས་ཡོད། ཕུགས་སྐྱེ་བ་མང་པོའི་བར་དུ་སྒུགས་ནས་གནོད་ལན་བྱེད། དེ་ལས་འདུལ་བ་ནས་གསུངས་པ་ལྟར་(༡༡༢བ)འཇམ་པོས་གཏོར་མ་སྦྱིན། རྒྱུན་ཆགས་གསུམ་པོ་རེ་བཏོན་ངེད་ནི་མགྲོན་པོ་ཡིན། ཁྱོད་ནི་གནས་པོ་ཡིན། གདོང་གྲོགས་གནས་པོས་མཛད་དུ་གསོལ་ཞེས་བྱེད་རྒྱུ་མང་པོ་མ་བྱས་པར་སྡད་ན། མཐར་ཁོ་མགུ་ནས་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་འགྲོ་བ་ཞིག་ངེས་པར་ཡོང་ཚུལ་གསུངས། དེ་མིན་གོང་དུ་བཤད་པའི་ཐོ་ཅོ་དེ་ལྟར་བྱས་ན། གསང་སྒྲོག་གི་ལྟུང་བ་འབྱུང་ཚུལ་དང༌། ལྷ་རྟེན་སློག་པ་སོགས་བྱས་ན་བཅས་ལྡན་དགེ་སློང་གི་ས་ཐས་པ་སོར་བཞི་ཡན་སྐོར་མི་རུང་བར། སྐོས་པས་ལྟུང་བྱེད་འབྱུང་ལུགས་དང་སྒྲུབ་ཁང་དང༌། རི་ཁྲོད་དགོན་པ་སོགས་ཀྱི་ཁང་པ་སློག་ན་མཆོད་རྟེན་བཤིགས་པའི་ཉེས་པ་འབྱུང་ཚུལ་དང༌། གྲོང་གི་ཁང་པ་བཤིགས་ན་བྱང་སེམས་ཀྱི་གྲོང་འཇོམས་པའི་ལྟུང་བ་འབྱུང་ཚུལ་སོགས་ཞིབ་པར་བསྩལ། དེས་ན་བློ་སྦྱོང་བསྒོམ་པའི་སྐབས་བྱ་བ་ཐམས་ཅད་ཐོ་ཅོར་མ་ཤོར་བར་སྡོམ་པ་གསུམ་གྱི་བཅས་མཚམས་ལ་གནས་པ་ཞིག་ངེས་པར་དགོས་པར་གསུངས།

གསུམ་པ་ཕྱོགས་རེར་མ་ལྷུང་ཞེས་པ་ནི། དེང་སང་ཕལ་ཆེར་ལ་འདི་འདྲ་ཡོང༌། འགའ་ཞིག་མཐོ་ས་འཚོ་དང༌། དབང་ཤེད་ཡོད་པ་འདྲ་ལ་གུས་གུས་བྱེད། རྒྱུ་དག་ཡག་པོ། ངག་འཇམ་པོ་བྱེད། དམའ་བ་དང༌། སྙོམ་ཆུང་འདྲ་ལ་བཟང་ངན་བྱེད་པ་ཞིག་ཡོང༌། འགའ་ཞིག་རང་གི་འཁོར་གཡོག་རང་སྡང་ཟུག་བྱེད་པ་ཞིག་ཡོང༌། འགའ་ཞིག་རང་གི་གཉེན་གྲོགས་དང་འཁོར་རྣམས་ལ་བྱམས་ཞིང༌། གཞན་(༡༡༣ན)ལ་སྡང་ཟུག་དང༌། གནོད་པ་སྒོ་དུ་མ་ནས་བྱེད་པ་ཞིག་ཡོང༌། ཆོས་ཕྱོགས་ནས་འགའ་ཞིག་ཆོས་རང་ཟེར་བ་འདུལ་བ་འདི་ཡིན། གཞན་པས་གང་ཡང་མི་ཡོང་ཞེས། སྔགས་སོགས་ཁྱད་དུ་གསོད། འགའ་ཞིག་སྔགས་འདི་རང་ཟེར་འདུལ་བ་ཁྱད་དུ་གསོད། འགའ་ཞིག་སྒོམ་འདི་རང་ཡིན་ཟེར་ཐོས་པ་ཁྱད་དུ་གསོད་པ་སོགས་མང་དུ་ཡོད་པ་དེ་འདྲ་བ་ཐོ་ཅོར་ཤོར་བ་ཡིན་པས། དེ་འདྲ་བྱུང་སྐབས་ཐམས་ཅད་ལ་བློ་ཆ་མཉམ་སྟེ་ཉེ་རིང་མེད་པ་དང༌། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དང༌། སྔགས་འདུལ་བའི་གྲོགས་དང༌། འདུལ་བ་སྔགས་ཀྱི་གྲོགས་སུ་འཁྱེར་ཤེས་པ་སོགས་ངེས་པར་དགོས་ཀྱི། དེ་མིན་ཧ་ཅང་ཉེ་རིང་ཆེས་པ་དང༌། རང་གི་འཁོར་གཡོག་སོགས་ལ་ཧ་ཅང་སྡང་ཟུག་རང་བྱས་ན། ཁོ་ལ་ཁོང་སྐྲན་དང་རང་ལ་ངན་ལབ་རྒྱུ་ཡོད། སྡུག་ཏུ་རང་འགྲོ་ཚུལ་དང༌། ཁོ་ལ་ཡང་ཐབས་མཁས་ཀྱིས་ཤ་ཚ་བྱམས་སྐྱོང་བྱས་ན། རང་ལ་བློ་གཏད་ནས་ཤ་ཚ་སྤང་ལེན་ཡོད་ཚུལ་དང༌། དེ་དག་ལ་ཡུད་ཙམ་ལས་འགྲོགས་ལོང་མེད་པས་འཁོན་རིང་མི་ཆོག་པར་མགྲོན་པོ་ལྟ་བུར་འདུ་ཤེས་སྐྱེད་ལུགས་དང༌། རྐྱང་ཐང་སྒང་ལྟ་བུར་འགྲུལ་པ་གཅིག་དང་མཉམ་དུ་ངལ་གསོ་སྐབས་ཡུད་ཙམ་ལས་འགྲོགས་ལོང་མེད་པའི་དཔེ་དང་བཅས་རྒྱས་ཤིང་ཞིབ་པར་གསུངས། མདོར་བསྡུ་ན་བྱང་ཆུབ་ལམ་རིམ་གྱི། ལམ་སྤྱིའི་འགག་བསྡུའི་སྐབས་ནས་གསུངས་པ་ལྟར། ཐོས་བསམ་(༡༡༣བ)སྒོམ་གསུམ་ཡ་བྲལ་དུ་མ་སོང་བ་དང༌། རྟོག་པ་སྤྱང་པོས་བཤེས་གཉེན་བསྟེན་ཚུལ་ནས། མི་སློབ་པའི་ཟུང་འཇུག་གི་བར་ལ་ཕྱོགས་རེར་མ་སོང་བར་བློ་ཆ་མཉམ་ནས་དགོས་ཞེས་ཞིབ་ཏུ་སྩལ། ད་དེ་རིང་བཤད་པ་དེ་ཙམ་ཞིག་ལག་ཏུ་ལེན་རྒྱུ་བྱུང་ན་འགངས་ཆེན་པོ་གང་འདྲ་རེད། དེ་ལ་བསམ་ནས་ཕྱག་ལེན་ལ་ཐེབས་པ་ཞིག་ཅེས་ཀྱང་མཛད་པ་ཞུ་གསུངས། དམ་ཚིག་བཞིས་འདུན་པ་སྒྱུར་ལ་རང་སོར་བཞག་ཅེས་པ་ནི་ལུས་ངག་ཡིད་གསུམ་རང་སོར་བཞག །སེམས་ཀྱི་ཕུག་ནས་བློ་སྦྱོང་རྣམ་དག་སྒོམ་མཁན་ཞིག་ཡིན་ཕྱིན་དེ་ཉིད་ཁར་མི་འདོན། བཏོན་ན་ཐུག་པ་ལུད་པ་ལྟར་སོང་ནས། ཐོ་ཅོ་དང་ཟབ་རྫུ་ལ་ཡང་འགྲོ་ཞིང༌། རང་ལ་ཕར་གཅོད་འཇུག་པའི་རྒྱུ་བྱེད་ལུགས་ཞིབ་པ་དང༌། ནང་དུ་བྱང་ཆུབ་ཀྱི་སེམས་སོགས་ཡོན་ཏན་ཇི་ཙམ་ཆེ་ཡང༌། ཕྱིའི་ལུས་ངག་གི་རྣམ་འགྱུར་དུ་མི་འདོན་པར་མི་སེབ་ཏུ་འདྲེ་བ་ཞིག་ངེས་པར་དགོས། ང་བྱང་ཆུབ་སེམས་དཔའ་ཡིན་ཟེར་མཁན་ཞིག་བྱུང་ན་དེ་བྱང་ཆུབ་སེམས་དཔའ་མིན་པའི་རྟགས་ཡིན་ནང་ལ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་ཡིད་སྐྱོ་ཆད་ཆད་པའི་ངང་ནས་མི་ཁྱུད་གང་འདྲེ་ལས། དགོས་མེད་དུ་ལུས་ཀྱི་རྣམ་འགྱུར་དང༌། ངག་ནས་གང་བྱས་ཀྱང་སྙིང་པོ་མི་འདུག་པས་དམ་པའི་ཆོས་རང་བྱེད་དགོས་ཟེར་བ་སོགས་མི་བྱེད། གཞན་ལ་བག་མེད་ཀྱི་ལོང་གཏམ་གླེང་བ་སོགས་ལ་རང་གི་དབུ་གཙོ་སོགས་མི་བྱེད་པར་ངག་གི་སྒོ་ནས་གཞན་ལ་ཁམས་དྲི་བ་ཙམ་ལས་གཏམ་མང་པོ་(༡༡༤ན)མི་ཤོད། གཞན་གྱིས་བཤད་ཀྱང་རྣ་ཅོག་རྒྱབ་ཀྱྀ་ལྷག་པར་བསྐྱུར། འདུན་པ་སྒྱུར་ལུགས་ཀྱང༌། ཐོག་མར་རང་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་བཤེས་གཉེན་ལ་མ་གུས་པ་སོགས་སྤངས་ཏེ། བསམ་སྦྱོར་གཉིས་ཀྱིས་སྒོ་ནས་ཚུལ་བཞིན་དུ་བསྟེན་པའི་འདུན་པ་ལ་གནས་པ་ཞིག་དགོས། དེ་མེད་ན་ལེགས་ཚོགས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཆད་པས། ལམ་གོང་མའི་ཉམས་ལེན་ཡོང་ས་མེད་ཚུལ་ཞིབ་པ་དང༌། དེ་ནས་སྐྱེས་བུ་ཆུང་ངུའི་སྐབས་སུ་ཚེ་འདིའི་སྣང་ཤས་ལས་བཟློག་སྟཻ་ལུས་ངག་གི་སྤྱོད་པ་པོ་ཐུབ་པར་བྱེད། སྐྱེས་བུ་འབྲིང་གི་སྐབས་འཁོར་བ་མཐའ་དག་སྡུག་བསྔལ་བའི་རང་བཞིན་དུ་རྟོགས་ནས་ཡིད་འབྱུང་དེ་ལུས་ངག་གི་སྤྱོད་པ་པོ་ཐུབ་པར་བྱེད། སྐྱེས་བུ་ཆེན་པོའི་སྐབས་སུ། རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པར། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སྒོ་ནས་ལུས་ངག་གི་སྤྱོད་པ་པོ་ཐུབ་པར་བྱེད། དེ་དམིགས་སྐོར་རེ་རེ་བཞིན་ནས་བཤད་ན་མང་བས་ཚར་མི་ཐུབ། དེ་ནས་སངས་རྒྱས་མ་ཐོབ་ཀྱི་བར་ལ་འདུན་པ་བསྒྱུར་ལུགས་དེ་ལྟར་བྱས་ནས་ལུས་ངག་གི་སྤྱོད་པ་རང་ཚུགས་ཐུབ་པར་བྱེད། དམ་ཚིག་ལྔ་པོ་དེའི་འོག་ཏུ། ཡན་ལག་ཉམས་པ་བརྗོད་མི་བྱ། ཞེས་པ་ནི། གཞན་ལ་འཇིག་རྟེན་གྱི་སྐྱོན་མིག་ཞར་འདུག་ཟེར་བ་སོགས་ལུས་ཀྱི་སྐྱོན་གང་ཡང་བརྗོད་མི་ཉན། དེ་བརྗོད་ན་ཉེས་པ་ཤིན་ཏུ་ཆེ་སྟེ། སེམས་ཅན་གྱི་ཁྲོད་ན་བྱང་ཆུབ་སེམས་དཔའ་མེ་དོང་ཐལ་བས་གཡོགས་(༡༡༤བ)པ་ལྟ་བུར་གང་ན་ཅི་ཡོད་མི་ཤེས། གལ་ཏེ་བྱང་ཆུབ་སེམས་དཔའ་ལ་སྐྱོན་བརྗོད་ན་དེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྲས་འགྲོ་བ་ལྷ་དང་བཅས་པའི་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཆེན་པོ་སངས་རྒྱས་ཀྱི་རྒྱུ་གྲུང་པོ་ཐུན་མོང་མ་ཡིན་པ་ཡིན་པས། དེ་ལ་སྐྱོན་བརྗོད་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་སྐྱོན་བརྗོད་པར་འགྱུར་བས། ཉེས་པ་ལ་དེ་ལས་ཆེ་བ་མེད་པས། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་གསུངས་པའི་ཁུངས་དང་བཅས་ཏེ་གསུངས། དེར་མ་ཟད་སྲོག་ཆགས་དུད་འགྲོ་ལྟ་བུ་ལ་ཡང་མིང་ངན་པ་སོགས་སྐྱོན་ནས་བརྗོད་ན། དེ་ལ་དེ་ཉིད་ཡིད་མི་བདེ་བ་ཆེན་པོ་སྐྱེ་བ་ནི་འདུལ་བ་ལུང་ནས་གསུངས་པའི་བསྐལ་པ་དང་པོའི་དུས་ཁྱིམ་བདག་ཞིག་ལ་གླང་གཞན་ལས་ཁྱད་དུ་འཕགས་པའི་བཟང་བ་གཉིས་ཡོད་པ་ནས། གཅིག་གི་རྭ་ཆ་གཅིག་གི་མཇུག་མ་བརྡུམས་པས་དེ་གཉིས་ལ་མི་ཆག་རུང་ཞེས་རྟ་ནག་ནས་བོས་པས་ཁལ་མ་ཁུར་བར་རྒྱལ་ཤོར་རབ་བཟང་ཞེས་མིང་བཏགས་ནས་བོས་པའི་རྒྱལ་ཐོབ་པའི་ལོ་རྒྱུས་གསུངས། དེ་བཞིན་དུ་ཆོས་ཀྱི་སྒོ་ནས་གཞན་སུ་འདྲ་ཞིག་ལ་ཡང༌། ཆང་འཐུང་བ་དང་རྐུན་མ་རྐུས་ཟེར་བ་སོགས་ཚུལ་ཁྲིམས་ཀྱི་ཡན་ལག་ཉམས་པ་རྩ་བ་ནས་བརྗོད་མི་ཉན། འདི་ག་འདྲ་ཡིན་མི་ཤེས་སྙམ་ཀུན་ལ་དག་སྣང་གང་འབྱོངས་ལས་སྐྱོན་གྱི་རིགས་མི་(༡༡༥ན)བརྗོད། དེའི་འོག་ཏུ་དམ་ཚིག་དྲུག་པ་གཞན་ཕྱོགས་གང་ཡང་མི་བསམ་མོ། །

ཞེས་པ་ནི། ཆོས་འདི་ལ་བློ་སྦྱོང་བ་རྣམས་ཀྱི་གཞན་ཕྱོགས་ལ་སྐྱོན་འདོགས་གང་ཡང་མི་བྱེད། གཞན་མཐོང་ཚུལ་གང་འདྲ་ཞིག་བྱུང་ཡང༌། འདི་ག་འདྲ་ཡིན་མི་ཤེས་སྙམ་དུ། སྤྱིར་སེམས་ཅན་ཐམས་ཅད་དང༌། ཁྱད་པར་དུ་ཆོས་མཛད་ཐམས་ཅད་ལ་དག་སྣང་སྦྱངས་ཏེ། ཕ་མ་དང་སྟོན་པའི་འདུ་ཤེས་བསྐྱེད་ནས། རང་རྒྱུད་ཀྱི་ཚེ་འདིའི་སྣང་ཤས་སོགས་ཉོན་མོངས་རྣམས་འདུལ་གང་ཐུབ་བྱས་ན་ཤིན་ཏུ་བཟང༌། འདི་ལ་དོགས་པ་འདི་འདྲ་ཡོད། མཚན་ཉིད་པ་ཚོས་ཚིག་ཁྲི་ཡོང༌། དེས་སྐབས་རེ་ཕན། སྐབས་རེ་གནོད་ཡོང༌། འོ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་སྙམ་པའི་བློ་དེ་ལོག་ཤེས་མིན་ནམ། ལོག་ཤེས་བསྒོམ་པ་ལ་ཕན་ཡོན་གང་ཡོད་སྙམ་པ་བྱུང་ན་དེ་ལ་ངེས་པ་མེད། ལོག་ཤེས་སྒོམ་པས་ཕན་པ་དང༌། གནོད་པ་གཉིས་ཡོད། རྣམ་འགྲེལ་ལས། ནོར་བུ་མར་མེའི་འོད་དག་ལ་ཞེས་སོགས་གསུངས་ནས་དཔེར་ན། ཁང་པ་གཅིག་གི་ནང་ན་འོད་གཉིས་ཡོད་པས། གཅིག་ནོར་བུའི་འོད། གཅིག་མར་མེའི་འོད་ཡིན་ན། འོད་དེ་གཉིས་ཀ་ནོར་བུ་ཡིན་སྙམ་པའི་བློ་གཉིས་ཀ་ལོག་ཤེས་ཡིན་པར་མཚུངས་ཀྱང༌། དོན་མི་གཅིག་སྟེ། ནོར་བུའི་འོད་ནོར་བུ་ཡིན་སྙམ་པས་དེ་ལ་བལྟས་ནས་ཕྱིན་ན་ནོར་བུ་དང་ཐུག །མར་མེའི་འོད་ནོར་བུ་ཡིན་སྙམ་པས་(༡༡༥བ)དེ་ལ་བལྟས་ནས་ཕྱིན་ན་མར་མེ་དང་ཐུག་པ་ལས་ནོར་བུ་དང་ཐུག་རྒྱུ་ག་ལ་ཡོད་དེ་བཞིན་དུ་ཟབ་མོ་དབུ་མའི་ལྟ་བ་ལ་ཐེ་ཚོམ་སྐྱེས་པ་དེ་ཡང་སྤྱིར་བློ་དོན་མི་མཐུན་ཡིན་ཀྱང༌། ཁོ་ལ་བརྟེན་ནས་སྲིད་པ་མཐའ་དག་ཧྲུལ་པོར་འགྲོ་བའི་ཕན་ཡོན་ཡོད་ཚུལ་ཞིབ་ཏུ་གསུངས། དེའི་བདུན་པ། ཉོན་མོངས་གང་ཆེ་སྔོན་ལ་སྦྱོང་ཞེས་པ་ནི། རྣམ་པ་ཀུན་ཏུ་གཞན་ལ་སྐྱོན་འདོགས་ཀྱི་བློ་སྐྱེ་བ་དེ་བཀག་ནས། ཁ་ནང་དུ་ལོག་སྟེ་རང་རྒྱུད་ཀྱི་ཉོན་མོངས་ལ་བརྟག་ནས་ཉོན་མོངས་གང་ཆེ་བ་དེ་སྔོན་ལ་སྦྱོང༌། དེ་ནས་ཉོན་མོངས་འབྲིང༌། དེ་ནས་ཉོན་མོངས་པ་ཆུང་ངུ་སྦྱང་དགོས་པ་ནི། གཉེན་པོ་ཆེ་རིམ་དང༌། སྤང་བྱ་བྱང་ཆུབ་ལམ་རིམ་གྱི་དཔེ་ལྟར། དགེ་བ་ཡིན་ན་དང་པོ་གང་ཆུང་ནས་སྣ་རེ་སྒྲུབ། དེ་ནས་འབྲིང༌། དེ་ནས་ཆེན་པོ་སྒྲུབ་དགོས་པ་ནི། དཔེར་ན་སྤང་བྱ་བསྒོམ་སྤང་ཤེས་སྒྲིབ་སྐོར་དགུའི་ནང་གི་ཆུང་ངུའི་ཆུང་ངུ་དེ། གཉེན་པོ་ཆེ་ཤོས་ས་བཅུ་པའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤོང་དགོས་པ་ལྟ་བུ་ཡིན་གསུངས། དེ་ལྟར་གཞན་ལ་སྐྱོན་འདོགས་ཀྱི་བློ་བཀག་པ་འདི་མ་བྱུང་ན། འགའ་ཞིག་རུང་ཆུ་འདེབས་པ་དང༌། ཆབ་ལེན་ལྷམ་འབུད། ཕྱི་དྲོའི་ཁ་ཟས་སྤོང་བ་ཙམ་ལ་ཧ་ལས་ལས་ཀྱི་རྩིགས་སུ་བྱེད་པ་ལ། གཞན་ཕྱོགས་རུས་བཟུང་སྟེ། དགེ་འདུན་གྱི་སྡེ་དཀྲུགས་པ་སོགས་ལ་ཉེས་པ་ཡིན་སྙམ་པའི་དག་སྣང་གང་ཡང་མི་བྱེད། དེ་ཚོ་ལ་བསམ་ནས་འབྲུག་པ་(༡༡༦ན)ཀུན་ལེགས་པས། རྡོ་ཆེ་བ་ཚོ་ལ་མཆོངས། ཆུང་བ་ལ་བསྐོར་ནས་འགྲོ་འདུག་པར་དེ་གང་ཡིན་བྱས་པར། འདི་ཁྱེད་ཚོའི་བཅས་པ་གསུང་ལུགས་འདྲ་ཟེར་བའི་ལོ་རྒྱུས་གསུངས་ནས། དེ་ལས་ཉེས་པ་ཆེ་བ་མེད། དགེ་བཤེས་པོ་ཏོ་བས། སློབ་མ་དགེ་བཤེས་གསལ་ཤེ་ཞེས་བྱ་བས་ཞེན་ཕོ་རུས་ཀྱི་དགེ་འདུན་གྱི་སྡེ་མང་པོ་དཀྲུགས་པར། དགེ་བཤེས་པོ་ཏོ་བས། ཨ་གསལ་ཤེ་དེ་གོང་ནས་ཤི་ན་སྡེ་སྣོད་གསུམ་པ་ཞིག་ཤི་བ་ཡིན་པ་ལ་ཞེས་སོགས་དགེ་འདུན་གྱི་སྡེ་དཀྲུགས་པའི་ལོ་རྒྱུས་གསུངས། དེར་མ་ཟད་གྲྭ་ས་ཚོ་ལ་ཁྱོད་ཚོ་ངེད་ཚོ་ཞེས་གྲྭ་ས་གྲྭ་ཚང་དང༌། ཡུལ་ཕྱོགས་དང༌། རིགས་རུས་ཀྱི་སྒོ་ནས་ཕྱོགས་རུས་བཟུང་ཏེ་སྡེ་འཁྲུག་བྱེད་པ་ཉེན་ཤིན་ཏུ་ཆེ། ཕན་ཚུན་དུ་དགེ་སློང་བཞི་རེ་ཡོད་ན་དགེ་འདུན་གྱི་དབྱེན་དུ་འགྲོ་ཚུལ་སོགས་ཞིབ་ཏུ་གསུངས་ནས། ང་ལ་ནི་འདི་རང་ཕན་པོ་བྱུང༌། སྔ་ཐོག་ཕུར་བུ་ལྕོག་ཏུ་གསུང་ཆོས་ཉན་དུ་ཡོད་སྐབས། བླ་མ་རིན་པོ་ཆེས་ང་ལ་སྐྱིད་གྲོང་པ་རང་གསུང་གི་ཡོད། སྐབས་ཞིག་ཁོ་རེ་སྐྱིད་གྲོང་པ། ཁྱོད་སྐྱིད་གྲོང་པ་ཨེ་ཡིན་གསུངས་པ་ལགས་ཡིན་ཞུས་པར། ཁྱོད་སྔར་སྐྱིད་གྲོང་དུ་སྡོད་མྱོང་བས་སྐྱིད་གྲོང་པ་ཡིན་ཟེར་རྒྱུ་ཨེ་ཡིན་གསུངས། དེ་ཡིན་ཞུས་པར། འོ་ན་ཁྱོད་སྔར་བཀྲིས་ལྷུན་པོ་དང༌། འབྲས་སྤུངས་དང༌། ལྷོ་ཕྱོགས་ལ་སྡོད་མ་མྱོང་ངམ་གསུངས། དེ་མྱོང་ལ་ཞུས་པས། འོ་ན་བཀྲིས་ལྷུན་པོ་བ་དང༌། འབྲས་(༡༡༦བ)སྤུངས་པ་དང༌། ལྷ་ས་བ་ཡང་ཨེ་ཡིན་གསུངས། ཞུ་ལེན་མ་སྤོབས་པར། འོ་ན་ཁྱོད་ད་ལྟ་སྐྱིད་གྲོང་དུ་སྡད་པ་ཡིན་ཟེར་རྒྱུ་ཨེ་ཡིན་གསུངས། དེ་ལྟར་ན་ཁྱོད་ད་ལྟ་ཕུར་བུ་ལྕོག་ཏུ་སྡད་ཡོད་པར་ཕུར་བུ་ལྕོག་ཨེ་ཡིན་གསུང་བར་ལེན་གང་ཡང་འབུལ་རྒྱུ་མ་རྙེད་པ་ལྟ་བུ་བྱུང༌། བླ་མ་རིན་པོ་ཆེས་ཐུགས་ཤིན་ཏུ་མད། དེ་རང་རེད། ངའི་ཕ་མ་གཉིས་ནི་སྤྲང་པོ་ཡིན། ང་རང་ནི་སྤྲང་པོ་ཟ་མེད་གོས་མེད་ཡིན། ང་ཡུལ་དང་ཕྱོགས་དང༌། གྲྭ་ས་གྲྭ་ཚང༌། རིགས་རུས་སོགས་ཀྱི་གཡེང་བ་དང་ཕྱོགས་ཞེན་གང་ཡང་བྱེད་རྒྱུ་མི་འདུག་སྙམ་བློ་བདེ་གསུངས།

དེའི་འོག་ཏུ་བརྒྱད་པ། འབྲས་བུ་རེ་བ་ཐམས་ཅད་སྤང་ཞེས་པ་ནི། འདི་འདྲ་རེད་ད་ལྟ་ང་རང་ཚོ་རི་ཁྲོད་པ་ལྟ་བུ་ལ། ཟླ་བ་གཉིས་གསུམ་ཙམ་མཚམས་གདམས་རྒྱུ་ཡིན་ན། ང་འདི་འདྲ་བྱས་ན་ཐམས་ཅད་ཀྱི་དགེ་སྦྱོར་ཡག་པོ་བྱེད་པའི་སྐུ་མཚམས་པ་དེ་འདྲ་ཞིག་འདུག་ཟེར་བའི་སྙན་པ་གྲགས་པ་ལ་བརྟེན་ནས། བསྙེད་བཀུར་འབོལ་ཆིལ་ཆིལ་བ་ཞིག་ཨེ་ཡོང་སྙམ་ན། ད་ཚེ་འདིའི་འབྲས་བུ་རེ་བ་སྡུག་ཤོས་ཡིན། དེ་འདྲ་བའི་མཚམས་བྱས་པ་ལ་དགོས་པ་མེད། དེ་ལ་བླ་མ་རིན་པོ་ཆེས་འདི་འདྲ་གསུངས། མཚམས་ཐོ་རྒྱགས་ལུགས་ནི་དགེ་བ་ཐམས་ཅད་ཕར་བཀག་ལུགས་བདེ་ལམ་སྐབས་ལྟར་གསུངས། འདི་ཚོ་རི་ཁྲོད་པས་ནང་རྟགས། རི་ཁྲོད་པ་རྒད་བུ་ཞིག་གི་གཏོལ་བར་སོང་ཡང༌། སྐྱོན་མེད་དེང་སང་སྡེ་སྣོད་གསུམ་པ་ཚོ་མགོ་ཐོ། རི་ཁྲོད་པ་རྣམས་སྙོམ་ཆུང་ཙ་ན་སྐྱོན་ཆེར་མེད་གསུངས། ཡང་ན་(༡༡༧ན)རང་ལ་བད་ཀན་གྱི་ནད་སོགས་དང༌། འདྲེ་གདོན་གྱི་གནོད་པ་སོགས་བྱུང་སྐབས། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་གང་ཐུབ་བྱས་ཏེ་བད་ཀན་གྱི་ནད་སོགས་དང་འདྲེ་གདོན་གྱི་གནོད་པ་དེ་ཞི་ཐུབ་ཙམ་བྱུང་ན། དེས་ཆོག་པར་བྱེད་པ་ཡང་འབྲས་བུར་རེ་བ་སྡུག་ཤོས་ཡིན་ལུགས་སོགས་མང་དུ་བསྩལ། མཚམས་བསྡམས་ནས་མངའ་རིས་ཀྱི་ལོ་ཆེན་རིན་ཆེན་བཟང་པོ་འདྲ་བ་དགོས་ཞེས་དེས་སྐུ་ཚེ་བློས་བཏང་སྒོ་རིམ་པ་གསུམ་ལ་མནའ་ཡིག་གིས་རྒྱས་བཏབ་སྟེ་ཚེ་དང་སྒྲུབ་པ་མཉམ་ཚུལ་ཞིབ་པར་གསུངས་ནས་འབྲས་བུ་རེ་བ་བཀག་ཚུལ་དེ་འདྲ་དགོས་ལུགས་ཞིབ་ཏུ་གསུངས། གོང་དུ་བཤད་པ་དེ་དག་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་འབྲས་བུའི་རེ་བ་ཡིན། དེ་ལས་ཀྱང་ཚེ་འདིར་ལམ་རིམ་བློ་སྦྱོང་སྒོམ་པས་འབྲས་བུ་རང་གཅིག་པུ་འཁོར་བ་ལས་ཐར་བ་ཞིག་ཨེ་ཡོང་སྙམ་སེམས་ཅན་ཐམས་ཅད་བློས་དོར་ན། སྐྱེས་བུ་ཆེན་པོའི་སྐབས་ཀྱི་འབྲས་བུ་རེ་བ་ཡིན་ཚུལ་དང༌། དེ་ལས་ཀྱང་མཐོ་བའི་ལམ་རྫོགས་རིམ་བསྒོམ་ཀྱང༌། འབྲས་བུ་རེ་བ་དེ་འདྲ་ཞིག་བྱས་ན་གང་ཡང་ཡོང་རྒྱུ་མེད་ཚུལ་བཅས་ཞིབ་པར་གསུངས་ནས། དེ་འདྲའི་རེ་བ་གཏན་ནས་མེད་པར་སྤངས་ཏེ། ནམ་མཁའི་མཐས་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་འབད་པ་དྲག་པོས་བསྒོམ་དགོས་གསུངས།

དེ་ནས་དམ་ཚིག་དགུ་པ། དུག་ཅན་གྱི་ཟས་རོ་བརྒྱ་པ་དང༌། ཞག་དྲུག་ཅུ་བར་ཚིམས་ནས་(༡༡༧བ)ཟ་མི་དགོས་པའི་ཁ་ཟས་སོགས་ཟས་བཟང་པོ་ཇི་འདྲ་ཞིག་ཡིན་ཡང༌། ཁོ་ལ་དུག་ཞིག་འདྲེས་ཡོད་ཕྱིར། དེ་ཟོས་པའི་དུག་གི་ནུས་པས། ཚེའི་དུས་བྱས་ཏཻ་འཆི་འཕོ་བ་ཡིན། དེ་བཞིན་དུ་དགེ་སྦྱོར་གང་འདྲ་ཞིག་ཡིན་ཀྱང༌། བདག་གཅེས་འཛིན་གྱི་རྣམ་རྟོག་དང༌། དངོས་པོ་བདེན་པར་འཛིན་དང་འདྲེས་པས་དགེ་སྦྱོར་དེས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་ཡང་ཐོབ་མི་ཐུབ། དེ་ཅི་ཡིན་ན། དེ་འདྲ་བློ་ལ་ཡོད་ཕྱིན་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་ནས། ཚེ་འདི་ལས་བློ་ལོག་མི་ཐུབ། དེ་མ་བྱུང་ན་འཁོར་བ་ལ་ཞེན་པ་བཟློག་མི་ཐུབ། དེ་མ་བྱུང་ན་ཐམས་ཅད་མཁྱེན་པ་ཐོབ་ས་ག་ལ་ཡོད་གསུངས། དེ་དག་མ་འདྲེས་པས་དགེ་སྦྱོར་ཐང་ལྷོད་རན་པར་སྐྱོང་དགོས་ལུགས་དང༌།

དེའི་འོག་ཏུ་བཅུ་པ་གཞུང་བཟང་པོ་མ་བསྟེན་ཞེས་པ་ནི། སྔོན་ཆད་འཁོར་བ་ཐོག་མ་མེད་པ་ནས་རང་གི་སྙིང་གི་ནང་དུ་གནས་ནས་རྣམ་པ་ཀུན་ཏུ་ཕུང་ལ་འདེབས་པའི་བདག་འཛིན་མ་རིག་པ་འདི་དང༌། འདིས་ཀུན་ནས་བླངས་ཏེ་སྐྱེས་པའི་ཉོན་མོངས་པ་རྣམས་ལ། གཞུང་བཟང་པོས་བསྟེན་དཀྱིལ་མི་བྱེད་པར། ཁྱོད་ལ་ཁོ་བོ་གར་ལག་པ་ཞེས་སོགས་གསུངས་པ་ལྟར་འདི་རྣམས་ལ་གཞུང་བཟང་པོ་དང༌། ངང་རིང་པོ་དང༌། རྒྱུ་དག་ཡག་པོ་མི་བྱེད་པར། ཁོ་བྱུང་མ་ཐག་ཏུ་མྱུར་དུ་ཕྱི་ཐག་བསྟུང་ཞེས་པའི་དོན་ཡིན་ཟེར་བ་ཡིན་ཅིང་ཐམས་ཅད་ལ་གཞུང་བཟང་པོས་མ་བསྟན་ཟེར་བ་མིན་པས་རང་ལ་ཅུང་ཞིག་བྱས་པ་ཞེ་ལ་བཟུང་ནས་ཁོང་ཁྲོའི་རྒྱུན་མི་འཛུགས་པར་སྦྱིན་པ་(༡༡༨ན)དང་ཚུལ་ཁྲིམས་སོགས་ལ་དུས་རྒྱུན་དུ་གཞུང་བཟང་པོས་བསྟེན་དགོས་པ་ཡིན་གསུངས།

དེ་ནས་བཅུ་གཅིག་པ་བཤགས་ངན་མ་རྒོད་ཅེས་པ་འདི་གོ་བདེ། གཞན་གྱི་མཇིང་པ་བསྒྲེངས་ནས་རང་ལ་ཚིག་ངན་གྱི་རིགས་ལབ་བྱུང་ན། དེ་ལ་གཞན་མ་བྱས་པར་ཐུགས་བདེན། དེ་རང་ཡིན་ཡོད་འགྲོ་བྱས་ནས་སྡད་ན་རྩོད་པ་མེད། དེ་ལས་ཕར་ཡང་མཇིང་པ་བསྒྲེངས་ནས་བཤད་ན་འཐབ་མོ་འཆོར་བ་ལས་འོས་མེད། འདི་ཚོ་བློ་སྦྱོང་དངོས་གཞིའི་སྐབས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱ་ཡིན་ཡང༌། སྔོན་གྱི་བཀའ་གདམས་གོང་མ་རྣམས་ཀྱི་བློ་སྦྱོང་གི་དམ་ཚིག་གི་ནང་དུ་བསྡུས་པ་ནི། འདུལ་བའི་བསྟན་པ་ལ་གཅེས་སྤྲས་སུ་བྱ་སྟེ། དེའི་སྟེང་ནས་ཆོས་རྣམ་དག་ཞིག་སྒྲུབ་དགོས་པར་དགེ་སློང་སྒྲུབ་སྐབས་ཁྲོས་ཀྱང་སླར་མི་ཁྲོ་བ། གཤེ་ཡང་སླར་མི་གཤེ། བརྡེག་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་བཅས་དགེ་སྦྱོང་གི་ཆོས་བཞི་ལ་བསླབ་པར་ཁས་བླངས་ཚུལ་དང༌། དེ་དང་མི་ལྡན་ན། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ་ཞེས་པའི་སྐོར་ལས་བརྩམས་ཏེ་རྒྱས་པར་གསུངས། འདི་ཐམས་ཅད་དགེ་སྦྱོང་གི་ཆོས་བཞིའི་ནང་དུ་འདུ་ལུགས་དེ་ལྟར་ཡིན་གསུངས།

དེ་ནས་བཅུ་གཉིས་པ་འཕྲང་ལ་མ་སྒུག་ཞེས་པ་ནི་གཞན་གྱི་རང་ལ་ལུས་སེམས་ལ་གནོད་པའི་རིགས་ཞིག་བྱུང་བ་ན། སྐབས་དེར་ཅང་མི་སྨྲ་ཡང་ཁྱོད་སྒུགས་ཤིག་སྙམ་ནམ་ཞིག་ན་(༡༡༨བ)ཁོའི་དེའི་ལན་ལོན་པ་ཞིག་ཨེ་ཡོང་སྙམ་པའི་བསམ་སྦྱོར་གཉིས་ཀ་སྤོང་དགོས་པར་གསུངས།

དེའི་འོག་ཏུ་བཅུ་གསུམ་པ་གནད་ལ་མི་དབབ་ཞེས་པ་ནི་མི་ལ་སྐྱོན་གྱི་རིགས་འདི་དང་འདི་ཡོད་ཟེར་མཚང་ནས་འབྲུ་བ་དེ་གཏན་ནས་བྱེད་མི་ཉན། དེ་བཞིན་དུ་མི་མ་ཡིན་གྱི་རིགས་འདི་ལ་ཡང་རྫས་སྔགས་འཁོར་ལིང་སོགས་ཀྱིས་སྒོ་ནས་གནད་ལ་དབབ་པའི་རིགས་གཏན་ནས་བྱེད་མི་ཉན།

དེ་ནས་བཅུ་བཞི་པ་མཛོ་ཁལ་གླང་ལ་མ་འབྱོ་ཞེས་པ་ནི། འདི་འདྲ་རེད་དཔེར་ན་རང་ལ་གྲྭ་ས་གྲྭ་ཚང་སོགས་ཀྱི་ལས་འཁུར་ཞིག་བབས་ཡོད་ན། དེ་ཐབས་ཀྱིས་སྒོ་ནས་གཞན་ལ་འགེལ་བ་དང༌། རང་ལ་རྐུས་ཁག་སོགས་ཚིག་ངན་ཡོང་གྲབས་བྱུང་ན།དེ་ཐབས་ཀྱིས་མི་མངོན་པར་བྱས་ཏེ་གཞན་ཞིག་ལ་ཁག་ངན་འགེལ་ཨེ་ཐུབ་ལྟ་བ་ལྟ་བུ་ཡིན།

དེ་ནས་བཅོ་ལྔ། འགྱོགས་ཀྱི་རྩེ་མ་གཏོད་ཅེས། ཐུན་མོང་དུ་ཡོད་པའི་ནང་ནས་རང་ལ་དང་པོ་ཞིག་རག་ཨེ་ཡོང་སྙམ་པ། དཔེར་ན་མི་བཅུ་ལ་འགྱེད་དུ་ཁ་བཏགས་རྟགས་བརྒྱད་དཀར་གཙང་ཞིག་དང༌། གཞན་ལ་དྲི་ནོག་ཅན་དགུ་བྱུང་ན་རྒྱན་འདོན་པའི་སྐབས། ཡག་པ་དེ་རང་ལ་ཡོད་པའི་ཐབས་བྱེད་པ་ལྟ་བུ་ཡིན་ཞེས་ཞལ་ལུང་སྐབས་ལྟར་གསུངས་པ་ཞལ་ལུང་ཟིན་བྲིས་ན་ཡོད། དེ་ལྟར་ཐུན་མོང་དུ་ཡོད་པའི་ལོངས་སྤྱོད་རང་ཁོ་ནའི་ཆེད་དུ་སྒྱུར་བའི་བསམ་སྦྱོར་གཉིས་ཀ་རྣམ་པ་ཀུན་ནས་སྤོང་དགོས་གསུངས།

དེ་ནས་བཅུ་དྲུག་པ་ལྟོ་ལོག་མི་བྱེད་ཞེས་པ་ནི། འདི་ཚོ་གོ་དཀའ་མོ་(༡༡༩ན)ཡོད། ལྟོ་ལོག་ཞེས་པའི་ལྟོ་རེ། ལྟོ་བཅོས་ཞེས་ཕ་དམ་པའི་མན་ངག་ནས་ལྟོ་བཅོས་སྣ་ཚོགས་ཡོད་པ་དེ་འདྲ་མ་ཟེར། འཇིག་རྟེན་པའི་མོ་བོན་དང༌། སྔགས་པས་ལྟོ་བཅོས་བྱེད་པའི་སྐབས་སུ། སྐབས་ཐོབ་རེ་ཕན་པ་དང༌། རྙེད་བཀུར་དང༌། སྙན་གྲགས་ཞིག་རང་ཨེ་ཡོང་སྙམ་པ་མ་གཏོགས་གཞན་གང་ཡང་མི་བསམ། དཔེ་དེ་བཞིན་དུ་བློ་སྦྱོང་སྒོམ་པའི་ཚེ། འདིས་འདྲེ་ཞིག་དབང་དུ་འདུ་བ་ཨེ་ཡོང་ན། དེ་བྱུང་ན་ཁོས་གྲོགས་བྱས་ནས་ང་ལ་ཟས་གོས་སོགས་འབོལ་ལྷུག་ལྷུག་པ་ཞིག་ཨེ་ཡོང་སྙམ་པ་གཉིས། ཀུན་སློང་ལ་ཁྱད་མེད་པས་དེ་ལྟར་མ་སོང་བར་ཆོས་ཉོན་མོངས་པའི་གཉེན་པོར་འགྲོ་བ་ཞིག་དགོས་ཚུལ་ཞིབ་ཏུ་གསུངས།

དེའི་འོག་ཏུ་བཅུ་བདུན་པ། ལྷ་བདུད་དུ་མི་བབས་ཞེས་པ་ནི། འཇིག་རྟེན་པ་རྣམས་ལ་རང་གི་སྐྱེས་ལྷ་དང༌། ཡུལ་ལྷ་དང༌། ཕོ་ལྷ་དང་དགྲ་ལྷ་ཟེར་བ་མང་པོ་ཡོད། དེ་མཆོད་པའི་སྐབས་སུ་ཁོང་ཚོ་མགུ་ནས་གྲོགས་བྱེད། རང་གིས་བསྟོད་ར་བཏང་ནས། ངའི་ཆོས་སྐྱོང་དེ་ཁབ་དང་སྐུད་པ་ཙམ་གྱི་རྗེས་སུ་རྒྱ་གར་དང་རྒྱ་ནག་སོགས་སུ་འགྲོ་གི་ཡོད་ཟེར། ཁབ་སྐུད་ཙམ་ཡང་བློས་མི་ཐོང་པའི་ཆོས་སྐྱོང་ཨེ་ཡོང༌། དེ་ལས་སྡུག་པ་འགའ་ཞིག་ངེད་ཀྱི་ཆོས་སྐྱོང་འདི་རང་མཐུ་རྩལ་ཆེ་མཐར་ཁོ་རང་གིས་དབུགས་བླངས་ཏེ་སྲོག་གཅོད་ཀྱི་ཡོད་ཟེར། སྲོག་གཅོད་མཁན་ལ་ཆོས་སྐྱོང་གི་ཁག་ཨེ་ཡོང་སོགས་གསུངས། ནམ་ཞིག་ན་ཁོའི་གསོལ་ལ་མ་(༡༡༩བ)ཆགས་པས་མ་མགུ་ན་གནོད་པ་སྣ་ཚོགས་གཏོང༌། མོ་བྱས་པར་ཡང་ལྷ་བདུད་དུ་བབས་འདུག་ཟེར། ཕན་པ་ལས་གནོད་པ་ཆེ། དཔེ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་སྐབས་སུ་ཐོས་བསམ་སྒོམ་གསུམ་ལ་སོགས་པའི་ང་རྒྱལ་ཆོས་རྣམ་དག་མ་བྱས་ན། ལྷ་བདུད་དུ་བབས་པ་ལྟར། ཚེ་འདིའི་སྣང་ཤས་ཀྱི་ཉོན་མོངས་ཁ་རྒྱལ་བའི་དབང་དུ་སོང་ནས་རང་ལ་ཕན་མི་ཐོགས་པའི་ཁར་འཁོར་བའི་འཆི་བདག་བྱས་ནས་གནོད་པ་སྒོ་དུ་མ་ནས་བྱུང༌། འདི་ལ་བླ་མ་རིན་པོ་ཆེས་འདི་འདྲ་གསུངས། དེང་སང་རང་རེ་རྣམས་མགོ་གང་གི་མཐོ། གོམ་གང་གི་མགྱོགས་པར་འདོད་པ་འདི་རང་གི་ལེན། དཔེར་ན་ལྟད་མོ་བལྟ་རུ་ཕྱིན་ན། རང་ཉིད་གཞན་ལས་མགོ་གང་གི་ཨེ་མཐོ་སྙམ། འགྲོ་རྒྱུ་ཡིན་ན་ཐམས་ཅད་ལས་རང་མགྱོགས་པ་ཞིག་ཨེ་ཡོང་བསམ་པ་འདིས་མ་བྱུང་བ་ཡིན་གསུངས། དེ་ནས་བཅོ་བརྒྱད་པ་སྐྱིད་ཀྱི་ཡན་ལག་དུ་སྡུག་མ་འཚོལ་ཞེས་པ་ནི། འདི་འདྲ་རེད། རང་རེ་རི་ཁྲོད་པ་ལྟ་བུས། ད་ལྟ་རྐང་པས་འགྲོ་བ་འདི་ཡང་ཁག་དེ་འདུག །དེ་བས་རྟ་ཞིག་བྱུང་ན་སྙམ་རྟ་ཞིག་ཉོས། རི་ཁྲོད་པ་ལ་རྟ་རྒོད་ཞིག་བྱུང་ན་ཉི་མ་གཅིག་རང་ལ་སྡུག་ལས་སྣ་དགུ་ཡོད་ལུགས་དང༌། དེ་བཞིན་དུ་རྩམ་པ་འབོལ་པོ་ཞིག་འདོད་ནས་བསོད་སྙོམས་དུ་འགྲོ་བ་ལས་འདི་དགའ་རྒྱུ་རེད་སྙམ་ཞིང་ཁ་བཏབ་ནས་མཛོ་དང༌། མི་ལག་གི་གླ་ལྟོ་སོགས་ཀྱི་སྡུག་ལས་སྣ་དགུ་ཡོང་ཚུལ་དང༌། གཙང་རྟ་ནག་གི་(༡༢༠ན)ནང་པ་ཚོ། ཞིང་བཏབ་ནས་གང་བྱེད་པ་བྱས་པས་དགྱེ་བོ་གསོ་རྒྱུ་ཡིན། དགྱེ་བོ་གསོས་ནས་གང་བྱེད་བྱས་ན་ཞིང་འདེབས་རྒྱུ་ཡིན། ཟེར་བས་དཔེ་ལྟར་སྡུག་ལས་ཕར་ལོག་ཚུར་ལོག་ལས་སྙིང་པོ་གང་ཡང་མེད་ཚུལ། སྒྲུབ་པ་བ་ཞིག་དང༌། གྲྭ་པ་གཉིས་རི་ཁྲོད་དུ་མཉམ་དུ་སྡད་ནས་འཁོན་གཏམ་བྱས་པའི་ལོ་རྒྱུས་བདེ་ལམ་སྐབས་ལྟར་གསུངས། འདི་ལྟ་བུར་སྐྱིད་པའི་ཡན་ལག་ཏུ་སྡུག་ལས་མི་ཉོ་བར། བློ་ཕུགས་ཆོས་ལམ་རིམ་བློ་སྦྱོང་དང༌། དེ་སྟོན་པའི་བླ་མ་ལ་གཏད། འཕྲལ་ཕུག་ཐམས་ཅད་བདེ་ཞིང་སྐྱིད་པར་འདོད་པས་བློ་སྦྱོང་གི་དམ་ཚིག་འདི་དག་དང་མ་འགལ་བར་ཚུལ་བཞིན་ཉམས་སུ་བླངས་ཏེ་བློ་སྦྱོང་ལུགས་རྣམ་པར་དག་པ་དགོས་ལུགས་རྒྱས་པར་གསུངས་སོ།

 

 

 

 

 

བློ་སྦྱོང་གི་བསླབ་བྱ་བསྟན་པ།

 

དེ་ཡན་གྱི་རྩ་བའི་ས་བཅད་དྲུག་སོང་ནས། བདུན་པ་བློ་སྦྱོང་གི་བསླབ་བྱ་དེ་ལ་ཉི་ཤུ་རྩ་གསུམ་ཡོད་པས། དེའི་རྩ་ཚིག་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ༡། །ལོག་གནོན་ཐམས་ཅད་གཅིག་གིས་བྱ༢། །ཐོག་མཐའ་གཉིས་ལ་བྱ་བ་ཚོགས། །གཉིས་པོ་གང་བྱུང་བཟོད་པར་བྱ༣། །གཉིས་པོ་སྲོག་དང་བསྡོས་ལ་བསྲུངས༤། །དཀའ་བ་གསུམ་ལ་བསླབ་པར་བྱ༥། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་༦། །ཉམས་པ་མེད་པ་རྣམ་གསུམ་བསྒོམ༧། །འབྲལ་མེད་གསུམ་དང་ལྡན་པར་བྱ༨། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱངས༩། ཁྱབ་དང་གཏིང་འབྱོངས་ཀུན་ལ་གཙེས༡༠། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ༡༡། །རྐྱེན་གཞན་དག་ལ་ལྟོས་མི་བྱ༡༢། །ད་རེས་གཙོ་བོ་ཉམས་སུ་བླངས༡༣། །གོ་ལོགས་མི་བྱ༡༤(༡༢༠བ)རེས་འཇོག་མི་བྱ༡༥། དེ་ལ་ཆོད་དུ་སྦྱངས༡༦། བརྟག་དཔྱད་གཉིས་ཀྱི་ཐོ་བ་བྱ༡༧། ཡུས་མ་བསྒོམ༡༨། ཀོ་ལོང་མ་སྡོམ༡༩། ཡུད་ཙམ་པ་མི་བྱ༢༠། འོར་ཆེ་མི་འདོད༢༡། ཅེས་པ་རྣམས་ཐེག་པ་ཆེན་པོའི་བློ་སྦྱོང་མི་ཉམས་ཤིང༌། གོང་འཕེལ་དུ་འགྱུར་བའི་ཐབས་ལ་བསླབ་ཚུལ་གྱི་གནད་རྣམས་བསྡུས་ནས་གསུངས་པས་དེ་ལ་རྣལ་འབྱོར་ཐམས་ཅད་གཅིག་གི་བྱ་བ་ཞེས་པ་ནི། གང་རྣལ་འབྱོར་ཉམས་སུ་ལེན་པའི་སྐབས་སུ་ཐོག་མར་མི་འདྲ་བ་གཅིག་ཉམས་སུ་བླངས། བར་དུ་གཅིག་འཆི་དུས་སུའི་གཅིག་བར་དོར་གཅིག །སྐྱེ་བ་ཕྱི་མ་རྣམས་ལ་ཕན་པའི་ཐབས་ཀྱི་རྣལ་འབྱོར་རྣམས་སོ་སོ་ཉམས་སུ་ལེན་དགོས་བྱུང་ན། སྙིགས་མ་ལྔ་བདོ་བའི་དུས་ཡིན་པས་ཚེས་ཀྱང་མི་འཁྱོངས་རིག་པས་ཀྱང་མི་འགྲུབ། འོ་ན་གང་འདྲ་ཞིག་བྱེད་དགོས་ཞེས་ན། ཇོ་བོ་ཆེན་པོས། ཚེ་ལ་ལོང་མེད་ཤེས་བྱ་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལ་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་བྱ་ཞེས་གསུངས་པ་བཞིན། རང་ཉིད་སངས་རྒྱས་ཀྱི་སར་འགྲོ་བས་རྣལ་འབྱོར་རམ། ཉམས་ལེན་ཐམས་ཅད་ཚང་ལ་མ་ནོར་བར་གདན་ཐོག་གཅིག་ཏུ་ཉམས་སུ་བླངས་ཆོག་པ་ཞིག་དགོས་པ་ཡིན། དེ་གང་ཡིན་ན་ལམ་རིམ་བློ་སྦྱོང་འདི་འདྲ་བ་ལ་ཟེར། དེ་ཡང་བརྗོད་བྱ་ཐམས་ཅད་བསྡུས་ན། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་དལ་འབྱོར་རྙེད་དཀའི་དབུའི་བསྡོམས་སུ་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱང་བ་འདི་རང་ལ་འདུ་བ་ཡིན། དེ་ཡང་བཤེས་གཉེན་བསྟེན་ཚུལ་ནས་ལྷག་(༡༢༡ན)བསམ་རྣམ་དག་ཡན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྒྱུ་དང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་ཉིད་དངོས་གཞི་དང༌། དེ་སྐྱེས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་ཚུལ་རྣམས་སེམས་རིན་པོ་ཆེ་ཉིད་གོང་འཕེལ་དུ་འགྲོ་བའི་ཐབས་བླ་ན་མེད་པ་ཡིན་པ་ནི། ཞིང་པ་རྣམས་ཀྱི་ཞིང་འདེབས་པ་ལྟར། དང་པོར་ཞིང་ས་གཤིན་པོ་ཡོད་པ་ཙམ་གྱི་མི་ཆོག །ཉི་མ་བྱང་འགྲོའི་དུས་ཀྱི་ས་ཆུ་ལ་དྲོད་ཕེབས་པ་དང༌། ཆུ་ལུད་འཛོམ་པ་སོགས་དགོས། དེ་དག་ལེགས་པ་འཛོམ་པའི་སྟེང་དུ་ས་བོན་ནས་གྲུང་བོ་བཏབ་ནས་མྱུ་གུ་སྐྱེས་པའི་ཚེ་ཡང་མྱུ་གུ་སྐྱེ་བྱུང་བྱས་པས་མི་ཕན་པར། ནམ་མཁའ་ནས་ཆར་ཆུ་ཐན་ཞོད་རེན་པ་དང༌། རྩྭ་ངན་འདོན་པའི་ཡུར་མ་སོགས་དགོས་ཚུལ་གྱི་དཔེ་ཞིབ་པར་གསུངས་ནས། དཔེ་དེ་དང་མཚུངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཉམས་ལེན་གྱི་སྙིང་པོར་བྱེད་པ་ནི་རྣལ་འབྱོར་གཅིག་ཡིན་ལ། དེ་ལ་ཡང་ཐུན་དངོས་དང༌། ཐུན་མཚམས་གཉིས་ཡོད་པས། ཐུན་དངོས་ལ་སྦྱོར་དངོས་འཇུག་གསུམ་གྱི་སྒོ་ནས་བློ་སྦྱོང་གི་དམིགས་སྐོར་གང་སྐྱོང་བ་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ན་སྦྱོང་བའི་ཐབས་ཡིན། དེ་ནས་ཐུན་མཚམས་ཀྱི་བྱ་བ་ལ། ཟས་ཀྱི་ཚོད་རིགས་པ་སོགས་མང་དུ་ཡོད་པས་དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་ནས་དེ་སྦྱོང་བའི་གྲོགས་སུ་འགྱུར་བ་ཞིག་དགོས་པ་ཡིན། དེ་ལ་ཟས་ཀྱི་བྱ་བ་བྱེད་པའི་ཚེ། སྤྱིར་རང་གི་ལུས་འདི་དང་པོ་ནས་བླ་མ་ལ་ཕུལ་ཟིན་པས་(༡༢༡བ)རང་གང་འདོད་བྱས་མི་ཆོག་པར་བླ་མས་གང་ལ་བཀོལ་བ་ཞིག་གི་ཐོག་ཏུ་འཇུག་དགོས་པས། བླ་མས་གསུང་རྒྱུ་རང་དེ། ལུས་ཆུད་ཟོས་སུ་མ་སོང་བར་དལ་འབྱོར་ལ་སྙིང་པོ་ལོང་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་གསུངས་འདི་ཡིན། ཟས་ལ་ལོངས་སྤྱོད་པའི་དུས་སུ་སྲེད་ཞེན་མེད་པར། རང་གི་ལུས་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པའི་ལུས་རྟེན་ཡིན་པས་འདི་གསོ་བ་དང༌། ཁྱད་པར་རང་གི་ལུས་ལ་ཡོད་པའི་སྲིན་འབུ་བརྒྱད་ཁྲི་སོགས་ད་ལྟ་ཟང་ཟིང་གི་བསྡུས་ནས། སླར་ཡང་མ་འོངས་པ་ན་ཆོས་ཀྱི་བསྡུ་སྙམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་སྒོ་ནས། ཟས་གོས་ལ་ལོངས་སྤྱོད་པ་དང༌། གནས་མལ་འཆའ་བ་དང༌། ཉལ་བ་སོགས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་གི་ཚེ་ཡང༌། སེམས་རིན་པོ་ཆེ་འདིས་ཟིན་པའི་སྒོ་ནས་དོན་ལྡན་དུ་བྱ་དགོས་པ་ལ། རྣལ་འབྱོར་ཐམས་ཅད་གཅིག་གི་བྱས་པའི་དོན་ཡིན་ཚུལ་རྒྱས་པ་དང་དེ་ནས་ལོག་གནོད་ཐམས་ཅད་གཅིག་གི་བྱ་ཞེས་པ་ནི། བློ་སྦྱོང་གི་བགེགས་སེལ་ལུགས་དེ་བསྟན་པ་ཡིན། དེ་བསྒོམ་པའི་སྐབས་སུ་མི་དང་མི་མ་ཡིན་གྱི་གནོད་པ་སོགས་ཅི་བྱུང་ཡང་དེ་ལ་གཞན་མ་བྱས་པར། བྱང་ཆུབ་ཀྱི་སེམས་རང་བསྒོམ་ན་དེ་ཁེ་ཆེ་བ་ཡིན། དེ་ལ་དོགས་པ་འདི་འདྲ་ཤར་ཡོང༌། གང་གི་གནས་སྐབས་སུའང་བྱང་ཆུབ་ཀྱི་སེམས་རང་བསྒོམ་དགོས་ཟེར་བ་འདི་བློ་སྦྱོང་གི་སྐབས་འདི་ལ་ཁྱད་ཐོན་ཐོན་བྱས་ནས་གསུངས་པ་མ་གཏོགས། གསང་སྔགས་བླ་མེད་ཀྱི་(༡༢༢ན)སྐབས་སོགས་ལ་འདི་མ་ཡིན་པར། འདི་ལས་ཁྱད་ཆོས་ཟབ་པ་གཞན་ཞིག་ཡོད་འགྲོ་སྙམ་ན། དེ་ཆོས་ཀྱི་གནད་མ་གོ་བའི་རྟགས་ཡིན། གསང་སྔགས་བླ་མེད་ཀྱི་སྐབས་སུ་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་རང་བསྒོམ་པ་མ་གཏོགས་གཞན་བསྒོམ་རྒྱུ་གང་ཡང་མེད། བྱང་ཆུབ་ཀྱི་སེམས་ལ་གཞན་དོན་དོན་གཉེར་དང༌། བྱང་ཆུབ་དོན་གཉེར་གཉིས་ཡོད་པས། བྱང་ཆུབ་དོན་གཉེར་གྱི་བློ་འདི་རང་བསྒོམ་པ་ཡིན། གསང་བ་སྔགས་ཀྱི་སྐབས་སུ། འབྲས་དུས་ཀྱི་ཐོབ་བྱ་མཐར་ཐུག་དེ་རང་ལམ་དུ་འཁྱེར་ནས། རང་ཉིད་སྐད་ཅིག་གི་ཞེས། འབྲས་བུ་ལམ་བྱེད་ཀྱི་སྐུ་བསྒོམ་པ་འདི་རང་བྱང་ཆུབ་ཀྱི་སེམས་བསྒོམ་པར་མ་ཟད། རང་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ལྷའི་ང་རྒྱལ་དང༌། གསལ་སྣང་གཉིས་ལས་འདའ་རྒྱུ་མེད་པ་དང༌། དེས་ཀྱང་མི་ཚད་སྣོད་བཅུད་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས། ཐ་མལ་པའི་སྣང་ཞེན་བཀག་དགོས་པ་སོགས་ལམ་རིམ་བློ་སྦྱོང་སྐབས་ལས་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ཁྱད་པར་དུ་འཕགས་སྙམ་དུ་སྙིང་རྗེ་དྲག་པོ་སྐྱེད་ན་ཞི་འགྲོ། དེ་བཞིན་དུ་མིའི་གནོད་པ་གང་འདྲ་ཞིག་བྱུང་ཡང༌། ངའི་མ་རྒན་འདི་རྣམས་མ་རིག་པས་སྒྲིབས་ནས་བླང་དོར་གོ་ལོག་ཏུ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་སྙམ་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུའི་བླང་དོར་གོ་ལོག་ཏུ་སྤྱོད་པ་མང་པོ་ཡོད་པས། དེ་ཐམས་ཅད་(༡༢༢བ)ངའི་འདིའི་སྟེང་དུ་སྨིན་པར་ཤོག །ངའི་རྒྱུ་དུས་ཀྱི་དགེ་བ་དང་འབྲས་དུས་ཀྱི་བདེ་བ་ཐམས་ཅད་འདི་དག་ལ་སྨིན་ནས་ཆོས་སྐུ་ཐོབ་པར་གྱུར་ཅིག་སྙམ་དུ་གཏོང་ལེན་ཤུགས་དྲག་པོ་བསྒོམ་དེས་ཀྱང་མི་ཚད། གཞན་གནོད་བྱེད་ཐམས་ཅད་བློ་འཁྲུལ་བའི་དབང་གི་སྣང་བ་ལ་ཤར་བ་ཙམ་ལས། དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་ལྟ་བའི་སྒོ་ནས་ཟིལ་གྱི་གནོད་ཚུལ་སོགས་ཤེས་ན། དོན་ལ་གནོད་པ་ཡོང་རྒྱུ་སོགས་གང་ཡང་མེད། བྱུང་ཡང་རྐྱེན་ངན་གྲོགས་སུ་ཤར་བ་ཡིན་གསུངས། དེ་ནས་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་པ་འདི་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་གདམས་ངག་ཡོད་དམ་མེད་དོ་དེ་ཡིན། འདིའི་ཐོག་མ་དེ་ཉིན་ཞག་ཕྲུགས་གཅིག་ལྟ་བུའི་སྔ་དྲོ་ཐོ་རངས་ཀྱི་དུས་དེ་ལ་ཟེར། སྔ་དྲོ་ལངས་མ་ཐག་ནས་གཞན་བསམ་རྒྱ་མང་པོ་མི་བྱེད་པར། མདང་མ་ཤི་བ་དེ་བླ་མའི་བཀའ་དྲིན་རང་ཡིན། ད་དེ་རིང་གི་ཆ་ལ་དལ་འབྱོར་སྟོང་ལོག་ཏུ་མ་སོང་བས་དགེ་སྦྱོར་རྣམ་དག་ཞིག་རང་བྱེད་སྙམ་འཕེན་པ་དྲག་པོ་ཡང་ཡང་བཏང༌། དེ་ནས་ཐུན་བར་རྣམས་སུ་ཡང་དྲན་ཤེས་བསྟེན་ནས་དགེ་སྦྱོར་ལ་འཇུག་ཅི་ཐུབ་བྱེད་ཐ་མ་ཞེས་པ་ནི། དགོངས་མོ་ཉལ་བའི་དུས་དེ་ཡིན། དེའི་སྐབས་སུ་ཁ་ནང་དུ་ལོག་ནས་བསམ་བློ་ཡག་པོ་ཞིག་བཏང༌། དེ་རིང་ངས་དགེ་སྦྱོར་སོགས་ཆོས་དང་མཐུན་པ་དེ་རང་འཕེན་པ་བཏང་བ་བཞིན་བྱུང་འདུག་མི་འདུག །མི་དགེ་བའི་ལོང་གཏམ་(༡༢༣ན)དང༌། གཡོ་ཁྲམ། གཞན་ལ་འཁང་ར་ཚིག་ངན། བསམ་པ་ནག་པ་སོགས་བྱས་འདུག་གམ་མི་འདུག་སོགས་ལེགས་པར་བརྟག་པས། དགའ་མོ་བྱུང་ན་རང་གི་རང་ལ་དངོས་སུ་ཚིག་གི་སྒོ་ནས་གཟེངས་བསྟོད། སྟོད་ར་བཏང་ན་རྟེན་འབྲེལ་གྱི་གནད་ཀྱིས་སེམས་ཁོ་ལ་དགའ་རྒྱུ་དང་དཔའ་སྐྱེ་རྒྱུ་ཡོད། དེ་བྱུང་ན་སང་ནས་དགེ་སྦྱོར་ལ་ཤུགས་ཆེན་པོ་ཡོང༌། མ་བྱུང་འདུག་ན་རང་གི་མིང་ངན་དང༌། མི་སྐྱའི་དུས་ཀྱི་མིང་ནས་བོས་ཏེ། རྔན་བགྲངས། བྲང་བརྡུངས། སྨད་ར་ཕབ་ན་ད་ཁོ་ངོ་ཚ་རྒྱུ་དང༌། གནོད་རྒྱུ་ཡོད་པས། དགེ་བཤེས་འབན་གུང་རྒྱལ་གྱི་རྣམ་ཐར་ལྟར་བྱ་གསུངས། དེའི་གཏམ་རྒྱུད་རྒྱས་པར་གསུངས། དེ་དགའ་མོ་བྱུང་ན་དེ་ནས་མཐུན་རེ་རེ་བཞིན་ནས་ཐུན་མགོ་དང༌། ཐུན་བར་དང༌། ཐུན་འཇུག་ལ་དེ་ལྟ་བུ་བྱེད། དེ་དགའ་མོ་བྱུང་ན། ཐུན་མཚམས་སུ་ཚོགས་ཆོས་གྲྭར་འགྲོ་བ་དང། མི་དང་ཕྲད་ཐུགས་བྱེད་པའི་སྐབས་སོགས་ལ་དེ་ལྟར་བྱེད། དེ་དགའ་མོ་བྱུང་ན། དེ་ནས་དུས་དང་རྣམ་པ་ཀུན་ཏུ་དྲན་ཤེས་དེ་ལྟ་བུས་ཟིན་ནས་དེ་ལྟ་བྱེད། དེ་རྣམས་དགའ་མོ་བྱུང་འདུག་ན་གཟེངས་བསྟོད་དེ་ད་དུང་གོང་འཕེལ་དུ་འགྲོ་བའི་སྨོན་ལམ་རྒྱབ། མི་དགེ་བའི་དབང་དུ་སོང་འདུག་ན་འགྱོད་ཅིང་བཤགས་བསྡོམ་གྱྀས་ཟིན་པར་བྱེད། དེང་སང་རི་ཁྲོད་པ་འདྲ་བས་འདི་འདྲ་ཟེར་མཁན་མང་པོ་ཡོང་གི་འདུག །ང་རི་ཁྲོད་དུ་ཡོངས་ནས་རྣམ་རྟོག་མང་དུ་སོང་ནས་འདུག་པས་ང་ཡག་པོ་ཡོང་རྒྱུ་མིན་པ་(༡༢༣བ)འདྲ་ཟེར། དེ་ཡང་བློ་སྦྱོང་འདི་ལ་ཉམས་ལེན་སྙིང་པོར་བྱས་པས། རེ་ཞིག་ནད་གདོན་དང༌། གྱོད་ཆགས་སྒོ། ཁ་ངན་ཚིག་ངན་སོགས་བྱེད་མི་མང་བ་དང༌། ཁྱད་པར་རང་རྒྱུད་ཀྱི་ཉོན་མོངས་ཆེ་རུ་སོང་བ་ལྟ་བུ་བྱུང་ན། དེ་ནི་སྐྱོན་མིན། ཡོན་ཏན་འབྱུང་བའི་སྔ་ལྟས་ཡིན། དཔེར་ན་མེ་ཆེན་པོ་འབར་བའི་སྔ་ལྟས་སུ་དུ་བ་ཆེན་པོ་སྔོན་ལ་འབྱུང་བ་ལྟ་བུ་ཡིན། དབེན་པ་བསྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྐྱངས་པས། རང་རྒྱུད་ཀྱི་ཉོན་མོངས་བག་ལ་ཞ་བ་རྣམས་ལ་ངས་པའམ་ཕལ་ཆེ་བ་ཞིག་ནི། སྔར་བག་མེད་ཀྱི་འདུ་འཛི་ལ་སོགས་ཀྱིས་གཡེང་པའི་ཉོན་མོངས་དང༌། རྣམ་རྟོག་གང་ཡང་ངོས་མ་ཟིན་པར། ང་དབེན་པའི་གནས་སུ་གཅིག་པུར་གནས་ཏེ་དགེ་སྦྱོར་ལ་འབད་ཅིང༌། རང་གི་སེམས་ལ་བརྟག་པའི་ཚེ་ཉོན་མོངས་ཁོ་ཇི་ལྟར་སྐྱེས་ངོས་ཟིན་པའམ་ཤེས་པ་ཡིན། འདི་འདྲ་བའི་གནད་མ་ཤེས་པར་དབེན་པར་སྡད་པས་སེམས་གཡེང་དུ་འགྲོ་བ་འདྲ་ཞིག་དང༌། དགེ་སྦྱོར་བྱས་པས་སེམས་རྒྱུད་ངན་དུ་འགྲོ་བ་འདྲ་ཞིག་ཏུ་མཐོང་ནས། དེ་དག་བོར་ཏེ། ཁ་བཏོན་སོགས་དགེ་སྦྱོར་གཞན་ལ་འབད་བློ་བྱེད་པ་ནི། འཇིག་རྟེན་གྱི་དཔེ་ལ་གྲོགས་ཁ་གང་བྱུང་བ་ལྕེས་ཕུལ་ཟེར་བ་དེ་བྱུང་བ་ཡིན། རང་རེ་རྣམས་ད་ལྟ་དགེ་སྦྱོར་མི་བྱེད་པའི་དུས། ཕྲལ་གྱི་བྱ་བས་གཡེང་ནས་གང་ཡང་མི་དྲན། དགེ་སྦྱོར་ཞིག་གི་འགོ་ཚུགས་པ་ནི། དེ་བྱེད་དགོས་རྒྱུ་རེད། དེ་ལབ་དགོས་རྒྱུ་རེད། དེ་སྤྲོད་ལེན་བྱེད་དགོས་རྒྱུ་རེད་སྙམ་བྱ་བ་བྱེད་དགོས་(༡༢༤ན)རྒྱུ་རེད་སྙམ་བྱ་བ་བྱེད་དགོས་ཐམས་ཅད་དྲན། དེ་ལ་བླ་མ་རིན་པོ་ཆེས་འདི་འདྲ་གསུངས། ཁོས་སྒོམ་གང་བྱས་ཐུན་གྲོལ་མ་ཐག་ཏུ་ཤེས་ཡོང༌། ཐུན་གྲོལ་ཕྲལ། རྟ་ལ་རྩ་བྱིན། མཛོ་མོ་ལ་འོ་མ་བཞོས། ཕར་འདི་ལབས། ཚུར་འདི་ལེན་དགོས་སོགས་ཟེར་འདུག་ན། ཁོས་ཐུན་དེའི་རིང་དེ་རིང་བསྒོམ་པའི་རྟགས་ཡིན་གསུངས། ཡང་འགའ་ཞིག་དགེ་སྦྱོར་ལ་འཇུག་དང་འཇུག་སྟེ། དྲན་པ་མི་གསལ་བས་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པར། ཐུན་མཚམས་སུ་ཡང་སྒོ་ལ་འགྲོ་བའི་སྐབས་སྒུར་སྒུར་བྱེད་མི་ཤེས་པར་མགོ་རྡབས་པ་སོགས་སོང་བ་ནི། བསམ་རྒྱུ་གང་ཡང་མེད་པར་དྲན་པ་ཉམས་པའི་རྟགས་ཡིན་པས། དགེ་སྦྱོར་ནམ་བྱེད་དུས་དྲན་ཤེས་བསྟེན་པ་འདི་རང་གལ་ཆེ་ཚུལ་ཞིབ་ཏུ་གསུངས། དེ་ནས་གཉིས་པོ་གང་རུང་བཟོད་པར་བྱ་ཞེས་པ་ནི། སྐྱིད་པ་དང༌། སྡུག་པ་གཉིས་ལ་ཟེར་རྒྱུ་རེད། ང་རང་ཚོ་ད་ལྟ་སྐྱིད་མི་ཐེག་སྟེ། རང་འབྱོར་པ་སོགས་དགའ་མོ་ཡོད་ན། རྟ་ལ་ཡང་གསེར་སྒ་དང་དངུལ་སྒ་དང༌། གསེར་དངུལ་གྱི་འཐུམ་པས་ཕེབ་རྫར་འདོགས་པ་ཚུན་བྱེད། དེར་མ་ཟད་འབྱོར་པ་ཞིག་ཡོད་ན་དེ་མི་བཟོད་པར། ཚོང་འབུན་སྐྱེད་ཞིང་ལས་དགྲ་འདུལ་གཉེན་སྐྱོང༌། འཁོར་གཡོག་གི་འདུ་ལོངས་སྣ་ཚོགས་སྒྲུབ་ཅིང༌། གཞན་ལས་མགོ་གང་གིས་ཅི་མཐོ་དང༌། གོམ་གང་གིས་ཅི་མགྱོགས་བྱེད། སྤྱོད་པ་ངན་པ་འཇིག་རྟེན་པ་དག་ཀྱང་ཡ་ང་བའི་གནས་དག་ལ་ཡང་འཇུག་པར་ངོ་ཚ་མེད་པས་འབྱོར་པ་དང་སྐྱིད་ཁྱག་པ་ཤིན་ཏུ་དཀོན། དེ་ལ་དགོངས་ནས་(༡༢༤བ)སྟོན་པ་ཐུགས་རྗེ་ཅན་གྱིས། དགེ་སློང་རྣམས་ལ་ཐུན་གསེར་དངུལ་ལ་ལག་པ་རེག་པ་ཙམ་ཡང་བཀག་ཅིང༌། ཆོས་གོས་ལྷག་པོ་རེ་ཙམ་ཡང་བྱིན་རླབས་མ་བྱས་པར་བཅང་དུ་མི་རུང་བ་དང༌། རྒྱལ་པོའི་ཕོ་བྲང་དང༌། ཆང་ཚོང་མ་དང༌། སྨད་ཚོང་དང༌། བཤན་པའི་གནས་བཅས་སུ་འགྲོ་མི་རུང་བའི་བཅས་པ་མཛད་དགོས་བྱུང༌། སྡུག་ན་སྡུག་མི་ཐེག་སྟཻ། ན་ཚ་དང་རྐྱེན་ངན་ཟས་གོས་སོགས་ཀྱི་ཅུང་ཟད་ཉམ་ཐག་པ་བྱུང་ན། ང་ལས་སྡུག་པ་མེད་སྙམ་སྒུར་ནས་སྡོད། འདི་ཚོར་ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་ཆོས་བརྒྱད་མགོ་སྙོམས་ཟེར་བ་དེ་རང་རེད། འདིར་འབྱོར་རྒུད་གཉིས་པོ་དེ་སྨོས་ནས། དོན་དུ་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ནས་དགེ་སྦྱོར་བྱ་ལུགས་འདིའི་བསླབ་བྱར་གསུངས་པ་ཡིན། ད་ལྟ་བླ་མའི་དྲུང་ནས་གདམས་ངག་ཐོབ་མ་མྱོང་བ་རྣམས་འདི་འདྲ་ཟེར། རང་ཉིད་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བའི་ཁུལ་བྱེད། གཞན་མི་འདྲ་ཟིང་ལོང་ལོང་བྱེད་པ་ལ་ཁོ་ཆོས་བརྒྱད་རང་བྱེད་ཟེར། དེ་འཇིག་རྟེན་ཆོས་བརྒྱད་གང་ལ་ཟེར་ངོ་མ་ཤེས་པ་རེད། ཆོས་བརྒྱད་པོ་དེ་འཇིག་རྟེན་མཁྱེན་པ་སོགས་ཀྱི་བསྟན་པ་དེ་ཡིན། འབྲོམ་རིན་པོ་ཆེས་དུས་རྟག་ཏུ་ཆོས་བརྒྱད་མགོ་སྙོམས་མཛད་ཅིང༌། རྭ་སྒྲེང་གི་ཤུག་གསེབ་ན། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །སྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད་ཅེས་གསུང་ཞིང་བསྒོམ་པར་མཛད། རེས་བདག་ནི་གྲོལ་བ་དོན་གཉེར་ལ། རྙེད་དང་བཀུར་བསྟིས་(༡༢༥ན)འཆིང་མི་དགོས་གསུང༌། ཆོས་བརྒྱད་མགོ་སྙོམས་པར་མཛད་ཅིང༌། གཞན་ཡང་རྣལ་འབྱོར་པ་རྣམ་པ་བཞི། ཁྱད་པར་ཕྱག་ཁྲི་ཆོག་པས་ཇོ་བོས་ན་བཟའི་ཚལ་བུ་རྭ་ཅོའི་ནང་དུ་བཅུག་པར་སྐོར་བ་མཛད་ཀྱིན་ཆོས་བརྒྱད་མགོ་སྙོམས་ཚུལ་སོགས་ཞིབ་པར་གསུངས་ནས། པཎ་ཆེན་བློ་བཟང་ཆོས་རྒྱན་དགུང་ལོ་ལྔ་བཅུར་ཕེབས་སྐབས་ཆོས་སྐྱོང་ཀུན་མཐུན་པར་སྐུ་ཚེ་ལ་བར་གཅོད་ཡོད་ཚུལ་ལ་བརྟེན་དབུས་སོགས་ཀྱི་བླ་ཆེན་དཔོན་ཆེན་རྣམས་ཀྱིས་སྐུ་ཚེའི་རྐྱེན་སེལ་དུ་སྐུ་ཚེ་ཚེ་སྒྲུབ་གནང་དགོས་ཞུས་པར་ཆོས་བརྒྱད་མགོ་སྙོམས་ཀྱི་མགུར་གསུངས་པའི་སྐོར་ཡང་བཙལ། རང་ལ་སྡིག་པ་དང་མ་འདྲེས་པར་འབྱོར་པ་སོགས་ཡོད་ན། བླ་མ་དང༌། དགེ་འདུན་གྱི་བསྙེན་བཀུར་སོགས་ཡར་མར་གྱི་ཞིང་ལ་ཕུལ་ནས། བསྔོ་སྨོན་གྱི་མཚམས་སྦྱོར་སོགས་བྱེད། འབྱོར་པ་མེད་ཀྱང་དཔའ་མི་ཞུམ་པར་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྒོ་ནས་གཏོང་ལེན་ལ་འབད་དེ། འབྱོར་པ། རྒུད་པ། སྐྱིད་སྡུག་མཐོ་དམན་ཅི་བྱུང་ཡང་བྱང་ཆུབ་ཀྱི་སེམས་ཉིད་ཐུགས་དམ་གྱི་མཐིལ་དུ་འཛིན་པ་ནི་འདིའི་བསླབ་བྱ་ཡིན་ཚུལ་ཞིབ་པ་དང༌། དེ་ནས་གཉིས་པོ་སྲོག་དང་བསྡོས་ལ་བསྲུངས་ཞེས་པ་ནི། སྤྱིར་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ་སྡོམ་པ་གསུམ་གྱི་བཅས་མཚམས་དང༌། ཁྱད་པར་བློ་སྦྱོང་འདིའི་དམ་ཚིག་རྣམས་སྲོག་དང་སྡོས་ཏེ་བསྲུང་དགོས་ཞེས་པའི་དོན་ཡིན། འདི་མཚོན་པ་ཙམ་ཡིན།(༡༢༥བ)སྡོམ་པ་གསུམ་པོ་འདི་རང་གི་བསླབ་བྱ་རྣམས་ཆོས་ཐུན་གཅིག་ལ་བཤད་མི་ཚར་ཏེ། དཔེར་ན་གསང་སྔགས་ཀྱི་སྐབས་སུ་བླ་མ་བསྟེན་ཚུལ་གྱི་གནད་ཐམས་ཅད་བླ་མ་ལྔ་བཅུ་པར་བསྡུས་ནས་བསྟན་ཡོད་པས། དེ་ཐམས་ཅད་དུས་གཅིག་ལ་བཤད་ཚར་ག་ལ་ལང་གསུང༌། དེ་ནས་དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། དཀའ་བ་གསུམ་པོ་ནི། དང་པོར་རང་རྒྱུད་ལ་ཉོན་མོངས་སྐྱེས་པ་ངོ་ཤེས་པར་དཀའ། བར་དུ་དྲན་ཤེས་བསྟེན་ནས་དེ་བཟློག་པ་ཤིན་ཏུ་དཀའ། ཐ་མར་སྐྱེ་བའི་རྒྱུན་གཅོད་པ་དེ་དཀའ་བས་དེ་གསུམ་ལ་ཟེར། ང་རང་ཚོས་ད་ལྟ་ཉོན་མོངས་རང་རྒྱུད་ལ་སྐྱེས་པ་འདི་ངོ་ཤེས་པ་དཀའ། ཡུལ་ཡིད་དུ་འོང་བ་ཞིག་བྱུང་ན་དེ་ལ་རྟེན་ནས་འདོད་ཆགས། ཡིད་དུ་མི་འོང་ལ་ཞེ་སྡང༌། བར་མ་ལ་གཏི་མུག་སྐྱེས་པ་སོགས་ཤིན་ཏུ་འབྱུང་ཉེ་ཡང་ངོ་ཤེས་མི་ཐུབ། ཉོན་མོངས་ཁོ་སྐྱེ་ལུགས་འདི་འདྲ་རེད། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་དག་ནི་སྐྱེ་བར་འགྱུར། །ཞེས་གསུངས་པས། ཡུལ་ཉེ་བར་གནས་པ་དང༌། ཉོན་མོངས་མ་སྤངས་པ་དང༌། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གསུམ་ཚང་ན། ཉོན་མོངས་པ་ཁོ་སྐྱེ་མི་སྐྱེ་ཐེ་ཚོམ་མེད་པ་རེད། ཤིང་རྟ་ཆེན་པོའི་གཞུང་ལ་ཐོས་བསམ་མ་བྱས་པར་གནད་འགག་(༡༢༦ན)འདི་ཚོ་ཤེས་རྒྱུ་མ་རེད་སྙམ་དགའ་སྤྲོ་ཡོང༌། ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་ཐོས་བསམ་བྱེད་ཕྱིན། མི་གཉིས་ཕྲེང་བ་ལག་ཏུ་དཀྲིས་ནས་ལག་པ་རྡེབ་དགོས་པ་རང་ནི་མིན། རང་ཉིད་རི་ཁྲོད་དུ་སྒྲུབ་པ་བྱེད་དུས། ཐུན་མཚམས་སྐབས་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་བལྟ་ཐོག་ཡག་པོ་བྱས། དོགས་པ་བྱུང་ན་བླ་མ་དང་གྲོགས་ཆོས་མཐུན་ལ་འདྲིས་ནས་བཅད་དེ་ནས་འདིའི་དོན་འདི་རེད་སྙམ་གོ་ནས་ལག་ལེན་ལ་འདེབས་ཐུབ་ན་དེས་ཆོག །འདི་ལ་སྔོན་བདག་ཅག་གི་སྟོན་པ་རྒྱ་མཚོའི་གླིང་བར་དུ་སྐུའི་སྐྱེ་བ་བཞེས་སྐབས། བརྒྱ་བྱིན་གྱི་དང་པོར་ཚོད་བླངས། དེ་ནས་ལུས་དངོས་སུ་བསྟན་ནས་མཆོག་སློངས་ཞིག་བྱས་པར་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མེད་པ་ཞིག་བླངས་པའི་གཏེར་མ་ནུས། དེ་ལས་གཞན་མ་སློང་ཤིག་བྱས་པར། འོ་ན་ཁྱོད་ངའི་ཐད་དུ་མི་ཡོང་རོགས་གྱིས། ཁྱོད་ཡོང་ན་ང་ཉིད་ཁྱོད་ལ་མ་དགའ་བ་མིན་ཀྱང༌། ཁྱོད་ཀྱི་རྒྱན་ཆ་རྣམས་མཐོང་ན་ཆགས་ཡོང་འདུག་གསུང་བའི་ལོ་རྒྱུས་རྣམས་གསུངས། མདོར་ན་ཉོན་མོངས་གང་འདྲ་ཞིག་སྐྱེས་ཀྱང་དང་པོ་ནས་དྲན་ཤེས་བསྟེན་ནས་ངོས་ཟིན་པར་བྱེད། བར་དུ་དྲན་ཤེས་པར་མར་བསྟེན་ནས་ཁོ་བྱུང་ན་བཟློག་ཅི་ཐུབ་བྱེད་ཐ་མར་ཡང་ཁོ་དང་རྒྱུན་དུ་མི་འགྲོགས་པར་སྐྱེ་བའི་རྒྱུན་གཅོད་ཅིང༌། གཉེན་པོ་བསྟེན་ཐུབ་པ་ཞིག་ངེས་པར་བྱེད་དགོས་པ་ནི་བློ་སྤྱོང་འདིའི་བསླབ་བྱ་ཡིན། དེ་ནས་རྒྱུ་ཡི་གཙོ་བོ་རྣམ་(༡༢༦བ)གསུམ་བླ་ཞེས་པ་ནི། ཆོས་རྣམ་པར་དག་པ་ཞིག་བྱེད་པ་ལ་རྒྱུའི་གཙོ་བོ་རྣམ་གསུམ་ལ་བསླབ་དགོས། དེ་གང་ཡིན་ན་ཆོས་རྣམ་དག་བྱེད་པ་ལ་དགེ་བའི་བཤེས་གཉེན་གྱི་མགོན་གྱིས་བཟུང་བ་ཞིག་དགོས་པས། དེ་ཡང་མཚན་ཉིད་དང་ལྡན་པ་ཞིག་དགོས་ཀྱི། སློབ་མ་ལ་ཁྱད་ཆོས་མ་བྱེད། ཚོང་འབུན་སྐྱེད་བགྱིས་ཟེར་བ་སོགས་ཚེ་འདིའི་སྣང་ཤས་དང༌། སྡིག་པ་ལ་སྦྱོར་མཁན་ཞིག་གིས་མི་ཡོང༌། བླ་མ་མཚན་ཉིད་དང་ལྡན་པས་རང་ཉིད་རྗེས་སུ་བཟུང་བ་ལ། སྣ་ཐག་གམ་མགོ་ཐག་བླ་མའི་ཕྱག་ཏུ་གཏད་པ་ཞིག་དགོས། དེ་མིན་པ་སྣ་མེད་དང༌། རྟ་སྲབ་མེད་ལྟ་བུར་གྱུར་ན་བླ་མས་རྗེས་སུ་བཟུང་ཐབས་ག་ལ་ཡོད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ནས་གསུངས་པའི་བདུད་ལས་བཞི་བཅུ་ཞེ་བཞི་པོ་ཕལ་ཆེར་བླ་མ་དང་སློབ་མའི་རྟེན་འབྲེལ་མ་འཛོམ་པ་ལ་བྱེད་པ་ཤ་སྟག་མིན། བླ་མ་ནི་ཁོའི་ཆས་ཀ་ང་ལ་ཕུལ་ཨེ་ཡོང་བསམ། སློབ་མ་ནི་འབུལ་མི་འདོད་པ་དེ་འདྲས་བླ་སློབ་གང་ལ་ཡོང༌། མདོར་ན་ནང་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་ནི་ལེགས་ཚོགས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པས། དེ་མེད་ན་ས་ལམ་གྱི་ཡོན་ཏན་སོགས་ལེགས་ཚོགས་གང་ཡང་ཡོང་མི་ཐུབ་བླ་མ་མཚན་ཉིད་དང་ལྡན་པ་དེ་འདྲ་བ་ཞིག་ལ་བློ་ཕུག་གཏན་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་པ་དེ་རྒྱུའི་གཙོ་བོ་གཅིག་ཡིན། བླ་མ་དམ་པ་དེས་ཇི་ལྟར་གདམས་པའི་དོན་རྣམས་མ་ཚང་བ་མེད་པར་རང་གིས་ཉམས་སུ་ལེན་པ་དེ་(༡༢༧ན)རྒྱུའི་གཙོ་བོ་གཉིས་པ་ཡིན། ཆོས་གྲུབ་པ་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་ཆ་མཐའ་དག་ནས་ཚང་བ་དེ་རྒྱུའི་གཙོ་བོ་གསུམ་པ་ཡིན། དེ་གསུམ་རང་ལ་ཚང་འདུག་ན་དགའ་བ་བསྒོམ། མ་ཚང་འདུག་ན་དེ་འདྲ་ཞིག་ཡོང་བའི་སྨོན་ལམ་ཡང་ཡང་འདེབས། གཞན་སེམས་ཅན་ཐམས་ཅད་ལ་ཡང་དེ་ལྟ་བུ་ཡོང་བའི་སྨོན་ལམ་དང༌། གཏོང་ལེན་ཡང་ཡང་བྱེད་གསུངས།

དེ་ནས་ཉམས་པ་མེད་པ་རྣམ་གསུམ་བསྒོམ་ཞེས་པ། དེ་ལྟ་བུའི་བླ་མ་དམ་པ་ལ་རྣམ་པ་ཀུན་ཏུ་དམ་ཚིག་མ་ཉམས་པའི་མོས་གུས་དང༌། བློ་སྦྱོང་བསྒོམ་པ་ལ་སྤྲོ་ཤུགས་མ་ཉམས་པའི་སྤྲོ་བ་དང༌། རང་གིས་ཇི་ལྟར་ཁས་བླངས་པའི་བསླབ་པའི་ཆ་ཕྲ་མོ་ཡང་མ་ཉམས་པའི་བསྲུང་བསྡོམ་ཡག་པོ་བྱེད་དགོས་གསུང་བ་ཡིན། དེ་ནས་འབྲལ་མེད་གསུམ་དང་ལྡན་པར་བྱ་ཞེས་པ་ནི། རང་གི་ལུས་ངག་ཡིད་གསུམ་མི་དགེ་བའི་དབང་དུ་མ་སོང་བར་ལུས་ཀྱི་སྒོ་ནས་ཕྱག་དང་སྐོར་བ་རྡོ་རྗེའི་སྐྱིལ་ཀྲུང་གི་འདུག་ནས་ལམ་རིམ་དང་བློ་སྦྱོང་དགོས་པ་སོགས་དང༌། ངག་གི་སྒོ་ནས་གསུང་རབ་ཀློག་འདོན་དང༌། གཟུངས་སྔགས་བཟླ་བ་སོགས་དང༌། ཡིད་ཀྱི་སྒོ་ནས་གཞན་ལ་ཕན་སེམས་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྩལ་དུ་སྟོན་ནས་བསྒོམ་པ་སོགས་ནི། སྔགས་བཤད་པའི་ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ་ཞེས་པ་དང་ཧ་ལམ་ཆ་མཚུངས་པ་ཡིན་གསུངས། དེ་ནས་ཡུལ་ཕྱོགས་མིན་དག་ཏུ་སྦྱངས་ཞེས་པ་དང་ཁྱབ་དང་གཏིང་(༡༢༧བ)འབྱོངས་ཅེས་བྱ་བའི་ཞེས་པ་གཉིས་ཀྱི། བློ་སྦྱོང་གི་བསླབ་བྱ་གཉིས་བསྟན་པ་ཡིན། གཉིས་གང་ཡིན་ན། བློ་སྦྱོང་སྒོམ་པའི་ཞེས་དང༌། སྣང་བ་གཉིས་ཡིན། ཡུལ་ལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཡོད་པས། ཡུལ་སེམས་ཅན་ལ་དམིགས་ནས་བསྒོམ་པའི་སྐབས་སུ། སྙིང་རྗེ་དང་གཏོང་ལེན་དང༌། ལྟ་བ་གསུམ་གྱི་སྒོ་ནས་སྦྱོང་ཚུལ་ཞིབ་པ་དང༌། ཡུལ་སེམས་ཅན་མ་ཡིན་པ་ནི། དེ་ཡང་ཁོང་ཁྲོ་སོགས་དུག་གསུམ་སྐྱེ་བའི་ཡུལ་ལ་སེམས་ཅན་ཡིན་པ་མི་དགོས། དཔེར་ན་ས་རྡོ་སོགས་ལ་བརྟེན་ནས་ཁོང་ཁྲོ་དྲག་པོ་སྐྱེས་པ་ཡོང་བ་ནི། འགའ་ཞིག་གིས་ཐ་མི་ཁའི་གང་ཟག་ཁ་ལ་བཟུང་ནས་མེ་ལྕགས་བརྩབས་པས་མེ་མ་ཟིན་པར་ཁོང་ཁྲོ་ལངས་ནས་མེ་ལྕགས་དང༌། མེ་རྡོ་གཉིས་ཀ་ས་ལ་བརྡབས་པའི་ལོ་རྒྱུས་དང༌། དེ་ལྟ་བུར་ཇི་ལྟར་སྣང་བ་རྣམས་བློ་བཅོས་པ་མ་གཏོགས་ཁོ་རང་གི་ངོས་ནས་གྲུབ་པ་གང་ཡང་མེད་སྙམ་དུ་བསྒོམས་ཁོ་རང་གི་ངོས་ནས་མ་གྲུབ་པ་ནི། དཔེར་ན་ཡུལ་གཅིག་ལ། བལྟ་མཁན་མི་གཉིས་བྱས། མི་གཅིག་ཡུལ་དེ་ལ་ཡིད་དུ་འོང༌། གཅིག་དེ་ལ་ལྷག་པར་སྡང་ན་ཡུལ་གཅིག་པོ་དེ་ལ། བལྟ་མཁན་མི་གཉིས་ཀྱི་མཐོང་ཚུལ་ཡིད་དུ་འོང་མི་འོང་གཉིས་ཡོད་པ་མངོན་སུམ་གྱི་ཚད་མས་གྲུབ་པ་དེ་ཡིན་དེ་དང་འདྲ་གསུང༌། ཁོང་ཁྲོ་ཁོ་བྱུང་ན་རང་དབང་མེད་པར་སེར་བྱེས་བླ་མ་ཏྲེ་བོ་ཡིན་པ་ཞིག་གིས་ཁོང་ཁྲོས་ན་སེར་ཐེབ་ས་ལ་བརྡབས་ནས་བཅགས་པའི་ལོ་རྒྱུས་དང༌། གཙང་པའི་སྡེ་པ་ཞིག་གི་ཁོང་ཁྲོས་ནས་རྫབ་ཡའི་ཕོར་པ་བཅགས་པའི་ལོ་རྒྱུས་ཀྱང་གསུངས། (༡༢༨ན)དེས་ན་ཡུལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་ལ་ཁོང་ཁྲོ་བཀག་སྟེ་བློ་འབྱོངས་པ་གལ་ཆེ་ལུགས་དང༌། ཁྱབ་དང་གཏིང་འབྱོངས་ཅེས་པས་སྣང་བ་དེ་ལ། སྤྱིར་དབང་པོ་དྲུག །དེའི་ཡུལ་དྲུག །དེ་རེ་རེ་ལའང་ཚོར་བ་སེམས་དུངས་བར་མ་གསུམ་གསུམ་དེ་བཅོ་བརྒྱད་ཡོད་ཚུལ་དང༌། དེ་ལ་ཡང་རེ་རེ་བཞིན། སྙིང་རྗེ་དང༌། གཏོང་ལེན་དང༌། ལྟ་བའི་སྒོ་ནས་སྦྱོང་ཚུལ་ཞིབ་ཏུ་གསུངས། འདིར་གཏིང་འབྱོངས་ཅེས་པ་ནི། དེ་དག་ཀྱང་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པའི་གཏིང་རང་ནས་ཀློངས་པ་ཞིག་དགོས་ཞེས་པའི་དོན་ཡིན་གསུངས། དེ་ནས་བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ་ཞེས་པའི་བཀོལ་བ་དེ། ཟུར་ཏུ་བཀོལ་བའི་ཟུར་བཀོལ། དཔེར་ན་དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་དཀོན་མཆོག་དེ་རྣམ་གྲངས་མང་ཞེས་དགེ་འདུན་ཉི་ཤུ་ཟུར་དུ་བཀོལ། དེ་བཞིན་དུ་གསུང་རབ་དྲང་ངེས་འབྱེད་ཚུལ་རྟོགས་དཀའ་ཞིང་རྣམ་གྲངས་མང་བའི་ཕྱིར་ཟེར་དྲང་ངེས་རྣམ་འབྱེད་ཟུར་དུ་བཀོལ། རྟེན་འབྲེལ་འདི་ཡང་འཁོར་ཚུལ་སོགས་མགོ་ན་བས་འགྲེལ་པ་དོན་གསལ་གྱི་དེས་མི་ཆོག་ཅེས་གལ་ཆེ་ཆེ་བྱས་ནས་ཟུར་བཀོད་པ་དེ་ལྟ་བུ་ཟེར་དེ་བཞིན་དུ་སྤྱིར་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས་བློ་སྦྱོང་བསྒོམ་དགོས་ཀྱང༌། དེའི་ནང་ནས་རང་དང་འདྲ་མཉམ་མཉམ་ལྟ་བུས་འདྲེན་ཟླར་འདུག་པ་དང༌། རང་དང་རྒྱུན་དུ་ལྷན་ཅིག་འགྲོགས་པའི་(༡༢༨བ)གྲོགས་དང༌། འཁོར་གཡོག་སོགས་འདྲིས་གང་ཆེ་དང༌། རང་ཉིད་ལ་སྒོ་ཀུན་ནས་གནོད་པ་ཆེན་པོ་བྱས་པ་རྣམས་ལ་ཟུར་དུ་བཀོད་ནས་བསྒྲིམས་ཏེ་གཏོང་ལེན་སོགས་ཀྱི་བློ་སྦྱོང་བསྒོམ་ནས། བློ་སྙོམས་པར་མ་བྱས་ན། དེ་ལ་བརྟེན་ཆགས་སྡང་དང༌། ཁོང་ཁྲོ་སོགས་སྐྱེ་བ་འབྱུང་ཉེ་བས། དེ་ཚོ་ལ་བློ་སྙོམས་པ་གོང་ནས་བཤད་པ་དེ་ལྟར་དགོས། དཔེར་ན་རང་ལ་འགྲན་ཟླ་བྱེད་མི་དང༌། གནོད་པ་བྱེད་མི་ཤི་བ་གོ་བྱུང་ན་མུན་པ་སྐྱ་སངས་ཏེ་ད་ཡག་པོ་བྱུང་སྙམ་པ་མི་སྐྱེ་བའི་ངེས་པ་མེད། དེ་བཞིན་དུ་རང་གི་ཟླ་གྲོགས་ཤི་ན་དཔེ་ཆ་དང་རྒྱུ་ཆས་སོགས་རང་ལ་ཡོང་སྙམ་པ་དང༌། སྦྱིན་བདག་ཤི་ན་ཚོགས་གསོག་ཡོང་སྙམ་པ་དང༌། རང་གི་འདྲེན་ཟླར་ཡོད་པ་ཤི་ན་རང་ལ་དེའི་ཚབ་ཀྱི་རྙེད་པ་བཀུར་ཀྱང་ཡོང་སྙམ་པ་སོགས་བྱས་ན་བློ་སྦྱོང་གི་བསླབ་བྱ་དང་འགལ་འགྲོ་བས། དེ་འདྲའི་རིགས་ལ་ཆེད་དུ་དམིགས་ནས་བློ་སྦྱོང་ཡང་ཡང་བསྒོམ་དགོས་ཞེས་པ་ཡིན། དེ་ནས་རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི་བློ་སྦྱོང་བསྒོམ་པའི་ཚེ་བཟང་ངན་གྱི་རྐྱེན་གང་ལ་མི་ལྟོས་པར་གསུངས་པ་འདི། བློ་འབྱོངས་ནས་ཡ་ཚད་ཞིག་ལ་སླེབས་པའི་སྐབས་ཀྱི་ཉམས་ལེན་ཡིན་པས་དངོས་སུ་མ་ནུས་ཀྱང་སྨོན་ལམ་གྱི་ཡུལ་དུ་བྱ་དགོས། དེ་ལྟར་མ་བྱས་ན་རྐྱེན་ངག་གང་བྱུང་ལམ་དུ་སྒྱུར་རྒྱུ་དང༌། ཐར་པ་ཐོབ་པ་སོགས་རང་གི་སེམས་ཀྱི་སྟོབས་འདི་ལ་རག་ལས་པ་ཡིན་པས། ཡང་ཐར་པར་འགྲོ་མཁན་ཡང་སེམས་འདི་རང་གི་བྱེད། མར་ངན་སོང་དུ་འགྲོ་རྒྱུ་ཡང་རང་གིས་ལས་ངན་བསགས་(༡༢༩ན)ནས་བྱེད་པས་སེམས་ཅན་འདིས་ལས་ངན་མ་བསག་ན་གཤིན་རྗེ་ཨ་བ་གླང་མགོས་ཐག་པ་བཏགས་ནས་འཐེན་ཀྱང་འཐེན་མི་ཐུབ། རང་གི་སེམས་འདི་རང་འདུལ་མ་ཐུལ་ན་རྐྱེན་གཞན་དག་ལ་མ་ལྟོས་པ་རང་རེ་ལས་དང་པོ་པ་རྣམས་ལ་འབྱུང་དཀའ་ཚུལ་ཞིབ་ཏུ་གསུངས་ནས་དེ་འདྲ་བ་རེ་ཞིག་སྨོན་པའི་ཡུལ་དུ་བྱ་དགོས་པར་གསུངས། དེ་ནས་ད་རེས་གཙོ་བོ་ཉམས་སུ་བླངས་ཞེས་པ་ནི། ད་རེས་ཀྱི་ཚེ་འདི་ཐུང་ཐུང་ཡུད་ཙམ་ཞིག་ཡིན་པས། འདི་ལ་བླ་མ་རིན་པོ་ཆེས་ད་རེས་ཀྱི་ཚེ་འདི་ཐུང་ཞག་ཁ་ཤས་པོ་འདི་རང་གསུངས། རང་རེ་རྣམས་ལོ་བརྒྱ་ཐམ་པ་རེ་སྡོད་ངེས་པ་ཡིན་ན། ལོ་ཉི་ཤུ་ཙམ་ཐོས་པ་རང་བྱས། དེ་ནས་ལོ་ཉི་ཤུ་ཙམ་རིག་གནས་རྣམས་བསླབ། དེ་ནས་ལོ་ཉི་ཤུ་ཙམ་དབང་དང་ལུང་ཁྲིད་མན་ངག་རྣམས་ཞུས། དེ་ནས་ལོ་ཉི་ཤུ་ཙམ་ཆོས་སྒྲུབ་པའི་མཐུན་རྐྱེན་རྣམས་སྒྲུབ། དེ་ནས་རི་ཁྲོད་དུ་ཕྱིན་སྒྲུབ་པ་ལོ་ཉི་ཤུ་ཙམ་བྱེད་རྒྱུ་ཡོང་ཡང༌། དེ་འདྲ་མ་ཡིན་པར། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་ལྦུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་བཞིན། །བསད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ་ཅེས་གསུངས་པ་ལྟར། ང་རང་ཚོའི་ཚེ་ནི་རླུང་དམར་ནང་གི་མར་མེ་དང་ཁྱད་མེད། ད་ལྟ་འགྲོ་བཞིན་པ་ལ་བློ་བུར་དུ་ཤི་འགྲོ་བ་ལ་ཚད་མེད། འཆི་རྐྱེན་ཤིན་ཏུ་མང་ལ་གསོན་རྐྱེན་ཤིན་ཏུ་ཉུང་བ་སོགས་གང་ལ་བསམ་(༡༢༩བ) ཀྱང་བློ་སྣ་རིང་པོ་མི་ཐུབ་པས། ད་རེས་ཚེ་ཐུང་ཡུད་ཙམ་པ་འདིར། ཤེས་ཤེས་དང༌། ཡོང་ཡོང་དང༌། བསླབ་བསླབ་མང་པོའི་བློ་སྣ་མི་བྱེད་པར། ད་ལྟ་སྔོ་ཁྱིམ་པ་ལ་བློ་བུར་དུ་ཤི་འགྲོ་བ་ལ་ཚད་མེད། འཆི་རྐྱེན་ཤིན་ཏུ་མང་གསོན་རྐྱེན་ཤིན་ཏུ་ཉུང་བ་སོགས་གང་ལ་བསམ་ཀྱང་བློ་སྣ་རིང་པོ་མི་ཐུབ་པས། ད་རེས་ཚེ་ཐུང་ཡུད་ཙམ་པ་འདིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བའི་ལམ་གྱི་གཙོ་བོ་རྣམས་སྙིང་པོར་བསྡུས་ནས་ཉམས་སུ་ལེན་དགོས་ཞེས་པ་ཡིན། དེ་ལ་ཇོ་བོའི་ཆོས་འབྱུང་བརྒྱ་རྩ་སོགས་ལ་སྙིང་པོ་བསྡུས་པ་ཞིག་ཞེས་པ་དང༌། སྙིང་པོའི་ཡང་སྙིང་པོ་བསྡུས་པ་ཞེས་འབྱུང་བ་ནི། ཚེ་ཐུང་འདི་ལ་བྱ་ལོང་གང་ཡང་མེད་པས་སྙིང་པོ་རྣམས་བསྡུས་ནས་ཉམས་སུ་ལེན་དགོས་པར་གསུངས།

གཙོ་བོ་སྙིང་པོ་བསྡུ་ལུགས་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དགོངས་འགྲེལ་དང་བཅས་པ་གང་ཟག་གཅིག་པོ་སྐྱེས་ནས་སངས་རྒྱས་ཀྱི་སའི་བར་དུ་བགྲོད་པའི་ཐབས་དལ་འབྱོར་དང་འཆི་བ་མི་རྟག་པ་སོགས་གཙོ་བོར་བསྡུས་པ་སྐྱེས་བུ་ཆུང་ངུའི་ལམ། འཁོར་བ་ལ་ཞེན་ཆགས་ལོག་ནས་ཐར་པའི་ཆོས་ཐམས་ཅད་གཙོ་བོར་བསྡུས་ནས་སྐྱེས་བུ་འབྲིང་དང། རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཐབས་ཐམས་ཅད་སྐྱེས་བུ་ཆེན་པོར་བསྡུས་པའི་ལམ་ཆ་ཚང་བ་འདི་འདྲ་བ་ཉམས་སུ་ལེན་རྒྱུ་ཡོད་པའི་སྐབས། ཚེ་འདིའི་བྱ་བ་སོགས་དོན་ཐག་ཆུང་ངུ་ཞིག་ལ་མགོ་འཁོར་ནས་སྡོད་(༡༣༠ན)པ་ཤིན་ཏུ་ཕམ་པས་ཆོས་ལམ་རིམ་བློ་སྦྱོང་འདི་རང་གཙོ་བོ་བྱས་ནས་ཉམས་སུ་ལེན་དགོས་པས་དོན་ཡིན་ཚུལ་རྒྱས་པར་གསུངས་ཀྱང་འདི་ཙམ་ལས་ངེས་ཤེས་མ་བྱུང་ཞིང༌། འདི་ལ་ཡང་གསུང་བཤད་ཇི་བཞིན་ཡིན་མིན་གྱི་དགོས་པའི་གནས་སུ་ཡོད་དོ། །

མདོར་ན་རང་ཅག་རྣམས་ཚེ་རབས་འཁོར་བ་ཐོག་མེད་ནས་ད་བར་ལུས་རྟེན་མཐོ་དམའ་ཇི་སྙེད་ཅིག་བླངས་པ་ཐམས་ཅད་དོན་མེད་དང་དོན་མེད་རང་དུ་སོང་འདུག་པས། ད་རེས་ཀྱི་ཚེ་ཐུང་འདི་ལ་དོན་གྱི་གཙོ་བོ་ཞིག་རང་བསྒྲུབ་དགོས་པར་ཚེ་འདིའི་དོན་ལས་ཕྱི་མར་ཕན་པའི་ཆོས་སྒྲུབ་པ་གཙོ། ཆོས་ལ་ཡང་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ། བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་ངག་ལ་མཐའ་ཡས་ཀྱང༌། དཔལ་ཨ་ཏི་ཤའི་མན་ངག་འདི་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག་ཁྱད་པར་ཅན་ཡིན་པས། དེ་ནས་བཟུང་བླ་མ་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྙན་རྒྱུད་ཀྱི་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ། འདུ་འཛིའི་ནང་དུ་གནས་ཏེ་ཕྱག་དང་བསྐོར་བ་བྱེད་པ་སོགས་སྤྱོད་ལམ་གཞན་ལས་དབེན་པའི་གནས་སུ་གདན་ཐོག་ཏུ་སྒྲུབ་པ་བྱས་ཏེ་སྦྱོང་བ་གཙོ་ཆེ། ཡུལ་སྤོང་བ་ལས་གཉེན་པོ་བསྟེན་པ་གཙོ་ཆེ་བ་ཡིན་པས་དེ་འདྲ་བའི་ནང་དུ་བསྡུས་ཏེ། གཙོ་བོ་དེ་རྣམས་ཉམས་སུ་ལེན་པ་ཤིན་ཏུ་གལ་ཆེ།

དེ་ནས་གོ་ལོག་མི་བྱ་ཞེས་པ་ནི། གོ་ལོག་དེ་ལ་དྲུག་(༡༣༠བ)ཡོད་པས་དེ་སྤོང་དགོས་ཞེས་པ་ཡིན། གོ་ལོག་དྲུག་ནི་བཟང་པོ་གོ་ལོག །འདུན་པ་གོ་ལོག །རོ་མྱོང་གོ་ལོག །སྙིང་རྗེ་གོ་ལོག །གཉེར་སེམས་གོ་ལོག །རང་ཡིད་གོ་ལོག་དང་དྲུག་ཡིན། དེ་ལ་དང་པོར་བཟོད་པ་གོ་ལོག་ནི། ལ་ལ་ཞིག་དབེན་པའི་གནས་སུ་སྒྲུབ་པ་བྱེད་དུ་བཅུག་པ་དང༌། དཔེ་ཆ་འཛིན་པ་སོགས་ཆོས་ཀྱི་བྱ་བ་སྔ་དྲོ་ཙམ་རེ་བྱེད་བཅུག་ན་བརྩོན་དུ་བཟུང་བ་ལྟ་བུ། ད་ང་འདི་ལས་ནམ་ཞིག་ན་ཐར་སྙམ་སྡུག་བསྔལ་དང་ཡིད་མི་བདེ་བ་ཁོ་ན་བྱེད་ཅིང༌། སོ་ནམ་དང་ཚོང་བུན་སྐྱེད། དགྲ་འདུལ་བ་དང༌། གཉེན་སྐྱོང་བ་དང༌། མཁར་ལས་སོགས་བྱེད་པ་ལ་ཉིན་མཚན་ཀུན་ཏུ་དཀའ་བ་ཅི་ཡོད་ཀྱང༌། དེ་ལ་སྡུག་བསྔལ་དང༌། ཡིད་མི་བདེ་བ་གང་ཡང་མེད་པར་དགའ་བཞིན་སྤྲོ་བཞིན་དུ་བྱེད། གཞན་ཕལ་པ་རྣམས་ལྟ་ཅི་སྨོས། ཚེ་སྟོད་ལ་ཐོས་པ་ཡུན་རིང་དུ་བྱས་ཤིང་ཆོས་སྒོར་ཞུགས་ནས་ལང་ཚོ་ཕལ་ཆེར་ཡོལ་བའི་རྒན་པོ་དག་ཀྱང༌། ཚེ་འདིའི་བྱ་བ་རེ་ལ་བྱེད་དགོས་ཀྱང་བཟོད་པ་དང༌། སྐྱོ་ངལ་མེད་ཅིང༌། དབེན་པའི་གནས་སུ་ཟླ་རེ་ཙམ་སྒྲུབ་པ་ལ་སྡུག་བསྔལ་ཡང་མི་བཟོད་པ་དང་སྡུག་བསྔལ་ཆེས་ཆེར་བྱེད་པ་དང༌། ཉི་མ་འདས་འདས་དོན་མེད་ཀྱི་གཏམ་ལབ་སོགས་བྱས་པར་གང་ཡང་མི་བསམ་པར་ད་དུང་ཉི་མ་ཐུང་སྐྱོན་ཡོང་བ་དེ་ཚོ་བཟོད་པ་གོ་ལོག་རེད། དེ་ལ་དཔེ་བཤད་ན། ངེད་ཚོའི་སྐྱིད་གྲོང་གི་ཐད་ན་གྲོང་པའི་མི་ཚང་མི་ཆེ་དྲགས་ལ་རྒྱུ་ནོར་སོགས་འབྱོར་ལྡན་ཞིག་ཡོད། དེ་ལ་མི་(༡༣༡ན)རྒད་བུ་ཞིག་ཡོད་དེ་ལ་ཁོ་རང་གི་བུ་དང༌། དེའི་བུ་སོགས་མང་གི་ཡོད་པས། ད་མི་རང་ལུང་པའི་ཕུའི་དབེན་པ་ཞིག་ཏུ་ཆོས་ཀྱི་མ་ཎི་དྲོངས། ངེད་ཚོས་ལྟོ་གོས་སོགས་འཚོ་བ་གང་དྲགས་སྐྱེལ་བྱས་པར་ཁོས་ཧཱུཾ་ཐམས་ཅད་ཀྱིས་མི་ནུས་པ་དེ་ངས་བྱེད་དགོས་རྒྱུ་ཨེ་རེད་ཟེར་བས་གཏམ་རྒྱུད་དང༌། དེ་ནས་འདུན་པ་གོ་ལོག་ནི། སྔོན་གྱི་དམ་པ་གོང་མ་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་བྱས་ཏེ་སྒྲུབ་པ་སྙིང་པོར་མཛད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་རྣམས་མཐར་གྱིས་ཡིད་གཡོས་ཏེ་འདི་འདྲ་བ་ཞིག་བྱུང་ན་སྙམ་པའི་འདུན་པ་མི་བྱེད་པར། བླ་ཆེན་དང་མི་ཆེན་ལྟ་བུ་དང༌། ཚེ་འདིར་དཔལ་འབྱོར་འཛོམས་པའི་ཚོང་པ་ལྟ་བུ་དངུལ་མང་པོ་སིལ་སིལ་སྒྲོབ་སྒྲོབ་ཞེས་འདོན་པའི་མི་མཐོང་ཙ་ན། འདི་འདྲ་བའི་བསོད་ནམས་ལ་ཨཱ། ང་ལ་ཡང་འདི་འདྲ་ཞིག་བྱུང་ན་སྙམ་བྱེད་པ་སོགས་འདུན་པ་གོ་ལོག་ཡིན། དེ་འདྲ་བའི་རིགས་ལ་འདུན་པ་བྱས་ཀྱང་ཡོང་རྒྱུ་གང་ཡང་མེད་པའི་ཁར། གཞན་ནོར་ལ་རྣབ་སེམས་བྱས་པའི་ཉེས་པ་འབྱུང༌། དེ་ལས་དེ་འདྲ་བ་ལ་དམིགས་ནས་སྙིང་རྗེ་དང་སྟོང་པ་ཉིད་བསྒོམ་དགོས་ཚུལ་རྒྱས་པར་གསུངས། །

ངོ་བོ་བཀའ་གདམས་པ་རྣམས་ཀྱིས་འདུན་པ་གོ་ལོག་གི་དཔེ་ལ་སྲིང་མོ་དཔེ་ཏ་མགོན་སྐྱིད་ཀྱིས་རྗེབཙུན་ལ་འདི་འདྲ་ལས་བླ་མ་བ་རི་ལོ་ཙཱ་བའི་གཡོགས་བྱས་ན་ཟེར་བའི་ལོ་རྒྱུས་དང༌། སྙིང་རྗེ་གོ་ལོག་གི་དཔེ་ལ་ལ་སྟོད་དིང་རིའི་བུ་མོ་ཆོར་མོ་ལྔས་རྗེ་བཙུན་རིན་པོ་ཆེ་མཐོང་ཙ་ན་འདྲེ་འདུག་ཟེར་བའི་གཏམ་རྒྱུད་རྣམས་(༡༣༡བ)གསུངས་པ་ཡིན་ཞེས་ཞིབ་ཏུ་གསུངས་ནས། འོ་རྗེ་བཙུན་མི་ལ་ལྟ་བུར་ཆོས་ཕྱིར་དཀའ་བ་སྤྱད་ནས་སྔོ་སྙམ་སྙམ་པ་ལ་འདུན་པ་མི་བྱེད། ལྟོ་ཚིལ་ལྷུག་ལྷུག་རྒྱག་པ་ཕག་པ་འདྲ་བ་ལ་འདུན་པ་བྱེད་པ་ནི་འདུན་པ་གོ་ལོག་རང་ཡིན་གསུངས། དེ་ནས་རོ་མྱོང་གི་གོ་ལོག་ནི། དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མི་མྱོང་བར། འཇིག་རྟེན་གྱི་བདེ་བ་ཕྲན་བུ་ལ་ཆགས་ནས་དེའི་རོ་མྱོང་བ་ནི་རོ་མྱོང་གི་གོ་ལོག་ཡིན། འདི་ལ་དཔེ་བཤད་ན་སླར་ཕན་པོ་ཡོང༌། བླ་མ་རིན་པོ་ཆེས་འདི་འདྲ་གསུངས། རི་ཁྲོད་པ་ཚོ་དགུན་མཚམས་ཡིན་ཟེར་སྒོམ་རྒྱག་ཁུལ་བྱས། དེ་མ་ནུས་གྲོང་ཆོག་རང་ལ་ཕྱིན། དེ་ནས་དེང་སང་ལྟ་བུ་དཔྱིད་དུས་སུ་ལྷ་ས་ལ་ཡོང་དགུན་མཚམས་གྲོལ་བ་ཡིན་མདོག་བྱས་ངོ་ཤེས་པའི་མི་ཚོས་དགེ་སློང་ལགས་དགུན་མཚམས་ཐུགས་དམ་འཕེར་པོ་ཨེ་བྱུང་བྱས་ན་དེ་ལ་ལན་སློག་རྒྱུ་མ་རྙེད་པར་ཁམས་བདེ་མོ་བྱུང་བྱུང་ཟེར་བའི་ལོ་རྒྱུས་དང༌། དེ་ནས་སྙིང་རྗེ་གོ་ལོག་ནི། མི་སྡིག་པོ་ཆེ་དང་ལས་ངན་པའི་སེམས་ཅན་གྱི་རིགས་ལ་སྙིང་རྗེ་མི་བྱེད་པར། མི་ལ་རས་པ་ལྟ་བུའི་ཆོས་ཕྱིར་དཀའ་བ་སྤྱོད་པ་ལ་སྙིང་རྗེ་བྱེད་པ་ནི་སྙིང་རྗེ་གོ་ལོག་ཡིན། གཉེར་སེམས་ཆེའམ་ཆེ་ཐབས་གོ་ལོག་ནི། རང་གི་གཉེན་གྲོགས་འཁོར་གཡོག་སོགས་རང་ལ་བློ་གཏད་པ་རྣམས་དམ་པའི་ཆོས་ལ་བསྐུལ་ཅི་ཐུབ་དང༌། ཆོས་བྱས་པ་བྱུང་ཚེ་དེ་འདྲའི་རིགས་ལ་གང་ཕན་བྱེད་དགོས་པ་ལ། དེ་འདྲ་ཕར་ཞོག །རང་གི་ལྟོས་བཅས་འགའ་ཞིག་ཆོས་བྱེད་(༡༣༢ན)ཁུལ་གྱི་དངོས་པོ་ལ་འཛིན་ཆགས་མི་བྱེད་པ་སོགས་ལ། ཁྱེད་དེ་འདྲ་བྱས་ན་མི་ཡོང་སླར་མིང་རྟགས་བྱེད་དགོས། ན་ཚ་བྱུང་ན་གང་འདྲ་བྱེད། ཤི་ན་དགེ་བ་གཏོང་རྒྱུ་དགོས། གསོན་ན་ཟ་རྒྱུ་འཐུང་རྒྱུ་གོན་རྒྱུ་དགོས། དེ་ལས་གྲྭ་ཆས་འདི་ཡང་སྡོག་མི་བདེ་བས། ཕུ་ཐུང་ཅན་ཞིག་གྱོན། ཚོང་རྒྱོབས། ཞིང་ཐོབ། མི་ངའི་གཡོག་གྱིས་ཟེར་བ་སོགས་གཉེར་སེམས་གོ་ལོག་ཡིན། དེ་འདྲ་རྩ་བ་ནས་ཟེར་མི་ཉན། དེ་འདྲ་བྱུང་དུས་ཁྱོད་དེ་འདྲ་བྱས་ན་དགའ་མི་ཡོང་སྟེ། དེ་ལས་ཆོས་རང་བྱས་ན་ཕུགས་རིང་བདེ་སྐྱིད་གཉིས་ཀ་ཡོང་ཟེར་བ་སོགས་བྱེད་དགོས། ང་ལ་བཀྲིས་ལྷུན་པོར་སྡོད་སྐབས་ནང་གི་དགེ་རྒན་ཞིག་ཡོད། དེས་གསུངས་ནས། ཁྱོད་རང་བྱེད་རྒྱུ་མང་པོ་མ་བྱེད་ཆོས་རང་བྱས་ན། ཆོས་བཞིན་བྱས་ན་ཆར་བཞིན་འབེབས་ཟེར་བ་ཡིན་ཟེར་བསླབ་བྱ་མཛད། མཚན་ཉིད་པའི་དགེ་རྒན་ཡག་པོ་སྤྲུལ་པ་འདྲ་བ་ཞིག་ཡོད། དེས་ང་ལ་ད་ཁྱོད་རང་བྱེད་རྒྱུ་མང་པོ་མ་བྱེད། བློ་ནི་གསལ་པོ་འདུག་སློབ་གཉེར་ཡག་པོ་བྱས་ནས་སྡད་ན་ཕུགས་སྐྱིད་པོ་ཡོང༌། འཇིག་རྟེན་གྱི་གཏམ་དཔེ་ལ་རྨ་བྱའི་མདོངས་དེ་རྒྱུ་མི་འདྲ་བ་ལས་བྱུང་བ་ལྟར་གྱི་དཔེ་ཞིག་གསུངས། ང་ནི་དེ་ལས་སེམས་ལ་ཕན་པ་མ་བྱུང་ད་ལྟ་ཡང་བརྗེད་མེད་གསུངས། དེ་ནས་ཡིད་རང་གོ་ལོག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་གོང་མ། གྲུབ་ཐོབ་རྣམས་ཀྱི་མཛད་པ་རྣམ་ཐར་དང༌། རང་གཞན་གྱི་རྣམ་དཀར་རྒྱ་(༡༣༢བ)ཆེན་པོ་ལ་རྗེས་སུ་ཡི་རང་མི་བསྒོམ་པར། རང་ལ་མི་དགའ་བ་ཞིག་ལ་གྱོད་དང་ཆག་སྒོ། ན་ཚ་དང་ཤི་བ་སོགས་བྱུང་ན། ད་ཡག་པོ་བྱུང་ཞེས་ཡིད་རང་བསྒོམ་པ་འདི་རང་ཡིད་རང་གོ་ལོག་ཡིན་ཚུལ་པ་དང༌། དེ་ལྟར་གོ་ལོག་དྲུག་སྤངས་ནས། དེའི་ལྡོག་ཕྱོགས་དྲུག་ཉམས་སུ་ལེན་པ་བློ་སྦྱོང་གི་བསླབ་བྱ་ཡིན་གསུངས། འོ་འདི་གལ་ཤིན་ཏུ་ཆེ་དུས་སྙིགས་མའི་སྐབས་འདིར་ཆོས་རྣམ་དག་བྱེད་པ་ལ། འདི་དག་མེད་དུ་མི་རུང་བ་ནི། དམར་འཁྲིད་རང་ཟེར་བ་འདི་ཚོ་ལ་ཟེར། དམར་འཁྲིད་ཟེར་བ་དེ་དཔེར་ན་སྨན་པ་མཁས་པས། རང་གི་སློབ་མ་ལ་འདུས་པའི་ནད་བཅོས་དཀའ་བ་སོགས་ཀྱི་ལག་འཁྲིད་སློབ་དུས་ཕུང་པོ་དུར་ཁྲོད་དུ་བཤས་ནས་སྟོན་པ་དང་འདྲ་ཚུལ་རྒྱས་པར་གསུངས་ནས། དཔེ་དེ་བཞིན་དུ་འདིར་ཡང་མ་གི་ཐར་པ་ཆ་མཐུན་གྱི་དགེ་རྩ་སྐྱེས་པ་ནས། ཡ་གི་སངས་རྒྱས་ཀྱི་སའི་བར་གྱི་ལམ་ཚང་ལ་མ་ནོར་བའི་བགེགས་སེལ་ལུགས། བོགས་འདོན་ལུགས་སོགས་ཐམས་ཅད་མ་ཚང་བ་མེད་པར་ཁྱེད་རང་ཚོ་ལ་ཡག་པོ་ཞུས་པ་ཡིན་པས་ཚང་མས་མ་བརྗེད་པར་དོ་གལ་ཆེན་པོ་མཛད་དགོས་པ་ཡོད་དོ་གསུངས།

དེ་ནས་རེས་འཇོག་མི་བྱ་གསུང་བ་ནི། ང་རང་ཚོ་ལ་ཆོས་རྣམ་པར་དག་པ་མཐར་མི་མཐོན་མི་ཡོང་བ་འདི། སྤྱིར་བློ་དེ་ཆོས་ལ་གཏན་ནས་མ་འགྲོ །བླ་མའི་དྲུང་ནས་ཆོས་ཉན་དུས་སོགས་ཅུང་ཟད་རེ་གོ་ཡང༌། དེ་ལ་རྒྱུན་མ་སྲིང་བར་རབ་རིབ་ཙམ་རེ་བསམ་ནས་བསྐུར་ཏེ་ཚེ་འདིའི་སྣང་ཤས་ཞིག་རང་གི་(༡༣༣ན)དབང་དུ་སོང༌། དེའི་ནང་ནས་དགེ་སྦྱོར་འདྲ་བྱེད་ལོང་གྱིས་ཀྱང༌། ཐམས་ཅད་དགུན་ཁའི་ཆུ་ལྟ་བུར་འཁྱགས་ཐོག་ཏུ་ཆུ་བཏང་ཡང་འཁྱགས་རོམ་ཆེ་རུ་དང༌། འཁྱགས་དམ་དུ་འགྲོ་བ་ལྟར། ཚེ་འདིའི་སྣང་ཤས་ཀྱི་སྒོ་ནས་དགེ་བ་ཇི་ཙམ་བྱས་པ་ཐམས་ཅད་འཁོར་བའི་འཆིང་ཐག་རང་ལ་འགྲོ། དེ་ལྟར་མ་བྱས་པར་ཐོག་མར་ཚེ་འདི་ལས་བློ་ལོག་པ་ཞིག་བྱས། དེའི་སྟེང་ནས་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་གོམས་པ་མཐར་ཕྱིན་པ་ཞིག་བྱས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་ཞིང༌། དེ་ལྟར་ཡོང་བ་ལ་གང་བྱ་རྒྱུའི་ཉམས་ལེན་དེ་ལ། སྐབས་རེ་བརྩོན་འགྲུས་དྲག་པོས་མིག་སྐྲང་སྐྲང་བྱེད། སྐབས་རེ་སྐྱུར་ནས་འཇོག་པ་ལྟ་བུ་མ་ཡིན་པར། དགེ་སྦྱོར་ལ་ཐང་ལྷོད་རན་པའི་ངང་ནས་རྒྱུན་རིང་བསྲིངས་ཏེ། ཆུ་བོ་ཆེན་པོའི་རྒྱུན་ལྟ་བུ་ཞིག་དགོས་པ་རེད། ཆུ་བོ་ཆེན་པོའི་རྒྱུན་དེ་གང་འདྲ་ཡོང་ན་ད་ལྟ་ལྷ་སའི་སྐྱིད་ཆུ་འདི་ཚོ་འཇིག་རྟེན་ཆགས་པའི་བསྐལ་པ་དང་པོའི་དུས་ནས་ཡོད། ཉིན་མཚན་ཀུན་ཏུ་མགྱོགས་པར་ཡང་མི་འགྲོ །བུལ་བ་ཡང་མིན་པར། རྒྱུན་རྩ་བ་ནས་མ་ཆད་པར་འགྲོ་ཡི་འདུག་པ་འདི་ལྟ་བུ་ཞིག་དགོས། དེ་ཡང་གང་བྱུང་བྱུང་ནས་ཉམས་སུ་མི་ལེན་པར། བླ་མའི་མན་ངག་རང་ལ་ཆ་བཞག་པས། ལམ་གྱི་གྲངས་དང༌། གོ་རིམ་ངོ་བོ་སོགས་མ་ནོར་བ་ཞིག་དགོས། དཔེར་ན་ཞིང་བཏབ་པ་དང་འདྲ། ཞིང་འདེབས་རྒྱུ་ཡིན་ཞེས་(༡༣༣བ)ས་བོན་ནས་ལྟ་བུ་དུས་མིན་ལ་ཞིང་ཐོག་ཏུ་གཡུགས་ནས་བཞག་པས་མི་ཡོང་ཚུལ་ཞིབ་པར་གསུང་བ་བདེ་ལམ་ཟིན་བྲིས་ན་གསལ། དེ་ནས་དེའི་ཆེད་དུ་སྦྱངས་ཞེས་པ་ནི། བློ་སྦྱོང་བསྒོམ་པའི་སྐབས་སུ་བློ་ཚམ་ཚོམ་གྱི་རྩེ་གཉིས་མ་བྱས་པར། བློ་རྩེ་གཅིག་ཏུ་དྲིལ་ནས་བསྒོམ་དགོས། དེ་ལ་དཔེ་འདི་འདྲ་རེད། དཔེར་ན་སྨན་པ་མཁས་པ་ཉམས་མྱོང་དང་རྒྱུས་ཡོད་པས་དེས། ཁྲག་གཏར་བའི་སྐབས་སུ་ཙག་བུ་འཛུགས་པ་ལ་ཚམ་ཚོམ་མི་བྱེད། ཅི་ཡིན་ན་ཁོ་ལ་སྔར་ནས་རྩ་དེའི་སྡོད་གནས་རྒྱུས་ཡོད་པས། དེ་རང་གི་ཐོག་ཏུ་ཐེ་ཚོམ་མེད་པར་འཛུགས། བློ་སྦྱོང་གི་སྐབས་སུ་ཡང་ཉམས་སུ་ལེན་ལུགས་དེ་འདྲ་ཞིག་དགོས་རྒྱུ་རེད། དེ་ནས་རྟགས་དཔྱད་གཉིས་ཀྱི་ཐར་པ་བྱ་ཞེས་པ་ནི། འདི་ལ་བློ་སྦྱོང་རྙིང་པ་ན། ཡི་གེ་མི་གཅིག་པ་གཉིས་ཡོད། གཅིག་ལ་རྟོག་དཔྱོད་གཉིས་ཀྱི་ཐར་བར་བྱ་ཞེས་སེམས་བྱུང་ལྔ་བཅུ་རྩ་གཅིག་ནང་གི་རྟོག་དཔྱོད་གཉིས་ལ་བྱེད་ཅིང༌། དེ་གཉིས་ངོ་བོ་ལུང་མ་བསྟན་ཡིན། གཞན་འགྱུར་བཞི་པོ་གང་རུང་ཡིན། དེའི་རྟོག་པ་ནི་མངོན་པ་ཀུན་བཏུས་ལས་གསུངས་པ་ལྟར། སེམས་ཡུལ་ཧ་ལམ་རགས་རིམ་ཙམ་རྟོག་པ་བརྩིངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ཡིན། དཔྱོད་པ་ཞེས་པ་ནི། སེམས་ཡུལ་ལ་སྤུ་རིས་ཕྱེ་ནས་འཇུག་པའི་སེམས་བྱུང་ཞིབ་པའི་རྣམ་པ་ཅན་ཞིག་ལ་བྱེད་པས་དམིགས་པས་གང་འདྲ་ཞིག་བསྒོམ་ཡང༌། དང་པོར་བླ་མས་ཇི་ལྟར་གསུངས་པ་ལྟར་(༡༣༤ན)རྐང་གྲངས་ཙམ། གྲངས་དང་གོ་རིམས་མ་ནོར་བར་བྱས། དེ་ནས་ཞིབ་ཏུ་བཏང་ཏེ་ལྷུ་ཚང་བ་ཞིག་དགོས་པས་བློ་སྦྱོང་གི་སྐབས་སུ་ཡང༌། རང་གི་རྒྱུད་ལ་བསླབ་བྱ་དང་འགལ་འདུག་གམ་དམིགས་པ་གྲངས་ཐང་དུ་གནས་འདུག་སོགས་ཡང་དང་ཡང་དུ་རྟོག་དཔྱོད་བྱས། དེ་ཡང་ཐེངས་རེ་ཙམ་མ་ཡིན་པར་འདིར་ཐར་ཞེས་པ། ལྕགས་ལ་ཞུན་ཐར་གཏོང་ཞེས་པའི་ཐར་དེ་ལ། དཔེར་ན་ལྕགས་ལ་ཞུན་ཐར་ཡག་པོ་མ་སོང་ན། བཟོ་གང་འདྲ་ཞིག་བྱེད་ཀྱང་ལས་སུ་མི་རུང༌། ཞུན་ཐར་ཡག་པོ་སོང་བ་དེ་ལ་གང་བཟོས་ཀྱང་ཆོག །ད་དུང་ཞུན་ཐར་བྱས་ཀྱིན་འོད་བཟང་པོ་ཐོན་པ་སོགས་ཡོང་བ་དང་འདྲ། བརྟག་ཅིང་དཔྱད་པ་ཞེས་པའི་བརྟག་པ་དེ། ཨེ་ཡིན་མི་ཡིན་བརྟག་པ་བྱེད་ཞེས་པའི་བརྟག་པ་ཡིན། དཔེར་ན་མོ་ཆ་བརྒྱབ་ནས་ནད་བརྟག་པ་བྱེད་ཟེར་བ་ལྟ་བུའི་བརྟག་པ་དེ་ཡིན། དཔྱད་པ་ཞེས་པ་ནི་ཉམས་དཔྱད་ཞེས་པས་དཔྱད་པ་དེ་ཡིན། དཔེར་ན་ཕྱི་རོལ་པའི་དྲང་སྲོང་ཚོ་ཡང་བསམ་གཏན་དང་པོའི་ཉེར་སྡོགས་ལ་བརྟེན་ནས་དངོས་གཞི་སྒྲུབ་སྐབས་འདོད་པ་ལ་ཞི་རག་ཏུ་བལྟ་དགོས་དེ་ལྟར་བསྒོམ་ནས་ད་རང་རྒྱུད་ལ་འདོད་པའི་རྣམ་རྟོག་གི་ཉོན་མོངས་པ་མེད་པ་འདྲ་མཉམ་པའི་སྐབས། དེ་ཙམ་ལ་ཆ་མ་བཞག་པར། འདོད་པའི་ཡུལ་ཡིད་དུ་འོང་བ་ཞིག་གསལ་བཏབ་ནས་བརྟག་དཔྱད་བྱས་པས། དེ་ལ་ཡིད་དུ་འོང་བའི་ཆགས་པ་ལྟ་བུར་འདོད་པའི་ཉོན་མོངས་སྐྱེ་གི་འདུག་ན། ད་དུང་དེ་རང་ལ་ནན་གྱིས་ཐར་བཏང་ནས་ཞི་རག་ཏུ་བལྟས་(༡༣༤བ)ནས་བསྒོམ་པ་ལྟ་བུ་ཡིན། འདི་ཚོང་བྱེད་དགེ་བའི་བཤེས་གཉེན་ཆེན་པོ་ཚོས་ཡི་གེའི་བརྡ་ཆད་ཚུན་ཡག་པོ་མཁྱེན་དགོས། དེ་མ་བྱས་ན། དཔེར་ན་བཟའ་བཏུང་ལ་ལོངས་སྤྱོད་ཟེར་བ་འདྲ་ཞིག །ག་འོག་གི་ཅ་གཅོད་བྱས་ན་ཤིང་རྩ་བ་ནས་གཅོད་ཅེས་པ་ལྟ་བུ་སྟོང་པ་ཞིག་ལ་སོང་ནས་གང་ཡང་མི་གོ །ས་ལ་པ་བཏགས་པའི་ས་སྤྱོད་འདུག་ན་ཟས་གོས་ལོངས་སྤྱོད་ཞེས་པའི་སྤྱོད་དེ་འདྲ་ཡིན། རྟོག་དཔྱོད་ཞེས་པ་དཔྱོད་དེ་ལ་ད་དཔྱོད། ཉོན་མོངས་ལྟ་བུ་རྩ་བ་ནས་གཅོད་ཅེས་པའི་གཅོད་དེ་ལ་ག་གཅོད་ཡོང་དེ་འདྲ་མ་བྱས་པར་ཡི་གེའི་ཐོབ་ཐང་གང་བྱུང་བྱུང་བྲིས་ན་ཚིག་ཙམ་ཞིག་ལ་དེས་ཆོག་མོད། སྙིང་ཐག་པ་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་འཚོལ་བའི་ཚེ། དེ་འདྲ་བས་དོན་ལོག་པ་ཆེན་པོ་ཞིག་ལ་སོང་ནས་གང་ཡང་གོ་རྒྱུ་མེད་པ་ཞིག་ཡོང་ཚུལ་ཞིབ་པར་གསུངས། མདོར་ན་ཉོན་མོངས་སྐྱེ་བའི་ཡུལ་ལ་བརྟེན་ནས་རང་རྒྱུད་ལ་ཉོན་མོངས་སྐྱེ་གི་འདུག་གམ་མི་འདུག་ཞིབ་ཏུ་བརྟགས་ནས། སྐྱེ་གི་འདུག་ན་ངེས་པར་གཉེན་པོ་བསྟེན་ཐུབ་པ་ཞིག་བྱས་ནས་དེ་སྦྱོང་བའི་ཐབས་ལ་འབད་དགོས་ཚུལ་ལངས་ནས་དེ་ནས་ཡུས་མ་བསྒོམ་ཞེས་པ་ནི། ཡུས་འདི་ང་རང་ཚོ་ལ་འབྱུང་ཐག་ཉེ་པོ་ཡིན། གྲྭ་ས་ལ་སློབ་གཉེར་ཡག་པོ་རྒྱབ་དགེ་བའི་བཤེས་གཉེན་བྱས། དེ་ནས་རི་ཁྲོད་དུ་ཕྱིན་རང་གི་དགེ་ཕྲུག་དེ་ལ་ཡུས་བྱས་ནས། ང་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པ་ལ་ཁོས་རྩམ་པ་ཙམ་ཡང་བསྐྱལ་མ་བྱུང་སྙམ། སྦྱིན་བདག་(༡༣༥ན)འདྲ་ལ་ཡང་དགེ་བཤེས་ཆེན་པོ་ཞིག་རི་ཁྲོད་དུ་ཡོང་པར་ཁོང་ཚོས་ང་ལ་ཐོང་བཟོས་དང་རྡར་རྐྱེན་ཡག་པོ་ཞིག་བྱས་ཡོང་ལས་ཆེ་སྙམ་ཡུས་རང་བསྒོམ། ཐ་ན་རང་དང་མཉམ་དུ་ཡོད་པའི་རི་ཁྲོད་པ་རྣམས་ལ་ཡང༌། ང་དགེ་བཤེས་ཆེན་པོ་ཞིག་ཡིན་པ་ལ་ང་ལ་མཐོང་བཟོས་ཆེན་པོ་ཞིག་བྱས་ཨེ་ཡོང་སྙམ་ཡུས་རང་བསྒོམ། དེ་འདྲ་ལ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་དོན་མེད། སུ་ལ་ཡང་ཡུས་བྱ་རྒྱུ་མེད། ངས་བློ་སྦྱོང་ཡག་པོ་བསྒོམ་ནས་འདི་ཚོ་ལ་ང་ལ་མཐོང་བཟོས་ཞིག་ཨེ་ཡོང་སྙམ་པ་བྱས་ནས་ཟས་གོས་སོགས་བྱུང་ཡང་ལོག་པའི་འཚོ་བ་དང༌། མ་བྱུང་ན་དེ་བས་སྡུག་གྱོང་རང་ཡིན། དེ་ནས་ཀོ་ལོང་མ་སྡོམས་ཞེས་པ་ནི། གཞན་གྱིས་རང་ལ་ཁ་ངན་ཚིག་ངན་འདྲ་བྱས་ཀྱང་ཀོ་ལོང་མི་བྱེད་པར། རང་ལས་གཞན་གཅེས་པར་འཛིན་དགོས་པ་ཡིན། ཀོ་ལོང་ཟེར་བ་དེ་མི་རྒྱུ་དག་སྡུག་པ་རེ་གཉིས་ལ། གཤིས་ལ་མ་གྲུབ་པས་ཆོ་ཐེབས་མེད་པ་ལྟ་བུ་ཞིག་འོང༌། གཞན་ཕལ་ཆེར་ཐམས་ཅད་རང་གི་སྤྱོད་པ་ཡིན་པས་དེ་རང་གི་དབང་དུ་བཏང་ན་ངན་ལབ་ནས་སྡུག་ཏུ་རང་འགྲོ །དུས་རྒྱུན་དུ་སུ་འདྲ་ཞིག་དང་འགྲོགས་ཀྱང་རྒྱུ་དག་ཡག་པོ་བྱེད་དགོས། དགེ་བའི་བཤེས་གཉེན་པོ་ཏོ་བས། རང་ལ་བློ་གཏད་ནས་འོང་བའི་སློབ་མ་ཆོས་ལ་འཇུག་སྐབས། མི་དེའི་རྒྱུ་དག་ཡག་ཉེས་དེ་རང་ལ་བརྟག་ནས། མིང་འཛིན་ཤེས་རབ་སོགས་དགའ་མོ་ཡོད་ཀྱང༌། རྒྱུ་དག་སྡུག་པ་དང་(༡༣༥བ)ཤེས་ངན་པ་ཞིག་ཡིན་ཕྱིན། འདི་འདྲས་གང་ཡང་མི་ཡོང་གསུང་རྟེན་དཀྱིལ་དུ་མི་མཛད། མི་དེ་རང་བཞིན་རྒྱུ་དག་སོགས་ཡག་པོ་ཡོད་ཚེ་ཤེས་རབ་སོགས་དེ་ཙམ་མེད་ཀྱང༌། གཞི་མ་ཡོད་ན་དེ་ཚོ་བསླབ་པས་ཆོག་གསུང་ཆོས་སྒོར་འཛུད་པར་མཛད། ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་དང་མི་མཐུན་ཞིང་འགལ་བ་ཞིག་འདུག་ན། དེ་ལ་ངེས་པར་ཀོ་ལོང་བསྡམས་ཏེ་དེའི་དབང་དུ་མ་སོང་བ་ཞིག་དགོས། དེ་ཡང་འདུལ་བ་ནས་ཇི་ལྟར་གསུངས་པ་ལྟར། དགག་སྒྲུབ་སྣང་གསུམ་གྱི་བཅས་མཚམས་མཐའ་དག་མིག་གི་འབྲས་བུ་བཞིན་བསྲུང་བ་གཞིར་བཞག་ནས་སྒྲུབ་པ་ལ་བརྩོན་པར་བྱ་དགོས་པ་ལ། ཕྱི་དྲོའི་ཁ་ཟས་སྤོང་བ་དང༌། ཆབ་ལེན་ལྷམ་འབུད་རུང་ཆུ་འདེབས་ལ་ཁྱད་གསོད་བྱེད་པའི་གྲོགས་ངན་དེ་འདྲ་དང་རྣམ་པ་ཀུན་ནས་སྤྱོད་པ་མི་བསྟུན། བཀའ་གདམས་སྐུ་མཆེད་གསུམ་གྱི་འབྲོམ་རིན་པོ་ཆེའི་གཤེགས་རྫོང་གྲུབ་ཕྲལ། སྤྲས་ཀྱི་བྲའོ་ཐང་ལ་བཀའ་བགྲོས་མཛད་དེ། འུ་ཅག་ཕྱིན་ཆད་སྡེ་པའི་མཆོད་གནས་མི་བྱ། བྲན་མོའི་བསྙེན་བཀུར་མི་ཟ་ཞེས་བཙུན་པའི་ཟས་ཟ་བ་འདི་ཉེན་ཆེན་པོ་ཞིག་ཡོང་རྒྱུ་རེད། གྲོང་པའི་རིམ་གྲོར་མི་རུང༌། ཆོས་ཀྱི་གླེང་མོ་བྱུང་ན་འཕྲད་རེས་དང༌། ཇོ་བོའི་བཀའ་རྒྱུད་དྲི་མ་མེད་པ་འདིའི་རྣམ་པར་ཐར་པ་ལ་གཞན་གྱི་བསྲེ་ལྷད་གཏན་ནས་མི་མཛད་པའི་དམ་བཅའ་མཛད་ནས། རང་གནས་སུ་གཤེགས་ཏེ་གྲོགས་ལྟ་སྤྱོད་མཚུངས་པ་དང་དཔུང་བསྒྲིགས་ནས་སྒྲུབ་པ་སྙིང་པོར་མཛད། (༡༣༦ན)དེ་ཡང་གྲོགས་བཟང་པོ་དང་དཔུང་བསྒྲིགས་ནས་སྡད་ན་གཞན་གྱིས་གནོད་མི་ཐུབ། དཔེར་ན་འཇག་མ་རྐང་གཅིག་རླུང་དཀྱིལ་དུ་སྡད་ཀྱང་གནོད་པ་མང་བས་ཡུན་རིང་དུ་མི་གནས། འཇག་མ་མང་པོ་དཔུང་བསྒྲིགས་པ་ལ་རྩ་བ་བྱེ་མས་སྡམས་ནས་ཡོད་ན་དཔུང་ཐང་བསྒྲིགས་ཏེ་གནོད་པ་ཆེར་མི་ཐུབ་པ་དང་འདྲ་གསུངས་པ་ལྟར། སྤྱིར་ཁྱིམ་པ་དང་བསྲེ་ལྷད་མི་བྱ་བ་དང༌། དེའི་ནང་ནས་བུད་མེད་དང་འབྲེལ་ཆེ་བ་མི་བྱ་བ་དང༌། དགེ་འདུན་གྱི་ཁྲོད་དུ་སྒོས་སུ་ཉེ་བ་བཙལ་ནས་ལྷན་ཅིག་འདུས་ཟར་བྱ་མི་རུང་ལ། དེ་ལྟར་བྱེད་པར་སྡུག་བསྔལ་བ་བྱུང་ན་གྲོགས་ངན་པ་དེ་འདྲའི་ཁ་དབང་དུ་མི་གཏོང་བ་དང༌། དེ་བཞིན་དུ་དམ་ཉམས་དང༌། འདྲེས་ཁྱེར་དང༌། ཚུལ་འཆལ་སོགས་དང་འཕྲད་པའི་ཚེ་དེ་དང་ལྷན་ཅིག་གནས་པ་ཕར་ཞོག །ཡུད་ཙམ་གྱི་གཏམ་སྨྲ་བ་ཡང་མི་བྱ། གྲོགས་གཞན་གྱི་དེ་དག་དང་ལྷན་ཅིག་ཏུ་འགྲོགས་པ་དང༌། ལྷན་ཅིག་ཏུ་བཟའ་བཏུང་བྱའམ་ཟེར་ན་ཡང༌། རང་གི་སེམས་གཏིང་ནས་མ་འཁྲུགས་པར་བྱས་ལ། འཕྲལ་གང་ཀོ་ལོང་བསྡམས་ཏེ་ངན་པ་དེ་འདྲ་དང་གྲོགས་སུ་ག་ལ་རུང་ཞེས་ཐག་ཆོད་པར་བྱེད་དགོས། སྐབས་ཞིག་ན་རྭ་སྒྲེང་དུ་ཆོས་ཀྱི་མུ་གེ་བྱུང༌། མངའ་རིས་པ་ཤན་ཞུང་ཟེར་བ་ཞིག་བྱུང་ནས། ཤུགས་གསེབ་ཏུ་གྲྭ་པ་རྣམས་ལ་འཁོར་ལོ་སྣ་ཚོགས་འབྲི་ཚུལ་སོགས་བསླབ་པ་ལ། དགེ་བཤེས་དགོན་པ་བས། ཏོག་ཙེ་ཞིག་ཕྱག་ཏུ་བསྣམས་ནས་ངའི་བཀའ་གདམས་ཀྱི་བསྟན་པ་(༡༣༦བ)འདི་རྣམས་ཞེས་བཀའ་སྐྱོན་དང་བཅས་ཏེ་དེ་ཚོ་བྲིས་སུབ་མཛད་ལུགས་དང༌། རང་བསྟེན་པ་སོགས་ནས་དགེ་སྦྱོར་ཡག་པོ་ཡོད་དུས། གྲོང་པ་སོགས་ནས་གྲོང་ཆོག་ལ་ཕེབས་དགོས། ངེད་ཚོ་དབང་ཞུ་རྒྱུ་ཡིན། ལུང་ཞུ་རྒྱུ་ཡིན། མོ་ཆ་རྒྱག་དགོས་ཟེར་བ་སོགས་ལ་འཇམ་བཤད་བྱས་ནས་མི་ཁྲོ། དེ་ལ་མ་ཉན་ན་ཀོ་ལོང་སྡོམས། སེམས་རྣམ་པར་དག་པས་སྒོ་ནས་འཕྲལ་ལ་ཁྲོ་ཚུལ་སོགས་ངེས་པར་བྱེད། དེ་ཡང་གཞན་ལ་བརྙེད་བཀུར་འོང་དུ་རེ་བ་བྱས་ཀྱང་འོང་བའི་ངེས་པ་མེད་ཅིང་རང་གི་སེམས་རེ་དོགས་དང་རྣབ་སེམས་ཀྱིས་བཅིངས་ནས་ཆུད་འཛའ་བ་ལས་མི་འོང༌། རེ་དོགས་དང་རྣབ་སེམས་སྤངས་ནས་དཀོན་མཆོག་རིན་པོ་ཆེར་བློ་བཀལ་ཏེ་དབེན་པའི་གནས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་ན། མི་ལ་རེ་བ་མ་ཆེ་ལྷ་ལ་གསོལ་བ་ཐོབ། ཞེས་ཇོ་བོ་བཀའ་གདམས་པ་རྣམས་གསུང་བ་ལྟར། འཚོ་བས་འཕོངས་པ་མི་སྲིད་དེ། །བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་ཚེ་ཐུགས་བསྐྱེད་དུས། བདག་གི་བསྟན་པ་ལ་བཞུགས་ནས་ཆོས་གོས་ངུར་སྨྲིག་སོར་བཞི་ཡན་ཙམ་འཆང་བའམ་བཟའ་བཏུང་བསམ་པ་བཞིན་མ་ཐོབ་ན་བདག་གིས་སངས་རྒྱས་ཐམས་ཅད་བསླུས་པས་སངས་རྒྱས་མི་ཐོབ་པར་གྱུར་ཅིག་ཅེས་དབུ་མནའ་བཞེས་པ་ཡིན་ཅིང༌། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀུན། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང༌། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་འཕོངས་པར་མི་འགྱུར་རོ། །ཞེས་གསུངས་པས། རང་ངོས་ནས་ཐུབ་པའི་བཀའ་ལ་བློ་འགེལ་(༡༣༧ན)ནུས་ན་དབེན་པའི་གནས་སུ་སྒྲུབ་པ་བྱེད་པ་ལ་འཚོ་བས་འཕོངས་པ་མི་སྲིད་པ་སྔོན་གྱི་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལས་མང་དུ་བྱུང་བས་ཀྱང་ཤེས་ནུས་ཏེ། གྲུབ་ཆེན་ཆོས་རྡོ་རྗེ་མོ་ལྷ་རིན་འཚོ་བ་གཏན་ནས་མེད་པར་ལོ་གསུམ་སྒྲུབ་པ་མཛད་སྐབས། དེར་བསྟན་མ་ཞིག་ཡོད་པ་དེས་གྲོགས་བྱས་ནས་རྣ་བའི་ཤ་མང་པོ་བུབ་རིལ་དུ་སྒྲུབ་ཁང་གི་སྒོ་ལ་སྒྲིལ་ནས་འོང་བའི་ལོ་རྒྱུས་ཀྱང་གསུངས། ཡང་དེ་རིང་ངེད་ཚོའི་ཚེས་བཅུ་ཡིན། རྟེན་འབྲེལ་ཆེན་པོ་ཡོད། ཚོགས་ཆང་ཞིག་བཞེས་དགོས་ཟེར་བ་ལ་ཡང་ངེས་པར་ཁྲོ་བའི་ཚུལ་གྱིས་ཀོ་ལོང་སྡོམས་དགོས། དེ་མ་བྱས་ན་མཐར་ཆོས་མགོ་མི་ཐོན་པའི་རྒྱུར་འགྲོ་ཉེན་ཆེན་པོ་ཡོད་གསུངས། དེ་ནས་ཡུད་ཙམ་པ་མི་བྱ་ཞེས་པ་ནི། འདི་ལ་ཆོས་ཕྱོགས་ལ་ཡུད་ཙམ་མི་བྱ་བ་དང༌། འཇིག་རྟེན་གྱི་ཕྱོགས་ལ་ཡུད་ཙམ་པ་མི་བྱ་བའི་ཚུལ་གཉིས་ཡོད། བླ་མའི་དྲུང་ནས་ཆོས་ཞུ་འགྲོགས་སོགས་ལ་བློ་བསྐྱེད་དགའ་མོ་བྱུང་བས་ད་གཅིག་བྱེད་དགོས་རྒྱུ་རེད་སྙམ་ཡུད་ཙམ་རེ་ཉམས་སུ་ལེན་ཁུལ་བྱས། ཡང་གཡུགས་རྐྱང་བཏང་ནས་བཞག་ན་ཚེ་འདིའི་གཡེང་བས་འཁྱེར་ནས་གང་ཡང་མི་ཡོང་ཡང་སྐབས་རེ་བློ་སྦྱོང་བསྒོམ་འཕྲོ་ལ། ཡི་དམ་ལྷའི་བཟླས་པ་བྱེད་པ་སྐད་དང༌། གཟུངས་སྔགས་འདྲེན་པ། ཕྱག་དང་སྐོར་བ་སོགས་བྱེད་ཁུལ་གྱིས་ཡུད་ཙམ་རེས་འགྱུར་ན་དེ་ལ་གཏད་སོ་(༡༣༧བ)དང་ཐོན་སྐྱེད་གང་ཡང་མི་ཡོང༌། དེ་བས་གྲོགས་དང་འགྲོགས་པའི་ཚེ་ཡུད་ཙམ་རེ་ལ་འགྱུར་ལྡོག་མི་བྱེད་པར་སྤྱོད་པ་བརྟག་ཐུབ་པ་དང༌། དགེ་སྦྱོར་ཡང་གྲོགས་དང་མི་བསྟུན་པར་རེས་ཁ་བཏོན་སྐད་ཆེན་པོ་བྱས་ནས་འདོན། སྐབས་རེ་ངག་བཅད་པ་ལྟ་བུ་བྱེད། རེས་ཉིན་མཚན་ཀུན་ཏུ་ཁོར་མོ་ཡུག་ཏུ་དགེ་སྦྱོར་ལ་འབད་ཁུལ་དང༌། སྐབས་རེ་དེ་ཡང་གཡུགས་རྐྱང་བཏང་དེ་གཞན་དང་ལྷན་ཅིག་ཚོགས་ནས་འདུ་འཛིའི་གཏམ་འབའ་ཞིག་གིས་དུས་འདའ་བ་དང༌། སྐབས་རེ་ཐ་ན་དགེ་འདུན་རྣམས་དང་ལྷན་ཅིག་འདུ་བ་ལ་ཡང༌། གཡེང་བ་ཆེན་པོ་བྱུང་ཞེས་གཅིག་པུར་སྡོད་པ་ལ་དགའ། སྐབས་རེ་གཅིག་པུར་མ་ནས་སྡོད་མི་ཚུགས་པར། ཟླ་གྲོགས་རེ་མེད་ན་སྨྱོ་བའི་ཚོད་དུ་བྱེད་པ་འདི་འདྲ་བ་ནི་རང་གི་རང་ལ་སྨ་ཕབ་ཅིང༌། གྲོགས་གཞན་རྣམས་ཀྱང་བློ་ལས་འགྱུར་བའི་རྐྱེན་དུ་ཆེ་བས། རྒྱུན་པར་གཞན་དང་འདྲེ་ལྷད་མི་བྱ་ཞིང་བསམ་གཏན་གྱི་ཁང་བུར་འདུག་ཚུགས་པ་དང༌། གྲོགས་གཞན་དང་འཕྲད་པའི་ཚེ་བཞིན་གྱི་མདངས་གསལ་ཞིང་སྲོང་པོར་སྨྲ་བ་དང༌། དེ་ཡང་ཕན་ཚུན་ཁམས་འདྲི་བ་སོགས་ཆོས་མཐུན་གྱི་གཏམ་དགོས་ངེས་མ་གཏོགས་ཧ་ཅང་གཏམ་གླེང་བས་མི་གཡེང་བར་སོ་སོར་དགེ་བའི་བྱ་བ་ལ་སྦྱོར་ཞིང༌། ཉོན་མོངས་པའི་རྐྱེན་བྱེད་པའི་ལོག་གཏམ་སྨྲ་བ་སོགས་བྱུང་ན་དེ་མ་ཐག་དབང་པོ་བསྡུས་ཏེ། དེ་དག་གི་རྗེས་སུ་སྐད་ཅིག་ཀྱང་མི་འབྲང་བ་འོན་པ་དང༌། ཤིང་གི་མི་ལྟ་བུ་དང༌། ཀོང་པོ་འོན་(༡༣༨ན)པའི་རྣམ་ཐར་ལྟར་བྱ་དགོས་གསུངས། འཇིག་རྟེན་ཕྱོགས་ནས། རང་གི་བློར་མ་བབས་པར་ཅུང་ཟད་རེ་ལ་རྣམ་འགྱུར་གྱི་མིག་དཀར་པོ་བཏོན། སྤུ་སུད་རང་བྱེད་པ་དེ་འདྲ་བྱས་ན་ཟླ་གྲོགས་ཚུན་ཆད་ཀྱི་སེམས་ལ་ཤིན་ཏུ་གཟན་པ་རེད། ཡུད་ཙམ་པ་ལ་དཔེ་བཤད་ན་སླར་མི་བསྙེལ་པ་ལ་ཁྱད་ཆེན་པོ་ཡོང་གསུངས། འདུལ་བ་ལུང་ནས་གསུངས་པ། བསླབ་པ་མ་བཅས་གོང་གི་ལས་དང་པོ་བ། གཞོན་ནུའི་དུས་ནས་འཕགས་པ་མཽངྒལ་གྱི་བུས་རབ་ཏུ་བྱུང་བའི་བཙུན་སྡེ་ཞེས་པ་བྱུང་ཚུལ་དང༌། དེའི་གྲས་ནས་གཅིག་ལ་དགེ་འདུན་གྱི་དགེ་བསྐོས་འཕོགས་པར་གཙུག་ལག་ཁང་ལ་གད་དར་དང༌། མཆོད་པ་འབུལ་གཤམ་སོགས་ཀྱི་རོགས་བྱེད་དུ་བཙུན་སྡེ་གཞན་རྣམས་ཡོང་དགོས་པ་ལ་གཉིད་ལ་ཤོར་ནས་དེའི་རོགས་མ་མཛད་པར། ཁོས་ཀོ་ལོང་བྱས་ནས་ཁྲོས་པ་ལ་བཙུན་སྡེ་གཞན་རྣམས་ཀྱིས་ཁོའི་སེམས་གསོ་བའི་བྱ་བ་གཞན་མ་རྙེད་པར། དེའི་གྲལ་ནས་ཤེས་རབ་ཅན་གཅིག་གི་བགྲོས་ལྟར། མཆན་ཁུང་དུ་ཨ་ཙ་ཕུག་པས་ཁོ་རྒད་མོ་ཤོར། ཐམས་ཅད་ཀྱི་དེ་ལྟར་བྱས་པས་རྩེད་མོ་དཔའ་ཐལ་ནས་དགེ་བསྐོས་པ་དེ་ཤི། བཙུན་སྡེ་གཞན་རྣམས་ཁ་རོག་ངུ་གི་འདུག་པ་ལ། དགེ་སློང་གནས་བརྟན་གཞན་ཞིག་གིས། བཙུན་སྡེ་ཁྱོད་རྣམས་ལ་ཡུད་ཙམ་པ་གད་མོས་འུར་སྒྲ་བྱེད། ཡུད་ཙམ་ཁ་རོག་མི་སྨྲ་བར་འདུག་པ་ཞེས་པར་དེ་རྣམས་ཀྱིས་(༡༣༨བ)ལན་སློག་པའི་གཏམ་རྒྱུད་གསུངས། དེས་ན་རང་ཅུང་ཟད་དགའ་མི་དགའ་བྱུང་ཡང་ཡ་འུད་མི་བྱེད། རྣམ་འགྱུར་མི་བྱེད་རི་ལྟར་བརྟན་ནས་སྡོད་དགོས་ཚུལ་ཞིབ་པར་གསུངས། དེ་ནས་འོར་ཆེ་མ་འདོད་ཅེས་པ་ནི། རང་རི་ཁྲོད་པ་ལྟ་བུར་ཆོས་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་སྐབས། ད་ངས་དགེ་སྦྱོར་ཡག་པོ་ཞིག་རྒྱུན་སྲིངས་ནས་བྱས་ན། ཆོས་པ་བཟང་པོ་ཞིག་འདུག་ཟེར་གཞན་གྱིས་གོ་ནས། རང་ལ་གཏམ་བཟང་བ་ཞིག་དང༌། རྙེད་བཀུར་བཟང་པོ་དང༌། མ་ཐ་ཡང་སྔོ་ཞུས་ཙམ་ལས་མ་བྱུང་ཡང་འབུལ་མཁན་ཞིག་ཨེ་ཡོང༌། དེ་བྱུང་ན་དགའ་མོ་ཡོང་རྒྱུ་རེད་སྙམ་པ་བྱུང་ན། དེའི་དགེ་སྦྱོར་གང་བྱས་ཚད་ཐམས་ཅད་ཚེ་འདིའི་དབང་དུ་སོང་བས་སྐྱེས་བུ་ཆུང་ངུ་ཙམ་གྱི་གྲས་སུ་ཡང་མི་འགྲོ །དེ་བཞིན་དུ་སྐབས་ཐོག་གཞན་ལ་ཆོས་སྟོན་པ་སོགས་གང་ཕན་བྱེད་བློ་བྱས་ནས། ཞེས་ཕུགས་སུ་འདིས་ང་ལ་བཟང་ལེན་ཆེན་པོ་ཞིག་ཨེ་ཡོང་སྙམ་པ་བྱས་ན་ཡང༌། དེ་དང་འདྲ་བ་ཐམས་ཅད་ཆུད་ཟོས་ལ་སོང་བ་ཡིན། དེ་ནས་དམ་པ་གོང་མ་རྣམས་ཀྱི་ཞལ་ནས་ཚེ་འདིའི་སྣང་ཤས་འདི་འཁྲི་མཁས། གབ་མཁས། གཞའ་མཁས་གསུང་བ་ལྟར། རང་རྒྱུད་ལ་ཞིབ་ཏུ་མ་བརྟག་ན་ནི། མི་མེད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམ་པར་རློམ་ཡང༌། སེམས་ཀྱི་གཏིང་ཚེ་འདིའི་(༡༣༩ན)སྣང་ཤས་འཁྱེར་བ་ཆེས་མདོ་གསུངས་ནས། དེ་ཡན་གྱི་བློ་སྦྱོང་གི་བསླབ་བྱ་རྩ་ཚིག་ཏུ་གསལ་བ་ཉི་ཤུ་རྩ་གཉིས་པོ་དེ་ལེགས་པར་སོང་བས། གང་ཤར་ཀུན་ལ་ཕྱོགས་མེད་དུ། ཁྱབ་དང་གཏིང་འབྱོངས་ཞེས་པ་འདིས་བསླབ་བྱ་གཉིས་བསྟན། གཞན་མ་རྩ་ཚིག་རེ་རེས་བསླབ་བྱ་རེ་རེ་བསྟན་ཚུལ་སོགས་གོང་དུ་ར་འཕྲོད་པར་ཞུས་པ་རྣམས་ལ་ངེས་ངེས་ཏག་ཏག་མཛོད། དེ་ནས་དེའི་འགག་སྡོམས་སུ། ཇོ་བོ་ཆེན་པོའི་དགོངས་པ། པཎ་ཆེན་དགེ་འདུན་གྲུབ་པས་ཐེག་ཆེན་བློ་སྦྱོང་དུ་ཟིན་བྲིས་སུ་མཛད་པའི་བསླབ་བྱ་གཉིས་པོ་འདི་བསྣོན་དགོས་པ་ཡིན། དེ་གང་ཡིན་ན། ཐམས་ཅད་ཐེག་ཆེན་ལམ་དུ་བསྒྱུར་ཞེས་སོགས་ཚིག་རྐང་གཉིས་ཀྱི་བསྟན་པ་འདི་གཉིས་ཡིན། འདི་གཉིས་བསྣོན་དགོས་པའི་རྒྱུ་མཚན་ནི། གོང་གི་བསླབ་བྱ་ཐམས་ཅད་ཚིག་ཟིན་ལྟར་ན་ཐེག་པ་ཆེན་པོའི་བློ་སྦྱོང་གི་བསླབ་བྱར་འགྲོ་བས་ངེས་པ་མེད་པ་ནི། ཡུས་མ་བསྒོམ་ཟེར་བ་དང༌། ཀོ་ལོང་མ་སྡོམས་ཟེར་བ་དང༌། ཡུད་ཙམ་གྱི་བྱ་བ་སོགས་ཕལ་ཆེར་ཞིག་ནི། ཉན་ཐོས་སོགས་ལ་ཡང་འབྱུང་བའི་ཐུན་མོང་བ་ཡིན། དེ་ལ་ཐམས་ཅད་ཐེག་ཆེན་ལམ་དུ་སྒྱུར་ཞེས་པ་ནི། གོང་དུ་བཤད་པའི་བློ་སྦྱོང་གི་དམ་ཚིག་བཅོ་བརྒྱད་དང༌། བསླབ་བྱ་ཉི་ཤུ་རྩ་གཉིས་པོ་ཐམས་ཅད་ཉམས་ལེན་སྐབས་རང་གར་མ་ཡིན་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བླངས་ཏེ། ནམ་མཁའི་མཐས་(༡༣༩བ)ཁྱབ་ཀྱི་སེམས་ཅད་ཐམས་ཅད་ལ་དམིགས་ནས་གཏོང་ལེན་གྱི་དམིགས་པ་བྱས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཟིན་པ་ཞིག་ངེས་པར་བྱེད་དགོས། དེ་ལྟར་བྱས་ན་དུད་འགྲོ་ལ་ཟན་ཁམ་གཅིག་བྱིན་པ་ཡན་ཆད་རྒྱལ་སྲས་ཀྱི་སྤྱོད་པའི་གྲས་སུ་འགྲོ་བ་ཡིན་ཞེས་འགག་སྡོམས་ནས་བཞག་པས་དེ་ཐམས་ཅད་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཆོས་སུ་འགྲོ་བ་ཡིན་ཚུལ་དང༌། མ་འོངས་པ་ལ་རྟག་ཏུ་གོ་ཆ་བགོ་ཞེས་པ་ནི་དེས་ཀྱང་མི་ཚད་མ་འོང་པའི་སྐྱེ་བ་ཐམས་ཅད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པའི་དམ་ཚིག་དང༌། བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་ཅི་ནས་ཀྱང་བསླབ་པར་བྱའོ་ཞེས་དམ་འཆའ་ཞིང་སྨོན་ལམ་ཡག་པོ་བཏབ་ན་གོང་འཕེལ་དུ་འགྱུར་བ་ཡིན་གསུངས། དེ་ཡན་ཆད་ཀྱི་སྔར་བཀྲམས་པའི་ས་བཅད་བདུན་པོ་དེ་ལེགས་པར་སོང་བ་ཡིན།

དེ་ནས་ལམ་སྤྱིའི་བསྡུ་བ་བཤད་དགོས་པས། དེ་ཡང་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་ནས། དེ་ལྟར་རྟོག་པ་སྤྱང་པོ་བྱས་ཏེ་ཞེས་སོགས་གསུངས་པའི་དོན་རྣམས་ལམ་ཙམ་དུ་གསུངས་ནས། དེ་ཡང་ལམ་རིམ་ཟེར་བ་དང༌། བློ་སྦྱོང་ཟེར་བ་གཉིས་དོན་སོ་སོར་གོ་ན་མི་ཡོང༌། དེ་ལམ་རིམ་མ་གོ་བའི་རྟགས་ཡིན། འདི་གཉིས་མཚན་ཉིད་པ་ཚོས་ཟེར་བ་ལྟར་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཚུལ་ཞིབ་བཤད་དང༌། དེ་ལྟར་ན་བསམས་ལམ་རིམ་རང་བསྒོམ་(༡༤༠ན)པས་ཆོག་མོད། བློ་སྦྱོང་ཞེས་ལོགས་སུ་ཅི་དགོས་སོ་སྙམ་ན། དེ་གཉིས་ལ་སྤྱིར་འགྲོ་ལུགས་ལ་ཁྱད་མེད་ཀྱང༌། ལམ་རིམ་གྱི་ཐོག་ཏུ་རླབས་ཆེན་སྤྱོད་པའི་རྒྱུད་ཞེས་མདོ་ཕལ་པོ་ཆེའི་དོན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་ཚུལ་ཤིང་རྟ་ཆེན་པོ་ཞི་བ་ལྷའི་མན་ངག་བསྣན་པས་ཁྱད་པར་དུ་འགྱུར་བ་ཡིན། དེ་དཔེ་བཤད་ན་གོ་བདེ་མོ་ཡོང༌། དཔེར་ན་ང་རང་ཚོ་དགུང་ཚིག་ཞེས་པ་སྤྱིར་བཏང་དུ་མིང་གཅིག་ཀྱང༌། དེ་ལ་འགའ་ཞིག་གིས་སྤག་ཙམ་ཞིག་ཟ། འགའ་ཞིག་གིས་དེའི་སྟེང་དུ་ཤ་དང༌། ཐུད་དང༌། དེས་ཀྱང་མི་ཚད་མི་ཆེན་གྱི་རིགས་འདྲ་ནི། དེའི་སྟེང་དུ་གོ་རིམ། ཤེལ་དཀར། ཨ་ཤུ་སོགས་ཟས་སྣ་མི་གཅིག་པ་མང་པོ་ཡོང༌། རྒྱ་ནག་རྒྱལ་པོའི་གསོལ་ཚིག་ལ་ཟན་མི་གཅིག་པ་སྟོང་ཡོད་ཚུལ་དང༌། ཟས་སྣ་སྟོང་གིས་མི་ཚིམ་པར་ཁུན་པས་ན་རྒྱ་ནག་སྟོང་འཁུན་རྒྱལ་པོ་ཟེར་ཞེས་བླ་མ་རིན་པོ་ཆེས་ལམ་རིམ་ཆེན་མོའི་བཤད་ལུང་སྐབས་སུ་གསུངས། དེ་ཚོ་ཐམས་ཅད་དགུང་ཚིག་ཡིན་ཀྱང༌། དེ་ལ་ནང་ཚན་རྒྱས་བསྡུས་སོགས་མི་གཅིག་པའི་ཁྱད་པར་ཡོད་པ་ལྟར། ལམ་རིམ་རང་ཡང་བློ་སྦྱོང་ཡིན་མོད་ཀྱང༌། དེའི་སྟེང་དུ་རྒྱལ་སྲས་སྙིང་སྟོབས་ཆེན་པོ་རྣམས་ཀྱིས་ཉམས་སུ་ལེན་རྒྱུའི་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་དང༌། དེའི་སྒོ་ནས་རྐྱེན་ངན་(༡༤༠བ)གང་བྱུང་ལམ་དུ་སྒྱུར་ཚུལ་ཚེ་གཅིག་གི་ཉམས་ལེན་སྒྲིལ་ལུགས། དམ་ཚིག་དང༌། བསླབ་བྱ་སོགས་བསྣན་པས་ཉམས་ལེན་ཐམས་ཅད་མ་ཚང་བ་མེད་པ་བསྟན་པ་ལྟར་ཐམས་ཅད་གུང་འགྲིག་པའི་བློ་སྦྱོང་གི་མན་ངག་འདི་དག་ཁྱད་དུ་འཕགས་པས། ལྷ་གཅིག་ཇོ་བོ་ཆེན་པོས་རྒྱ་བོད་ཐམས་ཅད་དུ་ལམ་གྱི་རིམ་པའི་སྒོ་ནས་འཕྲིན་ལས་ཁྱབ་རྡལ་ཆེ་ཡང༌། ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་འདི་འབྲོམ་རིན་པོ་ཆེ་ལ་མ་གཏོགས་གཞན་སུ་ལ་ཡང་མ་གནང༌། འབྲོམ་རིན་པོ་ཆེས་བཀའ་གདམས་སྐུ་མཆེད་གསུམ་ལས་གཞན་ལ་མ་སྣང༌། སྐུ་མཆེད་གསུམ་གྱི་ནང་ནས་པོ་ཏོ་བས་གླང་ཤར་གཉིས་ཁོ་ན་དང༌། ཤ་ར་བ་ཆེན་པོས་འཆད་ཁ་བ། དེས་སེ་སྤྱིལ་བུ་པ། དེ་ནས་ཚོགས་ཆོས་སུ་གནང་བ་ཡིན་ཚུལ་ཞིབ་ཆ་འཐོན་ལ་ཡིད་ཁུལ་བ་གནང༌། དེ་ལྟ་བུའི་ལམ་རིམ་བྱས་ཀྱང་ཆོག །བློ་སྦྱོང་བྱས་ཀྱང་ཆོག །དོན་སོ་སོར་མ་སོང་བར་འགག་དྲིལ་ཏེ་གང་ཟག་གཅིག་ཚང་བའི་ཉམས་ལེན་དུ་འཁྱེར་ཤེས་པ་ཞིག་དགོས་པར། དེ་ལ་རྟོག་པ་སྤྱང་པོ་བྱས་ཏེ་བློ་ཆ་སྙོམ་དགོས། དེ་ཡང་རང་གི་བླ་མའི་མན་ངག་ཡག་པོ་ཐོབ། ཆོས་རྣམ་དག་ཞིག་བྱེད་སྙམ་པའི་སྐབས་སུ་ལུས་ལ་ན་ཚ་སོགས་ཀྱི་རྐྱེན་བྱུང་ན་བསོད་ནམས་ཀྱི་རྒྱབ་མ་འཁྱོགས་པ་ཡིན་པས་རེ་ཞིག་སྦྱོར་བའི་ཆོས་དྲུག་ལ་ཚིག་དྲིལ་བྱས་ནས་སྦྱངས་དགོས། དེ་ཡང་སྦྱོར་བའི་ཆོས་དྲུག་གི་སྐབས་རྐང་པ་རྡོ་རྗེ་(༡༤༡ན)སྐྱིལ་ཀྲུང་སོགས་རྐྱང་འདོད་ཀྱི་མ་སྡད་པར་རེས་འགའ་ཕྱག་འཚལ། རེས་འགའ་བསྐོར་བ་བཅས་ཀྱི་སྒོ་ནས་བཤགས་སྡོམ་སོགས་ཚོགས་བསགས་སྒྲིབ་སྦྱོང་སྒོ་དུ་མ་ནས་བྱེད་དགོས། ཡང་བླ་མ་ལ་མོས་གུས་ཆུང་བས་སེམས་བེམ་བེམ་པ་མ་གཏོགས་མི་འདུག་ན། ལེགས་ཚོགས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཆད་པ་ཡིན་པས། བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་ཚུལ་རྣམས་ལ་འབད་ནས། གཞན་རྣམས་ལ་ཤར་སྒོམ་དང་སྨོན་ལམ་གྱི་ཡུལ་དུ་བྱེད་ཀྱང་བླ་མ་ལ་དད་པ་དང་མོས་གུས་ཡོད་ཀྱང་ཚེ་འདིའི་འདུ་འཛི་དང༌། རྣམ་གཡེང༌། གཉེན་ཉེ་དུ་དང༌། ཕ་ཡུལ་སྡེ་དགོན་སོགས་ལ་ཆགས་ཞེན་ཆེ་ན། ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་བ་ཡིན་པས་དལ་འབྱོར་དང་འཆི་བ་མི་རྟག་པ་གཙོ་བོར་བྱས་ནས་བསྒོམ། ཡང་ཚེ་འདིའི་སྣང་ཤས་བཟློག་པ་སོགས་དགའ་མོ་ཡོད་ཀྱང༌། དགེ་སྡིག་ལ་མི་འཛེམ་པ་དང༌། ཟག་བཅས་ཀྱི་དངོས་པོ་ཡིད་དུ་འོང་བ་ལ་ཆགས་པ་སོགས་འཁོར་བ་ལ་ཞེན་ཆགས་ཆེ་ན། ཐར་པ་ལ་དོན་དུ་གཉེར་བ་མི་འབྱུང་བས་སྡུག་ཀུན་གྱི་ཉེས་དམིགས་དང༌། ཁྱད་པར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཞིབ་ཏུ་བསམ་ནས་འཁོར་བ་ལ་ཡིད་འབྱུང་སྐྱེ་བའི་ཕྱིར་དུ་སྐྱེས་བུ་འབྲིང་གི་ལམ་ལ་གཙོ་བོར་བྱས་ནས་བསྒོམ། འཁོར་བ་ལ་སྐྱོ་ཤས་ཆེ་བས་རང་དོན་ཡིད་བྱེད་ཀྱི་བློ་(༡༤༡བ)ཤུགས་ཆེ་བ་བྱུང་ན། ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅད་

ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་ལ་འབད་དགོས་པ་ནི། ལམ་འདིའི་ཉམས་ལེན་གྱི་གཙོ་བོ་ཡིན། དེ་ཡང་ཡིད་འོང་གི་བྱམས་པའི་བར་ལ་འདྲིས་རྒྱུ་མན་ངག་གཉིས་ཀ་འགྲོ་ལུགས་ལ་ཁྱད་མེད་པས་འདྲིས་རྒྱུ་གང་ཡང་མེད། དེ་ནས་ཟབ་མོ་ལྟ་བའི་རྒྱུད། རྒྱ་ཆེན་སྤྱོད་པའི་རྒྱུད། ཁྱད་པར་རླབས་ཆེན་རྒྱལ་སྲས་སྤྱོད་པའི་རྒྱུད་ཅེས་པའི་མན་ངག་བླ་ན་མེད་པ་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཞེས་བྱ་བ་ཡོང་ཚུལ་གཏིང་ཕྱིན་པ་དང༌། རྗེ་རིན་པོ་ཆེས་ཀྱང་འདི་ལ་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་མན་ངག་བདུན་པ་དང༌། ཞི་བ་ལྷ་ནས་བརྒྱུད་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གཉིས་སྣང་ངོ་ཞེས་གསུངས། དེ་ལ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ་སོགས་ཀྱི་སྒོ་ནས་ཡོད་འོང་སྒྲུབ་ལུགས་དང༌། སེམས་ཅན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་དྲིན་ཆེ་བར་བསམ་ཏེ་ཡིད་འོང་གི་བྱམས་པ་ཁྱད་པར་ཅན་སྒྲུབ་ལུགས་དང༌། དེ་ནས་བདག་པས་གཞན་གཅེས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པ་གཙོ་བོར་བྱས། དེས་ཟིན་པའི་སྒོ་ནས་ཟབ་མོ་དབུ་མའི་ལྟ་བ་བསྒོམ་དགོས་ཀྱང༌། དེ་ཉིད་གཙོ་བོར་རྐྱང་འདེད་བྱས་ནས་མི་བསྒོམ་སྟེ། དེ་ལྟར་ན་ཞི་བའི་མཐར་ལྟུང་བའི་ཉེན་ཤིན་ཏུ་ཆེ་བས། ཡུམ་ཤེར་ཕྱིན་གྱི་མདོ་ལས། སྐབས་ཐམས་ཅད་དུ་སྟོང་པ་ཉིད་དེ་དག་ནི་བྱང་ཆུབ་སེམས་དཔའ་(༡༤༢ན)འདྲིས་པར་བྱ་བའི་ཕྱིར་དུ་ཡིན་གྱི་མངོན་སུམ་དུ་བྱ་བའི་དོན་ནི་མ་ཡིན་ནོ་ཞེས་ཡང་ཡང་གསུངས་པ་གནད་འདི་འདྲ་ལ་ཐུག་ཚུལ་དང༌། ཉན་རང་རྣམས་ལ་བསྒོམ་པར་ཇི་ཙམ་དབུལ་ཡང༌། ཚེ་བརྒྱའམ་བསྐལ་བ་གཅིག་ལས་མི་དགོས་པར་རང་རང་གི་འབྲས་བུ་བྱང་ཆུབ་མངོན་དུ་བྱེད་ནུས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོའི་ཚོགས་སྦྱོར་རང་དུ་བསྐལ་ཆེན་གཅིག་གི་ཚོགས་བསགས་ནས་སྡོད་དགོས་པ་ནི། བྱང་སེམས་དེ་དག་ཉན་རང་ལས་བསོད་ནམས་དང་ཤེས་རབ་སོགས་བརྒྱ་འགྱུར་གྱི་ཆེ་ཡང༌། དེ་ལྟ་བུར་འགོར་བ་ནི་བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་སྦྱངས་ནས་དེ་ཟིན་པས་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ཡང་འདྲིས་པར་བྱེད་པ་གནད་དེ་འདྲ་ལ་དགོངས་ཚུལ་དང༌། རང་རེ་རྣམས་ཀྱང་བསྐལ་པ་བརྒྱའི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་གཙོ་བོར་བྱས་ནས་སྦྱངས་ན་ཁེ་མ་གཏོགས་ཉན་གང་ཡང་མེད་ཚུལ་དང༌། སྟོང་པ་ཉིད་ལ་རྐྱང་འདེད་ཀྱི་སྒོམ་ལུགས་དེ་ལྟར་བསྒོམ་པས་ཞི་མཐར་ལྷུང་ཉེན་བྱུང་ཚུལ་ཞིབ་པ་གོང་ལྟར་དང༌། དེ་ལྟ་བུའི་ལམ་གོང་མ་རྣམས་སྔོན་དུ་སོང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དགོས་ཚུལ་དང་བཅས་པ་ལམ་འདིའི་ལུས་དངོས་གཞི་ཡིན་པས་ནན་ཏན་བྱ་དགོས་ཤིང༌། དེ་ནས་རྐྱེན་ངན་ལམ་སྒྱུར་དང༌། ཚེ་གཅིག་གི་ཉམས་ལེན་དྲིལ་ལུགས། དམ་ཚིག་(༡༤༢བ)བསླབ་བྱའི་སྐོར་རྣམས་ངེས་ངེས་བྱས་ཏེ། བཤེས་གཉེན་བསྟེན་ཚུལ་ནས་ལྷག་མཐོང་བར་གང་ལ་གང་དགོས་པས་སྐབས་ཐོག་གི་ཉམས་ལེན་དུ་འཁྱེར་ཤེས་པ་བྱེད། དེ་ཡང་རང་གི་ཉམས་སུ་ལེན་པའི་སྐབས་སུ་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་སོགས་ནང་ལྟར་ལ། དེའི་སྟེང་དུ་བློ་སྦྱོང་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་བསྡུས་ཏེ་གང་རྣོ་རྣོ་ནས་ལམ་གྱི་རྟོག་པ་སྐྱེ་བའི་ཐབས་སུ་གང་འགྲོ་བྱེད། ཡང་འདིར་ཁྱེད་ཅག་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་ཡོད་པ་རྣམས་ཀྱིས་གཞན་ལ་འཆད་པའི་སྐབས་དེ་འདྲ་བྱས་ན་མི་ཡོང༌། ལམ་རིམ་འཆད་པའི་སྐབས་སུ་དེ་རང་སོར་བཞག་དང༌། བློ་སྦྱོང་འདི་ལྟ་བུ་འཆད་པའི་སྐབས་སུ་བླ་མ་བརྒྱུད་པའི་ལོ་རྒྱུས་ནས་ཟུང་འཇུག་བསླབ་བྱའི་དམིགས་སྐོར་འགྲོ་ལུགས་ཐམས་ཅད་གཞན་དང་མ་འདྲེས་པར་འདི་ནང་བཞིན་འཆད་དགོས། དེ་ལྟར་མ་བྱས་ན་མཉམ་མེད་ཇོ་བོ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་སྙན་བརྒྱུད་ཀྱི་གདམས་པའི་མན་ངག་འདི་ལྟ་བུ་ནུབ་པའི་རྐྱེན་དུ་འགྱུར་ཚུལ་ཞིབ་པ་དང༌། འདི་ལྟ་བུའི་སྙན་བརྒྱུད་ཀྱི་མན་ངག་འདི་དག་མི་ཉམས་གོང་འཕེལ་དུ་འགྱུར་བའི་ཐབས་ལ་བརྩོན་དགོས་ཚུལ་ཀྱང་ཡང་ཡང་ཞིབ་རྒྱས་སུ་བསྩལ་ཏོ། དེ་ནས་འདིའི་སྟེང་དུ་བསྣོན་ཁ་རྒྱག་ཨེ་དགོས། འདི་རང་ཉམས་སུ་བླངས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཨེ་ཐུབ་ཟེར་ན། དེ་(༡༤༣ན)ཐོབ་ཐུབ་སྟེ་རིམ་གྱིས་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་དང༌། སྦྱོར་ལམ་དྲོད་ནས། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་གྱི་སྐུ་བཞིའི་གོ་འཕང་ཐོབ་ཚུལ་དང༌། དེ་ལྟར་ཐོབ་ཀྱང་དེ་ལ་གྲངས་མེད་གསུམ་གྱི་ཚོགས་རྫོགས་དགོས་པ་སོགས་ཡུན་ཤིན་ཏུ་རིང་བས་དེའི་བར་དུའང་མ་རྒན་འགྲོ་བ་རྣམས་སྡུག་བསྔལ་བར་འགྱུར་ལ། དེ་བས་དེའི་སྟེང་དུ་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་ཐོབ་པའི་ཉེར་ལམ་རྡོ་རྗེ་ཐེག་པ་ལ་བསླབ་དགོས། དེ་ལ་སློབ་པའི་སྐབས་སུ། དེ་ལྟར་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་མྱོང་བ་ཐོན་པའི་མཚམས་དེ་ནས། སེམས་དེ་ཤུགས་དྲགས་པས། རང་ངོས་ནས་བསྐལ་པ་བརྒྱའི་བར་དུ་སེམས་ཅན་གྱི་དོན་དུ་དམྱལ་བ་མནར་མེད་དུ་གནས་ནུས་པའི་གོ་ཆའི་བརྩོན་འགྲུས་ཡོད་ཀྱང༌། མ་རྒན་སེམས་ཅན་རྣམས་སྡུག་བསྔལ་དུ་མས་བར་མཚམས་མེད་པར་མནར་ཚུལ་ལ་བསམ་ནས། ད་ལྟ་ཉིད་དུ་སངས་རྒྱས་ན་སྐད་ཅིག་རེ་རེ་ལ་ཡང་སེམས་ཅན་གྲངས་མེད་པའི་དོན་བྱས་ཏེ་འཁོར་བ་ལས་འདོན་ཐུབ་པ་འདུག་པས་བློ་ཤུགས་དྲག་པོ་བསྣན་པས་མི་བཟོད་པ་ལྟ་བུ་བྱུང་ན། དེ་ནས་ངེས་པར་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཤིང༌། དེའི་ནང་ནས་ཀྱང་བླ་མེད་རྡོ་ཐེག་པའི་ལམ་རང་ལ་འཇུག་དགོས། དེ་ལྟར་མ་བྱས་པར་ཕར་ཕྱིན་ཐེག་པའི་ལམ་འདིས་གྲངས་མེད་(༡༤༣བ)གསུམ་དུ་ཚོགས་གསོག་དགོས་པ་དང༌། ཁྱད་པར་ལུས་སྟོང་དང༌། མགོ་སྟོང་ཕྲག་སྦྱིན་པར་གཏོང་དགོས་པ་སོགས་ཤིན་ཏུ་བློར་ཆུད་ཁག་པས། དེ་བས་སྔགས་ལམ་ལ་ཞུགས་ན། ཕྱི་དྲོའི་ཁ་ཟས་དང་དུས་མིན་ཟས་སོགས་སྤོང་མི་དགོས་པར། འདོད་ཡོན་ལམ་བྱེད་སོགས་དང༌། ག་ནས་ཀྱང་སྐྱིད་པོ་ཡོང་བ་འདུག་སྙམ་སྔགས་ལམ་ལ་ཞུགས་ན། དེ་འདྲ་བ་དེས་ཚེ་འདིའི་སྣང་ཤས་ཙམ་ཡང་མ་བཟློག་པར་དེའི་དབང་དུ་སོང་བས། རྡོ་རྗེ་ཐེག་པའི་ཆེད་དུ་བྱ་བའི་གདུལ་བྱ་མི་དགོས། སྐྱེས་བུ་ཆུང་ངུའི་གྲས་སུ་ཡང་མི་ཚུད། ཉན་ཐོས་ཀྱི་གྲལ་དུའང་མི་ཚུད། སྐྱེས་བུ་ཆུང་ངུའི་གྲལ་དུ་ཚུད་པ་ལ་ཚེ་འདི་ལ་བློ་ལོག་པ་ཞིག་དགོས། ཉན་ཐོས་ཀྱི་གྲལ་དུ་ཚུད་པ་ལ། འཁོར་བ་མཐའ་དག་ལ་ཞེན་ཆགས་ཟློག་དགོས་ཚུལ་ཞིབ་ཏུ་གསུངས་ནས། དེས་ན་སངས་རྒྱས་ཀྱི་ལམ་ཡང་དཀོན་པ་བླ་མེད་རྡོ་རྗེའི་ཐེག་པ་ལ་ངེས་པར་འཇུག་དགོས་ཀྱང༌། དེ་ཁ་མཆོང་རྒྱག་རྒྱབ་ནས་འགྲོ་ས་མེད། ལམ་ཐུན་མོང་བས་རྒྱུད་སྦྱངས་པ་ངེས་པར་དགོས། རྡོ་རྗེ་ཐེག་པ་ལ་སངས་རྒྱས་ལས་ཀྱང་དཀོན་པ་ཞེས་པ་འདི། སྤྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དཀོན་པའི་ཚད་ཡིན་ཀྱང༌། བསྟན་པ་འདི་རང་གི་དབང་དུ་བྱས་ཀྱང༌། རྒྱལ་བ་མར་མེ་མཛད་ཡན་ལ་སངས་རྒྱས་གྲངས་མེད་པ་ཞིག་བྱོན་ཀྱང༌། སྔགས་ཀྱི་ཐེག་པའི་མིང་ཡང་མ་བྱུང༌། བསྐལ་པ་བཟང་པོ་འདིའི་དབང་དུ་བྱས་ཀྱང་སྤྱིར་བཏང་ལ་བདག་ཅག་(༡༤༤ན)གི་སྟོན་པ་མཉམ་མེད་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ལ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱུང་བས་ལུང་རིགས་གཉིས་ཀས་འགྲུབ་ཅིང༌། དཔལ་དབེན་ས་སྙན་རྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རིགས་ལྟར་ན། བསྐལ་བཟང་གི་སངས་རྒྱས་བཅུ་གསུམ་པ་དེ་བཞིན་གཤེགས་པ་སྤྱན་ལེགས་ཀྱི་བསྟན་པ་ལ་རྡོ་རྗེའི་ཐེག་པ་འབྱུང་བ་རིགས་པས་འགྲུབ་སྟེ། དེ་འདྲ་བའི་སངས་རྒྱས་དེ་ནི་བདག་ཅག་གི་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཆོག་གི་སྤྲུལ་སྐུ་ཡིན་ཅིང༌། རྗེ་བླ་མས་སྔོན་རྒྱལ་བ་དབང་པོའི་ཏོག་གི་དྲུང་དུ། ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་ཉེ་ལམ་རྡོ་རྗེ་ཐེག་པའི་བསྟན་པ་འཛིན་སྐྱོང་གི་ཐུགས་བསྐྱེད་དམ་བཅའ་མཛད་པ་ལྟར། སྐུ་ཚེ་འདི་དང༌། བདེ་བར་གཤེགས་པ་སྤྱན་ལེགས་ཀྱི་བསྟན་པ་ལ་ངེས་པར་འབྱུང་དགོས་པ་དང༌། དེ་ནས་སངས་རྒྱས་སྟོང་གི་ཐ་མ་མོས་པ་སྣང་མཛད་ཀྱི་བསྟན་པ་ལ་རྡོ་རྗེའི་ཐེག་པ་འབྱུང་བ་ཡང་རིག་པས་འགྲུབ་སྟེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་སྲས་སྟོང་གིས་ཐུགས་བསྐྱེད་པའི་ཐ་མ་དེས། བདག་གི་གཅེན་པོ་ཐམས་ཅད་ཀྱིས་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་པ་རྣམས། བདག་གི་བསྟན་པ་ལ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་དོན་ལྟར། གོང་གི་སངས་རྒྱས་བཞི་པ་དང༌། བཅུ་གསུམ་པའི་བསྟན་པ་(༡༤༤བ)ལ་གང་བྱུང་དེ་ཉིད་ཀྱི་བསྟན་པ་ལ་འབྱུང་དགོས་པས་འགྲུབ། དེ་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་ནང་ནས་ཀྱང་རྡོ་རྗེའི་ཐེག་པ་འབྱུང་བའི་བསྟན་པ་དེ་གསུམ་ལས་མེད་ཅིང༌། མ་འོང་བའི་བསྟན་པ་གཞན་དུའང་རྡོ་རྗེའི་ཐེག་པ་འབྱུང་དཀའ་བས་ཀྱང་དཀོན་པའི་རྒྱུ་མཚན་དེ་འདྲ་རེད། ད་རང་ཅག་རྣམས་སྟོན་པ་ཐུགས་རྗེ་ཅན་གྱི་མདོ་སྔགས་ཟུང་དུ་འབྲེལ་པའི་བསྟན་པ་རིན་པོ་ཆེ་འདི་དང་མཇལ་བའི་སྐབས་སུ། བསྟན་པའི་ཡང་སྙིང་མཐར་

ཐུག་པ་རྡོ་རྗེའི་ཐེག་པ། དེའི་ནང་ནས་ཀྱང་བླ་མེད་རྡོ་རྗེའི་ཐེག་པ་ལ་ངེས་པར་འཇུག་དགོས་པ་གོང་དུ་རྒྱ་ཆེར་བཤད་པ་ལྟར་ལ། དེ་ལ་སྤྲེའུ་མཆོང་རྒྱབ་པ་མ་ཡིན་པར། བཤེས་གཉེན་བསྟེན་པ་ནས་ལྷག་མཐོང་གི་བར་གྱིས་རྒྱུད་ལེགས་པར་སྦྱངས་ནས། དེའི་མུ་ནས་གསང་སྔགས་ལ་འཇུག་གོ །དེའི་ཡང་འཇུག་སྒོ་དབང་ཡིན། དེ་ཡང་བླ་མ་གང་བྱུང་དབང་བསྐུར་མཁན་ཡོད་ཚད་ཀྱི་རྩར་རྒྱུགས་ནས་ཐོབ་ཅི་ཐུབ་མི་བྱེད། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལོ་བཅུ་གཉིས་ལ་སོགས་པའི་བར་དུ་བཙལ་ནས། བླ་མས་ཀྱང་དབང་བསྐུར་རུང་མིན་བརྟག་དཔྱད་ཡག་པོ་བྱས་ཏེ་རུང་ན་སྐུར་དགོས་ཞིང༌། བླ་མ་བསྟེན་ཚུལ་ཀྱང་མི་ལས་ལྷག་པ་ཞིག་ངེས་པར་དགོས་ཟེར། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ནས་གསུངས་པ་ལྟར། དང་པོར་བླ་མ་ལྔ་བཅུ་པ་བྱིན་ནས་འཛིན་དུ་བཅུག་(༡༤༥ན)ལ། དེ་ནས་དབང་བསྐུར་ལ་རྩ་བ་དང་ཡན་ལག་གི་སྡོམ་པའི་བསླབ་བྱ་རྣམས་ལེགས་པར་བཤད་ཏེ། དམ་ཚིག་དང་སྡོམ་པའི་བསྲུང་མཚམས་རྣམ་པར་དག་པར་བྱེད། དེ་ནས་རྡོ་རྗེ་ཐེག་པའི་ལུགས་ཀྱི་སངས་རྒྱས་དེ་ལ་ཡང༌། ངོ་བོ་ཉིད་སྐུ་དང༌། སྤྲུལ་ལོངས་གཉིས་དང༌། ཟུང་འཇུག་གི་སྐུ་དང་བཞི་ཡོད་པས། དེ་ཐོབ་པའི་དགེ་རྩ་སྨིན་བྱེད་དུ་ལམ་སྐྱེད་རིམ་དང༌། ཐོབ་བྱེད་ཀྱི་ལས་དངོས་གཞི་རྫོགས་རིམ་ལ་འབད་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སྐུ་བཞིའི་གོ་འཕང་སྔོན་དུ་བྱེད་པ་ནི། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། བདག་ཅག་གི་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོས་དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོངས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱིས། །མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །བཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་པས། ཕྱག་ལེན་ལ་ཐེབས་པ་ཞིག་ཅིས་ཀྱང་མཛད་པར་ཞུ་གསུངས་སོ།། །།

སྨྲས་པ། ཟབ་མོའི་ལྟ་དང་རྒྱ་ཆེན་སྤྱོད་པ་དང༌། ཁྱད་པར་རླབས་ཆེན་སྤྱོད་པའི་བརྒྱུད་པ་ཡི། །མན་ངག་ཆུ་(༡༤༥བ)བོ་གསུམ་འདྲེས་གདམས་པའི་བཅུད། །ལུང་རིགས་མན་ངག་རྒྱན་གྱིས་ལེགས་སྤྲས་པ། །ཞི་བ་ལྷ་དང་འཇམ་མགོན་བློ་བཟང་གྲགས། །དབྱེར་མེད་རྗེ་བཙུན་བླ་མའི་བཀའ་དྲིན་ལས། །བདག་སོགས་གདུལ་བྱའི་སྙིང་དུ་སིམ་པ་འདི། །སྔོན་བསགས་བསོད་ནམས་བྱེ་བའི་མཐུ་ཡིན་ནམ། །ནམ་ཕྱེད་གཉིད་དུ་སོང་བའི་རྨི་ལམ་བཞིན། །མངོན་སུམ་ཡིན་ན་ད་ནི་ལང་ཚོའི་ཉི། །ནུབ་རིར་ཕྱོགས་ཤིང་མི་རྟག་སྲིན་པོའི་ཁར། །ངན་འགྲོའི་ཁ་ཚོན་མི་ཆོད་དུས་སྐབས་འདིར། །ཚེ་འདིར་སྡོད་བློའི་འདུན་གཤོམ་མ་བྱེད་པར། །དབེན་པའི་གནས་སུ་གདམས་དོན་ཉམས་སུ་ལོང༌། །གདམས་དོན་ཉམས་སུ་ལེན་ལ་བརྩོན་པའི་ཚེ། །དུས་ངན་སྣོད་བཅུད་སྡིག་འབྲས་རྐྱེན་ངན་པ། །གང་བྱུང་ལམ་འཁྱེར་དམ་ཚིག་བསླབ་བྱའི་གནད། །གལ་ཆུང་མ་བྱེད་སྙིང་གི་དབུས་སུ་ཆོངས། །གསུམ་ལྡན་རྗེ་བཙུན་བླ་མས་དགྱེས་བཞིན་དུ། །ཉམས་ལེན་སྙིང་པོར་དྲིལ་ནས་བསྟན་པ་འདི། །མན་ངག་ཁ་ཁྱེར་ཕྱི་བལྟས་བཤད་ཡམས་དང༌། །ཚེ་འདིའི་ལག་ཆར་སོང་ན་དོན་སྙིང་རུལ། །ཚེ་འདིའི་སྣང་ཤས་དབང་དུ་མ་སོང་བར། །གང་ཤེས་གང་ནུས་རྒྱུད་ལ་སྦྱོར་བ་ཡི། །བསམ་སྦྱོར་གེགས་མེད་ལྷུན་གྱིས་འགྲུབ་པ་རུ། །རྗེ་བཙུན་བླ་མས་བྱིན་གྱིས་བརླབས་ཏུ་གསོལ། །བླ་མས་ཇི་ལྟར་གསུང་བཞིན་ཟིན་འགྱུར་ན། །ས་སྟེང་སྣང་བས་ཁྱབ་པར་འགྱུར་མོད་ཀྱང༌། །ཤེས་རབ་དམན་པའི་རང་བློའི་གོ་ཚོད་འདི། །བརྗེད་བྱང་ཚུལ་དུ་རགས་རིམ་ཟིན་ཐོར་བཀོད། །རང་བློ་ནོངས་པའི་ཚོགས་སུ་གྱུར་པ་གང༌། །སྙིང་ནས་(༡༤༦ན)བཤགས་ཤིང་དགེ་བས་བླ་མ་མཆོག །ཞབས་ཟུང་མི་གཡོ་མཛད་པ་འཕྲིན་ལས་ཀུན། །བློ་བཟང་རྒྱལ་བའི་བསྟན་པ་འབར་གྱུར་ཅིག །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །ཟླ་བྲལ་བླ་མ་མཆོག་གིས་རྗེས་བཟུང་ནས། །བཤད་སྒྲུབ་བསྟན་པ་འཛིན་པའི་སྲས་ཐུ་བོར། །འགྱུར་ནས་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཅེས་རྒྱལ་བའི་སྲས་པོ་དངུལ་ཆུ་ཆོས་རྫོང་པ་ཐོགས་མེད་བཟང་པོའི་བློ་སྦྱོང་དོན་བདུན་མའམ། སྙན་བརྒྱུད་ཆེན་པོའི་ཉམས་འཁྲིད་ཟབ་མོ་དགྱེས་བཞིན་དུ་གནང་བའི་སྐབས་ཀྱི་གསུང་གི་མན་ངག་བྱིན་རླབས་ཅན་འདི་དག་ཉམས་སུ་ལེན་འདོད་དང༌། བརྗེད་པར་འཕངས་ནས་མཚུངས་མེད་རྗེ་བཙུན་བླ་མ་མཆོག་གི་སྙན་དུ་གསོལ་ཞིང༌། གསོལ་བ་ཡང་ཡང་བཏབ་ནས་རགས་རིམ་ཟིན་ཐོར་བཀོད་པ་འདི་ནི། རྗེ་བཙུན་བླ་མ་མཆོག་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སློབ་བུའི་ཐ་ཤལ་བ་དགེ་སློང་བྱམས་པ་ཡོན་ཏན་གྱིས་གནང་ཕྲལ་ཤོག་ཧྲིལ་དུ་བརྗེད་ཐོར་བཀོད་པ་སླར་ཡང་གུར་སྨོན་དབེན་གནས་རི་ཁྲོད་དུ་སྐྱབས་གཅིག་རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་བཏབ་སྟེ་གཏན་ལ་ཕབ་པ་འདིས་ཀྱང༌། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པ་དང་དབྱེར་མེད་རྗེ་བཙུན་བླ་མ་མཆོག་གི་མདོ་སྔགས་ལེགས་བཤད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་འགྱུར་ཅིག ། །།བཀྲིས་ཤོག ། །།

 

 

 

 

༼ལ༽

༄༅། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་

སྦྲགས་ཀྱི་བཀའ་ཁྲིད་ཟབ་མོ་སྩལ་སྐབས་ཀྱི་མན་ངག་

ཟིན་ཐོ་རྡོ་རྗེ་འཆང་གི་ཐུགས་བཅུད་

བདུད་རྩིའི་སྙིང་པོ་ཞེས་བྱ་བ་

བཞུགས་སོ། །

 

 

མཆོད་བརྗོད་དང་བཀའ་ཁྲིད་ཟབ་མོ་ཇི་ལྟར་

ཟིན་ཐོར་བཀོད་པའི་སྐོར།

 

ན་མོ་གུ་རུ་ཛྙཱ་ན་དྷཱ་ཛ་ཡ། རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་ངོ་བོ་དབྱེར་མ་མཆིས་པ་བཀའ་དྲིན་འཁོར་ཟླ་མེད་པའི་དྲིན་ཅན་བླ་མ་དམ་པའི་ཞབས་ལ་དུས་དང་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་ལ་མདོ་རྒྱུད་ལམ་གྱི་རྟོག་པ་བཟང་པོ་རྣམས་འཁྲུལ་མེད་རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།

རབ་ཡངས་རྒྱལ་བའི་ཐུགས་ཀྱི་གསང་མཛོད་ནས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ་བོ་མཆོག །རབ་གསང་འདུས་པའི་ལྷ་དང་འཇམ་མགོན་རྗེ། །དབྱེར་མེད་དྲིན་ཅན་བླ་མར་(༢ན)སྙིང་ནས་འདུད། །རྡོ་རྗེ་འཆང་དང་ཀླུ་སྒྲུབ་ཡབ་སྲས་ནས། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མའི་བར། །རྒྱུད་རྒྱལ་འདུས་པ་འཛིན་སྐྱོང་སྤེལ་མཁས་པའི། །རྩ་རྒྱུད་བླ་མའི་ཚོགས་ཀྱིས་དགེ་ལེགས་སྩོལ། །གངས་རིའི་ཁྲོད་འདིར་དཔལ་ལྡན་འདུས་པ་ཡི། །བཤད་སྒྲུབ་ཉིན་མོར་མཛད་པའི་ཤིང་རྟ་ཆེ། །འཇམ་མགོན་བླ་མ་བློ་བཟང་གྲགས་པ་དང༌། །རྗེ་བཙུན་ཛྙཱ་ན་དྷཱ་ཛས་བདག་སྐྱོངས་ཤིག །དཔལ་ལྡན་འདུས་པའི་བཤད་སྒྲུབ་བསྟན་པའི་རྒྱུན། །མི་ཉམས་སྐྱོང་མཛད་ཕྱོགས་སྐྱོང་བཅོ་ལྔ་དང༌། །མྱུར་མཛད་མགོན་དང་ལས་གཤིན་དམག་ཟོར་མས། །ལས་བཞིའི་འཕྲིན་ལས་གཡེལ་མེད་སྒྲུབ་པར་མཛོད། །མདོ་སྔགས་ལམ་གྱི་སྙན་བརྒྱུད་མན་ངག་གི །སྙིང་པོ་གཅིག་བསྡུས་དཔལ་ལྡན་འདུས་པ་ཡི། །རྒྱུད་འགྲེལ་སྤྱི་དང་ཁྱད་པར་བཞི་སྦྲགས་ཀྱི། །མན་ངག་ཟིན་ཐོར་འགོད་(༢བ)ལ་གནང་བ་སྩོལ། །

ཞེས་བརྗོད་པ་སྔོན་དུ་བཏང་སྟེ། དེ་ཡང་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་མཚན་ཅན་ཞལ་སྔ་ནས་ཀྱི་དྲུང་ནས། མེ་ལུག་ཧོར་ཟླ༥་ཚེས་༡ནས་བཟུང༌། གྲུ་འཛིན་གྱི་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གཟིམ་ཆུང་སྲིད་གསུམ་རྣམ་རྒྱལ་དུ། གངས་རིའི་མགོན་པོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ངུར་སྨྲིག་གར་རོལ་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་འཇམ་དཔལ་རྒྱ་མཚོས་གཙོ་མཛད་སྐྱེས་ཆེན་དམ་པ་དུ་མ་དང་བཅས་བདག་སོགས་དད་འདུས་དོན་གཉེར་ཅན་གྱི་དངོས་སློབ་ཉིས་བརྒྱ་རྒལ་བར། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་འཆད་པའི་སྔོན་འགྲོར་བླ་མ་གོང་མའི་ཕྱག་བཞེས་ལྟར། བྱམས་རྒྱུད་མཆོད་ཕུན་སུམ་ཚོགས་པ་སྔོན་དུ་བཏང་ནས་དཔལ་གསང་བ་འདུས་པའི་ལམ་རིམ་གཉིས་ཀ་བཀའ་ཁྲིད་ཟབ་མོ་དོན་བཟང་ལ་ཚིག་ཉུང་གནད་ཚད་བྱིན་རླབས་ཀྱི་ཚན་ཁ་གཞན་དྲིང་མེད་པ་ཉིན་གསུམ་གྱི་བར་སྩལ་བའི་ཐོག་དྲངས་ཟླ་བ་གཉིས་ཀྱི་ཁོང་དུ་རྒྱུད་(༣ན)ཀྱི་རྒྱལ་པོའི་ཟབ་བཤད་སྙིང་པོའི་ཡང་སྙིང་པོ་དམ་ཆོས་འགྲེལ་པ་བཞི་སྦྲགས་དང༌། རྩ་རྒྱུད་ལེའུ་བཅུ་བདུན་པ་རྒྱུད་ཕྱི་མ་དང་བཅས་པའི་ཟབ་བཤད་ཀྱི་བཀའ་ཁྲིད་ཟབ་མོ་གནད་དུ་སྨིན་པ་བཀའ་དྲིན་བསྐྱངས་སྐབས། ངེས་རང་ལ་ཡང་བླ་མ་རྡོ་རྗེ་འཆང་ཆེན་པོའི་བཀའ་ལས། ད་ནི་ང་ཡང་ན་སོ་རྒས་ཆོས་འདི་འདྲ་ཡང་ཡང་འཆད་ཐུབ་པ་མི་ཡོང༌། ད་ལན་འདི་འདྲ་བ་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ཡིན། རྗེ་རིན་པོ་ཆེའི་སྙན་བརྒྱུད་ཀྱི་བསྟན་པ་གནས་མི་གནས་རྒྱུད་ཀྱི་རྒྱལ་པོ་འདི་ལྟ་བུའི་བཤད་སྒྲུབ་ཀྱི་རྒྱུན་ཡོད་མེད་ལ་རག་ལས་པས། ངེད་ཀྱི་ཡང་སྡུག་རུས་བྱས་ཏེ་བླ་མ་གོང་མའི་མན་ངག་རྣམས་གང་ཤེས་གང་ནུས་འབད་པ་ཆེན་པོས་ཤོད་ཅི་ཐུབ་བྱེད་རྩིས་ཡིན། ཁྱོད་ནས་ཀྱང་སྙན་བརྒྱུད་ཀྱི་མན་ངག་གི་གནད་རྣམས་དོན་གཉེར་ཆེན་པོས་ཉན་སྟཻ་ད་ལེན་ཟིན་ཐོར་འདེབས་ཐུབ་པ་ཅིས་ཀྱང་བྱེད་དགོས་ཕེབས་པར། རང་ཉིད་ཆོས་ཕྱོགས་ལ་ཁོས་ཁ་ཞན་ཁར་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པ་དང་སྔོན་ཆད་འགྲེལ་པ་བཞི་སྦྲགས་ཀྱི་དཔེ་ཙམ་ཡང་ཇི་བཞིན་ཀློག་མ་མྱོང་སྟབས་ཀྱིས་དཔའ་ཞུམ་དེ་འདྲ་མི་འབྱོན་ཐག་ཆོད་ལ། དེ་བས་ས་ཁོངས་འགྲིག་ཙམ་བྱུང་ན་སྐྱབས་སུ་འཆི་ཞུས་པར། ས་ཁོངས་འགྲིག་པ་ཙམ་ལ་དཀའ་ལས་མེད་ཞར་ལ་ཅེས་ཀྱང་འགྲིག་ཡོང༌། དོན་གྱི་གནད་འགག་རྣམས་ཅེས་ཀྱང་ཟིན་ཐོར་འདེབས་དགོས་ཚུལ་ལན་གཅིག་ཙམ་མ་ཡིན་པར་ཕེབས་པར། བླ་མ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་གང་ཡིན་མི་ཤེས་སྙམ་ཡིད་བརྩེ་གཅིག་ཏུ་བསྒྲིམས་ནས་མགོ་མཇུག་ཚང་བར་ཉན་ཁུལ་བྱས་པར་བླ་མ་རིན་པོ་ཆེའི་གསུང་ཇི་མ་ཇི་བཞིན་དང༌། ཟབ་གནད་མཐར་ཐུག་རྣམས་ཁོ་བོ་ལྟ་བུའི་སྤྱོད་ཡུལ་(༣བ)དུ་མ་གྱུར་ནའང༌། སྐྱབས་མགོན་བླ་མ་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཁོ་ན་ལ་བརྟེན་ནས་གསུང་བཤད་རགས་རིམ་རང་གིས་གོ་ཚོད་ལྟར་རྐང་ཟིན་ལག་ཟིན་བྱས་པའི་བསྐྱེད་རྫོགས་གཉིས་ཀྱི་ཟིན་བྲིས་ཟུར་གསལ་ལྟར་དང༌། འགྲེལ་པའི་སྐབས་ཀྱི་མན་ངག་ཐར་ཐོར་ངེས་ཤེས་བྱུང་བ་རྣམས་ཁེ་འདོད་གྲགས་འདོད་སོགས་ཆོས་བརྒྱད་ཀྱི་དབང་དུ་མ་སོང་ཁུལ་གྱིས་བླ་མ་རིན་པོ་ཆེའི་གསུངས་འདི་འདྲ་ལན་རེ་ལན་གཉིས་ཐོས་རྒྱུ་བྱུང་ན་སྐལ་བ་བཟང་པོ་དང་དཀོན་པའི་འདུ་ཤེས་ཉེ་བར་བཞག་སྟེ་བརྗོད་པར་འཕངས་ནས་ཟིན་བྲིས་སུ་འགོད་པ་ནི། ཐོག་མར་བླ་མ་ཐུགས་རྗེ་ཅན་གྱིས་ཞལ་འཛུམ་བག་དང་བཅས་པའི་དམ་པའི་ཆོས་འཆད་པའི་ཀུན་སྤྱོད་དང་པོ་འདྲེན་པའི་སྒོ་ནས། འོ་རྗེ་བདག་ཉིད་ཆེན་པོས་འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། ཟབ་མོ་རྡོ་རྗེའི་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་འཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར༌། །ཞེས་གསུངས་པ་ལྟར་གངས་ཅན་འདི་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཐེག་པ་ལ་ཤིན་ཏུ་གཏིང་དཔག་དཀའ་བས་འབྲས་བུ་རྡོ་རྗེ་ཐེག་པ་དང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམ་པ་གཉིས་ཡོད་ཅིང༌། དེ་གཉིས་ཀྱི་ནང་ནས་གསང་སྔགས་རྡོ་རྗེ་ཐེག་པ་ནི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པ་སོགས་ཀྱི་དཀའ་ཚོགས་ལ་ལྟོས་མི་དགོས་པར་མྱུར་དུ་འཚང་རྒྱ་བའི་ཉེ་ལམ་ཡིན་པས་ཁྱད་པར་དུ་འཕགས་ཤིང་འདི་འདྲ་བའི་སྔགས་ཀྱི་བསྟན་པ་དང་མཇལ་(༤ན)བ་ནི་ཨུདུམ་ཝ་རའི་མེ་ཏོག་བཞིན་ཤིན་ཏུ་དཀོན་པའི་ཚུལ་རྒྱས་པར་སྩལ་ཞིང༌། དེ་ཡང་གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་དང་རྒྱུད་སྡེ་ཞེས་པ་རྣམས་ཀྱི་དོན་རྣམས་ལེགས་པར་ཁོང་དུ་མ་ཆུད་ན་གང་ལས་ཁྱད་པར་དུ་འཕགས་ཚུལ་མི་ཤེས་པ་དེའི་དོན་གོ་བདེ་བར་བྱེད་ན་འདི་འདྲ་ཡིན། རྗེ་བདག་ཉིད་ཆེན་པོས་སྔགས་ཀྱི་ལམ་རིམ་ཆེན་མོར་གསུངས་པའི་སྐབས་སུ། གསང་ཞིང་སྦས་པས་འགྲུབ་ལ་སྣོད་མིན་གྱི་ཡུལ་མིན་པས་དེ་ལ་མི་སྟོན་པས་ན་གསང་བའོ་སྔགས་ཀྱི་སྐད་དོད་མཎྜལ་ན་ནི་ཡིད། མཎྜལ་ནི་སྐྱོབས་པས་སྔགས་ཏེ་ཞེས་དང༌། ཐེག་པ་ནི་འདིར་འདོད་པ་འབྲས་བུ་དང་འདི་ལ་འདོད་པ་རྒྱུའི་ཐེག་པ་སྟེ་བགྲོད་པས་ན་ཐེག་པའོ། །འབྲས་བུ་ནི་གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་སྟེ། སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་པ་དང་འཕྲིན་ལས་སོ། །ཚུལ་དེ་དང་རྗེས་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང༌། ལྷའི་འཁོར་ལོ་དང༌། མཆོད་པའི་ཡོ་བྱད་དང༌། སྣོད་བཅུད་སྦྱོང་བ་སོགས་ཀྱི་མཛད་པ་ཅན་དུ་བསྒོམས་པས་ན་འབྲས་བུའི་ཐེག་པ་སྟེ་ཞེས་དང༌། ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པ་ཡིན་ལ་ཞེས་དང༌། རྒྱུད་ནི་རྒྱུན་ཆགས་པ་ཡིན་ལ། དེ་ལ་ལམ་གྱི་བྱེད་པ་འཇུག་པའི་གཞིའི་རྒྱུད་དང༌། འདི་སྦྱོང་བྱེད་ལམ་གྱི་རྒྱུད་དང་སྦྱངས་འབྲས་འབྲས་བུའི་རྒྱུད་གསུམ་དུ་འདུས་པ་ཕྱི་མ་ལས་གསུངས་པ་ནི་བརྗོད་བྱ་དོན་གྱི་རྒྱུད་ཡིན་ལ། དེ་དག་ཅི་རིགས་ལ་བརྗོད་བྱར་བྱེད་པའི་གསུང་རབ་ནི་བརྗོད་བྱེད་གཞུང་གི་རྒྱུ་དང༌། སྡེ་ནི་རྒྱུད་དེའི་ཚོགས་སམ་ཞེས་གསུངས་པ་ལྟར་ཡིན་གསུང་ཞིབ་ཆ་མན་ངག་དང་བཅས་པ་རྒྱས་པར་སྩལ། དེ་ལྟ་བུའི་རྒྱུད་སྡེ་ལ་ཡང་ཕྱི་ཡི་བྱ་བ་ཤས་ཆེ་བས་ན་བྱ་རྒྱུད་དང༌། བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད་དང༌། ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་ན་རྣལ་འབྱོར་རྒྱུད། རྣལ་འབྱོར་དེ་ལས་གོང་(༤བ)ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞི་ཡོད་ཅིང༌། བླ་མེད་ལ་ཡང་ཟུང་འཇུག་གི་དོན་གྱི་འོད་གསལ་རྩལ་དུ་བཏོན་ནས་འཆད་པས་མ་རྒྱུད། ཀུན་རྫོབ་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་འཆད་པས་ན་ཕ་རྒྱུད་ཞེས་བྱ་ལ་དེ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་གཏིང་དཔག་དཀའ་བ་ནི། གང་ཞིག་རྟོགས་ན་མཐའ་དག་གསུངས་རབ་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཞེས་གསུངས་པ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་འདི་ཉིད་ཡིན་ཏེ། འདུས་པའི་རྩ་རྒྱུད་ལ་འཆིང་བྱེད་མཐའ་དྲུག་དང་ཚུལ་བཞིའི་རྒྱས་བཏབ་པས་དེའི་དོན་རྫོགས་པར་རྟོགས་པ་ལམ་འདི་ལ་བརྟེན་ནས་རྒྱལ་སྲས་པ་ཐོབ་པ་དང༌། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་གྱིས། དེ་ལས་གཞན་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པས་རང་ཅག་རྣམས་འདི་ལྟ་བུའི་རྒྱུད་དང་མཇལ་ནས་ཉན་བསམ་སྒོམ་གསུམ་བྱེད་རྒྱུ་ཡོད་པ་ནི་ཤིན་ཏུ་ནས་བསྐལ་བ་བཟང་ཚུལ་རྒྱས་པར་གསུངས་ཞིང༌། དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་མཚན་འདོགས་པ་ཡང༌། གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཀྱི་དཔལ་རང་གི་ངོ་བོར་ལྡན་པ་དང༌། གསང་བ་འདུས་པ་ལ་ཚུལ་བཞིའི་བཤད་པ་ཡོད་ཀྱང༌། མཐར་ཐུག་ཏུ་བཤད་ན་ཤེས་རབ་དོན་གྱི་འོད་གསལ་དང་ཐབས་དག་པའི་སྒྱུ་མའི་སྐུ་གཉིས་ངོ་བོ་གཅིག་ཏུ་འདུས་པ་ནི་གསང་བ་འདུས་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་ལ་གོང་དུ་བཤད་པ་ལྟར་རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་ཡོད་པས། གང་རུང་བརྗོད་བྱར་སྟོན་པའི་རྡོ་རྗེ་འཆང་གི་བཀའ་ནི་བརྗོད་བྱེད་སྒྲའི་རྒྱུད་ཡིན་ལ། དེ་འདྲའི་རྒྱུད་ཀུན་གྱི་གཙོ་བོ་ཡིན་པས་ན་རྒྱལ་པོ་ཞེས་བྱ་བ་ཡིན་གསུང༌། དེ་ལ་ཡང་གསང་འདུས་མར་ལུགས། འགོས་ལུགས། ཇོ་བོ་འབྲས་སོགས་འཕགས་ལུགས་དང༌། ཡེ་ཤེས་ཞབས་དང༌། ཀུན་སྙིང་གི་ལུགས་ལ་སོགས་པ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཤད་སྲོལ་མི་འདྲ་བ་ཇི་སྙེད་གཅིག་ཡོད་པ་རྣམས་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མེད་(༥ན)པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་མངའ་བ་ཡིན། དེ་ཡང་རྗེ་རིན་པོ་ཆེ་ལ་དཔེ་མཐོང་བ་དང་ལུང་ཀླགས་པ་ཙམ་གྱིས་མངའ་བ་མ་ཡིན་པར་རྒྱལ་བ་རྡོ་རྗེ་འཆང་ནས་བཟུང་རང་གི་དངོས་ཀྱི་བླ་མ་དམ་པ་ཐུགས་སྲས་རིན་ཆེན་རྣམ་རྒྱལ། རྗེ་བཙུན་རེད་མདའ་བ་ཆེན་པོ་སྔགས་འཆང་ཁྱུང་སེ་ལྷས་པ། རྗེ་བཙུན་དམ་པ་ཆོས་ཀྱི་དཔལ་བ་ལ་སོགས་པའི་མཁས་གྲུབ་ཀྱི་བླ་མ་དུ་མ་མཉེས་པ་གསུམ་གྱི་སྒོ་ནས་ཡུན་དུ་བསྟེན་ནས་འདུས་པ་འཕགས་པའི་སྐོར་སོགས་བུམ་པ་གང་འཇོའི་ཚུལ་དུ་རྫོགས་པར་གསན་ནས་ཉམས་སུ་བཞེད་པའི་དོན་རྣམས་གདུལ་བྱ་གཞན་དག་ལ་རྗེས་སུ་འདོམས་པའི་སླད་དུ་འདུས་པ་འཕགས་སྐོར་དང༌། ཡེ་ཤེས་ཞབས་ལུགས་སོགས་ཀྱི་ཆོས་བཀའི་གཞུང་སྤྱི་དང༌། ཁྱད་པར་རྩ་བཤད་སྦྱར་བའི་མན་ངག་མཐའ་དག་མ་ཚང་བ་མེད་པར་འགྲེལ་པ་ཆེན་པོ་བཞི་སྦྲགས་སུ་ཇི་ལྟར་བཀྲལ་བ་ལྟར་གྱི་བླ་མ་བརྒྱུད་པའི་ཁུངས་དང་ཁྱད་པར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་འདུས་པའི་རྩ་རྒྱུད་གསུངས་པས་གླེང་བཞི་དང་བཅས་རྒྱས་ཤིང་མཐའ་ཆོད་པར་གསུངས་ནས་དེ་ནས་བཟུང་དམ་པ་བར་མ་ཆད་པའི་མན་ངག་འདི་དག་ཁོ་བོས་ཀྱང་རྡོ་རྗེ་འཆང་ཆེན་པོ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་པའི་དྲུང་ནས་འབད་པ་ཆེན་པོས་ལེགས་པར་ནོས་པ་ཡིན་ཅིང༌། འདི་ལྟ་བུའི་རྒྱུད་འགྲེལ་འཆད་པའི་བླ་མ་ཡང་གང་བྱུང་གིས་མི་ཆོག་པར་བླ་མ་ལྔ་བཅུ་པ་ནས་ཇི་ལྟར་གསུངས་པ་ལྟར་གྱི་བླ་མའི་མཚན་ཉིད་ཚང་བ་དང༌། འདི་ཉན་པའི་སློབ་མ་ལ་ཡང་ཇི་ལྟར་སེང་གེའི་འོ་མ་ནི། ཞེས་སོགས་ནས་མཚན་ཉིད་རྣམས་ཚང་དགོས་པར་མ་ཟད་བླ་མ་ལྔ་བཅུ་པ་ནས་བཤད་པ་ལྟར་བླ་མ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་དང་སྡོམ་པ་རྣམས་མ་ཉམས་པར་ཚུལ་བཞིན་དུ་བསྲུང་བ་དང༌། ཅུང་ཟད་ཉམས་ན་ཡང་ཇི་སྙམ་དུ་མི་འཇོག་པར་སྡིག་ལྟུང་དང་ཞག་ཏུ་མ་འགྲོགས་(༥བ)པར་བཤགས་སྡོམས་བྱེད་དགོས་པའི་ཚུལ་རྣམས་ཞིབ་ཅིང་མཐའ་ཆོད་ལ་བློ་དམན་རྣམས་ཀྱིས་ཀྱང་གོ་བདེ་བར་སྩལ་ནས། དེ་ལྟ་བུའི་སྣོད་ཀྱི་སྐྱོན་གསུམ་དང་འདུ་ཤེས་དྲུག་བསྟེན་པའི་སྒོ་ནས་ཐེག་པ་ཆེན་པོའི་ཆོས་ཟབ་མོ་གསན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་ལེགས་པར་གསལ་བཏབ་ནས་གསན་པ་ཞུ་གསུངས་ནས། ས་བཅད་བསྡུས་དོན་གྱི་སྔོན་དུ་བསྟན་པའི་སྤྱིའི་རྣམ་གཞག་འཆད་པ་མཐའ་ཆོད་ལ་ཕེབས་པར་ཞུ་གསུང༌། ས་བཅད་འདིའི་མཐའ་ཆོད་རིན་པོ་ཆེའི་ལྗགས་ཀློག་སྒྲ་དག་གསུམ་གྱི་བསྐྱོན་གྲུབ་ནས། འོ་ད་ནི་དང་པོར་རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་ཞེས་གསུང་འདུག་པ་འདི་ལ་ངེས་ཤེས་གཏིང་ཚུགས་པ་ཞིག་མ་རྙེད་ན་གང་དུ་འགྲོ་སའི་ཐར་པ་དང༌། དེར་བགྲོད་པའི་ལམ་སོགས་ཕྱིན་ཅི་མ་ལོགས་པར་ངེས་མི་ནུས་པར་ཐར་པ་ལ་ཁག་བཏགས་ནས་ལམ་གོལ་སར་ཤོར་བ་ཤིན་ཏུ་ནས་མང་བ་ཡོད་ཚུལ་ནི་འོག་ནས་ཀྱང་རིམ་བཞིན་ཐོན་ཡོད་པས། སྙིང་པོར་དྲིལ་ན་ཐར་འདོད་རྣམས་ཀྱི་འཇུག་པའི་སྒོ་གཅིག་པུ་ནི་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཁོ་ན་ཡིན། དེ་ལ་ཡང་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་གྲོལ་བ་དོན་གཉེར་རྣམས་ལ་བསླུུ་བ་མེད་པའི་ཚད་མའི་སྐྱེས་བུར་དངོས་སྟོབས་ཀྱི་རིགས་པ་ཡང་དག་གིས་འགྲུབ་པ་དགོས་ཤིང༌། དེ་ཡང་སྟོན་པ་དེའི་བསྟན་པ་སྐྱོན་མེད་དུ་སྒྲུབ་པའི་སྒོ་ནས་གྲུབ་དགོས་ལ། བསྟན་པ་ལ་ཡང་ལུང་གི་བསྟན་པ་དང་རྟོག་པའི་བསྟན་པ་གཉིས་ཡོད་པས། ལུང་གི་བསྟན་པ་ནི། འགྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་བརྗོད་བྱེད་ངག །ཡང་དག་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་པའི་དབང་བྱས་མིན། །ཞེས་གསུང་བ་ལྟར། རྣམ་གྲོལ་དོན་གཉེར་གྱི་འདོད་བྱའི་དོན་དང༌། དགོས་པ་དེ་སྒྲུབ་ནུས་པའི་རྗེས་མཐུན་གྱི་ཐབས་དམ་པ་དང༌། དེ་ཡང་འགྲེལ་ཆགས་སུ་སྟོན་པར་བྱེད་པའི་ངག་ཁྱད་པར་གསུམ་ལྡན་ཚད་མའི་སྒོ་ནས་ཡོངས་སུ་དག་པ་ཅིག་ཡིན་ལ། བརྗོད་བྱའི་དོན་ཡང་(༦ན)གནས་སྐབས་ཀྱི་འདོད་བྱ་མངོན་མཐོ་དང༌། མཐར་ཐུག་གི་ཐོབ་བྱ་ངེས་ལེགས་ཐབས་དང་བཅས་པ་རྣམས་སུ་འདུས་ཤིང༌། དེ་ཡང་མཐའ་ཆོད་འདིར་གསུངས་པ་ལྟར་སྐྱེས་པའི་རིམ་པ་དང་པོར་མངོན་མཐོ་འབྱུང་ཡང༌། ཚད་མས་གཏན་ལ་འབེབས་པའི་སྐབས་སུ་དང་པོར་ངེས་ལེགས་རིགས་པས་སྒྲུབ་ནས་དེ་རྗེས་སུ་མངོན་མཐོ་རིགས་པས་འགྲུབ་པ་ཞིག་དགོས་ཏེ། གཙོ་བོ་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་པ་ལྟར་དགོས་རྒྱུ་ཡིན། མདོར་ན་སྟོན་པ་དེའི་བསྟན་པ་དང༌། དེས་བསྟན་པའི་ཆོས་དེ་སྒྲུབ་པའི་དགེ་འདུན་དཀོན་མཆོག་གསུམ་ལ་མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་ནས་ཚད་མའི་སྒོ་ནས་སྐྱབས་གནས་ལ་ངེས་པ་བརྟན་པོ་ལེགས་པར་རྙེད་དགོས་ཤིང༌། དེ་ལྟར་མ་ཡིན་པའི་རྨོངས་ཞེན་ཙམ་གྱིས་ངེད་ཅག་ནང་པ་སངས་རྒྱས་པའི་བསྟན་པ་རྣམ་དག་ཡིན། རྗེ་རིན་པོ་ཆེའི་བསྟན་པ་རྣམ་དག་ཡིན་ཞེས་ཇི་སྙེད་ཅིག་སྨྲས་ཀྱང་རྩོད་གཞི་རྟགས་སུ་བཀོད་པས་རྒྱུ་མཚན་ཡང་དག་ཏུ་མ་སོང༌། དེ་གང་ཟེར་ན་ནང་པ་སངས་རྒྱས་པའི་བསྟན་པ་ཆོས་ཅན། རྣམ་དག་ཡིན་ཏེ། ངེད་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་པའི་ཕྱིར་བྱས་པ་ཁྱབ་པ་དང་ཕྱོགས་ཆོས་གང་ཡང་མ་གྲུབ་པས། འོ་ན་ཕྱི་རོལ་པ་རྣམས་ཀྱིས། ངེད་ཅག་གི་བསྟན་པ་ཆོས་ཅན། རྣམ་དག་ཡིན་ཏེ། དྲང་སྲོང་སེར་སྐྱའི་བསྟན་པ་ཡིན་པའི་ཕྱིར་ཞེས་སྨྲས་ན་རྒྱུ་མཚན་མཚུངས་པས་མ་གྲུབ་པའི་རྟགས་སུ་སོང༌། དེས་ན་ཕྱི་ནང་གི་བསྟན་པ་གང་ཡིན་ཀྱང་རྣམ་དག་ཏུ་སྒྲུབ་པ་ལ་ལུང་ཙམ་ལ་བརྟེན་པ་མ་ཡིན་པར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་རིགས་པ་དྲི་མ་མེད་པས་གནོད་པ་མི་འབབ་པ་ཞིག་བྱུང་ན་དེ་རྣམ་དག་ཡིན་པའི་རྟགས་ཡིན། འདི་ལ་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས་(༦བ)བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་སངས་རྒྱས་བཅོམ་ལྡན་འདས་དེ་ངེད་ཅག་གི་ཕ་ཉེ་ཡང་མིན་མ་ཉེ་ཡང་མིན་པས་དེའི་ཕྱོགས་ཞེན་བྱེད་དོན་མེད། དྲང་སྲོང་སེར་སྐྱ་དེ་ངེད་ཅག་གི་དགྲ་ཡང་མིན་པས་སྡང་བ་བྱེད་དོན་མེད་ཀྱང། རང་དང་གཞན་གྱི་སྟོན་པའི་ལུགས་ལ་ཕྱོགས་ལྷུང་དང་སྡང་ཞུགས་དོར་ནས་འདི་གཉིས་ལས་གང་ནི་ལེགས་པར་བཤད་པ་ཡིན་ལ་གང་ནི་ཉེས་པར་བཤད་པ་ཡིན་སྙམ་དུ་དཔྱད་པ་ན། གདུལ་བྱའི་དོན་གཉིས་འགྲུབ་པའི་ཐབས་སྟོན་པ་གང་ལ་སྒྲུབ་བྱེད་ཡང་དག་ཡོད་པ་དེ་ཉིད་ནི་ངེད་ཅག་གི་སྟོན་པར་འཛིན་རྒྱུ་ཡིན་ལ། དེ་ལས་ཕྱི་རོལ་དུ་གྱུར་པ་ནི་སྟོན་པ་རྣམ་དག་ཏུ་འཛིན་རྒྱུ་མིན་གསུང་རྒྱུ་ཡིན། དེས་ན་གོང་དུ་བཤད་པའི་ལུང་གི་བསྟན་པ་དེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་སྙིང་པོ་རང་དེ། རང་གི་གཞལ་བྱ་ངེས་པའི་ཐབས་དང༌། གཞན་ལ་རྟོགས་པ་སྐྱེ་བའི་ཐབས་གཉིས་སུ་འདུས་ཤིང༌། རང་གི་གཞལ་བྱ་ངེས་པར་བྱེད་པ་ལ། གང་ངེས་བྱའི་ཡུལ་ངོས་ཟིན་པ་དང༌། དེ་ངེས་པར་བྱེད་པའི་ཐབས་མ་ནོར་བ་གཉིས་ངེས་པར་དགོས་པས། གང་ངེས་བྱའི་ཡུལ་ནི་ཕྱི་ནང་གི་སྟོན་པ་གཉིས་ཀྱི་ནང་ནས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་གྲོལ་བ་དོན་གཉེར་རྣམས་ལ་མི་བསླུ་བའི་ཚད་མར་སྒྲུབ་དགོས་ཤིང༌། དེ་ཡང་དེའི་བསྟན་པ་སྐྱོན་མེད་དུ་སྒྲུབ་པའི་སྒོ་ནས་ཤེས་པར་བྱ་ཚུལ་ནི་སློབ་དཔོན་ཕྱོགས་གླང་གི་ཚད་མ་མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱབས་ལ་ཕྱག་འཚལ་ལོ། །ཞེས་ལུགས་ལས་འབྱུང་བ་དང༌། ལུགས་ལས་ལྡོག་པའི་སྒྲུབ་ཚུལ་གཉིས་གསུངས་ཤིང༌། དེ་ལ་ལུགས་འབྱུང་གིས་ནི། (༧ན)བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ལམ་གང་ནས་གཤེགས་པའི་ལམ་དེ་ཉིད་སྟོན་པར་བྱེད་པ་ཡིན་ལ། དེ་ལྟར་གཤེགས་ཚུལ་ཇི་འདྲ་ཡིན་སྙམ་པ་ན། ལུགས་ལས་ལྡོག་པའི་ཚུལ་གྱིས་དེ་ལྟར་གཤེགས་པའི་ཤེས་བྱེད་སྟོན་པ་ཡིན། དེ་ལ་སྟོན་པ་ནི་བདེར་གཤེགས་དང་སྐྱོབ་པ་སྟེ་དོན་གཉིས་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་ཡིན་ལ། དེ་ཡང་ཕྱི་རོལ་པ་རྣམས་ཀྱི་འདོད་པ་ལྟར་རྟག་པ་རང་བྱུང་གི་ཚད་མ་ལྟ་བུ་མ་ཡིན་པར་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་ཡིན་པས་གོ་འཕང་མཆོག་དེ་སྔར་མ་ཐོབ་པ་རྣམས་ཀྱིས་ཀྱང་ཉམས་ལེན་སྙིང་པོར་བྱས་ན་ཐོབ་ནུས་པ་ཡིན་ནོ་ཞེས་པའི་ཤེས་བྱེད་དུ་ཚད་མར་གྱུར་པ་ཞེས་བསམ་པ་ཕུན་ཚོགས་འགྲོ་བ་་མཐའ་དག་ལ་ཕན་པར་བཞེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སོགས་དང༌། སྦྱོར་བ་ཕུན་ཚོགས་བདག་མེད་རྟོགས་པའི་ཤེས་རབ་གཉིས་ཡོད་པ་ལས། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་འགྲོ་བ་མཐའ་དག་སྡུག་བསྔལ་དང་ལྡན་པ་དང༌། བདེ་བ་དང་བྲལ་བ་ཐུགས་ཀྱིས་མ་བཟོད་ནས་དེ་རྣམས་འཁོར་བ་ལས་སྒྲོལ་བར་བྱ་བའི་ཆེད་དུ་ཐུགས་བསྐྱེད་དམ་བཅའ་རླབས་པོ་ཆེ་མཛད་ཅིང༌། དེ་ཡང་ལས་དང་པོ་པའི་གནས་སྐབས་སུ་དེ་ལྟ་བུའི་འགྲོ་བའི་དོན་རྣམས་མ་ལུས་པར་སྒྲུབ་མི་ནུས་པས། གཞན་དོན་མཐའ་དག་མ་ཚང་བ་མེད་པར་སྒྲུབ་ནུས་པའི་གོ་འཕང་མཆོག་སྒྲུབ་དགོས་ལ། དེ་ལ་མེད་ན་མི་བྱུང་གི་རྒྱུ་བདག་མེད་རྟོགས་པའི་ཤེས་རབ་ལ་རག་ལས་ཤིང༌། དེ་ཡང་ཤེས་རབ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་བཞུགས་པའི་བདག་འཛིན་བག་ཆགས་དང་བཅས་པ་སྤོང་དགོས་པར་གཟིགས་ནས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་ཐབས་ཚུལ་དེ་ལ་བརྩོན་པ་ལྷུར་(༧བ)བཞེས་ཏེ། དེར་བརྟེན་ཏིང་ངེ་འཛིན་དང་ཚུལ་ཁྲིམས་སོགས་ལམ་བསླབ་པ་གསུམ་དང་ཕར་ཕྱིན་བཅུ་སོགས་ལ་ཉམས་བཞེས་མཐར་ཕྱིན་པའི་ཐོབ་བྱ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་མཆོག་སྒྲུབ་པར་མཛད་ཅིང༌། རང་ཉིད་ཀྱིས་ཇི་ལྟར་བརྙེས་ཤིང་གཟིགས་པའི་ལམ་དེ་ཉིད་རྙེད་བཀུར་དང་གྲགས་པ་སོགས་ལ་བལྟས་ནས་རྫུན་གསུང་བ་འབྲས་བུ་རྣམ་དག་མེད་པར་གཟིགས་ནས་ཐུགས་བརྩེ་བ་ཆེན་པོས་བླང་དོར་གྱི་གནས་རྣམས་ཕྱིན་ཅི་མ་ལོག་པར་གཞན་དག་ལའང་ལེགས་པར་འདོམས་པར་མཛད་པ་ནི། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང༌། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡིན། དེ་ཡང་སྟོན་པས་གསུངས་ཚད་སྒྲ་ཇི་བཞིན་དུ་མི་འཛིན་པར་ཤིང་རྟ་ཆེན་པོའི་གཞུང་ལ་བརྟེན་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་རྒྱལ་བའི་གསུང་རབ་དགོངས་འགྲེལ་བཅས་པའི་དྲང་བ་དང་ངེས་པའི་དོན་ལེགས་པར་ཕྱེ་སྟེ། ངེས་དོན་གྱི་གསུང་རབ་ཟབ་མོའི་རྗེས་སུ་འཇུག་དགོས་ཚུལ་སོགས་ཞིབ་ཏུ་གསུངས། དེ་ལས་གཞན་པའི་ཕྱི་རོལ་པའི་སྟོན་པ་ལ་སོགས་པ་རྣམས་ཀྱིས་ནི། ཐར་པ་འདོད་ནས་དེ་སྒྲུབ་ཚུལ་ལ་རྨོངས་པས་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་ཕྱོགས་གཉིས་ཀ་ལ་བརྟེན་པའི་འགལ་འདུ་ཇི་སྙེད་ཅིག་སྨྲ་བ་ཡིན་པས་ཡིད་བརྟན་མི་ཐུབ། དེ་ཡང་ཀུན་ནས་ཉོན་མོངས་པ་ལ་བརྟེན་པའི་འགལ་འདུ་ནི་རྒྱང་ཕན་དང་སྤྱོད་པ་མ་གཏོགས་ཕྱི་རོལ་པ་ཕལ་ཆེ་བས་ཐར་པ་ཁས་བླངས་ནས་འཁོར་བའི་སྐྱེ་བ་རྒྱུན་ཆད་པར་འདོད་པ་དང༌། དེ་ཐམས་ཅད་ཀྱི་རྒྱུའི་རྩ་བ་སྤྱི་གཙོ་བོ་དང་དབང་ཕྱུག་སོགས་རྟག་པར་འདོད་པས་འགལ་ཏེ། རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །ཞེས་པ་ལྟར། རྒྱུ་རྟག་ན་འབྲས་བུ་ལྡོག་པར་འདོད་ཀྱང་མི་རུང་སྟཻ། རྒྱུ་ལ་ལྡོག་པ་མེད་པའི་ཕྱིར། །ཞེས་སོགས(༨ན)རྣམ་གྲངས་དུ་མས་དག་པར་མཛད་ཅིང༌། རྣམ་བྱང་ལ་བརྟེན་པའི་འགལ་འདུ་ནི། སྡུག་བསྔལ་དང་བྲལ་བ་ཐོབ་པར་འདོད་པ་དང༌། བདག་ཡོད་པ་རིགས་པས་ནན་གྱིས་སྒྲུབ་པ་གཉིས་འགལ་ཏེ། བདག་ཏུ་འཛིན་པ་ནི་སྡུག་བསྔལ་ཀུན་གྱི་རྩ་བ་ཡིན་ལ། དེ་ཡང་བདག་ཏུ་འཛིན་པ་ཡོད་ན་བདག་ལ་ཆགས་པའི་སྲེད་པ་ངང་གིས་སྐྱེ་ལ། དེ་ལས་བདག་གི་བ་ལ་སྲེད་པ་དང༌། དེ་ཡང་གཞན་གང་ལ་ལྟོས་མེད་དུ་སྒྲུབ་མི་ནུས་པར་མཐོང་ནས། བདག་གི་བདེ་བ་སྒྲུབ་བྱེད་དབང་སོགས་བདག་གི་བ་ལ་སྲེད་པ་དང༌། དེ་ལས་དེ་སྒྲུབ་པའི་ཕྱིར་དུ་སྒོ་གསུམ་གྱི་དགེ་མི་དགེའི་ལས་མངོན་པར་འདུ་བྱེད་ལ། ལས་དེ་དག་གི་འབྲས་བུ་བདེ་འགྲོ་དང་ངན་འགྲོར་སྐྱེ་བར་བྱེད་པས། དེ་འགོག་པ་ལ། དེས་ན་བདག་ལ་མངོན་ཆགས་པས། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་གཞན་སྡེ་རྣམས་ཀྱིས་བླང་དོར་ཕྱིན་ཅི་ལོག་གི་འགལ་འདུ་འབའ་ཞིག་སྨྲ་བ་དེ་དག་ལ་རིགས་པའི་གནོད་བྱེད་དུ་མ་འབབ་པར་མཐོང་ནས། རང་རེའི་སྟོན་པ་དང་དེའི་བསྟན་པ་ཉིད་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་ངེས་པ་གཏིང་ཚུགས་པ་ཅིས་ཀྱང་མཛད་དགོས་སོ་གསུངས་འདི་དག་ལ་ཞིབ་ཆའི་གསུང་བཤད་མཐའ་ཆོད་ཅིང་ཡིད་ཁུལ་བ་དུ་མ་ཞིག་སྩལ་བྱུང་དེ་ཙམ་ལས་མ་ངེས་ཤིང་སྔ་ཕྱིའི་གོ་རིམ་ཡང་དཀྲིག་ཆར་ཞིག་མ་ངེས་སོ། །

 

དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་

ཁྱད་ཆོས་སོགས་བཤད་པ།

 

དེ་ནས་འདིར་གང་འཆད་རྒྱུའི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། རང་འགྲེལ་བཤད་རྒྱུད་དགོངས་པ་ལུང་སྟོན། རྡོ་རྗེ་འཕྲེང་བ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ལྷ་མོ་བཞི་ཞུས། ལྷའི་དབང་པོས་ཞུས་པ་སྟཻ་བཤད་རྒྱུད་ཆེན་པོ་ལྔའི་སྒོ་ནས་བཤད་པ་དང༌། མཆན་འགྲེལ་གྱི་གསལ་བར་བྱས་པ་དང༌། བརྗོད་བྱའི་དོན་ཐམས་ཅད་བསྡུས་ན་ལམ་རིམ་པ་གཉིས་སུ་འདུ་བ་སྟེ་ཁྱད་ཆོས་གསུམ་དང་ལྡན་པ། རྒྱུད་དེའི་འགྲེལ་བ་བཞི་སྦྲགས་རྒྱུའི་འགྲེལ་པ་བཤད་ཚུལ་སྣ་ཚོགས་འབྱུང་ཡང་རང་གི་ལུགས་ནི། འགྲེལ་པ་སྒྲོན་གསལ་དང༌། བསྡུས་དོན་དང༌། མཆན་འགྲེལ་དང༌། མཐའ་གཅོད་དཻ་བཞི་སྦྲགས་པ་ལ་བྱེད་ཅིང༌། མཐའ་དྲུག་དང་ཚུལ་བཞི་ཞེས་པའི་(༨བ)ཚུལ་བཞི་ནི། ཡིག་དོན་དང༌། སྤྱི་དོན་དང༌། སྦས་དོན་དང༌། མཐར་ཐུག་གི་དོན་དང་བཞི་ཡིན། དེ་ལ་ཡིག་དོན་དེ་ནི་ཡི་གེའི་ཐོབ་ཐང་གི་དོན་སྒྲ་པ་རྣམས་ཀྱིས་གོ་ཆོད་དམ་ཤེས་ཚོད་ཙམ་ལ་བྱེད། དཔེར་ན་གུ་ཧྱ་ས་མ་ཛ་གསང་བ་འདུས་པར་བཤད་པ་ལྟ་བུ་དང༌། སྤྱི་དོན་ནི། ཉམས་སུ་བླང་བྱ་ཐུན་མོང་བའི་དོན་སྟོན་པའི་ཚིག་དེ། དཔེར་ན་གསང་བ་འདུས་པ་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འདུས་པ་ལ་བཤད་པ་ལྟ་བུ་ཡིན་ལ། དེ་ལ་ཡང་ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་སྤྱི་དོན། རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་བའི་སྤྱི་དོན། བླ་མེད་རང་གི་རིམ་གཉིས་ཐུན་མོང་བའི་སྤྱི་དོན་སོགས་ཡོད། སྦས་དོན་ནི་གང་བཤད་རྒྱུའི་དོན་ཕྱི་ན་མི་མངོན་པར་ནང་ན་སྙིང་པོར་ཡོད་པའི་ཚུལ་གྱིས་སྦས་ཏཻེ། དཔེར་ན་གསང་བ་འདུས་པ་ཡབ་ཡུམ་གྱི་གསང་གནས་འདུས་པ་ལ་བཤད་པ་ལྟ་བུ། དེ་ལ་ཡང་འདོད་ཆགས་ཆོས་སྦས། ཀུན་རྫོབ་སྒྱུ་མའི་སྦས་པ། སྣང་བ་སེམས་སྦས་དང་གསུམ་ཡོད། མཐར་ཐུག་གི་དོན་ནི་དེ་ཕན་ཆད་དུ་འགྲོ་རྒྱུ་མེད་པ་སྟེ། དཔེར་ན་རྡོ་རྗེའི་ཚིག་གསང་བ་འདུས་པ་ཞེས་པའི་དོན་ལ་བཞི་ཡོད་པས་ནང་ནས་མཐར་ཐུག་གི་དོན་གྱི་འོད་གསལ་དང༌། དག་པའི་སྒྱུ་མའི་སྐུ་གཉིས་འདུས་པ་ལྟ་བུ་བཤད་པ་མཐར་ཐུག་པའི་དོན་ཡིན། མཐའ་དྲུག་ནི་དྲང་དོན་དང་ངེས་དོན་གཉིས། དགོངས་པ་ཅན་དང་དགོངས་མིན་གཉིས། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་དྲུག་ཡིན་ལ། དྲང་ངེས་ཀྱི་དོན་ནི་ཐལ་འགྱུར་བ་མན་གྱི་གྲུབ་མཐའ་སྨྲ་བ་བཞིའི་དོན་ཚུལ་དེ་འདྲ་མིན་པར། དེའི་དོན་གྱི་སྙིང་པོ་གོང་དུ་དྲངས་པ་ལྟར་དོན་གྱི་འོད་གསལ་ལྟ་བུ་ཐལ་འགྱུར་བས་འདོད་པས་ངེས་དོན་ཡིན་ཡང༌། ལུགས་འདིར་དེ་ལྟ་བུ་དྲང་དོན་ཡིན་ཏེ། དེའི་དོན་གྱི་སྙིང་པོ་སྐུ་ཐུགས་དབྱེར་མེད་པའི་ཟུང་འཇུག་ཏུ་དྲངས་དགོས་པ་ལྟ་བུ་ཡིན། དཔེར་ན་རྡོ་རྗེ་འཛིན་པ་ཞེས་པ་ལྟ་བུའི་དོན། རྡོ་རྗེ་རྩེ་ལྔ་པ་རང་ལྷར་གསལ་བའི་ཕྱག་མཚན་དུ་འཛིན་པར་བཤད་པ་ལྟ་བུ་དྲང་དོན་དང༌། ཟུང་འཇུག་རང་(༩ན)གི་བདག་ཉིད་དུ་འཛིན་པར་བཤད་པ་ལྟ་བུ་ངེས་དོན་གྱི་བཤད་པ་ཡིན། དགོངས་པ་ཅན་དང་དགོངས་མིན་ཞེས་པ་ནི། རྩ་རྒྱུད་ལེའུ་བརྒྱད་པར། ན་ཆུང་གཞོན་ནུ་མིག་ཡངས་པ། །ཞེས་པས་ཟུང་འཇུག་བསྟན་པ་ལྟ་བུ་དགོངས་བཤད་དང༌། ལེའུ་གཉིས་པར་མངོན་པར་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་དོན་གྱི་འོད་གསལ་བསྟན་པ་ལྟ་བུ་དགོངས་པ་ཅན་མིན་པས་བཤད་པ་ལ་འཇོག་པ་ལྟ་བུ་ཡིན། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། དཔེར་ན་དཀྱིལ་འཁོར་ཐིག་ཚོན་གྱིས་འབྲི་ཚུལ་གསལ་བར་བཤད་པ་ལྟ་བུ་སྒྲ་ཇི་བཞིན་པ་དང༌། དོན་དེ་ལ་སྒྲ་དེ་དངོས་སུ་འཇུག་པ་འཇིག་རྟེན་གྱི་ཐ་སྙད་དང་སྒྲའི་བསྟན་བཅོས་སོགས་ལ་མེད་ཀྱང༌། དེ་བཞིན་གཤེགས་པ་འབའ་ཞིག་གི་བརྡར་གྱུར་པས་བསྟན་པ། དཔེར་ན་ཀོ་ར་ཁྱ་སོགས་ཕྱག་ན་རྡོ་རྗེའི་མཚན་ལ་བཤད་པ་ལྟ་བུ་སྒྲ་ཇི་བཞིན་པ་མ་ཡིན་པའི་བཤད་པ་ཡིན་གསུང༌། འདི་དག་གི་ཞིབ་ཆ་དང༌། དོན་གང་ལ་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་འཇུག་ལུགས་དང༌། འགལ་བ་དང་ཐུན་མོང་དུ་འཇུག་ལུགས་ཇི་འདྲ་ཡོད། སློབ་བཤད་དང་ཚོགས་བཤད་ཀྱི་ཁྱད་པར་དང་བཅས་ཞིབ་ཏུ་གསུངས་སོ། །

 

 

 

 

 

རྒྱན་བདུན་གྱི་འཇོག་ཚུལ་བཤད་པ།

 

དེ་ནས་རྒྱན་བདུན་གྱི་སྐབས་སུ་དེ་དག་གི་འཇོག་ཚུལ་ནི། བཤད་བྱ་གླེང་གཞིའི་རྒྱན། བཤད་དོན་ལམ་ཉམས་ལེན་རིམ་པའི་རྒྱན། གཞུང་དོན་ཇི་ལྟར་འགྲེལ་པ་མཐའ་དྲུག་དང་ཚུལ་བཞིའི་རྒྱན། ཉན་པ་པོ་གང་ལ་གང་འཆད་པ་བཤད་ཚུལ་གྱི་རྒྱན། རྒྱུད་ལ་འཇུག་པའི་གང་ཟག་ཉན་པ་པོའི་རྒྱན། བཤད་དོན་ཇི་ལྟར་ཡིན་པ་བདེན་གཉིས་ངེས་པའི་རྒྱན་དང་བདུན་ཡིན་ལ། དེ་ལ་བཤད་བྱ་གླེང་གཞིའི་རྒྱན་ཅེས་པ་ནི། དཔེར་ན་རང་གི་བླ་མ་ལྟ་བུ་ཞིག་ནས་ཆོས་ཞུ་རྒྱུ་ཡིན་ན་རྒྱུས་མེད་ཐམ་ཐོམ་དུ་རྒྱུགས་ནས་ཆོས་ཞུ་བ་ལྟ་བུ་མ་ཡིན་པར་བླ་མ་དེའི་མཛད་ཚུལ་དང༌། ཡོན་ཏན་སོགས་ལེགས་པར་རྩད་བཅད་ནས་དེ་ཉིད་རྣམ་དག་ཏུ་འདུག་ན་ཆོས་ཞུ་དགོས་ལ། དེ་བཞིན་(༩བ)དུ་འདུས་པའི་གླེང་གཞིའི་རྒྱན་འདིས་ཀྱང༌། རྒྱུད་འདི་གསུང་བ་པཽ། འཁོར་ཇི་ལྟ་བུ་ལ་གནས་གང་དུ་གསུངས། དགོས་པ་དང་རྒྱུ་མཚན་གང་ཡོད་སོགས་ལེགས་པར་རྩད་གཅོད་དགོས་པ་ལྟ་བུ་དང༌། བཤད་དོན་ཉམས་ལེན་གྱི་རིམ་པའི་རྒྱན་འདིས་ཀྱང༌། རྒྱུད་འདི་ནས་བཤད་པའི་དོན་རྣམས་ལམ་ཉམས་ལེན་གྱི་རིམ་པར་བསྡུས་ན་ཉམས་སུ་ལེན་ལུགས་དང་འཚང་རྒྱ་ཚུལ་གྱི་ཁྱད་པར་ཇི་ལྟར་ཡོད་སོགས་ལེགས་པར་ཤེས་དགོས་པའི་ཚུལ་དང༌། མཐའ་དྲུག་ཚུལ་བཞིའི་རྒྱན་གྱིས་ནི། རྒྱུད་འདིའི་དོན་རྣམས་རྒྱལ་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་གབ་དཀྲུགས་འཐོར་ནས་བཞག་པ། འདི་ནས་བཤད་པའི་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་འགྲོ་ལུགས་ལ་གོ་བ་ལེགས་པར་ཆགས་ན་རྒྱུད་འགྲེལ་གྱི་དོན་རྣམས་ཕྱིན་ཅི་མ་ལོག་པར་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཚུལ་དང༌། ཉན་པ་པོ་གང་ལ་གང་འཆད་པ་བཤད་ཚུལ་གྱི་རྒྱན་འདིས་ནི། རྒྱུད་འདི་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་གདུལ་བྱ་ལ། རིན་པོ་ཆེ་ལྟ་བུ་དང༌། པདྨ་དང༌། པདྨ་དཀར་པོ་དང༌། ཨུཏྤལ་དང༌། ཙནྡན་ལྟ་བུ་སོགས་ལྔ་ཡོད་པ་ལས། གཙོ་བོ་ནི་རིན་པོ་ཆེ་ལྟ་བུའི་གདུལ་བྱ། དེ་ཡང་མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་ལྟ་བུ་དགོས་ཚུལ་དང༌། དྲུག་པ་རྒྱུད་ལ་འཇུག་པའི་གང་ཟག་ཉན་པ་པོའི་རྒྱན་གྱིས་ནི། དེའི་ནང་ནས་རིན་པོ་ཆེ་ལྟ་བུའི་གདུལ་བྱ་དེ་འདྲ་བའི་རིགས་ལ་སྨོན་ལམ་འདེབས་དགོས་ཚུལ་དང༌། བདུན་པ་བཤད་དོན་ཇི་ལྟར་ཡིན་པ་བདེན་གཉིས་ངེས་པ་རྒྱན་འདིས་ནི། མདོར་ན་རིན་པོ་ཆེ་ལྟ་བུའི་གདུལ་བྱ་དེས་ཀྱང་ལམ་ལ་མཆོངས་རྒྱང་རྒྱབ་པ་ལྟ་བུ་མ་ཡིན་པར། ཐོག་མར་གླེང་བསླང་ལྟ་བུར་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕྱིན་ཅི་མ་ལོག་པར་ཤེས་ཕྱིར་རྩད་ལེགས་པར་བཅད་དེ་ཤེས་པར་བྱས། དེ་ལྟར་ཤེས་ནས་ལམ་འདི་ལ་འཇུག་འདོད་ཀྱི་བློ་སྐྱེས་པ་ན། བཤེས་གཉེན་དམ་པ་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་(༡༠ན)བཞིན་དུ་བསྟེན་ཏཻ། དལ་འབྱོར་ནས་བཟུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་བར་ཐུན་མོང་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་ལེགས་པར་སྦྱངས་ཏེ་སྨིན་པ་ན། ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་སྡུག་བསྔལ་གྱིས་མནར་བ་མ་བཟོད་ནས་སངས་རྒྱ་བ་ལ་ཆེས་རིངས་པའི་བློ་སྐྱེས་བྱུང་ན། དགེ་བའི་བཤེས་གཉེན་བསྟེན་ཚུལ་སྔར་ལས་ཀྱང་ཆེས་ལྷག་པ་བྱས་ཏེ་མཉེས་པ་གསུམ་གྱིས་མཉེས་པར་བྱས་པའི་སྒོ་ནས་དབང་བཞི་རྣམ་པར་དག་པ་ཐོབ་པར་བྱས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་སྡོམ་པ་མཐའ་དག་མིག་གི་འབྲས་བུ་ལྟར་བསྲུང་བའི་སྒོ་ནས་སྨིན་བྱེད་བསྐྱེད་པའི་རིམ་པ་དང༌། གྲོལ་བྱེད་རྫོགས་པའི་རིམ་པའི་མི་སློབ་པའི་ལམ་ཟུང་འཇུག་གི་བར་གྲངས་མ་ཆད། གོ་རིམ་མ་འཕྱུགས། ངོ་བོ་མ་ནོར་བར་ཉམས་སུ་བླངས་པའི་མཐར་བདེན་གཉིས་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་ཚུལ་ལ་བཤེས་གཉེན་དམ་པའི་སྙན་བརྒྱུད་ཀྱི་མན་ངག་བཞིན་དུ་གོ་བ་ལེགས་པར་ཆགས་ནས་ཉམས་ལེན་དུ་སྒྲིལ་ལུགས་མཐའ་གཅོད་རིན་པོ་ཆེ་ནས་ཇི་ལྟར་གསུངས་པ་ལྟར་དགོས་སོ་གསུངས། འདི་དག་ལ་ཤིན་ཏུ་ཉེ་བར་འཁོར་བའི་མན་ངག་གི་གསུང་བཤད་མཐའ་ཡས་པ་ཞིག་གནང་བྱུང་ཡང་དེ་ཙམ་ལས་འབྲི་བར་མ་ནུས་སོ། །

དེ་ནས་བསྡུས་དོན་གྱི་རྩ་བའི་ས་བཅད་ལ། བྱེ་བྲག་ཏུ་རྒྱུད་འགྲེལ་གཉིས་ཀྱི་དོན་བཤད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་དངོས། འཇུག་གི་དོན་དང་བཞི།མཚན་དོན་ལ་གཉིས། འགྱུར་ཕྱག་ལ་གཉིས་ཡོད་པ། རྩ་རྒྱུད། འགྲེལ་རྐྱང༌། མཆན་སྦྲགས་དང་བཅས་པའི་ལྗགས་ཀློག་ཞིབ་པར་གནང་ནས་དེ་སྐོར་གྱི་ཞིབ་བཤད་དང༌། གསུམ་པ་གཞུང་དངོས་འཆད་པ་ལ། རྩ་བའི་རྒྱུད་བཤད་པ་ལ་འཇུག་པའི་ཡན་ལག །རྩ་བའི་རྒྱུད་ཀྱི་ཚིག་དོན་(༡༠བ)བཤད་པ་དངོས། རྒྱུད་ཀྱི་བཤད་པ་མཐར་ཕྱིན་པའི་ཚུལ་དང་གསུམ་ཡོད་པ་ལས། དང་པོ་རྩ་བའི་རྒྱུད་བཤད་པ་ལ་འཇུག་པའི་ཡན་ལག་འཆད་ཚུལ། འགྲེལ་པ་འབྲས་སྤར་མའི་གྲངས་༼༢༢༽ཡན་གྱི་ས་བཅད་འདི་རྫོགས་པར་སྒྲ་དག་གསལ་གསུམ་གྱི་སྒོ་ནས་ལྗགས་ཀློག་དག་པར་བསྐྱོན་གྲུབ་ནས། སྐབས་འདིར་རྟེན་འབྲེལ་གྱི་ཁྱད་ཙམ་དུ་ས་བཅད་འདྲེན་ལུགས་བཀོད་ནས་འོག་མ་རྣམས་ལ་ས་བཅད་བཀྲམ་ལུགས་སོགས་ཕུལ་དུ་བྱུང་བ་གནང་ཚུལ་ནས་དཀའ་གནད་དོགས་གནད་རེ་གཉིས་ཙམ་མ་གཏོགས་བདག་ལྟ་བུ་བློ་དམན་རྣམས་མགོ་འཁྲུགས་པའི་རྒྱུར་སོང་དོགས་མན་ངག་གི་གསུང་བཤད་ཟུར་བཤད་རགས་རིམ་ལས་མ་བཀོད་པས་ཞིབ་པ་ནི་འགྲེལ་པའི་ས་བཅད་བཅུས་དོན་ལྟར་ཡིན་ལ། མཚམས་འདིར་འགག་སྡོམ་གྱི་གསུང་བཤད་ལ། འོ་ད་ཡག་པོ་བྱས་ཏེ། འདི་ཡན་གྱི་རྒྱུད་དོན་ལ་འཇུག་པའི་ཡན་ལག་གི་རིམ་པ་རྣམས་ལེགས་པར་སོང་བ་ཡིན་པས། དེ་རྣམས་ཀྱི་དོན་རྩ་རང་དེ་གང་ཡིན་ན། གོང་དུ་རྒྱུད་འདི་ལ་རང་འགྲེལ་བཤད་རྒྱུད་ཆེན་པོ་ལྔའི་སྒོ་ནས་འགྲེལ་པའི་ཁྱད་ཆོས་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་བཤད་པའི་ཁྱད་པར། ལམ་རིམ་པ་གཉིས་ཀྱི་མན་ངག་དང་ལྡན་པའི་ཁྱད་ཆོས་ཏེ་གསུམ་པོ་དེ་ལེགས་པར་ཤེས་པའི་སྒོ་ནས། རྒྱུད་འདི་རྡོ་རྗེ་འཆང་རང་གིས་གསུངས་ཤིང༌། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་རང་ཡིན་ཚུལ་མ་གོ་བར། རྒྱུད་འཆད་པ་པོའི་རྡོ་རྗེ་འཆང་དང་སྟོན་པ་ཐུགས་རྗེ་ཅན་གཉིས་སོ་སོར་གོ་ནས་བཟུང་ན། བདག་ཅག་གི་སྟོན་པ་ལ་སྐུར་ཞུས་ཚད་མེད་པར་སོང་ཚུལ་ཞིབ་པ་དང༌། རྩ་རྒྱུད་ལེའུ་བཅུ་བདུན་པར་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔོན་ཆད་རྒྱུད་འདི་མ་བྱུང༌། (༡༡ན)ཕྱིས་ཀྱང་འབྱུང་དཀའ་བ་དང༌། སྟོན་པ་ཐུགས་རྗེ་ཅན་རང་ཉིད་ཀྱི་བསྟན་པ་ལ་རྒྱུད་འདི་གསུངས་པས་བདག་ཅག་གདུལ་བྱ་རྣམས་བསོད་ནམས་ཤིན་ཏུ་ཆེ་ཚུལ་ལས་བརྩམས་ཏེ་ཞིབ་ཏུ་གནང༌། དེ་ལྟར་གསུངས་པས་རྒྱུད་འདིའི་དོན་བསྡུས་ན་ལམ་རིམ་པ་གཉིས་ཀྱི་ནང་དུ་ཧྲིལ་ཏེ་འདུ་བར། གྲངས་ངེས་པ། གོ་རིམ་མ་འཕྱུགས་པ། ངོ་བོ་མ་ནོར་བའི་ཚུལ་ལ་ངེས་པ་བསྐྱེད་དགོས་ཤིང་དེའི་ནང་ནས་ཀྱང་གྲངས་ངེས་ཚུལ་ནི། ད་ལྟ་མཚན་ཉིད་པ་རྣམས་ལ་རླུང་ལྟར་གྲགས་པ་བཞིན། ཚེ་གཅིག་ལུས་གཅིག་གི་རྡོ་རྗེ་འཆང་གི་སར་འགྲོ་བ་ལ་ལམ་རིམ་པ་གཉིས་སུ་ཡོད་ཅིང༌། དེ་ལས་གྲངས་མང་བ་མི་དགོས་ཤིང༌། ཉུང་ན་མི་འདུ་བའི་ཚུལ་ལེགས་པར་བསམ་དགོས་ལུགས་དང༌། ཁྱད་པར་བཤད་ཐབས་ཀྱི་ཡན་ལག་འདི་རྣམས་ལ་བརྟེན་ནས་ཟབ་ལམ་རིམ་པ་ལྔའི་གནད་རྣམས་ལ་ངེས་པ་ཕུ་ཐག་ཆོད་པ་འདྲེན་ནུས་པ་དགོས་ཤིང༌། དེ་ཡང་ཟབ་ལམ་རིམ་པ་ལྔ་ནི། རྡོ་རྗེ་བཟླས་པའི་རིམ་པ། སེམས་དམིགས་ཀྱི་རིམ་པ། བདག་བྱིན་རླབས་ཀྱི་རིམ་པ། སྒྱུ་ལུས་དང་འོད་གསལ་གཉིས་ཏེ་བདེན་གཉིས་ཀྱི་རིམ་པ་དང་ལྔ་ཡིན་པས། དེའི་ནང་ནས་ཀྱང་གཙོ་བོ་དང་པོ་རྡོ་རྗེའི་བཟླས་པའི་རིམ་པ་ཡིན། དེའི་ཚུལ་ནི། དཔེར་ན་པི་ཝང་ལ་སྐད་སྙན་པོ་ཕུན་སུམ་ཚོགས་པ་ཡོང་བ་ལ་ཁོག་ཤིང་འཇམ་པོ་དགོས་པ་ལྟར། དང་པོར་ལུས་དབེན་གྱི་རིམ་པ་དང༌། དེ་ལ་བརྟེན་ནས་ངག་དབེན། རྡོ་རྗེ་བཟླས་པའི་རིམ་པ་འདི་འབྲས་བུ་མཐར་ཐུག་མ་ཐོབ་པར་དུ་གལ་ཆེ་ཞིང༌། ངག་དབེན་ལ་བརྟེན་ནས་སེམས་དབེན་དཔེ་དོན་གྱི་འོད་གསལ། དེ་ལས་དག་མ་དག་གི་སྒྱུ་ལུས། དེ་ལས་སློབ་མི་སློབ་ཀྱི་ཟུང་འཇུག་འགྲུབ་ཚུལ། དེ་ཡང་དག་པའི་སྒྱུ་མའི་སྐུ་དེ་ནི་ནམ་མཁའ་མ་ཟད་ཀྱི་བར་དུ་འདོར་རྒྱུ་མེད་པས་རྡོ་རྗེའི་སྐུ་ཞེས་བརྗོད་ཚུལ་སོགས་ཞིབ་ཅིང་རྒྱས་པར་བསྩལ་ཏོ། །

དེ་ཡང་དཔེར་ན་མངོན་རྟོགས་རྒྱན་ལྟ་བུའི་(༡༡བ)གཞུང་དོན་ལ་འཇུག་པ་ལ། དེ་གང་ལས་བྱུང་ཚུལ་དང༌། དེའི་བརྗོད་བྱ་དངོས་པོ་བརྒྱད་དང་དོན་བདུན་ཅུ་ལ་གོ་བ་ལེགས་པར་ཆགས་དགོས་པ་ལྟར། འདིར་ཡང་སྐབས་འདི་རང་ནས་ཁྱད་ཆོས་གསུམ་ལྡན་གྱི་རྒྱུད་འདི་དག་གི་འབྱུང་ཁུངས་དང༌། དེའི་བརྗོད་བྱ་ལམ་རིམ་པ་གཉིས་ཀྱི་དོན་རྣམས་བཤད་རྒྱུ་དང༌། འགྲེལ་པ་གཞན་ལ་བརྟེན་ནས་འཆད་ཚུལ་སོགས་ལ་གོ་བ་ལེགས་པར་ཆགས་པར་བྱས་ཏེ་དེ་ནས་རང་གིས་ཉམས་སུ་ལེན་ནམ། གཞན་ལ་འཆད་པ་གང་བྱེད་ཀྱང་གོང་དུ་ཞིབ་ཏུ་བཤད་པའི་རྒྱན་བདུན་གྱི་སྒོ་ནས་ལེགས་པར་འཆད་ཤེས་པ་དང༌། ཉམས་སུ་ལེན་ཤེས་པ་གལ་ཆེ་ཞིང༌། དེ་ཡང་རྒྱུད་འདི་ལ་ལེའུ་བཅུ་བདུན་ཡོད་པས་ལེའུ་གང་གི་བརྗོད་བྱའི་གཙོ་བོ་གང་བསྟན་པ་དང༌། ལེའུ་གང་ལ་མཐའ་དྲུག་དང་ཚུལ་བཞིའི་རྒྱས་ཇི་ལྟར་བཏབ་སོགས་ངེས་པ་བྱ་དགོས་པ་ཡིན། དེ་ཡང་འདིར་གང་འཆད་རྒྱུའི་དཔལ་གསང་བ་འདུས་པའི་རྒྱུད་དེ་ལ། རྩ་རྒྱུད་རྒྱས་པའི་ཉི་ཁྲི་ལྔ་སྟོང་པ། དེ་ལས་བསྡུས་པ་ཤོ་ལོཀ་སྟོང་སུམ་བརྒྱའི་བདག་ཉིད་རྩ་རྒྱུད་ལེའུ་བཅུ་བདུན་པ། དྲི་ལན་ལྔ་བཅུ་རྩ་ལྔའི་སྒོ་ནས་རྩ་རྒྱུད་ཀྱི་དོན་ཐམས་ཅད་མཚན་དོན་དུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་འདུས་པའི་རྒྱུད་ཕྱི་མ་རྣམས་སུ་ཡོད་པ་ལས། རྒྱུད་དེ་རྣམས་ཀྱི་དོན་ཐམས་ཅད་དཔལ་གསང་བ་འདུས་པ་ཞེས་པའི་མཚན་དོན་དུ་འདུ་བ་ཡིན་ཏེ། རྒྱུད་དོན་ཐམས་ཅད་དཔལ་དང༌། གསང་བ་དང༌། འདུས་པར་འདུ་བར་མ་ཟད་གདུལ་བྱ་བླ་མེད་ཀྱི་ཐེག་པ་ལ་མ་ཞུགས་པ་རྣམས་བླ་མེད་ཀྱི་ཐེག་པ་ལ་ཉེ་བར་འཇུག་ཅིང་ཉེ་བར་སྒྲུབ་པར་བྱེད་པའི་ཉེར་སྒྲུབ་དང༌། ཞུགས་པ་རྣམས་ལ་དབང་བཞི་བསྐུར་ནས་རྒྱུད་སྣོད་རུང་དུ་སྒྲུབ་པར་བྱེད་པའི་སྒྲུབ་པ་དང༌། སྣོད་རུང་དུ་གྱུར་ནས་རིམ་པ་གཉིས་ཀྱི་རྡོ་རྗེ་བཞི་ལ་ཡང་དང་ཡང་དུ་བསྙེན་ཅིང་སྒྲུབ་པར་བྱེད་པའི་བསྙེན་པ་དང༌། རིམ་གཉིས་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པའི་སྒྲུབ་ཆེན་གྱི་ཡན་ལག་སོགས་སུ་ངེས་པར་འདུ་ལུགས་འོག་ནས་ཨེ་ཝཾ་གི་དོན་འཆད་པའི་སྐབས་སུ་འབྱུང་བ་(༡༢ན)ལྟར་དང༌། དེ་ཡང་རྩ་རྒྱུད་ལེའུ་དང་པོས་དྲང་དོན་གྱི་བྱེ་བྲག་གིས་བརྟག་པའི་བསྐྱེད་རིམ་དང༌། ངེས་པའི་དོན་གྱིས་བྱེ་བྲག་གིས་མ་བཅོས་པས་རྫོགས་པའི་རིམ་པ་སྒྲུབ་པའི་ཐབས་གཉིས་སོ་སོར་བསྟན། གང་ལ་བསྟན་ཉན་པའི་སྐལ་བ་དང་ལྡན་པའི་གདུལ་བྱ་ལ་བསྟན། སྐལ་བ་དང་ལྡན་པའི་ཐབས་གང་གིས་བྱེད་ན། དབང་བཞི་བསྐུར་བའི་སྒོ་ནས་སྐལ་བ་དང་ལྡན་པར་བྱེད། དབང་བཞི་དཀྱིལ་འཁོར་གང་དུ་བསྐུར་ཚུལ་སོགས་རྒྱུད་འདིའི་བརྗོད་བྱའི་དོན་ཐམས་ཅད་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་ནས་མདོར་བསྟན། ལེའུ་གཉིས་པ་ནས་བཟུང་བཅུ་བདུན་པའི་བར་གྱིས་དེ་དག་རྒྱས་པར་འཆད། ལེའུ་བཅོ་བརྒྱད་པས་དེ་རྣམས་ཀྱིས་གསང་བའི་མན་ངག་རྣམས་དྲིས་ལན་གྱི་སྒོ་ནས་གསལ་བར་བསྟན་པ་ཡིན་གསུང༌། དེ་ལྟར་ལེའུ་སོ་སོས་བརྗོད་བྱའི་གཙོ་བོ་བསྟན་ཚུལ་ལ། བཤད་རྒྱུད་དགོས་པ་ལུང་སྟོན་ནས་འབྱུང་བ་དང༌། འདུས་པའི་རྒྱུད་ཕྱི་མ་ལས་གསུང་ཚུལ་གཉིས་ཡོད་པ་ལས། རྒྱུད་ཕྱི་མ་ནས་གསུངས་པ་ལྟར་ན། ལེའུ་གཉིས་པས་ཞི་ཞིང་དུལ་བའི་གདུལ་བྱ་རྣམས་རྒྱལ་བ་རིགས་དྲུག་གིས་གསུངས་པའི་སྟོང་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྐྱེད་ནས་བླ་མེད་ལ་འཇུག་ཚུལ་དེ་བསྟན། ལེའུ་དྲུག་པས་རིགས་དྲུག་གི་ཕན་ཡོན་ཚེ་གཅིག་ལ་འཚང་རྒྱ་ཚུལ་བསྟན་པའི་སྒོ་ནས་སྤྲོ་བ་བསྐྱེད་ནས་བླ་མེད་ལ་འཇུག་ཚུལ་དེ་བསྟན། ལེའུ་བཅུ་པས་འདུལ་དཀའ་བའི་སེམས་ཅན་རྣམས་དཀྱིལ་འཁོར་གྱི་ལྷ་སོ་གཉིས་ཀྱིས་རང་རང་གི་འོད་ཟེར་གྱི་ལྕགས་དཀྱུས་བཀུག་ནས་བླ་མེད་ལ་འཇུག་ཚུལ་དེ་བསྟན། ལེའུ་བཅུ་བཞི། ཡུམ་བཞི། ཁྲོ་བོ་དགུ །ལྷ་མོ་གཉིས་ཕུར་གདབ་ཀྱི་སྔགས་བཞིས་བཀུག་ནས་ཚར་བཅད་དེ་བླ་མེད་ལ་འཇུག་ཚུལ་དེ་བསྟན། དེ་ལྟ་བུའི་ལེའུ་བཞི་པོ་དེ་ལ་ཉེར་སྒྲུབ་ཀྱི་ལེའུ་ཞེས་བྱ་བ་ཡིན། ལེའུ་བཞི་པས་མི་བསྐྱོད་པའི་ཕྱག་མཚན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་བསྐུར་ཚུལ་དེ་བསྟན། ལེའུ་བརྒྱད་(༡༢བ)པས་གསང་བའི་དབང་བསྐུར་ཚུལ་དེ་བསྟན། ལེའུ་བཅུ་གཉིས་པས་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་ཕོ་མོ་རྣམས་ལ་དབང་བཞི་བསྐུར་ཚུལ་དེ་བསྟན། ལེའུ་བཅུ་དྲུག་པས་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་དེ་བསྟན། དེ་འདྲ་བའི་ལེའུ་བཞི་པོ་དེ་ལ་སྒྲུབ་པའི་ལེའུ་ཞེས་བྱ་བ་ཡིན། ལེའུ་གསུམ་པ་དང་བཅུ་གཅིག་པས་མཉམ་བཞག་ཏུ་རིམ་གཉིས་རྡོ་རྗེ་བཞི་ལ་ཡང་དང་ཡང་དུ་ཉམས་སུ་ལེན་ཚུལ་དེ་བསྟན། ལེའུ་བདུན་པས་རྗེས་ཐོབ་ཏུ་སྤྱོད་པ་གསུམ་ལ་བརྟེན་ནས་གཟུགས་ལ་རྣམ་པ་གསུམ། དེ་བཞིན་དུ་སྒྲ་དྲི་རོ་རེག་བྱ་རྣམས་ལ་ཡང་རྣམ་པ་གསུམ་དུ་བྱས་ཏེ་རྡོ་རྗེ་བཞིའི་ངོ་བོར་བལྟ་ཚུལ་དེ་བསྟན། ལེའུ་བཅོ་ལྔ་པས་གང་སྣང་ཐམས་ཅད་རྡོ་རྗེ་འཆང་གི་རྣམ་རོལ་དུ་བལྟ་ཚུལ་དེ་བསྟན། ལེའུ་འདི་བཞི་ལ་བསྙེན་པའི་ལེའུ་བྱ་བ་ཡིན། ལེའུ་ལྔ་པ་དང་དགུ་པ་གཉིས་ཀྱི་སྲོག་གཅོད་སོགས་བདུན་སྤངས་པའི་སྒོ་ནས་གཞན་དོན་རྒྱ་ཆེན་པོ་གྲུབ་པར་མ་ཟད་སྲོག་གཅོད་སོགས་བདུན་ལ་སྤྱད་པའི་སྒོ་ནས་ཀྱང་གཞན་དོན་རྒྱ་ཆེན་པོ་སྒྲུབ་ཚུལ་དེ་བསྟན། ལེའུ་བཅུ་གསུམ་པས་དུག་གསུམ་ཅན་གྱི་སེམས་ཅན་དང༌། བསྟན་པ་དང་དཀོན་མཆོག་གསུམ་ལ་གནོད་པའི་སེམས་ཅན་རྣམས་འོད་གསལ་དུ་བཅུག་ནས་འོད་གསལ་གྱི་རླུང་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་ལྡང་ཚུལ་བསྟན་པའི་སྒོ་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་ཚུལ་དེ་བསྟན། ལེའུ་བཅུ་བདུན་པས། གཤེགས་པ་དང་གཤེགས་མ། ཁྲོ་བོ་དང་ཁྲོ་མོ། ཉན་ཐོས་དང་རང་རྒྱལ། ཕྱོགས་སྐྱོང་བཅུ། འཇིག་རྟེན་པའི་གཙོ་བོ་གསུམ། རྫུ་འཕྲུལ་ཆུང་བ་ལྔ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་ཚུལ་དེ་བསྟན། དེ་འདྲ་བའི་ལེའུ་བཞི་པོ་དེ་ལ་སྒྲུབ་ཆེན་གྱི་ལེའུ་ཞེས་བྱ་བ་ཡིན། དེས་ན་མཆོག་གི་དངོས་(༡༣ན)གྲུབ་ཐོབ་ནས་གཞན་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་སློབ་པའི་ཟུང་འཇུག་གི་རྡོ་རྗེ་བཞི་ལ་འབྲེལ། དེ་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་རྡོ་རྗེ་བཞི་ལ་འབྲེལ། དེ་མ་དག་པའི་སྒྱུ་ལུས་ཀྱི་རྡོ་རྗེ་བཞི་ལ་འབྲེལ། དེ་དབེན་པ་གསུམ་གྱི་རྡོ་རྗེ་བཞི་ལ་འབྲེལ། དེ་བསྐྱེད་རིམ་པའི་རྡོ་རྗེ་བཞི་ལ་འབྲེལ། དེ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལ་འབྲེལ། དེ་ཡང་མགོ་བཤེས་གཉེན་བསྟེན་ཚུལ་ནས་འཇུག་ཞི་གནས་དང་ལྷག་མཐོང་ལ་བསླབ་པའི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་ལ་འབྲེལ་བའི་འབྲེལ་ཚུལ་ཕུན་སུམ་ཚོགས་པ་ཡང་དཔལ་གསང་བ་འདུས་པའི་མཚན་དོན་ལ་འཇུག་པ་ཡིན། དེ་ལྟ་བུའི་རྩ་བའི་རྒྱུད་ཀྱི་དགོངས་པ་ཇི་བཞིན་འགྲེལ་བར་བྱེད་ཀྱང༌། དྲིས་ལན་བཅུ་བདུན་གྱི་སྒོ་ནས་རྩ་རྒྱུད་ཀྱི་དོན་ཐམས་ཅད་དྲང་ངེས་གཉིས་སུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་བཤད་རྒྱུད་དགོངས་པ་ལུང་སྟོན། དྲིས་ལན་བརྒྱད་བཅུ་རྩ་གཅིག་གི་སྒོ་ནས་རྩ་རྒྱུད་ཀྱི་དོན་ཐམས་ཅད་གླེང་གཞིར་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་བཤད་རྒྱུད་རྡོ་རྗེ་འཕྲེང་བ། དྲིས་ལན་ཉི་ཤུ་རྩ་ལྔས་རྩ་རྒྱུད་ཀྱི་དོན་ཐམས་ཅད་སྲོག་རྩོལ་དུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས། དྲིས་ལན་བཅུ་གསུམ་གྱི་སྒོ་ནས་རྩ་རྒྱུད་ཀྱི་དོན་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ངེས་པའི་ཚིག་བཞིར་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། དྲིས་ལན་གསུམ་གྱི་སྒོ་ནས་རྒྱུད་དོན་ཐམས་ཅད་ཨེ་ཝཾ་དུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་བཤད་རྒྱུད་ལྷའི་དབང་པོས་ཞུས་པ། དྲི་ལན་ལྔ་བཅུ་རྩ་ལྔའི་སྒོ་ནས་རྒྱུད་ཀྱི་དོན་ཐམས་ཅད་ཀྱི་མཚན་དོན་དུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པའི་འདུས་པའི་ལེའུ་བཅོ་བརྒྱད་པ་དེ་རྒྱུད་ཕྱི་མ་རྣམས་དང་(༡༣བ)གཞན་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོར་བྱས། མདོ་སྲེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས། བྱང་ཆུབ་སེམས་འགྲེལ། རིམ་ལྔ་འཕགས་པ་ལྷས་མཛད་པས་སྤྱོད་བསྡུས་སྒྲོན་མེ། བདག་བྱིན་རླབས། སེམས་ཀྱི་སྒྲིབ་སྦྱོངས། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་རིམ་པ་གཉིས་པ། ཀླུ་བྱང་གིས་མཛད་པའི་དཀྱིལ་ཆོག་ཉི་ཤུ་པ། རྣམ་གཞག་རིམ་པ། ལས་མཐའ་རྣམ་འབྱེད། དཔལ་ལྡན་ཟླ་བ་གྲགས་པས་མཛད་པས་འགྲེལ་པ་སྒྲོན་གསལ། རྡོ་རྗེ་སེམས་པའི་སྒྲུབ་ཐབས། སྦྱོར་དྲུག་གི་འགྲེལ་པ། རྗེས་འབྲངས་རྣམས་ཀྱིས་གཙོ་བོ་དཔལ་ནཱ་རོ་པས་མཛད་པའི་རིམ་ལྔ་བསྡུས་པ་གསལ་བ་དང༌། འགྲེལ་པ་གསལ་བའི་སྒྲོན་མེ་སོགས་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་ཚད་ལྡན་རྣམས་ཀྱི་གཞུང་འགྲེལ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་རྒྱུད་འདིའི་དགོངས་པ་འགྲེལ་ཚུལ་ལ་གོ་བ་གཏིང་ཚུགས་པ་ལེགས་པར་ཆགས་དགོས་ཚུལ་ཞིབ་ཏུ་སྩལ་ཞིང༌། གསུང་བཤད་འདི་དག་ནི་སྐབས་འདི་ཙམ་དུ་མ་ཟད་རྒྱུད་འགྲེལ་འཆད་པའི་གོང་འོག་ཐམས་ཅད་དང༌། ཁྱད་པར་བསྐྱེད་རྫོགས་ཀྱི་སྐབས་སོགས་ཡང་དང་ཡང་དུ་རྒྱས་ཤིང་མཐའ་ཆོད་པར་ཐོར་བུའི་ཚུལ་དུ་གསུངས་པ་རྣམས་འཇུག་བདེ་བའི་ཕྱིར་ཐད་ཀ་འདིར་ཕྱོགས་གཅིག་ཏུ་བསྡོམས་ནས་བཀོད་པ་ཡིན་པས་བླ་མའི་གསུང་བཤད་ཡིན་མིན་ལ་ཐེ་ཚོམ་པར་ཞུ། འདི་དག་སོགས་སྔ་ཕྱིའི་སྐབས་སུ་ཡི་གེའི་སྡེབས་དང་ཐོབ་ཐང༌། ཚིག་གི་གཅོད་མཚམས་སོགས་ཀྱང་ལེགས་པར་ཤེས་ན་གསུང་རབ་ཀྱི་དོན་གོ་བ་ལ་ཁྱད་ཆེན་པོ་ཡོད་པར་མ་ཟད། བདག་ཅག་གི་འདྲེན་མཆོག་དམ་པ་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་ཀྱི་ཡི་གེའི་བརྡའ་ཆད་ཚུན་ཆད་ལ་སྐྱོན་སྤུ་ཙམ་མེད་པ་འདི་འདྲ་བ་ལ་མིག་ལྟོས་ཡར་བལྟ་བྱེད་དགོས་ལུགས་སོགས་སྔོན་མེད་པའི་ལེགས་བཤད་ཀྱི་བརྒྱན་ཏེ་ཡང་ཡང་བསྩལ་ཏོ། །

དེ་ནས་བཤད་པ་ལ་འཇུག་པའི་བྱ་བ་གླེང་གཞི་སྦས་བཤད་ཅེས་པ་(༡༤ན)འདི་སྐད་བདག་གིས་ཐོས་པ་ཞེས་པ་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་སོ་ཞེས་པ་ཡི་གེ་བཞི་བཅུ་རྩ་བཞི་པོ་འདིའི་ནང་དུ་དཔལ་གསང་བ་འདུས་པའི་ལམ་ལ་སློབ་ཚུལ། བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་གི་བར་ཆ་ཚང་བ་ཟུར་ཙམ་ཡང་མ་ཉམས་པར་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་བསྟན་པ་ཡིན་ཞིང༌། དེ་ཐམས་ཅད་ཀྱི་དོན་བསྡུས་ན་འདི་སྐད་བདག་གིས་ཐོས་པའི་དོན་ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་ཀྱི་གོང་དུ་སྨོས་པ་ལྟར་རྒྱུད་འདིའི་བརྗོད་བྱའི་དོན་མཐའ་དག་བསྟན་པ་ཡིན་ཞིང༌། དེ་ལ་ཡང་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་སྒོ་ནས་བཤད་པས། དང་པོ་མདོར་བསྟན་ལ། ཐོབ་བྱ་འབྲས་བུའི་ཨེ་ཝམ། ཐོབ་བྱེད་ལམ་གྱི་ཨེ་ཝམ། འདྲེན་བྱེད་རྟགས་ཀྱི་ཨེ་ཝམ་གསུམ་ཡོད་པས། དང་པོ་ཐོབ་བྱ་འབྲས་བུའི་ཨེ་ཝམ་ལ་ཡང་དྲང་བའི་དོན་དུ་བཤད་པ་དང༌། ངེས་པའི་དོན་བཤད་ཚུལ་གཉིས་ཡོད་པས། དང་པོ་ནི། སྟོན་པ་རྡོ་རྗེ་འཆང་ནང་དུ་ཞུགས་ནས་རྒྱུད་གསུང་བའི་གནས་བྷ་ག་སོགས་ནི་ཨེ་ཡི་གེ་དོན་དང༌། སྟོན་པ་ནི་ཝ་དང༌། དེས་གསུངས་པའི་ཆོས་ནི་ཐིག་ལེའི་དོན་ཡིན། ངེས་པའི་དོན་དུ་འཆད་པ་ལ་ཡང་བདེ་སྟོང་དབྱེར་མེད་དང༌། བདེན་གཉིས་དབྱེར་མེད་གཉིས་ལས། དང་པོ་ནི་དག་པ་གཉིས་ལྡན་གྱི་རང་བཞིན་རྣམ་དག་ཨེ་དང༌། འབྲས་དུས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་ཝ་དང༌། ཡེ་ཤེས་དེ་ཡུལ་དེ་ལ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སྣང་ནུབ་པ་ཐིག་ཨེའི་དོན་ཡིན། གཉིས་པ་བདེན་གཉིས་དབྱེར་མེད་ཀྱི་ངེས་དོན་ནི། དེ་ལྟ་བུའི་བདེ་སྟོངདབྱེར་མེད་ཀྱི་ཡེ་ཤེས་ཨེ་དང༌། མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུ་ནི་ཝ་དང༌། དེ་གཉིས་སྐུ་ཐུགས་དངོས་པོ་གཅིག་ཏུ་སོང་བ་ཐིག་ལེའི་དོན་ཡིན། ཐོབ་བྱེད་ལམ་གྱི་ཨེ་ཝམ་ལ་ཡང༌། དྲང་ངེས་གཉིས་ལས། རྣམ་ཐར་སྒོ་གསུམ་ཚང་བ་མཐའ་བྲལ་དབུ་མའི་ལྟ་བ་ཨེ་དང༌། རླུང་དབུ་མར་བཞུགས་གནས་འཐིམ་གསུམ་བྱས་པའི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སེམས་བདེ་བ་ཆེན་པོའི་ངོ་བོར་སོང་(༡༤བ)བ་ཝ་དང༌། བདེ་བདེ་ཡུལ་དེ་ལ་གཉིས་སྣང་ནུབ་པ་ཐིག་ལེའི་དོན་དང༌། ཡང་དོན་གྱི་འོད་གསལ་ལྟ་བུ་ཨེ་དང༌། དོན་གྱི་འོད་གསལ་ལས་བཞེངས་པའི་དག་པའི་སྒྱུ་མའི་སྐུ་ནི་ཀུན་རྫོབ་བདེན་པ་ཝ་དང༌། དེ་གཉིས་སྐུ་ཐུགས་དངོས་པོ་གཅིག་པ་ཐིག་ལེའི་དོན་ཡིན་ལ། །རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་དཔལ་གསང་བ་འདུས་པ་ཞེས་པ་གོང་དུ་བཤད་པ་ཡང་འདི་ཡིན། དེ་ནས་འདྲེན་བྱེད་རྟགས་ཀྱི་ཨེ་ཝམ་ནི། དེ་ལྟ་བུའི་འབྲས་དུས་ཀྱི་ཨེ་ཝམ་གི་རྒྱུ། ལམ་དུས་ཀྱི་ཨེ་ཝམ་གཉིས་རྒྱུད་ལ་སྐྱེས་པ་ལ་རྩ་རླུང་གི་ཐིག་ལེའི་གནད་ལ་མཁས་པར་བྱས་ནས་དགའ་བཞི་འདྲེན་དགོས། དེ་ལ་ངེས་པར་ཕྱག་རྒྱ་བསྟེན་དགོས་པས། ཡུམ་གྱི་བྷ་ག་ནི་ཨེ་དང། ཡབ་ཀྱི་རྡོ་རྗེ་ཝ་དང་དེ་གཉིས་འདུས་པ་ཐིག་ལེའི་དོན་ཡིན་གསུང༌། ཨེ་ཝམ་གྱི་དོན་རྒྱས་པར་བཤད་པ་ལ་ཡང་སྟོང་པ་རྒྱས་པར་བཤད་པ་དང༌། བདེ་བ་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི་འཁོར་བའི་རྩ་བ་ངོས་བཟུང་བ་དང༌། དེའི་གཉེན་པོ་བདག་མེད་ལ་ཕྲ་རགས་མི་འདྲ་བ་བཞི་ལས། རང་བཞིན་གྱིས་གྲུབ་པའི་དགག་བྱ་ཕྲ་མོ་བདེན་གཉིས་གང་དུ་ཡང་མ་གྲུབ་པ་ནི་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཡི་གེ་གཙོ་བོ་དང༌། བདེ་སྟོང་སྦྱོར་བའི་སྟོང་པ་ཡང་གང་བྱུང་གི་མི་ཆོག་པར་ངེས་དོན་གྱི་མདོའི་དགོངས་པ་འཕགས་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར། རྟེན་འབྱུང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་ངེས་པའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་པ་ཞིག་དགོས། བདེ་བ་རྒྱས་པར་བཤད་པ་ལ། འདིའི་བདེ་བ་ལ་སེམས་ཅན་རང་ག་བའི་འཁྲིག་པའི་བདེ་བ་དང། ཞི་གནས་ཀྱི་གཤིན་སྦྱངས་ཀྱི་བདེ་བ། བྱང་སེམས་ལས་དང་པོ་བས་སྟོང་ཉིད་བསྒོམ་བའི་བདེ་བ། ཕར་ཕྱིན་ཐེག་པའི་འཕགས་པས་སྟོང་ཉིད་རྟོགས་པའི་བདེ་བ། རྒྱུད་སྡེ་འོག་མ་གསུམ་གྱི་ལྷའི་རྣལ་འབྱོར་དང་འབྲེལ་བའི་སྲོག་རྩོལ་བསྒོམ་པའི་བདེ་བ། བླ་མེད་ཀྱི་བསྐྱེད་རིམ་པས་ཞུ་བདེས་དྲངས་པའི་བདེ་བ་ཙམ་གྱིས་མི་ཆོག་པར། སྐབས་འདིར་བཤད་པའི་བདེ་སྟོང་དབྱེར་མེད་པའི་ལྷན་(༡༥ན)སྐྱེས་ཀྱི་བདེ་བ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་དམ་ཚིག་དང་སྡོམ་པ་དག་པ་ལ་གནས་ནས། རིམ་པ་དང་པོའི་ལམ་བསྒོམ་པ་སྔོན་དུ་སོང་བའི་རྣལ་འབྱོར་པ་ཞིག་གིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་མཐུས་གཉིས་སྣང་གི་རྣམ་རྟོག་རགས་པ་རྣམས་དང༌། དེའི་བཞོན་པའི་ལས་རླུང་གི་རྒྱུ་བ་འགགས་ཤིང་རླུང་རྔཱུ་ཏིར་བསྡུས་ཏེ་ཐིམ་པ་ལས་སྟོང་པ་རྣམས་འཆར་བ་དང་ལྷན་ཅིག་ཏུ་ལྟེ་གསང་གི་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་མཐུས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་ཆེན་ཁྱད་པར་ཅན་ཞིག་ཡིན། དེ་འདྲ་བའི་བདེ་སྟོང་དབྱེར་མེད་དུ་འགྲོ་ཚུལ་ཡང༌། བདེ་བ་ལྟ་བས་ཟིན་པ་དང༌། ལྟ་བ་བདེ་བས་ཟིན་པ་དང༌། བདེ་སྟོང་གཉིས་ངོ་བོ་དབྱེར་མེད་ཡིན་པ་ཙམ་ལ་མི་བྱེད་པས་བདེ་ཆེན་མཚན་ཉིད་ཚང་བ་སྐྱེས་པའི་ཚེ་བདེ་བ་སྔར་ཟིན་པའི་ལྟ་བ་དེ་ཡུལ་དུ་བྱས་ནས་སྐྱོང་དགོས་ལ། དེ་ལྟར་བསྐྱང་ན་ཡུལ་སྟོང་པ་ཉིད་ལ་ཁྱད་པར་མེད་ཀྱང༌། ཡུལ་ཅན་བློ་རང་ག་བས་སྟོང་ཉིད་བསྒོམ་པ་དང་མི་འདྲ་བར་གཉིས་སྣང་ལོགས་པ་དང་བསོད་ནམས་ཀྱི་ཚོགས་ཀྱང་རྫོགས་པའི་གནད་ཁྱད་པར་ཅན་ཡོད་པ་ཡིན་གསུང༌། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝམ་རྒྱས་པར་བཤད་པ་ལ། སྣང་མཆེད་ཐོབ་གསུམ་དོན་གྱི་འོད་གསལ་དང་བཅས་པ་རྒྱས་པར་བཤད་པ་དང༌། སྒྱུ་ལུས་སྒྲུབ་ཚུལ་གྱི་གནད་རྒྱས་པར་བཤད་པ། གཞི་ལ་རིམ་ལྔ་དང༌། སྐུ་གསུམ་གྱི་ཐ་སྙད་བྱས་པ་ལ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་གནད་ཡོད་ཚུལ་རྣམས་གོང་འོག་ཀུན་ཏུ་རྒྱས་པར་གསུངས་སོ། །

དེར་མ་ཟད་མཐར་ཐུག་གི་དོན་ཨེ་ཝམ་ཞེས་པའི་གོང་དུ་བཤད་པ་ལྟར་བདེན་གཉིས་ལ་འཇུག་ཅིང༌། བདེན་པ་གཉིས་ཀྱང་ཕར་ཕྱིན་ཐེག་པའི་སྐབས་ཀྱི་འཇོག་ཚུལ་དེ་འདྲ་མིན་པར། འོད་གསལ་དང་སྒྱུ་ལུས་གཉིས་དང༌། ཟུང་འཇུག་ཀྱང་དེ་གཉིས་ཟུང་དུ་འཇུག་པ་ལ་བྱེད་ཅིང༌། བདེ་སྟོང་དབྱེར་མེད་ཞེས་པའི་དོན་ཡང་ཆུ་དང་འོ་མ་འདྲེས་ནས་དབྱེར་མེད་དུ་སོང་བ་ཙམ་ལ་མི་ཟེར་བར། ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཡུལ་དེ་ལ་(༡༥བ)ཞིབ་ཏུ་ཕྱེ་ན་སྣང་ཡུལ། ཞེན་ཡུལ་འཇུག་ཡུལ། བཟུང་ཡུལ་སོགས་བཞི་ཡོད་པ་ལས། ཞེན་ཡུལ་ཞེས་པ་དང༌། འཛིན་སྟངས་ཀྱི་ཡུལ་དོན་གཅིག་པས་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དེས་རང་གི་ཞེན་ཡུལ་སྟོང་པ་ཉིད་ལ་དམིགས་ནས་བསྒོམས་པས་མཐར་ཡུལ་ཅན་གྱི་བློ་དེ་རང་གི་ཞེན་ཡུལ་སྟོང་པ་ཉིད་དེའི་ངོ་བོར་སོང་ནས་དབྱེར་མི་ཕྱེད་པའི་དོན་ལ་འཇུག་ཚུལ་དང༌། བདེ་སྟོང་སྦྱོར་ཚུལ་དེ་ལྟར་ཡིན་ན། དེས་གནས་ལུགས་སྟོང་པ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ན་བློ་དེ་མེད་དགག་གི་རྣམ་པ་ཅན་ཡིན་དགོས་ལ། དེའི་ཚེ་བདེ་བའི་རྣམ་པ་ཅན་ཡུལ་དུ་བྱེད་ན་བློ་དེ་སྒྲུབ་པའི་རྣམ་པ་ཅན་ཡིན་དགོས་པས་བློ་གཅིག་ལ་དགག་པ་དང་སྒྲུབ་པའི་རྣམ་པ་གཉིས་དུས་གཅིག་ཏུ་འཆར་བར་དཀའ་བ་དང༌། འཛིན་སྟངས་མི་མཐུན་པ་གཉིས་དུས་གཅིག་ཏུ་སྐྱེ་བ་ཡོད་དགོས་ཤིང༌། བློ་དེ་ལ་སྒྲུབ་པ་ཀུན་རྫོབ་པའི་རྣམ་པ་ཤར་ན་ནི་བློ་དེ་གཉིས་སྣང་ཅན་དུ་འགྱུར་ལ། དེ་ལྟར་ན་དེས་སྟོང་ཉིད་རྟོགས་པ་མི་འཐད་ལ། གཞན་ཡང་ལས་དང་པོ་བས་བདེ་བ་ཤུགས་ཆེན་པོའི་རྣམ་པ་ཟིན་ན་ནི་སྟོང་ཉིད་ལ་བློ་འཇུག་མི་ནུས་ཤིང༌། སྟོང་པའི་འཛིན་སྟངས་ཤུགས་ཆེ་བ་བྱས་ན་ནི་བདེ་བའི་རྣམ་པ་ཡུལ་དུ་བྱེད་མི་ནུས་པས། བློ་དེ་གཉིས་དུས་གཅིག་ཏུ་བསྐྱེད་ཚུལ་ཇི་ལྟར་ཡིན་སྙམ་ན་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་ན་འཛིན་པའི་ཚེ་སྤྲོས་པ་བཅད་མེད་དགག་གི་རྣམ་པ་ཅན་ཡིན་གྱི། བདེ་བའི་རྣམ་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པ་མིན་པས་སྒྲུབ་པའི་འཛིན་སྟངས་ཅན་ནི་མིན། དེའི་ཕྱིར་དགག་པ་དང་སྒྲུབ་པའི་འཛིན་སྟངས་ཀྱི་རྣམ་པ་ཅན་གྱི་བློ་གཉིས་དུས་གཅིག་ཏུ་སྐྱེ་བ་མིན་ཞིང༌། འཛིན་སྟངས་མི་མཐུན་པ་གཉིས་དུས་གཅིག་ཏུ་སྐྱེ་བའང་མིན་ནོ། །

དེའི་ཚེ་དགག་སྒྲུབ་གཉིས་ཀྱི་འཛིན་སྟངས་ཀྱི་རྣམ་པ་ཅན་གྱི་བློ་གཉིས་དུས་གཅིག་ཏུ་འཆར་རོ་སྙམ་པ་ནི་བློ་དེའི་མྱོང་བ་དང་འཛིན་སྟངས་མ་ཕྱེད་པ་ཡིན་(༡༦ན)པས། དེ་གཉིས་ཀྱི་དབྱེ་བ་ཡག་པོ་ཤེས་དགོས། དེ་ཡང་ཤེས་པ་གང་དང་གང་སྐྱེ་ཡང་ཡུལ་གྱི་རྣམ་པ་ཅན་དང་མྱོང་བའི་ངོ་བོར་སྐྱེ་དགོས་པས། སྐབས་འདིའི་ཡུལ་ནི་གནས་ལུགས་སྟོང་པ་ཉིད་ཡིན་པས་དེའི་རྣམ་པ་ཅན་ནོ། །མྱོང་བ་ནི་ཚོར་བ་བདེ་བའི་རྣམ་པ་ཅན་དུ་སྐྱེ་བའོ། ། དེས་ན་བདེ་བ་ནི་བློ་དེའི་མྱོང་བའི་ཆ་ལ་འཇོག་ཀྱང༌། ངེས་པའི་འཛིན་སྟངས་ལ་མི་འཇོག་ལ། བློ་གང་སྐྱེ་ཡང་རྐྱེན་གསུམ་གྱིས་བསྐྱེད་དགོས་ཤིང༌། རྐྱེན་གསུམ་གྱི་ལག་རྗེས་སོ་སོར་འཇོག་ལུགས་ལོག་པར་ཤེས་ན་ནི་འདིའི་མྱོང་བ་དང་འཛིན་སྟངས་ཀྱི་རྣམ་པའི་ཁྱད་པར་ཕྱེད་པར་འགྱུར་རོ། །

དེ་ནི་དཔེར་ན་སྔོ་འཛིན་མིག་ཤེས་སྐྱེ་བའི་ཚེ་ཤེས་པ་དེ་ཡུལ་སྔོན་པོའི་རྣམ་པ་ཅན་དུ་སྐྱེ་བ་ནི། དེའི་དམིགས་རྐྱེན་གྱི་ལག་རྗེས་དང༌། སྔོན་པོ་མྱོང་བའི་ངོར་སྐྱེ་བ་ནི་དེ་མ་ཐག་རྐྱེན་གྱི་ལག་རྗེས་དང༌། སྔོ་འཛིན་མིག་ཤེས་དེ་ཡུལ་གཟུགས་འཛིན་ནུས་ལ་སྒྲ་འཛིན་མི་ནུས་པ་ལྟ་བུས་ཐུན་མོང་མ་ཡིན་པའི་རང་ཡུལ་ལ་འཇུག་པ་ནི་བདག་རྐྱེན་དབང་པོའི་ལག་རྗེས་ཡིན་གསུངས། གཞན་ཡང་རྣམ་པར་ཤེས་པ་གང་སྐྱེ་ཡང་དེའི་འཁོར་དུ་སེམས་འབྱུང་ཀུན་འགྲོ་ལྔ་ག་འབྱུང་ཞིང༌། སེམས་བྱུང་དེ་དག་གི་ནི་བྱེད་ལས་ཐ་དད་པར་འཇུག་སྟེ། ཚོར་བ་ནི་མྱོང་བ་སྟེ་སིམ་པའམ། གདུང་བའམ། བར་མ་གང་རུང་རེ་རྣམ་ཤེས་དེས་མྱོང་བའི་ཆའོ། །འདུ་ཤེས་ནི་རྣམ་ཤེས་དེས་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པར་བྱེད་པའོ། །སེམས་པ་ནི་རྣམ་ཤེས་དེ་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའོ། །རེག་པ་ནི་རྣམ་ཤེས་དེས་གང་མྱོང་ཡང་དེའི་རྟེན་བྱེད་པའོ། །ཡིད་ལ་བྱེད་པ་ནི་རྣམ་ཤེས་དེས་དམིགས་པ་དེ་རྩེ་གཅིག་ཏུ་འཛིན་པའི་ཆའོ། །དེའི་ཕྱིར་སེམས་འབྱུང་དེ་དག་ལ་ཀུན་འགྲོ་ཞེས་བཤད་པ་ཡིན། རྣམ་ཤེ་ཀྱིས་ཡུལ་དེ་ཐེ་ཚོམ་མེད་པར་མཐའ་གཅིག་ཏུ་ངེས་པའི་འཛིན་སྟངས་ཅན་དུ་བྱེད་པ་ནི་ཡུལ་ངེས་ལྔའི་ནང་(༡༦བ)ཚན་གྱི་སེམས་བྱུང་ཤེས་རབ་ཀྱི་བྱེད་པར་གསུངས། འདི་དག་ཀྱང་སྔ་ཕྱིར་དོ་གལ་ཆེན་པོས་ལན་མང་དུ་སྩལ་བ་རྣམས་ལ་ངེས་ཤེས་འདྲོངས་ཕྱིར་ཟབ་དོན་སྣང་བའི་མན་ངག་གོ །དེ་མཚུངས་ཟུང་འཇུག་ཞེས་པའམ་མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུ་དང་དོན་གྱི་འོད་གསལ་གཉིས་ཟུང་དུ་འཇུག་པའི་སྐུ་ཐུགས་ངོ་བོ་གཅིག་ཏུ་འགྱུར་དགོས་པ་དང༌། སྒྱུ་ལུས་ཞེས་པ་གཞི་ལ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་སྟེང་ནས་སྒྲུབ་དགོས་པས་ཁོ་ངོས་བཟུང་དཀའ་ཞིང༌། སྒྱུ་ལུས་ཀྱི་དོན་རྟོགས་དཀའ་བས། རྗེ་བདག་ཉིད་ཆེན་པོ་དགུང་ལོ་ལྔ་བཅུའི་ཁར་ཕེབས་དུས་ཀྱང་སྒྱུ་ལུས་ཀྱི་དོན་ཇི་བཞིན་མ་རྟོགས་པའི་ཚུལ་སོགས་རྣམ་ཐར་དད་པའི་འཇུག་ངོགས་སུ་གསུངས་པ་ལྟར་རྒྱས་པར་བསྩལ་ཏོ། །

དེ་ལྟ་བུའི་སྒྱུ་ལུས་མ་འགྲུབ་པར་སྔགས་པ་ཡིན་ཟེར་མི་དགེ་བཅུ་ལ་གཏན་ནས་སྤྱད་མི་ཆོག་པ་དང༌། ས་མཚམས་དེར་སླེབས་ནས་མཚམས་མེད་ཀྱི་ལས་ལ་སྤྱད་ཀྱང་ཉེས་པ་མེད་ཚུལ་ཞིབ་པ་དང༌། འདུལ་ཁ་ནས་ཀྱང་འདོད་པ་སེམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་གཉིས་སྤོང་ཚུལ་གསུངས་པ་རྒྱས་པར་སྩལ། གཞན་ཡང་ས་བཅད་དེ་ལ་དྲང་དོན་གྱི་བཤད་པ་ཡོད་ཕྱིན་ཁོ་ལ་ངེས་དོན་གྱི་བཤད་པ་ཡོད་པས་ཁྱབ་པ་དང་དྲང་བའི་དོན་ཞིག་ཡོད་པའི་ས་བཅད་ལ་མཐའ་གཅོད་ཡོད་པས་ཁྱབ་པ་སོགས་ཀྱང་ཞིབ་ཏུ་སྩལ། དེ་དག་ལ་གོ་བ་ཆགས་ཚུལ་རྒྱས་པ་ནི་རྒྱུད་ཊིཀ་སོ་སོར་བཀོད་འདུག་པ་ལྟར་དང༌། དེ་ཡང་ལེའུ་སོ་སོས་བརྗོད་བྱ་སྟོན་ཚུལ་སོགས་ཀྱི་དོན་བསྡུས་ན་འདི་འདྲ་ཡིན། རྩ་བའི་རྒྱུད་ཀྱི་ལེའུ་དང་པོས་འདིའི་བརྗོད་བྱ་ཡོངས་སུ་རྫོགས་པ་མདོར་བསྟན་ནས། དེ་དག་གི་དོན་རྒྱས་པར་འཆད་པ་ལ། ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ། གསུམ་པ་རྡོ་རྗེ་བཀོད་པའི་ལེའུ། བཞི་པ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ། ལྔ་པ་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ། དྲུག་པ་སྐུ་གསུང་ཐུགས་བྱིན་གྱིས་རླབས་པའི་ལེའུ། བདུན་པ་སྔགས་ཀྱི་སྤྱོད་པའི་ལེའུ། བརྒྱད་(༡༧ན)པ་བཤད་ལྕིའི་དམ་ཚིག་གི་ལེའུ། དགུ་པ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ལེའུ། བཅུ་པ་སྙིང་པོ་བསྐུལ་བའི་ལེའུ། བཅུ་གཅིག་པ་རིག་པའི་སྐྱེས་བུ་མཆོག་གི་ལེའུ། བཅུ་གཉིས་པ་རྡོ་རྗེ་སྦྱོར་བའི་དམ་ཚིག་གི་ལེའུ། བཅུ་གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུ། བཅུ་བཞི་པ་རྣམ་པར་འཕྲུལ་བའི་རྒྱལ་པོའི་ལེའུ། བཅོ་ལྔ་པ་དམ་ཚིག་སྙིང་པོ་རྡོ་རྗེ་འབྱུང་བའི་ལེའུ། བཅུ་དྲུག་པ་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུ། བཅུ་བདུན་པ་རྡོ་རྗེ་བྱིན་རློབས་ཀྱི་རྒྱལ་པོའི་ལེའུ་རྣམས་འབྱུང་ལ། དེ་ལྟ་བུ་སོ་སོས་གཞུང་དོན་རྣམས་མཐའ་དག་མཐའ་དྲུག་ཚུལ་བཞི་གང་དང་གང་གིས་བཤད་པ་ཡིན་ཞེས་ན། དཔེར་ན་ལེའུ་དང་པོ་ལྟ་བུ་ལ་མཚོན་ན་རྒྱུད་ཀྱི་མཚན་དོན་དང༌། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དང༌། འདུས་པ་གསང་བ་ལས་བྱུང་བ་ཞེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་དང་ཞེས་པ་ནས། ཐུགས་བསླུ་བ་རྡོ་རྗེ་ཞེས་བྱ་བའི་བར་གྱི་ཏིང་ངེ་འཛིན་ཏེ། ལེའུ་དང་པོར་ཚུལ་བཞིའི་བཤད་པ་འཇུག་པའི་གཞུང་བརྒྱད། ལེའུ་གཉིས་པར་དངོས་པོ་མེད་པ་ཅེས་པ་དང༌། ལེའུ་གསུམ་པར། རིན་ཆེན་ཆེན་པོ་ཁ་དོག་ལྔ། ཞེས་སོགས་དང༌། ལེའུ་དྲུག་པར། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ཞེས་སོགས་དང༌། ལེའུ་བདུན་པར། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། ཞེས་སོགས་དང༌། ལེའུ་བཅུ་བདུན་པར་གསང་བའི་ཡི་གེ །ཞེས་སོགས་ཏེ་རྒྱུད་འདིའི་ལེའུ་ཀུན་སྒྲིལ་བར་(༡༧བ)ཚུལ་བཞིན་བཤད་པ་ལ་འཇུག་པའི་གཞུང་བཅུ་གསུམ་དང༌། དྲང་ངེས་ཀྱི་བཤད་པ་ལ་འཇུག་པའི་གཞུང་ལ། འཁོར་ཕུན་ཚོགས། གཟུང་དཀྱིལ། བསྡུས་དཀྱིལ། མདོར་བསྟན། དམ་ཚིག་འབྱུང་བ་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྤྲོས་པ། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་རིན་ཆེན་འཕེལ་ཞེས་བྱ་བའི་ཏིང་ངེ་འཛིན། འདོད་ཆགས་ཆེན་པོའི་རྒྱུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གྲུབ་པ་གདོན་མི་ཟ་བའི་མཆོག་དང༌། དམ་ཚིག་འགུགས་པའི་རིགས་དང༌། ཞེ་སྡང་གཏི་མུག་འདོད་ཆགས་དང༌། མངོན་པར་བྱང་ཆུབ་པ་རྡོ་རྗེ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རིན་ཆེན་རྡོ་རྗེ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དེའི་སྟེང་དུ་མཚན་སྔགས་བཅུ་གསུམ་བསྣན་པས་ལེའུ་དང་པོར་དྲང་ངེས་ཀྱི་བཤད་པ་འཇུག་པའི་གཞུང་ཉེར་བདུན། ལེགས་སོ་ལེགས་སོ་འོན་ཀྱང་འདི་ནི་ཞེས་པ་ནས་ལྟ་ཅི་སྨོས་ཞེས་པའི་བར་གྱི་དགོངས་བཤད། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཞེས་སོགས་ཤོ་ལོཀ་གཅིག་གི་དགོངས་མིན་གྱི་བཤད་པ་ལ་འཇུག་པ་ལྷག་མ་རྣམས་ནི་སྒྲ་ཇི་བཞིན་པའི་བཤད་པ་འཇུག་པ་དང༌། དེ་བཞིན་དུ་ལེའུ་གཉིས་པ་ནས་བཅུ་བདུན་པའི་བར་གྱི་མཐའ་དྲུག་དང༌། ཚུལ་བཞི་གང་གི་སྒོ་ནས་བཤད་ཚུལ་རྣམས་རྒྱུད་ཊི་ཀ་སོ་སོར་གསལ་བར་བཞུགས་པ་བཞིན་མན་ངག་བཅས་ལམ་ཙམ་གསུང་ཞིང༌། དེ་ཐམས་ཅད་ཚོགས་བཤད་དང་སློབ་བཤད་གཉིས་ཀྱི་སྒོ་ནས་ཉན་པ་པོའི་ག་གོ་ལྔ་ལ་བཤད་པས་གང་ཟག་ལྔ་པོ་དེའི་རྒྱུད་ལ་འོད་གསལ་དང་ཟུང་འཇུག་གི་གོ་བ་ཁྱད་པར་ཅན་སྐྱེས་པ་ནི་ལེའུ་དེ་དག་གི་མཐའ་དྲུག་དང་ཚུལ་བཞིའི་བཤད་པའི་གཙོ་བོ་ཡིན་ཚུལ་ཞིབ་པ་དང༌། དེ་ཡང་ཚོགས་བཤད་སློབ་བཤད་ཅེས་པ་ནི་གདུལ་བྱ་ཉན་པ་པོའི་(༡༨ན)སྒོ་ནས་ཕྱེ་བས་དེ་ལ་རྒྱུད་ཉན་པོའི་སྣོད་རུང་མི་རུང་གི་སྒོ་ནས་ཕྱེ་བ་དང༌། རྒྱུད་དོན་རང་རྒྱུད་ལ་སྐྱེ་བའི་སྐལ་བ་ཡོད་མེད་སྒོ་ནས་ཕྱེ་བ་གཉིས་ཡོད་པས། དེ་ཡང་གདུལ་བྱའི་གང་ཟག་དམན་པ་བཞིའི་ནང་ནས་དབང་པོ་མ་སྦྱངས་པ་ན་ལམ་རིམ་གཉིས་ཉན་པའི་སྣོད་དུ་རུང་ཡང༌། རྫོགས་རིམ་རྫོགས་པར་ཉན་པའི་སྣོད་དུ་མི་རུང་བའི་ཉན་པའི་ཚོགས་བཤད་ཀྱི་གང་ཟག་དང༌། དབང་པོ་སྦྱངས་པ་ནི་རིམ་གཉིས་རགས་པ་ཀུན་ཉན་པའི་སྣོད་དུ་རུང་བར་མ་ཟད། རྫོགས་རིམ་རྫོགས་པར་ཉན་པའི་སྣོད་དུ་ཡང་རུང་བས་ཉན་པའི་སློབ་བཤད་ཀྱི་གང་ཟག་དུ་འཇོག་པ་ནི་ཉན་པའི་སློབ་བཤད་ཀྱི་གང་ཟག་དུ་འཇོག་ཚུལ་ཡིན་ལ་དེ་བསྐྱེད་རིམ་སྐྱེ་སླ་ཞིང༌། རྫོགས་རིམ་རྫོགས་པར་སྐྱེ་བའི་སྐལ་བ་དང་ལྡན་པའི་སྒོ་ནས་སྐྱེ་བའི་སློབ་བཤད་དུ་འཇོག་ཚུལ་ཀྱང་གསུང་ཞིང༌། སྤྱིར་ན་ལམ་ཐུན་མོང་བ་རྣམས་ཚོགས་ཀྱི་ནང་དུ་བཤད་པ་བྱ་རུང་གི་དེ་མ་ཚོགས་བཤད་དང༌། ཐུན་མོང་མིན་པའི་དཀའ་གནད་སོགས་སྙིང་ནས་མོས་པའི་སློབ་མ་ལ་ལྐོག་ཏུ་བཤད་པ་ལ་སློབ་བཤད་ཀྱི་ཐ་སྙད་ཀྱང་འཇོག་གསུང༌།

གང་ཟག་ལྔ་ནི། ཨུཏྤལ་ལྟ་བུའི་གང་ཟག །པད་དཀར་ལྟ་བུ། པདྨ་ལྟ་བུ། ཙནྡན་ལྟ་བུ། རིན་ཆེན་ལྟ་བུའི་གདུལ་བྱའི་གང་ཟག་གོང་དུ་བཤད་པ་ལྟར་ཡིན་ལ། དེ་ཨུཏྤལ་ལྟ་བུའི་གང་ཟག་ནི། ཆོས་ཀྱི་ཚིག་དོན་མ་ལུས་པ་བླ་མ་ལས་ཐོས་ནས་འཛིན་པ་ལ་རྣམ་པར་མཁས་ཀྱང༌། བླ་མ་དང་བྲལ་ན་རིང་པོར་མི་ཐོགས་པར་བརྗེད་པར་འགྱུར་བའི་གང་ཟག་ལ་བྱ་བ་ཡིན་ཏེ། ཨུཏྤལ་དེ་ཆུ་ནང་ན་གནས་པའི་ཚེ་རྙིང་པ་མེད་ཅིང་དྲི་ཞིམ་པ་ལ་ཆུ་ནང་ནས་བཏོན་མ་ཐག་ཏུ་རྙིང་ཅིང་དྲི་ཡལ་འགྲོ་བ་དང༌། པད་དཀར་ལྟ་བུའི་གང་ཟག་ནི། དཔེར་ན་པད་དཀར་དེ་རང་གི་ལྟེ་བའི་སྦུབས་སུ་འཁོར་ནས་ཕྱིར་འཕྲོ་བ་མེད་པ་ལྟར། གང་ཟག་དེས་ཀྱང་ཚིག་དོན་གྲོགས་ལས་ལྷག་པར་མང་དུ་ཐོས་ནས་འཛིན་པར་ནུས་ཀྱང་གཞན་ལ་སྟོན་པའི་ནུས་པ་མེད་པ་ལྟ་བུ་ཡིན། པདྨ་ལྟ་བུའི་གང་ཟག་ནི་དཔེར་ན་པདྨ་དེ་དྲི་ཞིམ་པ། མཐོང་ན་དགའ་བ། ཉི་མས་ཁ་འབྱེད་པ། ཉི་ཟེར་ཕོག་མ་ཐག་ལྟེ་བར་ཆགས་པའི་(༡༨བ)ཟིལ་པ་རྣམས་ཡལ་འགྲོ་བ་ལྟར། གང་ཟག་དེ་ཡང་དད་པ་དང་སྙིང་རྗེ་ཤེས་རབ་དང་ལྡན་པ་ཆོས་ཐོས་ནས་ཤེས་རབ་འཕེལ་ཡང༌། ཐོས་པའི་དོན་རྣམས་རིང་པོར་མི་ཐོགས་པར་བརྗེད་པར་འགྱུར་བའི་གང་ཟག་ཡིན་པས་ན་དེ་ལྟར་བྱ་ལ། ཙནྡན་ལྟ་བུའི་གདུལ་བྱ་རྣམས་ནི། དཔེར་ན་ཙནྡན་དེ་དྲི་ཆུང་བ། ཚེར་མ་མང་བ། འབྲུས་མེད་པ། སྦྲུལ་གདུག་པས་དཀྲིས་པས་དྲུང་དུ་བཅར་མི་རུང་བ་ལྟར། ཙནྡན་ལྟ་བུའི་གདུལ་བྱའི་གང་ཟག་དེ་ཡང༌། ཐོས་པ་ཆུང་ཞིང་ང་རྒྱལ་ཆེ་བ། ལུང་རིགས་ཀྱི་རྩ་བ་མེད་པས་བརྩོད་པའི་ཚེ་ན་ཁུངས་མེད་མང་དུ་སྨྲ་བ། སྐྱོན་དེ་གསལ་ནས་ཡོན་ཏན་བསླབས་ཏེ་རྗེས་སུ་བཟུང་དཀའ་བས་ན་དེ་ལྟར་བརྗོད། དེའི་ནང་ནས་རིན་པོ་ཆེ་ལྟ་བུའི་གདུལ་བྱའི་གང་ཟག་དེ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དེ་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོར་འགྱུར་བ་བཞིན། གང་ཟག་དེས་ཀྱང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་ཅིང་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་གསོན་པས་མཁས་པ། དགེ་བའི་བྱ་བ་ལ་བརྩོན་ཞིང་སྒྲིན་པ། མགོ་སྨོས་པ་ཙམ་གྱིས་དོན་གོ་བས་ཤེས་རབ་དང་ལྡན་ཞིང༌། བླ་ན་མེད་པའི་ཐེག་པ་ཆེན་པོར་རིགས་ངེས་པ། རང་གིས་ཇི་ལྟར་ཐོས་པའི་དོན་རྣམས་གཞན་ལ་སྟོན་ནུས་པ། ཚེ་དེ་ལ་རྫོགས་རིམ་གྱི་རྟོག་པ་སྐྱེ་བའི་སྐལ་བ་དང་ལྡན་པའི་དཔལ་གསང་བ་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱ་འམ་གང་ཟག་དེ་ལ་རིན་པོ་ཆེ་ལྟ་བུ་ཟེར་བ་ཡིན། དེའི་ནང་ནས་དཔལ་གསང་བ་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པ་དེ་འདྲ་བ་དང་པོ་བཞི་པོ་དེ་ཚོགས་བཤད་ཀྱི་གདུལ་བྱར་འཇོག་སྟེ། ཐུན་མོང་དུ་བཤད་པར་བྱ་བའི་ལམ་བསྐྱེད་རིམ་སྐྱེ་སླ་ཞིང༌། ཚེ་དེ་ལ་རྫོགས་པར་སྐྱེ་བའི་སྐལ་བ་དང་ལྡན་པའི་སྣོད་ཀྱི་གང་ཟག་ཡིན། རིན་པོ་ཆེ་ལྟ་བུ་དཔལ་གསང་བ་འདུས་པའི་སྣོད་རུང་གི་གང་ཟག་དེ་ནི། ཆོས་སྟོན་པའི་སློབ་མའི་གཙོ་བོ་བཤད་པར་བྱ་བའི་ལམ་རྫོགས་རིམ་སྐྱེ་སླ་ཞིང༌། ཚེ་དེ་ལ་རྫོགས་རིམ་རྫོགས་པར་སྐྱེ་བའི་སྐལ་བ་དང་ལྡན་པའི་གདུལ་བྱ་ཡིན་ཚུལ་སོགས་(༡༩ན)གནང་ཅིང༌། གདུལ་བྱའི་སློབ་མ་སོ་སོར་རྒྱུད་ལ་དཀའ་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྣོད་དུ་རུང་མི་རུང་གི་ཁྱད་པར་སོགས་གསུང་བཤད་འབྱམས་ཀླས་པར་གསུངས་ཀྱང་དེ་ཙམ་ལས་མ་ངེས་སོ། །

རྩ་རྒྱུད་ལེའུ་བརྒྱད་པའི་འགྲེལ་པ་ལ་སྤྱིར་མཐའ་གཅོད་ལ་སྦྲུལ་བཤད་ཅན་གཉིས་ལས་མི་འདུག་ཀྱང༌། བླ་མ་རྡོ་རྗེ་འཆང་ཆེན་པོས་གནང་སྐབས། མཐའ་གཅོད་ཀྱི་དགོངས་པ་ལུང་སྟོན་ལས་ཞེས་པ་ནས་སྟོན་པ་ཡིན་ཞེས་པའི་བར་ཚན་པ་གཅིག་དང་དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་ཏུ་ཞེས་པ་ནས་འོ་ན་ཞེས་པའི་བར་དང༌། འཕགས་པའི་མདོ་སྲེ་ལས་ཞེས་པ་ནས། ཁུ་བ་བླངས་ནས་བཟའ་བར་བྱ་ཞེས་པའི་བར་ལ་ཚན་པ་གཅིག་དང་ཞེས་པའི་བར་ལ་དགོངས་པ་ལུང་སྟོན་ལས་ཞེས་པ་ནས། ལེའུ་བརྒྱད་པའི་མཐའ་གཅོད་དོ་ཞེས་པའི་བར་ལ་རྒྱས་པའི་ལུགས་སུ་ཚན་པ་བཞིར་མཛད་ནས་གནང་བྱུང་ཞིང༌། ལེའུ་བརྒྱད་པའི་མཚན་དོན་ལ་འགྲེལ་པར་གོ་སླ་བ་ལ་དགོངས་ནས་མ་མཛད་པས་བླ་མའི་ཞལ་ལས་ཤེས་དགོས་པར་ཡོད་དོ་གསུང་རྒྱས་པར་བསྩལ་ཏོ། །

རྩ་རྒྱུད་ལེའུ་བརྒྱད་པ་དང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་གཉིས་གུང་སྒྲིགས་ནས་དགའ་ལྡན་སྙན་བརྒྱུད་ཀྱི་བླ་མ་མཆོད་པའི་རྣམ་གཞག་ཤིན་ཏུ་གསལ་བར་བསྟན་ཚུལ་སོགས་ཞིབ་ཏུ་གསུངས་ཤིང༌། རྩ་རྒྱུད་ལེའུ་དགུ་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཀ་ནས་ལུས་ངག་གི་མི་དགེ་བའི་ལས་ལམ་བདུན་ལ་གནང་བའི་སྐབས་ཡོད་པར་གསུངས་ཤིང༌། དེ་ཡང་རང་གར་གནང་བ་མ་ཡིན་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྟོབས་ཆེ་ཆེར་རྒྱས་པས་རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པའི་སེམས་ཅན་གྱི་དོན་འབའ་ཞིག་ཡིད་ལ་བརྣག་ཅིང༌། རང་ཉིད་ལ་ཉེས་སྤྱོད་དེ་དག་ལ་ཞུགས་ཀྱང་ཉམས་པའི་ཉེན་མེད་པ་དང༌། གཞན་དག་པའི་ཞིང་སོགས་ལ་སྐྱེལ་བའི་ནུས་པ་དང་(༡༩བ)གདེངས་ཐོབ་པའི་མ་རྟོགས་ལས་སྦྱོར་དྲག་པོ་སོགས་སྤྱིར་བྱེད་བྱེད་མང་ན། པོ་ཏོ་བར་དེང་སང་བསྟན་པ་ལ་གནོད་ཆོས་གྲུབ་བམ་མནན་པ་བྱེད་པ་མང་ཡང་སྤྱིའི་བསྟན་པ་ལ་མི་ཕན་པའི་ཁར་རང་རྒྱུད་ཀྱི་སྡོམ་པ་སྟོང་པ་སོགས་བསྟན་པ་དགོས་ནུབ་ཏུ་འགྲོ་ཉེན་ཆེ་བ་ལས་བརྩམས་ཏེ་ཞིབ་རྒྱས་དང༌། དེ་ཡང་ལས་ལམ་དུ་བདུན་གྱི་ཉེས་དམིགས་ལ་བསམ་ནས་རྫུན་འདི་རྣམས་པ་ཀུན་ནས་ཤོད་ཉན་རྒྱུ་མ་རེད་བསམས་ཐམས་ཅད་དུ་དྲང་པོ་རང་ཤོད་མི་ཉན་པ་ནི་ནག་ཆེན་བཙོན་ར་ནས་ཤོར་བ་ཞིག་རང་ཉིད་ཀྱིས་མཐོང་བྱུང་ན། གཞན་གྱི་དེ་འདྲ་མཐོང་ཨེ་བྱུང་ཞེས་དྲིས་པ་ན་དེ་འདྲའི་ལན་འདེབས་ཚུལ་སྟོན་པ་ཐུགས་རྗེ་ཅན་གྱིས་བསླབ་བྱ་མཛད་པའི་རྒོལ་བ་རྣ་ལ་ཟོན་པའི་ལན་དང༌། དྲི་བ་སྣ་ལ་ཟོན་པའི་ལན་ནི། མཐོང་ཨེ་བྱུང་ཟེར་ན་ཉི་མ་དྲོ་པོ་འདུག་མེ་ལ་ལྡེ་ཟེར་བ་སོགས་ཁེ་ཉན་གང་ཡང་མེད་པའི་རྒོལ་བ་རྣར་ཟོན་གྱི་ལན་འདེབས་དགོས་ལུགས་དང༌། དེའི་ནང་ནས་ཕྲ་མ་ཟེར་བ་དེ་བདེན་པ་རང་གི་སྟེང་ནས་འགྲོ་བའི་བདེན་པའི་ཚིག་ཡིན་ཀྱང༌། ཕ་རོལ་པོ་གཉིས་དབྱེ་ཐུབ་པའི་ཕྲ་མར་འགྲོ་བས་འདི་ཚོ་འབྱུང་ཉེན་ཆེ་བའི་བདེན་པ་ཡིན་ཡང་ཕ་རོལ་དབྱེ་བའི་རྐྱེན་དུ་འགྲོ་ན་མ་ནས་རང་ལབ་མི་ཉན་པའི་ཚུལ་ཞིབ་པ་དང༌། དེ་ཡང་གཞན་གྱི་ནོར་འཕྲོག་པ་སོགས་སྤྱིར་བཏང་ལ་བྱང་སེམས་ཀྱི་སྡོམ་ལྡན་རྣམས་ཀྱི་བྱེད་མི་རིགས་པར་མ་ཟད། རང་ལ་དབང་བའི་ནོར་གཞན་གྱིས་བླངས་ན་མ་བྱིན་ན་དགག་དགོས་དམིགས་བསལ་མེད་ཕྱིན་རྩ་ལྟུང་བྱུང༌། སོ་ཐར་གྱི་སྐབས་སུ་རྐུས་པ་ལ་ཉེས་པ་ཡོད་ཀྱང་མ་བྱིན་པ་ལ་ཉེས་པ་མེད་པས་བྱང་སེམས་ཀྱི་སྡོམ་ལྡན་ལ་ནི་འདི་འདྲ་འབྱུང་ཉེན་ཞིང་ཉེན་ཆེ་བ་ནི། ལ་ལས་བློ་ངན་པས་ཐབས་ཚུལ་སྣ་ཚོགས་ཀྱི་སློང་བ་འབྱུང་བས། དེ་ག་ལ་རྣམ་བརྟགས་ཀྱི་ཆོ་ག་བྱས་ཏེ། གཞན་སློང་བ་པོ་ལ་སྐབས་ཐོབ་ཁོང་ཁྲོ་སོགས་མི་བྱེད་པར་བརྗོད་པར་བྱ་བ་གསུམ་གྱིས་བརྗོད་དགོས་ཚུལ་དང༌། རྣམ་བརྟགས་ཀྱྀ་ཆོ་ག་བྱེད་ཚུལ་ནི། རང་གི་ནོར་རྫས་གང་ཡོད་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཆོད་པའི་རྫས་ཡིན་སྙམ་ཞིང་དེ་དག་ལ་བསྔོས་ནས་(༢༠ན)བཞག་སྟེ། གཞན་གྱིས་བླངས་པ་ལ་སྟེར་མ་འདོད་ན། འདི་ང་ལ་དབང་མེད་བླ་མ་དཀོན་མཆོག་གི་ཞིང་དུ་བསྔོས་ཚར་ལུགས་ཀྱི་བརྗོད་པ་གསུམ་གྱི་བརྗོད་ལུགས་གོང་ལྟར་དང༌། དེ་ལྟར་བསྔོས་ཟིན་ནས་ཀྱང་རང་གིས་དེ་ནས་ལོངས་སྤྱོད་དགོས་པ་འབྱུང་ན་སྐབས་ཐོག་གང་འོས་སུ་ལོངས་སྤྱོད་ཆོག་པ་ནི་རྗེ་བོའི་ཟས་ནོར་ལ་བྲན་གྱི་ལོངས་སྤྱོད་པ་དང་འདྲ་བས་དེ་ལ་ཉེས་པ་མེད་ཚུལ་ཞིབ་ཏུ་གསུངས། དེ་ནས་ལེའུ་བཅུ་པའི་རྫོགས་རིམ་པའི་སྙིང་པོ་བསྐུལ་བའི་དོན་ལ་མཐའ་གཅོད་རིན་པོ་ཆེའི་༼༦༢༽པ་ནས་རྫོགས་རིམ་པའི་སྤྱོད་པ་རྣམས་ཉམས་འོག་ཏུ་ཚུད་ཀྱང་དངོས་གྲུབ་མ་འགྲུབ་ན། ཞེས་པ་ནས། ལེའུ་བཅུ་པའི་མཐའ་གཅོད་དོ་ཞེས་པའི་བར་གྱི་ས་བཅད་གཉིས་པོ་འདི་ལམ་གལ་ཆེ་བྱས་ནས་རྒྱས་པའི་དབང་དུ་བཏང་བ་ཡིན་གསུང་ས་བཅད་འདི་གཉིས་སྦྲེལ་ནས་གནང་བྱུང༌། ལེའུ་བཅུ་གཉིས་པ་འདིར་བསྐྱེད་རྫོགས་ཀྱི་གདམས་པའི་གནད་འགག་ཟབ་མོ་དངོས་གྲུབ་སྒྲུབ་པའི་ལས་སྦྱོར་གྱི་རིམ་པ་བསྐྱེད་རྫོགས་གཉིས་ཀའི་སྐབས་ཀྱི་རྡོ་རྗེ་བཞི་བསྐྱེད་ཇི་ལྟར་བྱ་ལུགས་སོགས་རྒྱུད་ཕྱི་མའི་ནང་ནས་ཁ་བཀང་སྟེ་ཞིབ་པར་བསྩལ་ཏོ། །

དེ་ལྟར་ལེའུ་གཉིས་པ་ནས་བཅུ་གཉིས་པའི་བར་ས་བཅད་བསྒྲིགས་པའི་གཙོར་སྟོན་གྱི་འབྲུ་འགྲེལ་ཞིབ་དང། ཟུར་བཤད་ཀྱི་མན་ངག་ཐོར་བུ་རགས་རིམ་བྱུང་བ་རྣམས་གོང་དུ་བཀོད་པ་བཞིན་དང༌། གསུང་རབ་ཀྱི་བརྡ་ཆད། ཡི་གེའི་སྡེབས་དང་ཐོབ་ཐང་སྔོན་འཇུག་རྗེས་འཇུག་ལ་ཆད་ལྷག་ཡོད་པ་སོགས་ཞིབ་ཆ་རང་གི་སྟེང་ནས་གནང་བྱུང་ངོ༌། །

དེ་ལྟར་རྒྱུད་རྒྱལ་གསང་བ་འདུས་པ་ལ་སྙིང་ཐག་པ་ནས་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་གོང་དུ་སྨོས་པའི་ལེའུ་རྣམས་ཀྱི་ཟབ་གནད་འདི་དག་ཞིབ་ཏུ་བླ་མ་དམ་པའི་ཞལ་ལས་ཤེས་དགོས་པར་ཡོད་ཚུལ་ཞིབ་པ་དང་ལྷག་པར་རྒྱུད་སྡེ་བཞི་སོ་སོའི་ལུགས་ཀ་དང་བརྡའ་ཆད་གང་ཡིན་རང་བབས་སུ་བཞག་ནས་ཉམས་སུ་(༢༠བ)ལེན་པ་ལས་ཐམ་ཐོམ་དུ་འདྲ་ཆོས་རྒྱས་བཀབ་ཀྱི་རིགས་གཏན་ནས་བྱེད་མི་ཉན་ཚུལ་དང༌། མདོར་ན་གོང་དུ་བཤད་པ་འདི་དག་གི་སྔ་ཕྱི་བར་གསུམ་གྱི་ཉམས་ལེན་མཐའ་དག་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པོ་དང༌། ཟབ་མོ་དབུ་མའི་ལྟ་བ་ལ་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ་ལམ་གྱི་སྲོག་ཏུ་ངེས་པར་བྱེད་དགོས། དེ་ལ་ཡང་ཚེ་འདིའི་སྣང་ཤས་དཀར་ནག་ཁྲ་གསུམ་དང་རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པར་སྣ་ཐག་མི་ལ་མ་ཤོར་བར་དབེན་པའི་གནས་སུ་བླ་མ་སྤྱི་བོར་འབྲལ་མེད་དུ་བསྒོམས་ཏེ་ཇི་ལྟར་གསུངས་པའི་གདམས་པ་རྣམས་ཉམས་ལེན་སྙིང་པོར་སྒྲིལ་དགོས་ལུགས་ཡིད་རང་དབང་མེད་པར་འཁུལ་ངེས་ཞིབ་ཅིང་རྒྱས་པར་གསུངས་སོ། །

 

ལས་ཚོགས་ཀྱི་རིམ་པ་ཉམས་སུ་ལེན་པའི་སྐོར།

 

དེ་ནས་ལེའུ་བཅུ་གསུམ་པ་འདིར་ལས་ཚོགས་ཀྱི་རིམ་པ་རྣམས་ཞུ་བའི་དོན་དུ་གསོལ་བ་ཤུགས་དྲག་པོ་བཏབ་སྟཻ་འོག་ནས་འབྱུང་བའི་ལས་ཚོགས་ཀྱི་རིམ་པ་རྣམས་སུ་ཡང་ཡང་བཤད་པ་ཉམས་སུ་ལེན་པ་ལ། རྟེན་གྱི་གང་ཟག་རྣལ་འབྱོར་པ་གང་བྱུང་བྱུང་གིས་མི་ཆོག་པར། གོང་མ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས། རྣལ་འབྱོར་ཏཻ་ཞི་ལྷག་ཁྱད་པར་བ་དང༌། དེའི་ནང་ནས་ལུགས་འདིའི་ལམ་རིམ་གཉིས་ལ་ལེགས་པར་སྦྱངས་པ་ཞིག་དགོས་ཚུལ་ནི། འགྲེལ་པ་འདི་རང་ལས། དེ་ཡང་ལེའུ་འདིར་སློབ་པར་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་མོས་པ་སྐྱེ་བའི་ཕྱིར་ལས་ཀྱི་ཚོགས་ཀྱང་ཞེས་སོགས་ཚིག་ཟིན་ལ་ཐོན་པ་ལྟར་དང༌། རིམ་པ་གཉིས་ལས་དེ་ཡང་ཐོག་མར་རྡོར་བཟླས་ཀྱི་རིམ་པ་ཆེས་ཞིབ་པར་གསུང་ཞིང༌། དེ་ནས་བུད་མེད་ཀྱི་རྟེན་ལ་ལམ་རིམ་པ་གཉིས་བསྒོམ་པ་ཡོད་ཚུལ་གྱི་རྣམ་གཞག་ཞིབ་པ་དང༌། རྡོར་བཟླས་ཀྱང་བསྐྱེད་རིམ་པའི་རྡོར་བཟླས་ཙམ་མ་ཡིན་པར་རྫོགས་རིམ་པའི་རྡོར་བཟླས་རླུང་སྔགས་དབྱེར་མེད་དུ་བཟླ་ཞིང༌། དེ་ཡང་ཡི་གེའི་ལམ་ནས་མ་ཡིན་པར་རླུང་གི་རང་མདངས་ཡི་གེ་གསུམ་དུ་ཤར་བའི་རྡོར་བཟླས་ཀྱི་རིམ་པ་འདི་མཐར་ཕྱིན་ན། འོག་ནས་འབྱུང་བའི་ལས་ཚོགས་རྣམས་(༢༡ན)འགྲུབ་པ་ལ་དཀའ་ལས་མེད་ཚུལ་དང༌། དེ་ལ་རླུང་ལ་རྡོར་བཟླས་བྱ་དགོས་པ་ནི། རླུང་རྣམས་ཐོག་མ་ཁོ་རང་གི་སྟོང་པ་སྙིང་གའི་མི་ཤིག་པ་ནས་ཐོན་ཀྱང༌། འཇུག་ཏུ་ལས་རླུང་རྣམས་ཀྱི་སྟོབས་རྒྱས་པས་ཁོ་འགྲོ་ས་མ་རྙེད། རྒྱུན་ལྡན་སྣ་སྦུག་ནས་ཧར་རྒྱུ་ཚུར་རྒྱུ་གཉིད་ཀྱི་ནང་ཚུན་ཆད་དུ་བྱུང་ཞིང་རྡོར་བཟླས་དང་སྟོང་པ་བཞི་ལ་བརྟེན་ནས་རླུང་དབུ་མའི་ནང་གི་མི་ཤིག་པའི་ཐིག་ལེར་འཇུག་པའི་ཐབས་སུ་རྡོ་རྗེ་བཟླས་པའི་རིམ་པ་འདི་གསུངས། ཤི་བའི་དུས་སུ་འབྱུང་བཞི་རིམ་གྱིས་ཐིམ་པ་ལས་ལས་དབང་གི་རྩ་མདུད་རྣམས་རང་དབང་མེད་པར་གྲོལ་ནས་རླུང་དབུ་མའི་ནང་དུ་འཇུག་ཀྱང༌། དེས་གང་ལ་ཡང་མི་ཕན་པར་མ་ཟད་ཉེར་ཐོབ་ནག་ལམ་པ་ཤར་བའི་འཇིགས་སྐྲག་གི་རྒྱུར་འགྲོ་ཚུལ་བཅས་ཆེས་ཞིབ་པར་སྩལ་ཞིང༌། ལྷག་པར་ཕར་ཕྱིན་ཐེག་པའི་རང་ལམ་གྱི་མཐར་མི་ཕྱིན་པ། སངས་རྒྱ་བ་ལ་ངེས་པར་སྔགས་བླ་མེད་ལ་འཇུག་དགོས་པ་ནི། ས་བཅུ་མཐར་ཕྱིན་ནས་འོད་ཟེར་ཆེན་པོས་དབང་བསྐུར་བའི་བྱང་སེམས་དེ་དམིགས་གསལ་གྱི་སྔགས་ལམ་དུ་འཇུག་པ་ནི་སྒྱུ་ལུས་དང་འོད་གསལ་ནས་འཇུག་པ་ཡིན་ཞིང༌། དེ་ཡང་ཕར་ཕྱིན་ཐེག་པའི་རང་ལམ་དེས་ཉོན་སྒྲིབ་ས་བརྒྱད་པ་ནས་མ་ལུས་པར་སྤངས་ཀྱང༌། ཤེས་སྒྲིབ་གཉིས་སྣང་འཁྲུལ་བའི་བག་ཆགས་སྤོང་བའི་ཐབས་རང་ལམ་ན་གཏན་ནས་མེད་པས། དེ་སྟོང་པ་བཞི་དང་ཟུང་འཇུག་ལ་ངེས་པར་ལྟོས་དགོས་ཚུལ་ཀྱང་ཞིབ་ཏུ་སྩལ། ཁྱད་པར་ལེའུ་བཅུ་གསུམ་པ་འདིར་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་ཚུལ་དང༌། དེའི་ནང་ནས་ཀྱང་སྤྱན་སོགས་ལྷ་མོ་བཞིའི་སྒོ་ནས་ནད་གདོན་ཞི་བ་སོགས་ཀྱི་ལས་ཚོགས་རྣམས་དང༌། ཁྲོ་བོ་འགྲོ་འདུལ་ལམ། བདུད་རྩིའི་ཐབས་སྦྱོར་རམ། བགེགས་མཐར་གྱི་སྒོ་ནས་བགེགས་ལ་ཕུར་གདབ་བྱས་ཏེ་ཞི་བར་བྱེད་ཚུལ་འདི་དག་རང་རེ་ལས་དང་པོ་བ་རྣམས་ལ་ཤིན་ཏུ་དགོས་གལ་ཆེ་ཚུལ་(༢༡བ)དང༌། ཕྱོགས་སྐྱོང་ལ་གཏོར་མ་འབུལ་རྒྱུའི་ཕྱོགས་སྐྱོང་དང༌། ཕུར་གདབ་བྱེད་རྒྱུའི་ཕྱོགས་སྐྱོང་གཉིས་ཡོད་པར་དོགས་གཞི་ཆེ་བས། གང་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་རྒྱུའི་ཕྱོགས་སྐྱོང་ནི་རྡོ་རྗེ་འཆང་རང་ཉིད་ཀྱི་འདུས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། བཀའ་བསྒོས། གཉེར་དུ་གཏད་པའི་རྡོ་རྗེ་མཚོན་ཆ་ལ་སོགས་པའི་ཕྱོགས་སྐྱོང་བཅོ་ལྔ་པོ་འདི་དག་ཡིན་ཞིང༌། དེ་དག་ཀྱང་དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་རྡོ་རྗེའི་རྡོ་རྗེ་འཆང་གི་བདེ་སྟོང་དབྱེར་མེད་ཀྱི་ཆ་ཤས་ལས་གྲུབ་པའི་སྤྲུལ་པ་ཡིན་ཚུལ་དང༌། ཕུར་གདབ་བྱ་རྒྱུའི་ཕྱོགས་སྐྱོང་ནི། བི་ནཱ་ཡ་ཀ་ཞེས་བགེགས་ཀྱི་རིགས་སུ་གྱུར་པ་འགྲོ་བ་འདུལ་བ་ཞེས་པ་འདི་དག་ལ་ཕུར་གདབ་བྱ་དགོས་ཚུལ་དང༌། འགྲོ་བ་འདུལ་བ་ཞེས་འགྲོ་བ་འདུལ་ཚུལ་ལ་གཉིས་ཡོད་པས་སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་ནི་བླང་དོར་གྱི་གནད་ཆོས་སྟོན་པའི་སྒོ་ནས་བཏུལ་ཏེ་ཐར་པ་ལ་ཁྲིད་པ་དང༌། བགེགས་རིགས་ཀྱི་ཕྱོགས་སྐྱོང་དེ་དག་གིས་ནི་འགྲོ་བ་ཀུན་ཉོན་མོངས་པའི་སྒོ་ནས་ལས་ངན་གསོག་ཏུ་བཅུག་སྟེ་བཏུལ་ནས་ངན་འགྲོར་ཁྲིད་ཚུལ་ལ་འགྲོ་འདུལ་ཟེར་བ་ཡིན་གསུང༌། འདིའི་བྱ་རྒོད་དང་ལུག་སོགས་ཞེས་པ་ནི། འཇིགས་བྱེད་ཞེ་དགུ་མའི་སྒོ་ནས་ཞབས་འོག་ཏུ་ཡོད་པས་སྲོག་ཆགས་བཅུ་དྲུག་དང༌། ཕྱག་མཚན་སོ་བཞི་པོ་རེ་རེའི་སྒོ་ནས་ལས་སྒྲུབ་ཚུལ་ཡོད་པར་གསུངས། རྩ་རྒྱུད་ལེའུ་བཅུ་བཞི་པའི་ལས་བཞི་སྒྲུབ་ཚུལ་བཤད་རྒྱུད་ནས་གསུངས་པ་འགོད་པའི་ས་བཅད་བསྐྱེད་རིམ་པའི་ལས་བཞི་སྒྲུབ་ཚུལ་དང༌། ཁྱད་པར་བསྐྱེད་རིམ་པའི་ལས་ཚོགས་སྒྲུབ་པའི་ཟླ་བ་ཚེས་གྲངས་དུས་ཆོད། ཕྱོགས་ཆ་ལུགས། སེམས་ཀྱི་ཀུན་སློང་ཞི་དྲག་གང་གིས་སྒྲུབ་ལུགས་སོགས་ཞིབ་པ་དང་དྲག་པོའི་ལས་ལ་ནི་རྒྱུའི་ཀུན་སློང་བྱམས་སྙིང་རྗེ་(༢༢ན)བྱང་ཆུབ་ཀྱི་སེམས་དང༌། དུས་ཀྱི་ཀུན་སློང་ཁོང་ཁྲོ་སོགས་དགོས་ཚུལ་གྱི་ཞིབ་ཆ་དང༌། རྫོགས་རིམ་པའི་སྐབས་སུ་ལས་ཚོགས་སྒྲུབ་པ་དེ་ལྟ་བུའི་བྱ་བ་ལ་མི་ལྟོས་པར་རླུང་གི་རྡོར་བཟླས་ཁོ་ནའི་སྟེང་ནས་བྱས་ཆོག་ཅིང༌། དེ་འདྲ་བའི་རླུང་ཡང་རླུང་གང་ཡིན་མི་བྱེད་པར་ཤིན་ཏུ་ཕྲ་བའི་སེམས་ཀྱི་ཞོན་པར་གྱུར་བའི་རླུང་ལ་བྱེད་ཅིང་དེ་ཉིད་ཁྱད་ཆོས་མང་པོ་དང་ལྡན་ཚུལ་གསུངས་པ་འཇིགས་བྱེད་ཀྱི་རྫོགས་རིམ་ཟིན་བྲིས་སུ་བཀོད་པ་ལྟར་དང༌། ཁྱད་པར་ས་ཧས། ནོར་བུ་ནང་མ་ཡོད་པའི་དཔེ་དོན་གྱིས་ནོར་བུ་ཡང་ཤིན་ཏུ་ཕྲ་བའི་རླུང་འདི་རང་ཡིན་ཚུལ་དང༌། དེ་ལ་ཡང་སྲོག་འཛིན། ཐུར་སེལ། གྱེན་རྒྱུ། མཉམ་གནས༌། ཁྱབ་བྱེད་སོགས་རྩ་བའི་རླུང་ལྔ་དང༌། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་རྒྱུ་བ། ངེས་པར་རྒྱུ་བ། ཀུན་ཏུ་རྒྱུ་བ་སོགས་ཡན་ལག་གི་རླུང་ལྔ། རླུང་དེ་དག་སོ་སོར་ཀྱང་རྒྱལ་བ་རིགས་ལྔ་དང་ལྷ་མོ་ལྔའི་ངོ་བོ་ཡིན་ལུགས་དང༌། སོ་སོར་སྟོད་གནས། ཁ་དོག་བྱེད་ལས་རྒྱུ་ཚུལ། མགོན་པོ་གང་དང་གང་གི་རླུང༌། ཁམས་ཇི་འདྲ་ཡིན་ཚུལ་སོགས་ཞིབ་ཏུ་སྩལ་བ་འཇིགས་བྱེད་རྫོགས་རིམ་གྱི་ཟིན་བྲིས་ན་གསལ། འགྲེལ་པ་འདི་ནས་ལྷ་མོ་སྤྱན་མ་སོགས་ཀྱི་གཟུགས་ལ་ལྷ་མོ་སྤྱན་མ་སོགས་ཡིན་ཚུལ་གསུངས་པ་ནི། ལྷ་དང་སྔགས་དང་ཤིན་ཏུ་ཕྲ་བའི་རླུང་གསུམ་ངོ་བོ་དབྱེར་མི་ཕྱེད་པའི་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ཚུལ་ནི། བཅོམ་ལྡན་འདས་ཀྱི་དབུའི་གཙུགས་ཏོར་ནས་གདུགས་དཀར་མོའི་གཟུངས་མདོག་གསུངས་པའི་ཚེ་ལྷ་མོ་གདུགས་དཀར་མོ་ཡང་དབུའི་གཙུག་གཏོར་ནས་བྱུང་ཚུལ་དང༌། མདོར་ན་རླུང་སྔགས་དབྱེར་མེད་པའི་རྡོར་བཟླས་ཀྱིས་སྒོ་ནས་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་སྒྲུབ་ཚུལ་གྱི་སྐབས་སྔགས་དག་པ་གལ་ཆེ་ལ། སྔགས་ལ་ཡང་སྦྲུལ་ཞེས་པ་མགོ་ལ་ཨོཾ་དང་འཇུག་ལ་སྭཱ་ཧཱ་ཡོད་པར་སྔགས་དང༌། མགོ་མེད་ཀྱི་སྔགས་ཞེས་པ་(༢༢བ)མགོ་ལ་ཨོཾ་མེད་ཅིང་འཇུག་ལ་སྭཱ་ཧཱ་ལྟ་བུ་ཡོད་པ་དང༌། མཐའ་མེད་ཀྱི་སྔགས་ཞེས་པ་མགོ་ཨོཾ་ཡོད་ཀྱང་འཇུག་ལ་ཧཱུཾ་དང་སྭཱ་ཧཱ་ལྟ་བུ་མེད་པ་དང༌། མ་ནིང་གི་སྔགས་ཞེས་པ་མགོ་བོ་ལ་ཨོཾ་དང་འཇུག་ལ་སྭཱ་ཧཱ་ལྟ་བུ་མེད་པ་ཞིག་ལ་བཤད་ཅིང༌། དེ་ཡང་ལེའུ་འདིས་ལྷ་མོ་བཞི་དང༌། ཁྲོ་བོ་བཅུའི་སྒོ་ནས་ལས་ཚོགས་གསུང་སྐབས་དང༌། གོང་དུ་ལེའུ་གཞན་ཐམས་ཅད་ཀྱི་སྐབས་སུ། དེ་ནས་བཅོམ་ལྡན་འདས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་པ་ཞེས་པ་ནི། བདེ་ལམ་སྐབས་སུ་གསུངས་པ་ལྟར། དེ་ནི་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོ་སོགས་མདོ་སྔགས་གཉིས་ཀར་གསུངས་པ་ནི་རང་རེ་རྗེས་འཇུག་རྣམས་ལ་སློབ་མ་ལ་ཆོས་སྟོན་པའི་སྐབས་སུ་འདི་ལྟར་བགྱིས་ཤིག་ཅེས་བསླབ་བྱ་གནང་བ་ཡིན། ངའི་རྗེས་འཇུག་རྣམས་ཀྱི་སློབ་མ་ལ་ཆོས་སྟོན་པའི་སྐབས་སུ་གང་བྱུང་བྱུང་མིན་པར། དེ་རིང་གང་སྟོན་རྒྱུའི་ཆོས་ཐུན་དེ་ཉིད་བུམ་སྟོང་བྱེ་བ་ལྟར་མ་ཡིན་པར་རང་གིས་མ་ཐ་ཡང་སྒོ་བཅད་ནས་ཐུན་ཐུང་ངུ་རེ་ལས་མ་བྱུང་ཡང་བཅད་དེ་ཚོགས་ཞིང་ལ་ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ་ནས། གང་འཆད་རྒྱུའི་ཆོས་དེ་དག་རང་གི་སློབ་མའི་གདུལ་བྱའི་བློ་དང་འཚམས་པར་འདི་དག་འདི་འདྲ་བ་འཆད་སྙམ་ནང་དུ་ཤར་སྒོམ་རེ་བྱས་ནས་སྟོན་དགོས་སོ་ཞེས་བརྡ་སྟོན་པར་མཛད་ཅིང༌། བཅོམ་ལྡན་འདས་ལ་ནི་དེ་འདྲ་བའི་རྣམ་པར་རྟོག་པ་ཅི་ལ་མངའ་གསུང་ཞིང༌། ཁྱད་པར་རང་རེ་རྣམས་དབང་བསྡུད་ཀྱི་ལས་སྦྱོར་སོགས་བྱེད་ཚེ་ཁ་ཕྱིར་བལྟས་ནས་གཞན་ལ་རེ་མི་དགོས་པར། གོས་དཀར་མོ་སྟེ་ལྷ་མོ་དབྱངས་ཅན་མ་དང༌། རྗེ་བཙུན་སྒྲོལ་མ་སྐུ་མདོག་དམར་པོར་སྒྱུར་ནས་སྒྲུབ་ཆོག་ཚུལ་དང༌། དེ་སྟོབས་ཀྱིས་གྲུབ་ཆེན་གོང་མ་དང༌། བཀའ་གདམས་ཀྱི་བླ་མ་གོང་མ་ཐམས་ཅད་ཀྱིས་རྗེ་བཙུན་སྒྲོལ་མ་རང་ལ་གསོལ་བ་བཏབ་སྟེ་ལས་སྒྲུབ་པས་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་ཚུལ་རྒྱས་པར་གསུང་ཡང་ཡི་གེས་འཇིགས་ནས་འབྲིར་མ་ལང་ངོ༌། །

 

ལས་ཚོགས་ཀྱི་ཁྲོ་བོ་དགུའི་ཕྲེང་སྔགས་གསུངས་པ།

 

ལེའུ་བཅུ་བཞི་པ་འདིར་ལས་ཚོགས་ཀྱི་རིམ་པ་གསུངས་པ་ལ་ཁྲོ་བོ་དགུའི་ཕྲེང་སྔགས་དང༌། ལས་ཚོགས་ལྷ་མོ་བཞིའི་ལས་ཚོགས་དང་ཕྲེང་སྔགས་གསུངས་ཤིང༌། གཙུག་གཏོར་(༢༣ན)འཁོར་ལོ་སྒྱུར་བའི་ཕྲེང་སྔགས་ཀྱི་རྩ་སྔགས་དང༌། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲེང་སྔགས་སོགས་ནི། རྡོ་རྗེ་གཙུག་གཏོར་སོགས་རྣལ་འབྱོར་རྒྱུད་ཀྱི་འགྲེལ་པ་གཞན་ནས་ལེན་དགོས་དང༌། ཁྱད་པར་འདི་ཉིད་ནས་གསུངས་པ་སོགས་ཀྱི་ལས་ཚོགས་འདི་རྣམས་སྒྲུབ་པ་ལ། འགྲེལ་པ་ཉིད་ལས་ཏིང་ངེ་འཛིན་གཉིས་སྔོན་དུ་བཏང་ནས། ལས་རྒྱལ་མཆོག་ལ་བརྟེན་ནས་སྒྲུབ་དགོས་པར་ཡང་དང་ཡང་གསུངས་པ་ནི། རྒྱུད་རང་ནས། རྡོ་རྗེ་སེམས་དཔའི་རྒྱལ་པོ་མཆོག །ཡང་ནས་ཡང་དུ་བསྐུལ་བར་བྱ། །ཞེས་གསུངས་པ་ལྟར། ལས་འདི་དག་སྒྲུབ་པ་ལ་གང་བྱུང་བྱས་པས་མི་ཆོག་པར་ཚེ་འདི་བློས་བཏང་སྟཻ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། ཟབ་མོ་དབུ་མའི་ལྟ་བ་ལ་ངེས་ཤེས་འདྲོངས་ཏེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་གནས་ནས་སྒྲུབ་དགོས་པ་དང༌། རྡོ་རྗེ་སེམས་དཔའི་རྒྱལ་པོ་ཡང་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་འདི་རང་ཡིན་ཚུལ་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་དབུ་མའི་ལྟ་བ་ལ་རྩལ་ཏུ་སྟོན་ནས་སྒོམ་ཚུལ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་དབང་བཞི་རྣམ་པར་དག་པ་ལེགས་པར་ཐོབ་སྟེ་དམ་སྡོམ་ལ་གནས་ནས་དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་སྐབས་སུ་ཐུན་མོང་མ་ཡིན་པའི་སྦྱོར་བ་ཚོགས་བསོགས་སྐབས་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ལྷག་པར་སྒོམ་ཚུལ་དང༌། དེ་ནས་ཡེ་ཤེས་ཀྱི་བསྒོམ་པ་ནི་ཟབ་མོའི་ལྟ་བ་སྒོམ་ཚུལ་དངོས་གཞི་དང༌། དེ་ནས་རྡོ་རྗེའི་ས་བསྐྱེད་དེ་མངོན་བྱང་ལྔའི་བར་ནི་དང་པོར་སྦྱོར་བ་དང༌། དེ་ནས་ལུས་དཀྱིལ་སོགས་སྒོམ་པ་ནས་སྙོམས་འཇུག་གི་མཆོད་པའི་བར་དཀྱིལ་འཁོར་རྒྱལ་མཆོག་དང༌། དེ་དག་གི་སྐབས་སུ་བྱམས་སྙིང་རྗེ་ཤུགས་དྲག་གིས་དྲངས་ཏེ་བདེ་སྟོང་སྦྱར་ནས་བསྒོམ་སྟེ། ལས་རྒྱལ་མཆོག་གི་ཁོངས་སུ་ལས་སྦྱོར་འདི་དག་བྱ་དགོས་ཚུལ་ཞིབ་ཆ་ནན་ཏན་དང་བཅས་པ་གསུངས་ཤིང༌། དེའི་ནང་ནཱ་ལས་སྦྱོར་ཐམས་ཅད་བསྟན་པ་དང་འགྲོ་བའི་དོན་ཁོ་ནར་བྱེད་པ་ལས། རང་དོན་རྐྱང་པའི་ཆེད་(༢༣བ)དུ་མི་བྱེད་ཅིང༌། ཁྱད་པར་དབང་སྡུད་ཀྱི་ལས་དང༌། འདོད་རྒྱལ་གྱི་སྒོ་ནས་འགུག་པའི་ལས་སོགས་ཀྱི་སྐབས་རང་རེ་ལས་དང་པོ་པ་རྣམས་ཀྱིས། གཙོ་བོ་གྲུབ་པ་ཐོབ་པའི་པཎྜི་འམ། ཆོས་སྟོན་པའི་བླ་མ་རང་འགུགས་དགོས་པ་དང༌། དེ་ལ་འོད་ཟེར་གྱི་ལྕགས་ཀྱུ་དང་ཞག་པ་སོགས་ཀྱིས་དེ་དག་འགུགས་ན་ཁ་ཡར་བལྟས་ཏེ་ལོག་པའི་ལམ་དུ་མི་འགྲོ་ཞིང༌། དེ་མིན་ཕལ་ཆེར་མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་ཀྱི་དབང་དུ་སོང་ནས་ཁ་མར་བལྟས་ཏེ་སྡུག་བསྔལ་ལས་ཐར་དུས་མེད་པའི་ཚུལ་ཞིབ་པ་དང༌། དེ་ཡང་ཁྲོ་བོ་རྟ་མགྲིན་གྱི་སྒོ་ནས་འདིར་དུག་སེལ་བའི་ལས་ཚོགས་ཙམ་ལས་མ་གསུངས་ཡང༌། འདི་ཉིད་གསང་བདེ་འཇིགས་གསུམ་ཀའི་སྐབས་ནས་བསྟན་པས་ལྷ་ཡིན་པས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཐམས་ཅད་སྒྲུབ་ཏུ་ཡོད་པས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་བའི་དཔེ་དང་བཅས་རྒྱས་པར་གསུངས་ནས་འོན་ཀྱང་འདི་རྟ་མགྲིན་རྟ་མགོ་ཅན་ནི་མིན་གསུང་དྲག་པོའི་ལས་སྦྱོར་རྣམས་བྱ་བའི་ཡུལ་ནི་ཚངས་པའི་ཆུང་མ་དང༌། ཁྱབ་འཇུག་གི་ཆུང་མ་དྲག་མོ་དང། གཞོན་ནུ་མ་སྟེ་གདོང་དྲུག་གི་ཆུང་མ་དང༌། དབང་ཕྱུག་གི་ཆུང་མ་རྒན་བྱད་མ། བརྒྱ་བྱིན་གྱི་ཆུང་མ་དབང་མོ་དང༌། གཤིན་རྗེའི་ཆུང་མ་ཕག་མོ་སྟེ་མ་མོ་བདུན་འདུ་བའི་གནས་དང༌། ལ་ཁ་གོང་གསུམ་དང༌། ལམ་རྒྱ་གྲམ་དང༌། གསུམ་མདོ་སོགས་སུ་བསྒོམ་ན་མ་མོ་དེ་དག་གིས་འཕྲལ་དུ་བར་གཅོད་རྩོམ་པའི་རྣལ་འབྱོར་བ་བྱམས་པ་དང་སྙིང་རྗེ་དང་ལྟ་བའི་གདེངས་དང་ལྡན་པ་ཡིན་ན་གང་ཤར་སྒྱུ་མ་ལྟ་བུའི་འཕྲུལ་ལ་བརྟེན་ནས་རྟོག་པའི་དངོས་གྲུབ་འགྲུབ་པ་ནི། བླ་མ་རྗེ་བཙུན་མི་ལ་རིན་པོ་ཆེ་ལ་བྲག་སྲིན་མས་བར་གཅོད་བྱེད་པར་རྩོམ་པ་ན་རྗེ་བཙུན་གྱིས་ཁྱོད་འདི་རུ་མ་ཡོང་ཕར་རྒྱུག་ཅིག་གསུངས་པས་མོས། ཁྱོད་རྒྱུག་གཅིག་བྱས་པར་ང་མི་འགྲོ །མི་ཁྱོད་ཀྱི་སེམས་ལ་འཁུ་འཕྲིག་ཡོད། ཞེས་སོགས་ཟབ་མོའི་ལྟ་བ་ལས་བརྩམས་ཏེ་སྨྲས་པས། རྐྱེན་དེས་རྗེ་བཙུན་གྱིས་བླ་མ་མར་པ་ལོ་ཙཱའི་གདམས་ངག་རྣམས་དྲན་ནས་ཟབ་མོ་དབུ་མའི་ལྟ་བ་ལ་(༢༤ན)ཉམས་རྟོག་སྔར་ལས་ལྷག་པ་རྙེད་པས་རྗེ་བཙུན་གྱིས། ཁྱོད་བདེན་ནོ་བདེན་ནོ་འདྲེ་མོ་བདེན་ངན། །འདྲེ་ཁྱོད་ཀྱི་ཁ་ནས་ལེགས་བཤད་བྱུང༌། ཁོང་མཁས་པ་བརྒྱ་ཡིས་ཞལ་བསྡུར་ཀྱང༌། །དོན་འདི་ལས་ལྷག་པ་གསུང་རྒྱུ་མེད། ཅེས་སོགས་ལས་བརྩམས་པའི་གཏམ་རྒྱུད་རྒྱས་པར་གསུངས་པ་ལམ་རིམ་ཟིན་བྲིས་ན་གསལ། དེ་མིན་ལྟ་གདེངས་དང་མི་ལྡན་པར་ཤེས་རྒྱུད་ཉོན་མོངས་པས་གང་སྟཻ་གནས་དེ་འདྲ་བར་གྱ་ཚོམ་གྱི་གཅོད་གཏོང་བ་སོགས་བྱེད་པ་དུས་མ་ཡིན་པའི་འཆི་རྐྱེན་ཡིན་ཚུལ་བཅས་ཡབ་རྗེ་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་འབའ་ཞིག་ཐུགས་ཀྱི་གཏིང་དུ་བཅུགས་པའི་ཞིབ་ཆའི་མན་ངག་མང་པོའི་སྐབས་མཐའ་དག་ཏུ་བསྩལ་བྱུང་ངོ༌། །

ལེའུ་བཅུ་བཞི་པའི་ལས་བཞི་སྒྲུབ་ཚུལ་བཤད་རྒྱུད་ལས་གསུངས་པའི་རྫོགས་རིམ་པའི་ལས་བཞི་སྒྲུབ་ཚུལ་གྱི་ས་བཅད་གསུམ་པ་ཕུར་བུ་གདབ་པའི་ལས་ཚོགས་ཀྱི་སྐབས་སུ། བསྡུད་པ་པོའི་ཚིག་གི་མཚམས་སྦྱར་ནས་ཕུར་བུའི་སྔགས་ཐུན་མོང་དུ་བསྟན་པ། རྫས་ཀྱི་ཕུར་གདབ། བསམ་གཏན་གྱི་ཕུར་གདབ། ཏིང་ངེ་འཛིན་ལ་བརྟེན་ནས་ཕུར་བུ་གདབ་པ་དང༌། ཕུར་བུའི་དབྱིབས་སྟོད་ཁྲོ་བོ་ལ་སྐེད་པ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ལྟ་བུར་གསུངས་ཀྱང༌། ཟུར་གསུམ་པ་དགོས་པ་རང་ལུགས་ཡིན་ཚུལ་བཅས་བགེགས་ལ་ཕུར་གདབ་བྱེད་རྒྱུའི་སྐོར་རྣམས་ཞིབ་ཏུ་གསུང་ཞིང༌། གང་ལ་ཕུར་གདབ་བྱ་རྒྱུའི་བགེགས་ཀྱི་གཙོ་བོ་རང་དེ་རང་རྒྱུད་ཀྱི་ཉོན་མོངས་པ་བདག་འཛིན་འགོང་པོ་འདི་རང་ལ་བྱས་ནས། དེ་ལ་གཞུང་བཟང་མ་བརྟེན་པར་ཤིན་ཏུ་དྲག་པོར་ཁྲོས་ནས་ལས་སྦྱོར་བྱེད་ཚུལ་གྱི་ཞིབ་ཆ་རྒྱས་པར་གསུངས། ལེའུ་བཅུ་གཅིག་པའི་ཇི་ལྟ་བུ་ཞེས་ན་སྐུ་གསུམ་མཆོག་སྟེ་སངས་རྒྱས་ཀྱི་ཐེག་པ་ཞེས་པ་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཐེག་པ་གསར་པ་ཞེས་པ་ནི་གསང་སྔགས་གསར་མ་ལྟ་བུ་ལ་མི་བྱེད་ཅིང༌། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་གནས་བྱ་རྒོད་ཕུང་པོའི་རིར་ཆེད་དུ་བྱ་བ་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་ལ་ཆོས་ཀྱི་འཁོར་ལོ་(༢༤བ)བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བ་དང་མཉམ་དུ། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཤམྦྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་ཞུས་ཏེ། འཇམ་དཔལ་མཚན་བརྗོད་ལ་སོགས་པའི་གསང་སྔགས་རྒྱུད་སྡེ་བཞི་ཀ་གསུང་པའི་སྐབས་ཀྱི་ཐེག་པ་དང༌། ཁྱད་པར་བླ་མེད་རྡོ་རྗེ་ཐེག་པ་ལ་བྱེད་ཅིང༌། དེ་ལ་ཐེག་པ་གསར་པ་ཞེས་བརྗོད་པ་ཡང་དེ་སྔ་ཕན་བཅོམ་ལྡན་འདས་ཀྱི་འཁོར་ལོ་དང་པོ་གཉིས་པ་བསྐོར་བའི་སྐབས་སོགས་དེ་དག་གི་གདུལ་བྱ་ལ་ཐེག་པ་འདིའི་འགྲོས་ཙམ་ཡང་མ་མཛད་པར་སྐབས་དེ་ནས་གསར་དུ་བྱུང་བས་ན་དེ་ལྟར་བརྗོད་ཅིང༌། སྤྱིར་བོད་འདིར་གྲགས་པའི་གསང་སྔགས་གསར་རྙིང་གི་ཁྱད་པར་ནི། ལོ་ཆེན་བཱཻ་རོ་ཙ་ན་ཡན་གསང་སྔགས་རྙིང་མ་དང༌། ལོ་ཆེན་རིན་ཆེན་བཟང་པོ་མན་གྱི་གསང་སྔགས་ལ་གསར་མ་ཟེར་ཞིང༌། དེ་ཡང་གསང་སྔགས་སྔ་འགྱུར་རྣམས་བསྲེ་ལྷད་ཆེ་བས། ལོ་ཆེན་རིན་ཆེན་བཟང་པོ་དང༌། མར་པ་ལོ་ཙཱ། འགོས་ལོ་ཆེན་པོ་སོགས་ཀྱིས་རྒྱ་གར་གྱི་མཁས་པའི་དྲུང་དུ་དཀའ་བ་ཁྱད་དུ་བསད་ནས་ཕེབས་ཏེ་དག་ཐེར་གྱི་སྒོ་ནས་སྤྱན་དྲངས་པའི་གསང་སྔགས་ལ་གསར་མའི་ཐ་སྙད་འདོགས་ཚུལ་ཞིབ་ཏུ་གསུངས་ཤིང༌། ལེའུ་འདིའི་ཕན་ཡོན་ཆེ་བརྗོད་ཀྱི་སྐབས་སུ་ཡང༌། སྤྱིར་བསྐྱེད་རིམ་ལ་བརྟེན་ནས་རྫས་སྔགས་ལ་མ་བརྟེན་པར་ལས་སྒྲུབ་ཚུལ་གྱི་ལས་སྦྱོར་གྱི་རིམ་པ་དང༌། ཁྱད་པར་རྫོགས་རིམ་གྱི་སྟོང་པ་བཞི་དང༌། སྒྱུ་ལུས་འོད་གསལ་ཟུང་འཇུག་ལ་བརྟེན་ནས་ལས་ཚོགས་མཐའ་དག་སྒྲུབ་ཏུ་ཡོད་པ་ངོ་མཚར་བའི་རྒྱུ་མཚན་དང༌། དེ་ཡང་སྟོང་པ་དང་པོ་གསུམ་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མེད་ཅིང༌། དེ་ཡོད་ན་དེ་གསུམ་བདེན་སྣང་ཅན་ཡིན་པས་སངས་རྒྱས་ལ་བདེན་སྣང་ཡོད་པར་འགྱུར་ཞིང༌། སངས་རྒྱས་ཀྱིས་ཐམས་ཅད་སྟོང་པ་འོད་གསལ་གྱི་དབྱིངས་ལས་སླར་ལྡང་བ་མི་སྲིད་པར་འཁོར་བ་མ་སྟོངས་བར་དུ་གདུལ་བྱའི་དོན་མཛད་ཅིང་གཞུང་དུ་སངས་རྒྱས་ལ་སྟོང་པ་བཞིའི་རང་བཞིན་ཞེས་པ་ནི། སྟོང་པ་(༢༥ན)དང་པོ་གསུམ་ཡོངས་སུ་གྱུར་པས་བདག་ཉིད་ཅན་ཡིན་པ་ལ་དགོངས་ནས་དེ་ལྟ་བུ་གསུངས་ཤིང༌། དེ་ཡོངས་སུ་གྱུར་བའི་དཔེ་ནི། དཔེར་ན་འོ་མ་ཡོངས་སུ་གྱུར་པ་ལས་ཞོ། དེ་ལས་དར་ར་ཕྱུར་ཁུ་སོགས་འབྱུང་བ་ལྟ་བུ་ཡིན་གསུང༌། དེ་ནས་ལེའུ་བཅོ་ལྔ་པའི་མཚམས་སྦྱོར་སྐབས་ལེའུ་བཅོ་ལྔ་པས་བཤད་པ་མི་ཟེར་བར། ལེའུ་བཅོ་ལྔ་པ་དམ་ཚིག་འབྱུང་བས་ལེའུས་བཤད་པ་ཟེར་བ་ནི། ལེའུ་དང་པོས་བརྗོད་བྱའི་ལུས་ཡོངས་སུ་རྫོགས་པ་མདོར་བསྟན་གྱི་སྒོ་ནས་ཚང་བར་བཤད་པ་དེ་ཉིད། ལེའུ་གཉིས་པ་ནས་བཅུ་བདུན་པའི་བར་གྱི་དོན་དེ་དག་རེ་རེ་ནས་རྒྱས་པར་བཤད་ཚུལ་ལ་གོ་བ་ཡག་པོ་ཆགས་དགོས་པ་ཡིན་གསུང༌། དེ་ཡང་སྤྱོད་པ་གསུམ་གྱི་ནང་ནས་སྤྲོས་བཅས་ཀྱི་སྤྱོད་པ་མཛད་མཁན་རྒྱལ་པོ་ཨིནྜ་བོ་དྷི། སྤྲོས་མེད་ཀྱི་སྤྱོད་པ་མཛད་མཁན་རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་དྲིལ་བུ་པ་ལྟ་བུ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་མཁན་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཞི་བ་ལྷ། རྗེ་བདག་ཉིད་ཆེན་པོ་ལྟ་བུ་ཡིན་གསུངས།

ལེའུ་བཅོ་ལྔ་པའི་བསྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་སྟོན་པའི་ས་བཅད་འདི་ལ། རྒྱུད་སྨད་འབྱེད་རྙིང་སོགས་འགྲེལ་པ་ཁུངས་དག་རྣམས་ལ་ས་བཅད་རྣམ་པ་བདུན་ཡོད་ཀྱང༌། བསྡུས་དོན་འདི་ལ་ས་བཅད་དྲུག་ལས་མ་བྱུང་བ་ནི། རྣམ་སྣང་གི་རིགས་ཀྱི་སྤྱོད་པ་དང༌། མི་བསྐྱོད་པའི་རིགས་ཀྱི་སྤྱོད་པའི་ཆོ་ག་ལྷག་མ་བཤད་པ་གཉིས་ཐུན་མོང་དུ་བྱ་བའི་འགྲོ་ལུགས་ཞིག་ཡོད་པ་ལ་བསམ་ན། དེ་གཉིས་གཅིག་ཏུ་བྱས་པའི་སྟབས་ཀྱིས་སྤྲོས་མེད་ཀྱི་སྤྱོད་པ་ལ་ས་བཅད་དྲུག་བྱ་བ་དེང་སང་ངན་ལམ་རྒྱུན་འབྱམས་པ་ཡིན་ཚུལ་ཞིབ་པར་གསུངས་པ་བརྟག་དཔྱད་དགོས་པ་ཡོད་ཁྱད་པར་ལེའུ་བཅོ་ལྔ་པ་འདིར། ལུགས་འདི་པའི་འབྲས་(༢༥བ)བུ་མཐར་ཐུག་གཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་རིན་ཆེན་དེ་ཉིད་ཕྱིའི་མངོན་བྱང༌། ཉིན་མོ་སྲོད་དང༌། མཚན་མོ་ཐོ་རེངས་པ་བཞི་དང༌། ནང་གི་མངོན་བྱང་སྣང་བ་སྟེ་སྟོང་པ་དང༌། མཆེད་པ་སྟེ་སྟོང་པ་ཆེན་པོ་དང༌། སྣང་བ་ཐོབ་པ་ཤིན་ཏུ་སྟོང་པ་དང༌། འོད་གསལ་ཏེ་ཐམས་ཅད་སྟོང་པ་བཞི་དང་བྲང་སྤྲོད་དུ་སྦྱར་ནས་སྒོམ་ཚུལ་གྱི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་ཚུལ་ཆེས་ཞིབ་པ་རྫོགས་རིམ་གྱི་སྐབས་སུ་གསུངས་པ་ལྟར་དང༌། འདིའི་རང་སྡེ་ནི་རྡོ་རྗེ་ཐེག་པའི་ལམ་ལས་ཉམས་སུ་ལེན་པའི་རྣལ་འབྱོར་པའི་གང་ཟག་དང༌། གཞན་སྡེ་ནི་ཕར་ཕྱིན་ཐེག་པ་བ་ལ་བྱེད་ཚུལ་ནི། སྡོམ་པ་ཉི་ཤུ་པ་ལས། རང་དང་གཞན་གྱི་གྲུབ་པའི་མཐའ་ཞེས་པ་དང་མཚུངས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞེས་པ་འདི་ལ་དོགས་པ་འདི་ཡོད་དེ། བླ་མེད་ཀྱི་ལུགས་འཆད་པའི་སྐབས་སུ། རྣལ་འབྱོར་རྒྱུད་ཀྱི་གཞུང་གི་ཁུངས་འདྲེན་པ་མི་རིགས་སྙམ་ན་སྐྱོན་མེད་དེ། དེ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོར་སངས་རྒྱས་ནས་གསང་སྔགས་ཀྱི་རྒྱུད་སྡེ་གསུང་སྐབས། ཐོག་མ་རང་ལ་རྣལ་འབྱོར་རྒྱུད་ཀྱི་གཞུང་རྩ་རྒྱུད་དེ་ཉིད་བསྡུས་པ་གསུངས་ཤིང༌། དེ་ནི་རྡོར་དབྱིངས་དང་ཀུན་རིག་སོགས་རྣལ་འབྱོར་རྒྱུད་ཀྱི་ཕྱི་མོས་རྩ་བ་ཡིན་ཀྱང༌། དེ་ཕྱིན་ཆད་གསུང་བ་པའི་རྒྱུད་རེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གནད་འགའ་ཞིག་མ་གཏོགས་ཆོ་གའི་འགྲོས་དང་ལག་ལེན་གྱི་རིམ་པ་ཕལ་ཆེར་འདི་རང་ལ་ཁུངས་བཅས་པའི་རྒྱུ་མཚན་གྱིས་རྒྱུད་འདིའི་རྩ་བརྒྱུད་ཀྱི་གྲས་སུ་འདྲེན་པ་ཡིན་གསུངས་ཁྱད་པར་ལེའུ་བཅོ་ལྔ་པ་འདིར་བསྐྱེད་རིམ་པས་ལས་ཚོགས་ཁྱད་པར་ཅན་དང་རྫོགས་རིམ་དེའི་ནང་ནས་མ་དག་པའི་སྒྱུ་ལུས་པས་རྡོར་བཟླས་ལ་བརྟེན་ནས་རྡོ་རྗེ་འཆང་དང་འདྲ་བའི་དབང་ཕྱུག་བརྒྱད་ཀྱི་ཕན་ཡོན་ཐོབ་ཚུལ་དང༌། ཚངས་པ་དང་དབང་(༢༦ན)ཕྱུག་གཉིས་སྐྱབས་སུ་འདོད་པའི་གྲངས་ཅན་རྟག་སྨྲ་བ་དང༌། ཆད་སྨྲ་བ་ཞེས་དྲང་སྲོང་སེར་སྐྱའི་རྗེས་འཇུག་རྣམས་ཀྱིས་དབང་ཕྱུག་དང་ཚངས་པ་གཉིས་སྣོད་བཅུད་ཀུན་གྱི་བྱེད་པོར་འདོད་ལུགས་དེ་ལ་དཔལ་ཆོས་ཀྱི་གྲགས་པས། འོ་ན་ངན་སོང་གསུམ་གྱི་སྡུག་བསྔལ་འབྱུང་བ་མཐའ་དག་ཀྱང་དེ་གཉིས་ཀྱི་བྱས་སམ། རང་ལ་ནད་ན་ཚ་མི་འདོད་པའི་སྡུག་བསྔལ་སོགས་འབྱུང་བ་ཡང་དེ་གཉིས་ཀྱིས་བྱས་སམ་ཞེས་དགག་པ་མཛད་ནས། དེ་ལྟར་ན་གྲངས་ཅན་བླུན་པོ་ཁྱོད་རང་སྡུག་བསྔལ་མཐའ་དག་ལ་སྦྱོར་མཁན་ཚངས་པ་དང་དབང་ཕྱུག་སྐྱབས་སུ་འདོད་པ་འཁྲུལ་པ་དང༌། རིགས་པ་སྨྲ་བའི་ནང་ནས་ཐ་ཆད་ཡིན་ཚུལ་སོགས་རྒྱས་པར་བསྩལ་ཏོ། །

 

སྒྱུ་མའི་སྐུ་རྩལ་དུ་བཏོན་པའི་སྒོ་ནས་གནས་འདིའི་རྟོགས་

དཀའ་བ་གཙོ་བོར་འཆད་ཚུལ།

 

དེ་ལྟར་ལེའུ་བཅོ་ལྔ་པ་འདིར་སྒྱུ་མའི་སྐུ་རྩལ་དུ་བཏོན་ནས་འཆད་པ་ཡང་གནས་འདི་རྟོགས་དཀའ་བས་ཡང་ཡང་གཙོ་བོར་བཏོན་ནས་འཆད་ཚུལ་དང༌། དཔལ་གསང་བ་འདུས་པ་ལ་ཐོས་བསམ་ཞིབ་འཇུག་གི་སློབ་གཉེར་བྱས་པ་རྣམས་ཀྱིས་སྒྱུ་ལུས་དང༌། འོད་གསལ། ཟུང་འཇུག་གསུམ་ལ་གོ་བ་ལེགས་པར་ཆགས་ན་གནད་དུ་སོང་བའི་གོ་བ་ཆགས་པའི་ཆེད་དུ་རྒྱུག་ཊིཀ་ཕལ་ཆེར་ནས་ཡང་ཡང་གསུངས་ཚུལ་དང༌། སྒྱུ་ལུས་པས་ཐ་མལ་གྱི་ཕུང་པོ་གཏན་ནས་སྤོང་དགོས་ཤིང༌། སྤོང་ཚུལ་ལ་ཕུང་པོ་རྙིང་པ་འོད་གསལ་གྱིས་སྦྱངས་ཏེ་རང་ལ་བསྡུས་ནས་གཤེགས་པ་གྲུབ་ཆེན་ཆོས་རྡོ་རྗེ་ལྟ་བུ་དང༌། ཕུང་པོ་རྙིང་པ་དང་རྟེན་དུ་བཞག་ནས་ཟུང་འཇུག་བརྙེས་པ་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བློ་བཟང་གྲགས་པ་ལྟ་བུ་གཉིས་ཡོད་ཅིང༌། སློབ་དཔོན་ཟླ་བ་གྲགས་པས་སྒྱུ་ལུས་འགྲུབ་པའི་ཡོན་ཏན་གྱིས་རི་མོར་བྲིས་པའི་བ་གྲུས་ལས་འོ་མ་བཞོས་པ་དང༌། རྡོ་ལས་གྲུབ་པའི་སེངྒེས་བི་ཀ་མ་ལར་དུ་རུ་ཀའི་དམག་བྱུང་བ་བཟློག་པར་མཛད་ཚུལ་བཅས་ཞིབ་ཏུ་གསུངས། ལེའུ་བཅོ་ལྔ་པ་འདིར། ཡེ་ཤེས་འབེབས་པའི་སྐོར་རྒྱས་པར་བསྟན་ཅིང༌། སྤྲ་འབེབས་པ་དང༌། ཡེ་ཤེས་འབེབས་པ།(༢༦བ)ཆོས་སྐྱོང་འབེབས་པ་རྣམས་མི་གཅིག །ཆོས་སྐྱོང་ནི་ཁོག་ཏུ་བརླམས་པ་ཡིན་ལ། སྤྲ་འབེབས་པ་ནི། བུ་ཚ་དང་བུ་མོ་གྲོང་པའི་ཆོས་ཀྱི་མ་གོས་པ་ལ་རྫས་སྔགས་ཀྱི་སྒོ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཕེབས་ནས་ལུང་སྟོན་པ། ཇོ་བོ་ཆེན་པོས་རྒྱ་གར་གཞན་སྡེའི་ལོག་རྟོག་གསལ་ཕྱིར་སྤྲ་ཕབ་པའི་ལོ་རྒྱུས་ཀྱང་རྒྱས་པར་གསུངས། སྒྱུ་ལུས་པའི་ཡོན་ཏན་ལ་ཆགས་པ་ལམ་བྱེད་ཀྱི་ཡུལ་དུ་གཟུགས་ཁམས་པའི་བུ་མོ་ཡོད་སྲིད་ནའང་དབང་དུ་འདུ་ནུས་ཚུལ་དང༌། ཀ་རྟགས་ཁ་རྟགས་ཀྱི་ཡི་གེ་འདོར་ལུགས་དང༌། ཚིག་དོན་སྒྲིག་ལུགས། ཡི་གེའི་སྡེབས་དང་ངོ་བཽ་འགྱུར་ལུགས་སོགས་ལ་ནན་ཏན་དགོས་ཚུལ་ཡང་དང་ཡང་དུ་གསུངས་སོ། །

ལེའུ་བཅོ་ལྔ་པ་འདིར་སྔགས་བླ་མེད་ཀྱི་ལུགས་ཀྱི་ཟབ་མོ་དབུ་མའི་ལྟ་བ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་རྩལ་དུ་སྟོན་ནས་ཆེས་ཞིབ་པར་གསུངས་པ་ནི་གོང་དུ་བཀོད་ཟིན་པ་ལྟར་དང༌། དེ་ཡང་ལེའུ་འདིར་དྲག་ལས་ལ་སྟ་རིས་གསོད་པ་སོགས་བསད་སྐྲད་བསྣན་གསུམ་སོགས་དྲག་པོའི་ལས་སྦྱོར་ཇི་ལྟ་ཇི་སྙེད་གཅིག་གསུངས་པ་ཐམས་ཅད་ཀྱི་ངེས་དོན་ནི། ལེའུ་འདིར་རྫོགས་རིམ་པའི་བསད་ལས་བྱང་ཚུལ་རྒྱུད་ནས་གསུངས་པའི་འགྲེལ་པའི་སྦྲུལ་བཤད་ཀྱི་ལེ་ཚན་འདི་ནང་ཇི་ལྟར་འབྱུང་བ་ལྟར་ལ། དེ་ཡང་དོན་སྙིང་པོར་དྲིལ་ན་དྲག་པོའི་སྒོ་ནས་གང་བསད་པར་བྱ་བའི་དགྲ་དང་དངོས་གཞི་དེ་ནི། རང་ཉིད་དང་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཞེ་སྡང་སོགས་དུག་གསུམ་པོ་དེ་དག་བསྐྱེད་བྱེད་ཀྱི་རྩ་བ་བདག་འཛིན་གྱི་དགྲ་བོ་ལུས་བྱད་ཤིན་ཏུ་ངན་པའི་རྣམ་པར་བཀུག་ནས། དེ་དག་གིས་དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བསྡོས་པ་སོགས་བསྒྲལ་བའི་ཞིང་བཅུ་ཚང་ཚུལ་སོགས་བརྗོད་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང། ཟབ་མོ་དབུ་མའི་ལྟ་བའི་གདེངས་དང་ལྡན་པས་བསད་ན། རང་གཞན་སེམས་ཅན་ཐམས་ཅད་ལ་ཚོགས་གཉིས་རྫོགས་པ་སོགས་ཕན་ཡོན་བླ་ན་མེད་པ་འབྱུང་ཞིང༌། ཁྲོ་བོ་གཤིན་རྗེ་གཤེད་ངོ་བོ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་དང་ཡེ་ཤེས་དེའི་ཡུལ་དུ་གྱུར་པའི་ཟབ་མོ་དབུ་མའི་(༢༧ན)ལྟ་བ་གཉིས་གཤིན་རྗེའི་གཟུགས་སུ་ཤར་ཞིང༌། བདག་འཛིན་འདུལ་བྱེད་ཀྱི་རྒྱུའི་གཙོ་བོ་ནི་ཟབ་མཽ་དབུ་མའི་ལྟ་བ་ཁོ་ན་ཡིན་པས་འདི་འདྲ་བའི་གནད་ལ་གོ་བ་ལེགས་པར་ཆགས་དགོས་ཞིང༌། དེ་ཡང་རྫོགས་པའི་རིམ་པ་ལ་གནས་པའི་གསོད་པའི་ལས་ཀྱང་ལེའུ་དགུ་པ་ནས་གསུངས་པའི་ཚུལ་ལྟར་ཤེས་པར་བྱ་བས། དེ་ཡང་གོང་དུ་བཤད་པའི་ལེའུ་དགུ་པ་ལས། སེམས་ཅན་ཐམས་ཅད་བསད་ན་ནི། །ཞེས་སྲོག་གཅོད། ནོར་རྣམས་ཐམས་ཅད་འཕྲོགས་ནས་སུ། །ཞེས་མ་བྱིན་ལེན་དང༌། དབང་པོ་གཉིས་ནི་མཉམ་སྦྱོར་བས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །ཅེས་གཞན་གྱི་བུད་མེད་ལ་འདོད་པ་སྤྱོད་པ་དང༌། རྡོ་རྗེའི་ཚིག་གི་རྫུན་སྨྲ་བས། །ཞེས་པའི་རྫུན་ཚིག །རྩུབ་པའི་ངག་ལ་སོགས་པ་ནི། །བརྟེན་ན་ཡེ་ཤེས་ཐོབ་པར་འགྱུར། །ཞེས་སྲོག་གཅོད། མ་བྱིན་ལེན་སོགས་བྱ་དགོས་པར་གསུང་ཞིང༌། ཁྱད་པར། རྡོ་རྗེ་གསང་བ་འདི་ལྟ་བུས། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་གསུངས་པ་རྣམས་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་པར་དྲང་དོན་དུ་སྒྲུབ་དགོས་ཤིང༌། རྗེ་བདག་ཉིད་ཆེན་པོ་སྐུ་མྱ་ངན་ལས་འདའ་ཁར་སྟོད་ལུང་ཆུ་ཚན་དུ་ཕེབས། མར་ལམ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་འགྲེལ་པ་བཞི་སྦྲགས་གནང་བའི། མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་པ་འདི་ནས་ཆོས་མཚམས་མཛད་པས་རྟེན་འབྲེལ་བསམ། དེང་སང་རྒྱུད་སྟོད་སྨད་སོགས་ཀྱང་དལ་བྲེལ་གང་བྱུང་ཡང་ལེའུ་དགུ་པ་འདི་ལ་མཚམས་འཇོག་པ་མི་མཛད་ཚུལ་ཀྱང་གསུང༌། དེ་རྣམས་ཀྱི་ངེས་དོན་མཐར་ཐུག་པ་ནི། སྔར་གོང་དུ་ལེའུ་དགུ་པའི་ཟིན་བྲིས་སུ་བྲིས་པ་ལྟར། སེམས་ཅན་ཐམས་ཅད་བསད་པ་ཞེས་པ་ནི། རང་ཉིད་འཁོར་བར་འཆིང་བྱེད་ཀྱི་ལས་རླུང་རྣམས་ལ་སེམས་ཅན་གྱི་མིང་གིས་བཏགས་ནས། རྡོ་རྗེ་གསང་བ་འདི་ལ་བརྟེན་ནས་ལས་རླུང་གི་རྒྱུ་བ་ཐམས་ཅད་བཅོམ་དགོས་པ་དང༌། གཞན་གྱི་བུད་མེད་ལ་སྤྱོད་པ་ནི། ཡུམ་ཤེར་ཕྱིན་བདེ་སྟོང་གི་ཡེ་ཤེས་དང༌། ཟབ་མོ་(༢༧བ)དབུ་མའི་ལྟ་བ་གཉིས་སྦྱོར་དགོས་པ་དང༌། གཞན་གྱི་ནོར་འཕྲོག་པ་ནི། གཞན་གྱི་ནོར་ཆོས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་ཐོབ་མ་མྱོང་བའི་ཟུང་འཇུག་བདེ་བ་ཆེན་པོའི་སྐུ་དེ་ཉིད་ད་རེས་ལམ་འདི་ལ་བརྟེན་ནས་འཕྲོག་ཐབས་ཞིག་ངེས་པར་བྱེད་དགོས་ཚུལ་གྱི་དོན་རྣམས་ཞིབ་པར་སྩལ། དེ་ཡང་གསོད་པར་བྱ་བའི་ཡུལ་འདི་ལ་རྣམ་པར་དག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེའི་ཕུང་པོ་ཞེས་བྱ་བ་སོགས་པ་གསུང་ཞིང་ཉེས་པ་ཡང༌། བདེ་གཤེགས་ལྔ་ནི་བསད་བྱ་ཞིང༌། །ཞེས་གསུངས་པ་ལྟར། ཕུང་པོ་ལྔ་ལས། དེར་གནས་པའི་ལས་རླུང་གི་རྒྱུ་བ་འདི་དག་བསོད་དགོས་ཚུལ་ཡང་ཡང་གསུངས། ལེའུ་བཅོ་ལྔ་པའི་ནས་བཤད་པའི་ཞི་བའི་སྒོ་ནས་ནད་ཞི་བ་ལ་སོགས་པའི་འདི་དག་གི་དུས་དང༌། གནས་སྐབས། རྫས་སྔགས་སོགས་རྗེ་རིན་པོ་ཆེ་ནས་ཞིབ་ཏུ་གསུངས་པ་ནི། འདི་རྣམས་སྒྲུབ་སླ་ཞིང་རང་རེ་ལས་དང་པོ་རྣམས་ཀྱིས་ཀྱང་ངེས་པར་སྒྲུབ་དགོས་པ་ལ་དགོངས་ནས་དེ་ལྟར་གསུངས་ཞིང་དེ་ཡང་འདི་དག་ལ་ཁྲོ་བོ་རྟ་མགྲིན་དང༌། ལྷ་མོ་སྤྱན་མ་སོགས་ཀྱི་ལྷའི་རྣལ་འབྱོར་ཏེ་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་བྱ་དགོས་པར་ཞིབ་ཏུ་གསུངས།

ལེའུ་འདིར་རྨི་ལམ་གྱི་དཔེས། ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པའི་དགོས་པ་དང༌། དེ་ཁོ་ན་ཉིད་སྒྲུབ་པ་ལ་རྨི་ལམ་དཔེར་བཀོད་ནས་ཐེ་ཚོམ་གཅོད་པས། རྨི་ལམ་གྱི་དཔེས་སྤྱི་དོན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པས། རྨི་ལམ་གྱི་དཔེས་ཐུན་མོང་མ་ཡིན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་སོགས་ཀྱི་ནང་ནས། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྟོང་པར་བསྟན་པ། དེ་ལ་ཐ་སྙད་པའི་བྱ་བྱེད་མི་རུང་བར་འཛིན་པའི་དོགས་པ་བསལ་བ་རྣམས་ཀྱིས་སྒྱུ་མའི་སྐུ་དང༌། ཟབ་མོ་དབུ་མའི་ལྟ་བ་གཉིས་རྩལ་དུ་བཏོན་ནས་རྒྱས་པར་བཤད་ཅིང༌། དེ་ཡང་དཔེ་བདུན་གྱི་ནང་ནས་རྨི་ལམ་གྱི་དཔེ་འདི་སྒྱུ་མའི་སྐུ་འཆད་པ་ལ་སྦྱོར་བ་ནི་ཤིན་ཏུ་བསྔགས་ཤིང༌། དེ་ཡང་རང་གི་རྨི་ལམ་དུ་བྱུང་བའི་ཁྱི་དང༌། རྟ་གླང་སོགས་རང་གི་ཤེས་(༢༨ན)པའི་བདག་ཉིད་ཡིན་ཅིང༌། དེ་ཡང་ཤེས་པ་དེ་རྨི་ལམ་གྱི་སྐབས་དེར་གཟུངས་འཛིན་གཉིས་སུ་གྱེས་པ་ཡིན་པས་ཤེས་པ་དེ་ཁྱི་དང་རྟ་གླང་སོགས་སུ་མ་གྲུབ་དང། དེ་ཡང་སྒྱུ་མའི་སྐུ་ལ་བདག་བྱིན་རླབས་ཟེར་བ་ནི། འདུས་པ་འཕགས་ལུགས་འདི་རང་གི་ཁྱད་ཆོས་བདག་བྱིན་རླབས་ལ་སྒྱུ་ལུས་ཀྱི་ཁྱབ་པ་ལྟ་བུ་དང༌། རྒྱུད་སྡེ་གཞན་ལ་ངེས་པ་མེད་ཅིང༌། རྗེ་བཙུན་དྲིལ་བུ་ཞབས་ཀྱིས་ལམ་རིམ་པ་ལྔ་ལ་བདག་བྱིན་རླབས་ཀྱི་ཐ་སྙད་མཛད་ཚུལ་དང༌། སྒྱུ་མའི་སྐུ་དེ་སྒྲུབ་གཞི་ལ་ལུས་ཕྲ་རགས་གཉིས་ཡོད་པའི་རགས་པ་ནི་གདགས་གཞི་ཕུང་པོ་ལྔ་དང༌། ཕྲ་བ་ནི་སྣང་མཆེད་ཐོབ་གསུམ་གྱི་སྐབས་ཀྱི་བཞོན་པའི་རླུང་ལྟ་བུ་དང༌། ཤིན་ཏུ་ཕྲ་བ་ནི་ཐམས་ཅད་སྟོང་པ་འོད་གསལ་གྱི་བཞེད་པའི་རླུང་ལྟ་བུ་ལ་བྱེད་ཅིང༌། དེ་ཡང་ཤིན་ཏུ་ཕྲ་བའི་རླུང་དེ་ཉིད་སྐུ་དང༌། ཤིན་ཏུ་ཕྲ་བའི་སེམས་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་ལུགས་དང༌། དེ་ལྟ་བུའི་སྐུ་ཐུགས་གཉིས་ཚོགས་དངོས་པོ་གཅིག་ཏུ་སོང་བའི་སྐུ་དེ་འགྲུབ་ནས་འགྲོ་བ་ཀུན་གྱི་སྡུག་བསྔལ་གྱི་ནད་གསོ་བ་ལ་སོགས་པའི་ལས་ཚོགས་མཐའ་དག་གོང་དུ་བཤད་པ་ལྟར་རྡོར་བཟླས་ལ་བརྟེན་ནས་སྒྲུབ་ལུགས་དང༌། བསམ་གཏན་གཉིས་ཀྱི་སྡུད་རིམ་འོད་གསལ་དུ་བཅུག་པ་ལ་བརྟེན་ནས་སྒྲུབ་ལུགས་གསུམ་གསུངས་པའི་ནང་ནས། རླུང་ལ་བརྟེན་པ་འདི་ཤིན་ཏུ་འགྱུར་བ་ཡིན་ཏེ། རྒྱལ་བ་ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་དང༌། བ་སྤུའི་བུ་ག་ནས་ཆོས་གསུངས་པ་སོགས་རླུང་གྱེན་ཏུ་བསྡུས་པའི་མཐུ་ཡིན་ཚུལ་དང༌། རྗེ་བཙུན་མི་ལས་བླ་མ་ཅེ་ཕུག་པ་ལ་རླུང་གི་སྒོ་ནས་དུག་གི་ནུས་པ་བསྟན་པའི་གཏམ་རྒྱུད་སོགས་གསུངས། ཁྱད་པར་ནམ་མཁའི་དཔེས་རང་བཞིན་མེད་པའི་ཆོས་ཉིད་དང༌། ཆོས་ཅན་ཀུན་ལ་ཁྱབ་པའི་དོན་ནི། དཔེར་ན་ཤེས་བྱས་གང་ཁྱབ་ལ་ནམ་མཁས་ཁྱབ་ཅིང༌། དེའི་དོན་ཡང་ད་ལྟ་རང་རེ་རྣམས་ཀྱི་མིག་གིས་མཐོང་རྒྱུའི་སྡེ་སྔོ་བསང་བ་འདི་ནམ་མཁའ་མིན། འདི་ལ་བར་གྱི་སྣང་བ་སྐྱ་སེང་བ་ཟེར་གཟུགས་ཀྱི་ཆ་ཡིན། ནམ་མཁའ་ནི་དཔེར་ན་(༢༨བ)རང་གི་ལག་པ་གཡུགས་པ་ན་ཐོགས་རེག་བཀག་ཙམ་གྱིས་སྟོང་པ་འདི་ཡིན། འདིས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཚུལ་ནི། བུམ་ནང་དུ་ཆུ་བླུག་པ་དང་དཔེར་ན་ཁང་པ་སྟོང་པ་ཞིག་གི་ནང་དུ་སྒམ་ལྟ་བུ་ཞིག་བཞག་པའི་ཚེ་དེའི་ཐད་ཀྱི་ནམ་མཁའི་གོ་ས་བཀག་པ་ཡིན་ཀྱང་ནམ་མཁའ་དེ་གང་དུ་ཡང་མ་སོང་སྒམ་དེ་རང་གི་སྟེང་དུ་ཡོད་པས་དེ་དང་དེའི་སྟེང་གི་ནམ་མཁའ་གཉིས་ངོ་བོ་གཅིག་པ་ཡིན། དཔེར་ན་ཤེས་རབ་སྙིང་པོར་ཚོགས་སྦྱོར་གྱི་ལམ་དུ་སྟོང་ཉིད་བཞི་སྐོར་དུ་བསྒོམ་དུས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་དང༌། ཡུམ་གྱི་མདོ་ལས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པའི་དོན་ནི། དཔེར་ན་གཟུགས་དང་གཟུགས་ཀྱི་སྟེང་གི་ཆོས་ཉིད་དམ་སྟོང་པ་ཉིད་ངོ་བོ་གཅིག་པ་དང༌། ལྡོག་པ་ཐ་དད་པ་ནི། དེ་རྣམས་ལྡོག་ཆ་ནས་གཅིག་ཏུ་འཇོག་མི་ཤེས་པར་སོ་སོ་ཐ་དད་ཡིན་པ་ལྟ་བུ་དེ་ལྟ་བུའི་དོན་རྟོགས་པ་ལ་མི་རྟག་པ་ཕྲ་མོ་རྟོགས་དགོས་ཤིང༌། དེ་ཡང་མི་རྟག་པ་ཕྲ་མོ་འདི་ཤིན་ཏུ་རྟོགས་དཀའ་ཞིང༌། འདི་ཁ་ནས་ཤར་ན་ཡིན་འདོགས་ཆེ་ཡང་དོན་ལ་ཇི་བཞིན་རྟོགས་པ་དེ་འབྱུང་དཀའ་བ་ནི་འདུས་བྱས་ཀྱི་སྐྱེ་འཇིགས་གནས་གསུམ་གྲུབ་སྟེ་རྫས་གཅིག་ཡིན་པའི་ཚུལ་སོགས་བདེ་ལམ་སྐྱེས་བུ་འབྲིང་གི་སྐབས་ཀྱི་ཟིན་བྲིས་སུ་ཞིབ་བཀོད་ལྟར་དང༌། མི་རྟག་པ་ཕྲ་མོ་འདི་མདོ་སྡེ་པ་སོགས་ཀྱི་མངོན་སུམ་གྱི་དངོས་ཡུལ་ལ་རང་ཚན་གྱིས་ཁྱབ་པ་སྟབས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱི་དངོས་ཡུལ་ལ་ཕྲ་བའི་མི་རྟག་པ་འདི་འཇོག་ཅིང༌། སྤྱི་ཚན་རྟག་པ་ཡིན་པས་དེའི་དངོས་ཡུལ་དུ་འཇོག་མི་ཐུབ་པ་སོགས་འདི་དག་གཞུང་ལུགས་ལ་སྦྱངས་པ་རྣམས་ཀྱི་ཡག་པོ་ཤེས་དགོས་པ་ཡོད་དོ་གསུངས། ལྷག་པར་སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པར་འཇོག་ཚུལ་དང༌། ཆོས་ཐམས་(༢༩ན)ཅད་བརྟེན་ནས་བཏགས་པའི་ཐ་སྙད་ཙམ་དུ་ཡོད་ཅིང༌། དོན་དམ་པར་མེད་པ་འདིའི་སྟེང་ནས་དཀར་ནག་གི་ལས་འབྲས་སོགས་བྱ་བྱེད་ཐམས་ཅད་འཐད་ལུགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་ཞི་བ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་རྣམས་མ་གཏོགས། གཞན་རང་རྒྱུད་པ་མན་གྱི་གྲུབ་མཐའ་སྨྲ་བ་ཀུན་གྱི་བློར་མི་བཤོམས་ཚུལ་དང༌། ད་ལྟ་ཕལ་ཆེར་དཔེ་ཆ་ལ་ལྟས་ནས་རྣ་བ་ལམ་བྱང་གི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ཟེར་བ་ཙམ་གྱིས་ཟབ་མོ་དབུ་མའི་ལྟ་བ་གོ་མི་ནུས། དེ་ལ་དགག་བྱའི་ཚད་འཛིན་སོགས་ལེགས་པར་ཤེས་ནས་རང་གི་སེམས་ཐོག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ལུགས་ཡག་པོ་ཞིག་གོ་ན། དེ་ལ་བརྟེན་ནས་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་སྐྱེ་བ་ནི། རྗེ་བཙུན་མི་ལ་ལྟ་བུ་དང༌། འདི་ཤིན་ཏུ་རྟོགས་དཀའ། སྒྱུ་ལུས་དང་འོད་གསལ་གྱི་སྐོར་འདི་རྫོགས་རིམ་གྱི་ཡ་ཚད་མཐར་ཐུག་ཞིག་ཡིན་པས་གོ་དཀའ། དེ་ཚོ་ཕར་ཞོག་སེམས་ཙམ་པས་བཟུང་འཛིན་རྫས་གཞན་དུ་འཛིན་པའི་དགག་བྱ་འདི་རང་ངོས་ཟིན་པ་དང་བཀག་པ་དཀའ། འདི་ལ་བརྗོད་དུ་མེད་པ་ཞེས་སོགས་ལས་བརྩམས་ཏཻ་སེམས་ཙམ་པའི་ལྟ་བའི་འཇོག་མཚམས་དང་དགག་བྱའི་ཚད་འཛིན། ལྟ་བ་དེ་རྒྱུད་ལ་སྐྱེས་ན་ཐལ་འགྱུར་བའི་ལུགས་ཇི་བཞིན་རྟོགས་པ་ལ་ཁྱད་ཆེན་པོ་ཡོད་ཚུལ་སོགས་ཞིབ་ཏུ་སྩལ་བ་ནི་འདིར་ཡི་གེས་འཇིགས་ནས་འབྲི་མ་ནུས་པས་དམར་ཁྲིད་འཇམ་དཔལ་ཞལ་ལུང་གི་ཟིན་བྲིས་ན་གསལ་ལོ་དེ་མི་དགོས་མདོ་སྡེ་པས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་འགོག་ལུགས་འདི་ཡང་ཤེས་པར་དཀའ། འདི་ཤེས་ན་བདག་མེད་རྟོགས་ལུགས་ཡག་པོ་ཞིག་ཡིན། དེ་ཡང་མི་དགོས་རྟག་ཅིག་རང་དབང་ཅན་གྱི་བདག་འགོག་ལུགས་ཤིན་ཏུ་དཀའ་ཞེས་པ་འདི་དག་རྣམས་ཀྱང་ཞལ་ལུང་གི་ཟིན་བྲིས་སུ་འཁོད་པ་ལྟར་གསུངས་ཞིང༌། རྗེ་རིན་པོ་ཆེའི་བསྟན་པ་ལ་དགོངས་པའི་མན་ངག་(༢༩བ)ཟབ་བཤད་མང་དུ་གནང་བྱུང་ཞིང༌། དེ་ཡང་དགེ་སྦྱོར་སོགས་གཏན་ནས་མ་བྱས་པར་ང་ལ་རྨི་ལམ་ཡག་པོ་བྱས་ཀྱང་ལྟས་ངན་ཡིན། དཔེར་ན་གསང་བ་འདུས་པ་ལ་བསྙེན་སྒྲུབ་སོགས་གང་ཡང་མ་བྱས་པར་དེའི་སྐུ་དངོས་སུ་མཐོང་ཡང་ལྟས་ངན་ཡིན་དགའ་རྟགས་མིན་ཚུལ་སོགས་ཀྱང་ཞིབ་ཏུ་བསྩལ་ཀྱང་དཀའ་གནད་སོགས་མཐའ་དག་འབྲིར་མ་ལང་ངོ༌། །དགེ་སྦྱོར་འཕེལ་བའི་མུན་ནས་དེ་འདྲའི་རྨི་ལམ་བྱུང་ན་མཆོག་དང༌། ཁྱད་པར་བསྲེ་བའི་སྐོར་གྱི་རྣམ་བཞག་འདི་ལྷོ་བྲག་མར་པ་ལོ་ཙཱའི་གདམས་ངག་ཟབ་ཤོས་ཡིན་ཚུལ་དང༌། དེ་དག་མཐར་མ་ཕྱིན་ཡང་བག་ཆགས་གང་ཐེབ་བྱ་དགོས་ཚུལ་ཞིབ་ཆ་དང་བཅས་པ་ཡང་དང་ཡང་དུ་གསུངས་སོ། །

ཡང་ལེའུ་འདིའི་གདོལ་པ་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་ཉམས་པ་ཞེས་པའི་སྦྲུལ་བཤད་འདི་ནང་གི་གལ་ཏེ་འདི་ལྟ་བུ་མཐོང་ན་བློ་དང་ལྡན་པས་བདེན་པ་མཐོང་ཞིང་རྡོ་རྗེ་སེམས་དཔའ་སྟེ་ཞེས་པས་བདེན་པ་མངོན་སུམ་དུ་རྟོགས་པ་ལ་བྱ་མི་རུང་བས་བདེན་བཞི་རྟོགས་པའི་ཤེས་རབ་དང་ལྡན་པ་ལ་བྱའོ་གསུངས་པས། དེ་ཡང་ཐོས་པ་མང་པོ་བྱ་སྟེ་སྔགས་པ་སྐྱུར་དྲི་ཁ་ཆིང་ངེ་བ་ཚུན་ཆད་ཀྱི་ཐད་དུ་ཐོས་པ་བྱས། དོན་ལག་ལེན་འཁེལ་བ་གཅིག་ཀྱང་མེད་པའི་གང་ཟག་དེ་ལྟ་བུ་ལ་བྱེད་ཅིང༌། དེ་འདྲ་བའི་གང་ཟག་དེ་ལ་བྱམས་མགོན་བླ་མ་རིན་པོ་ཆེས། ཐོས་པ་རྒྱ་མཚོ་འུག་ཚང་རྙིང་པ་དང་འདྲ་གསུང་བ་དང༌། དགེ་བཤེས་པོ་ཏོ་བས། དེ་འདྲ་བ་དེ་གསེར་དངུལ་གྱི་ཁྲོད་སློག་ཧྲུལ་དྲུད་པ་དང་འདྲ་ཚུལ་སོགས་རྒྱས་པར་གསུངས་ནས། བདེན་པ་མངོན་སུམ་མཐོང་བ་ནི་འཕགས་པ་ལ་འཇོག་པས་འཕགས་པའི་གང་ཟག་ལ་དེ་འདྲ་འབྱུང་མི་རིགས་པར་གསུངས། གོང་གི་ནད་གསོ་བའི་ལས་སྦྱོར་མན་ངག་གི་སྐབས་འགྲོ་བའི་ལུས་ལ་འབྱུང་བའི་ནད་ཀྱི་རྩ་བ་རླུང་མཁྲིས་བད་ཀན་ལྡན་འདུས་བཞི་དང༌། རྐྱེན་དབང་གིས་དེ་དག་ལས་འགྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཡོད་པས། དེ་དག་ཀྱང་ཕལ་ཆེར་(༣༠ན)རྐྱེན་སྤྱོད་ལམ་ལོག་པས་དུས་མ་ཡིན་པའི་འཆི་རྐྱེན་དགུ་སོགས་མང་པོ་ཡོད་པས་དེ་དག་ལ་གཟབ་དགོས་ཤིང༌། དེ་ལྟར་མ་བྱས་པར་བླ་མ་ལ་བརྙས་སྨོད་སོགས་དམ་ཚིག་དང་སྡོམ་པ་ཉམས་པ་སོགས་ཡིན་ན། རྐྱེན་དེ་དག་གིས་རང་ཉིད་ཚེ་རིང་དུ་གནས་པ་ཞིག་ཡིན་ནའང༌། བྱ་ལོང་གང་ཡང་མེད་པར་གློ་བུར་དུ་འཆི་བ་ཡོད་ལུགས་དང༌། ནད་དེ་དག་སེལ་བའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་རི་བོ་གངས་རི་ཏི་སེའི་ཕྱོགས་ཤིག་ཏུ་སྨན་དཔྱད་ཡན་ལག་བརྒྱད་ཀྱི་རྒྱུད་བཞི་གསུངས་པར་གྲགས་ཞིང༌། རི་བོ་སྤོས་ངད་ལྡང་དུ་སྨན་པ་འཚོ་བྱེད་གཞོན་ནུ་ལ་སྨན་འདིས་ནད་འདི་ལ་ཕན་ཞེས་སོ་སོར་ངོ་སྤྲོད་མཛད་ཚུལ་དང༌། རྒྱ་གར་དུ་ཡང་སློབ་དཔོན་ཀླུ་སྒྲུབ་དང༌། དེའི་སྲས་སློབ་དཔོན་རྟ་དབྱངས་སམ་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་འགྲེལ་པ་ལས་དར་པོ་ཆེ་བ་མེད་ཚུལ་དང༌། བོད་གངས་ཅན་འདིར་སྨན་དཔྱད་ཤེས་པའི་མཁས་པ་མང་དུ་བྱོན་ཞིང༌། ཁྱད་པར་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོས་བོད་ལྗོངས་འདིར་ཕེབས་ནས་རིག་པའི་གནས་ལྔ་ག་ལ་མཁས་པར་བྱ་བ་བཞེད་དེ། ཐོག་མར་ཚལ་གུང་ཐང་དུ་ལྷ་རྗེ་དཀོན་མཆོག་སྐྱབས་ལས་སྨན་དཔྱད་རྣམས་ལེགས་པར་གསན་ཏེ། གང་ལ་གང་ཕན་གྱིས་སྨན་སྦྱོར་གཏོང་བ་སོགས་དང༌། ལྷག་པར་རྗེ་རང་གི་སྐུ་བསྙུན་པའི་ཚུལ་བཞེས་སྐབས་སྨན་པ་མཁས་པ་མང་དག་ཞིག་ཡོད་པ་ལ་སྨན་དཔྱད་སྐོར་ཞིབ་ཏུ་གསུངས་པ་ལ་བརྟེན་ནས་ཀྱང་དེ་དག་སོ་སོས་སྨན་དཔྱད་སྐོར་ལ་སྔར་ཚེ་གང་སྦྱངས་པ་ལས། རྗེ་རིན་པོ་ཆེའི་དྲུང་དུ་ཟླ་ཤས་བསྡད་པ་ཐོན་བསྐྱེད་ཆེ་བ་བྱུང་ཚུལ་རྒྱས་པར་གསུངས་ཞིང༌། གོང་དུ་བཤད་པའི་རྨི་ལམ་གྱི་རྟགས་བཟང་ངན་སོགས་ཀྱང་མངོན་རྟོགས་རྒྱན་གྱི་རྩེ་སྦྱོར་སྐབས་རྒྱས་པར་གསུངས་པ་ལྟར་གྱི་རྟགས་(༣༠བ)ཐོབ་ལུགས་རྣམས་ཞིབ་པར་གནང༌། མདོར་ན་རྒྱུད་རྒྱལ་གསང་བ་འདུས་པ་ཤེས་པ་ལ། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཞེས་གསུངས་པ་ལྟར་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་དགོས་ལ། དེ་ཉིད་ཡོང་བ་ལ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དགོངས་པ་མཐའ་དག་ཞིབ་ཏུ་འཚོལ་དགོས་པ་ཡོད་དོ་གསུངས། ཁྱད་པར་ལེའུ་བཅོ་ལྔ་པ་འདིར། ཟབ་མོ་དབུ་མའི་ལྟ་བ་འོད་གསལ་དང་སྒྱུ་ལུས་ཀྱི་སྐོར་སྔར་ཡང་ཡང་བསྟན་པར་མ་ཟད་འདིར་རྒྱས་པར་མཐའ་ཆོད་པར་གསུངས་པ་ནི་ཟབ་མོ་དབུ་མའི་ལྟ་བ་འདི་རྟོགས་པར་དཀའ་ཞིང་ཁྱད་པར་འདི་ནས་བཤད་པའི་ཟབ་མོའི་ལྟ་བ་དང་སྒྱུ་ལུས་སོགས་ཕར་ཕྱིན་ཐེག་པའི་རང་ལམ་དང༌། རྒྱུད་སྡེ་འོག་མ་སོགས་ལ་མེད་པའི་ཁྱད་ཆོས་ཡིན་པས་འདི་དག་ལ་ཁ་བཤད་ཙམ་མིན་པར་དོན་སྟེང་ནས་གོ་བ་བཙལ་ཏེ། དེ་ཡང་རྗེ་རིན་པོ་ཆེས་ལྷག་མཐོང་ཆེན་མོའི་སྐབས་སུ་གསུངས་པ་ལྟར། ཐ་སྙད་དུ་ཆོས་ཐམས་ཅད་ཡོད་པ་དང༌། དོན་དམ་པར་ཡོད་པ་གཉིས། མེད་པ་དང་དོན་དམ་པར་མེད་པ་གཉིས་ཏེ་བཞི་པོ་འདི་ལ་རང་གི་བློའི་སྟེང་ནས་གོ་བ་རྙེད་པ་ཞིག་ངེས་པར་དགོས་ཞིང༌། དེ་ཡང་ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་བློ་དེར་ཀུན་རྫོབ་ཀྱི་རྣམ་པ་གང་ཡང་སྣང་མི་ནུས་ཤིང༌། དེ་ཡང་ཀུན་རྫོབ་ཏུ་ཡོད་ན་ཀུན་རྫོབ་བདེན་པ་ཡིན་མི་དགོས་སྟེ། དོན་དམ་སྟོང་ཉིད་ལྟ་བུ་ཀུན་རྫོབ་ཏུ་ཡོད་ཀྱང་ཀུན་རྫོབ་མིན་ཏེ་དོན་དམ་ཡིན། དེ་ཀུན་རྫོབ་ཏུ་ཡོད་དེ་ཡོད་པ་གང་ཞིག་དོན་དམ་དུ་མེད། སྟོང་པ་ཉིད་རྟོགས་པའི་བློ་རྣམས་ལ་སྟོང་ཉིད་སྣང་བ་ཡོད་ཟེར་བ་ནི་དེ་དག་གི་དོན་སྤྱི་སྣང་བ་ལ་བྱེད་དགོས་ཚུལ་དང༌། ཁྱད་པར་ཆོས་ཐམས་ཅད་བརྟེན་ནས་བརྟགས་པའི་དོན་ལ་ངེས་པ་རྙེད་ཅིང་ཀུན་རྫོབ་ཀྱི་སྡོད་ལུགས་ངོས་ཟིན་ན། ཟབ་མོ་དབུ་མའི་ལྟ་བ་(༣༡ན)རྟོགས་ལུགས་དེ་རང་ཡིན་ཚུལ་དང༌། གནད་འདི་འདྲ་དང་མཇལ་དུས་ཟོམ་ཟོམ་དུ་བསྡད་པས་མི་ཆོག་པར་ཧུར་ཐག་བྱས་ཏེ་ཤེས་རབ་ཅན་རྣམས་ཀྱི་དོན་འདི་མཐར་ཐོན་བྱས་ནས་ཤེས་དགོས་པ་དང༌། མ་ཐ་ཡང་སྨོན་ལམ་གྱི་ཡུལ་དུ་བྱ་དགོས་ཚུལ་དང༌། སྒྱུ་ལུས་དང་འོད་གསལ་སོགས་ཟབ་མོའི་ལམ་རིམ་པ་ལྔའི་སྐོར་འདི་རྟོགས་དཀའ་བས། རྗེ་རིན་པོ་ཆེས་ཀྱང་སྐུ་ན་ཕྲ་མོ་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་དྲུང་དུ་བཞུགས་སྐབས་ནས་འདི་ལ་དོན་གཉེར་མཛད་ཚུལ་དང༌། མཐར་སྐྱིད་ཤོད་དགའ་བ་གདོང་སོགས་སུ་བླ་མ་དབུ་མ་པས་ལོ་ཆེན་མཛད་ནས་རྒྱུ་ཚན་ལ་ལན་མང་དུ་ཞུས་པའི་མཐར་ཡང་ཞལ་དངོས་སུ་བསྟན་ནས་གསུངས་པ་ཡང༌། ཇི་བཞིན་མ་གོ་བའི་ཚུལ་མཛད་དེ་དེ་དག་གི་རྒྱུ་མཚན་བླ་མ་རྗེ་བཙུན་འཇམ་དབྱངས་ལ་ཞུས་པར་ཡང༌། དམུ་རྒོད་གདུལ་དཀའི་འགྲོ་བ་འདི་དག་ལ། །བཤད་པས་ཕན་ཐོགས་ཆེན་པོར་མི་འགྱུར་བས། །དེ་བས་དབེན་པ་བསྟེན་ལ་བརྩེ་གཅིག་སྒྲུབ། །རང་གཞན་གཉིས་ཀ་འཚེངས་པའི་དོན་རྙེད་སྙམ། །གསུངས་པ་དང་ཁྱད་པར་བསགས་སྦྱངས་རྒྱ་ཆེན་པོ་ལ་འབད་པ་དང༌། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ནས་གསོལ་བ་ཡུན་རིང་དུ་བཏབ་སྟཻ། གཞུང་ལུགས་ལ་ཞིབ་ཏུ་དཔྱད་ན་མཐར་འདི་དག་ལ་ངེས་པ་རྙེད་ཚུལ་གསུངས་པ་བཞིན། སློབ་མ་ཉིས་སྟོང་བརྒལ་བ་ཙམ་ལ་ཆོས་འཆད་པའི་འཕྲོ་ཡང་ལིངས་ཏེ་བསྐྱུར་ནས། འཁོར་དག་པ་རྣམས་བརྒྱད་དང་བཅས་བྱ་བྲལ་དུ་ཕེབས་ནས་འོལ་དགའ་རྫིང་ཕྱི་དང༌། ལྷ་སྡིངས་སོགས་སུ་འཚོ་བ་དཀའ་ཐུབ་ལ་བརྟེན་ནས་དེ་དག་ལ་ཉམས་བཞེས་མཛད་པའི་མཐར་ཉམས་རྟོགས་བཟང་པོ་འཁྲུངས་ཚུལ་སོགས་བདེ་ལམ་ཟིན་བྲིས་སུ་གསལ་བ་ལྟར་ཞིབ་ཏུ་གསུངས་སོ། །

རྩ་རྒྱུད་རྡོ་རྗེའི་ཚིག་གི་ལེའུ་འདིར་ཟབ་གནད་འདི་འདྲ་ཡོད་པ་མ་ཚོར་བར། དོན་མེད་ངང་དུ་མི་ཚེ་སྟོང་པར་ཟད། །རིགས་ཀུན་ཁྱབ་བདག་བླ་མའི་བཀའ་དྲིན་ལས། །འདི་འདྲའི་གནས་ལ་ངེས་པ་ཅུང་ཟད་རྙེད། །ད་ནི་དོན་མེད་(༣༡བ)བྱ་བ་ཀུན་སྤངས་ནས། །ཟབ་གནད་འདི་དག་ཉམས་ལེན་མཐར་ཕྱིན་ཤོག །

 

 

 

 

 

 

ལས་སུ་བྱ་བ་སྤྱི་དང་ཁྱད་པར་དབང་དང་དཀྱིལ་འཁོར་འབྲི་སྒྲུབ་ཀྱི་

ཆོ་ག་སོགས་མདོར་བསྡུས་བསྟན་པ།

 

ལེའུ་བཅུ་དྲུག་པ་འདིར། སྔར་ལེའུ་བཞི་པའི་སྐབས་སུ་སློབ་དཔོན་གྱིས་ལས་སུ་བྱ་བ་སྤྱི་དང་ཁྱད་པར་དབང་དང་དཀྱིལ་འཁོར་འབྲི་སྒྲུབ་ཀྱི་ཆོ་ག་སོགས་མདོར་བསྡུས་ཙམ་གསུངས་པ་ལེའུ་འདིར་རྒྱས་པར་གསུངས་ཤིང༌། དེ་ཡང་དང་པོ་གང་དུ་དཀྱིལ་འཁོར་བྲི་བའི་ལས་ཀྱི་སློབ་དཔོན་དེ་ཡང་བླ་མེད་ནས་བཤད་པའི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་སྤྱི་དང༌། ཁྱད་པར་ཕྱི་ནང་གི་དེ་ཉིད་བཅུ་ཟུང་ལ་མཁས་པ་ཞིག་ངེས་པར་དགོས་ཞིང༌། དེའི་ལས་སུ་བྱ་བ་དཀྱིལ་འཁོར་བྲི་བ་དང༌། སྒྲུབ་ཅིང་མཆོད་པ་སོགས་རང་གར་མ་ཡིན་པར་ཐོག་མ་ནས་སྒོ་སོ་སོའི་སློབ་དཔོན་རྣམས་ཀྱིས་རྣམ་སྣང་ལ་སོགས་པ་རིགས་བཞིའི་ང་རྒྱལ་བཟུང་ནས་མཆོད་ཅིང་གསོལ་བ་ཤུགས་དྲག་པོ་འདེབས་དགོས་པས་དེ་དག་ཀྱང་གཙོ་བོ་སློབ་དཔོན་དེ་ཉིད་དང་རྣམ་པ་ཀུན་ཏུ་དམ་ཚིག་མ་ཉམས་ཤིང་དད་པ་དང་ལྡན་པ་ཞིག་ངེས་པར་དགོས་ལ། དེ་ལྟར་བྱ་བའི་རིམ་པ་སྔོན་དུ་འགྲོ་དགོས་རྣམས་སོང་ཟིན་ནས་ཐོག་མར་ཐིག་གདབ་པ་ལ། འདིར་སློབ་དཔོན་ཀླུ་བྱང་གི་ལུགས་ཀྱི་ཐིག་སྐུད་རིང་བའི་ཕྱོགས་དགུ་བཅུ་གོ་བརྒྱད་པའི་ལུགས་སུ་བྱེད་པར། དེ་ལ་རིང་ཐུང་མ་ཤོར་བ་དང༌། དེ་དག་ཀྱང་ལྷག་གནས་བྱས་ཏེ་ལྷར་བསྐྱེད་ནས་སྒྲུབ་ལུགས་དང༌། དེ་ནས་བསྐྱེད་རིམ་སོགས་ཀྱི་སྐབས་སུ་བཤད་པ་ལྟར་ཐིག་གི་ཆ་ཕྲ་ཕྲ་མོ་ཙམ་ལ་ཡང་སྐྱོན་མ་ཤོར་བ་དང༌། ཚད་ལས་འགལ་བའི་ཐིག་གདབ་པ་དང༌། ས་གར་གྱི་རྐང་སྟབས་འཕྱུགས་པ་དང༌། སྡོད་ཕྱོགས་ལོག་པ་དང༌། ཚོན་ཙི་འགྱེད་ལུགས་ལ་སྐྱོན་ཤོར་བ་དང༌། ཚོན་འདྲེས་པ་དང༌། ཡེ་ཐིག་གི་ཚོན་སྐུད་སྣ་ལྔ་སྒྲིལ་ལུགས་དང༌། བསངས་སྦྱངས་ཀྱི་སྒོ་ནས་ལྷར་བསྐྱེད་དེ་མ་སྒྲུབ་པ་དང༌། དེ་ལ་རིང་ཐུང་ཕྲ་སྦོམ་གྱི་སྐྱོན་མ་ཤོར་བ་སོགས་ནི་དངོས་གྲུབ་འགྲུབ་པའི་སྒོ་དམ་པ་ཡིན་པས་མཆོག་ཐུན་གྱི་དངོས་གྲུབ་འདོད་ན་དེ་དག་ལ་སླ་ཆོས་སུ་མ་སོང་བར་རང་ཉིད་ལྷ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས་སྐྱོན་སྤུ་ཙམ་ཡང་མ་ཤོར་བ་དགོས་ཤིང༌། གལ་ཏེ་དེ་དག་ལ་སྐྱོན་བྱུང་ན་ཚེ་འདིར་དངོས་གྲུབ་མི་འགྲུབ་(༣༢ན)ཅིང་ཕྱི་མར་རྡོ་རྗེའི་དམྱལ་བར་སྐྱེ་བ་སོགས་ཉེས་པ་དུ་མ་ཡོད་པ་རྩ་རྒྱུད་འགྲེལ་པ་དང་བཅས་ནས་ཞིབ་ཏུ་གསུངས་ཚུལ་ཀྱང་སྩལ། དེ་ལྟ་བུའི་དཀྱིལ་འཁོར་བྲི་སྒྲུབ་སོགས་ཀྱི་སྐོར་སྤྱིའི་འགྲོ་ལུགས་རྩ་རྒྱུད་དེ་ཉིད་བསྡུས་པ་སོགས་ལ་བརྟེན་དགོས་ཀྱང༌། ཁྱད་པར་གྱི་སྒྲུབ་ལུགས་ཀྱི་ཆོ་ག་རྣམས་རྒྱུད་སྡེ་འོག་མ་ནས་འབྱུང་བ་ནང་ལྟར་བྱས་ན་ཤིན་ཏུ་མི་རུང་ཞིང༌། དེའི་གནད་ཀྱང་རྒྱུད་སྡེ་འོག་མ་ལ་བརྟེན་ནས་ཚེ་གཅིག་ལ་འཚང་རྒྱ་བ་ཡོད་ཀྱང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བ་གཏན་ནས་མེད་དེ་དེ་ལྟ་བུར་སངས་རྒྱ་བའི་ཐབས་ནི་དགའ་བ་བཞི་དང་སྟོང་པ་བཞིས་དྲངས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ལ་བརྟེན་དགོས་པས། དེ་འདྲ་བ་རྒྱུད་སྡེ་འོག་མའི་རང་ལམ་ལ་མེད་པས། དཔེར་ན་བྱ་རྒྱུད་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་ལྟ་བུས་ལམ་དེ་ལ་བརྟེན་ནས་ས་བཅུའི་བར་བགྲོད་པ་ཡོད་ཅིང༌། དེ་ནས་རང་ལམ་དེ་ཁར་གནས་ན་འཚང་རྒྱ་ཐབས་མེད་པས། འཕགས་པ་ཐུགས་རྗེ་ཆེན་པོ་ལྟ་བུ་ལ་གསོལ་བ་བཏབ་ན་ཚེའི་རིག་འཛིན་རྙེད་དེ་ཉིད་དག་པའི་ཞིང་བདེ་བ་ཅན་སོགས་གང་ཡང་རུང་བར་ཁྲིད་དཻ་ཚོགས་བསོག་སྒྲིབ་སྦྱོངས་རྒྱ་ཆེན་པོའི་སྒོ་ནས་བླ་མེད་ལ་ཞུགས་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་དགོས་ཤིང༌། དག་ཞིང་དུ་ཁྲིད་ཚུལ་ནི། རྗེ་བཙུན་བྱམས་མགོན་གྱིས་འཕགས་པ་ཐོགས་མེད་དགའ་ལྡན་དུ་ཁྲིད་པ་སོགས་དེ་འདྲའི་རིགས་ཀྱི་གྲུབ་ཆེན་མང་པོ་ཡོད་ཚུལ་ཀྱང་ཞིབ་ཏུ་གསུངས། དེ་ལྟར་ཐིག་ཚོན་གྱི་དཀྱིལ་འཁོར་བྲི་སྒྲུབ་ལེགས་པར་གྲུབ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་ཐ་མི་དད་དུ་བལྟས་པའི་སྒོ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྒོ་ནས་སྒྲུབ་ཅིང་མཆོད་པ་ནི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་གོང་ན་མེད་པ་ཡིན་པས་དེ་དག་ལ་བརྩོན་པ་བསྐྱེད་དགོས་ལུགས་དང༌། དེའི་སྐབས་སུ་རང་གི་མོས་ངོར་དཔལ་གསང་བ་འདུས་པ་ལྟ་བུ་ལྷའི་དཀྱིལ་འཁོར་གཅིག་པུ་རྐྱང་པ་རེ་གནས་གཞན་ནས་སྤྱན་དྲངས་ཏེ་སྒྲུབ་ཅིང་མཆོད་པ་ལྟ་བུ་མ་ཡིན་པར། འདིས་མཚོན་པའི་དཀྱིལ་འཁོར་གྱི་རིགས་གང་འདྲ་ཞིག་སྒྲུབ་ཀྱང་(༣༢བ)ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་ཐམས་ཅད་དཔལ་གསང་བ་འདུས་པ་ལ་སོགས་པ་གང་སྒྲུབ་རྒྱུའི་དཀྱིལ་འཁོར་དེའི་ལྷའི་རྣམ་པར་སྤྱན་དྲངས་ཏེ། སྒྲུབ་ཅིང་མཆོད་དགོས་པ་རྒྱུད་འགྲེལ་པ་དང་བཅས་པ་ན་ལན་གཅིག་ཙམ་མ་ཡིན་པར་གསུངས་ཤིང༌། དེར་མ་ཟད་ཕྱོགས་སྐྱོང་ལ་གཏོར་མ་འབུལ་བའི་སྐབས་སུའང༌། དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །ཞེས་སོགས་གསུངས་པ་ལྟར་ཆོས་སྐྱོང་ཐམས་ཅད་དེ་དང་དེའི་རྣམ་པར་སྤྱན་དྲངས་ནས་མཆོད་ཆོག་པ་དང༌། ཁྱད་པར་མགོན་པོ་ཕྱག་དྲུག་པ་ལྟ་བུར་གཏོར་མ་འབུལ་ན་སྒེར་དུ་བྱེད་མི་དགོས་པར་རྡོ་རྗེ་མཚོན་ཆ་དང༌། ཆོས་རྒྱལ་ལ་རྡོ་རྗེ་དུས་དང་རྣམ་སྲས་ལ་རྡོ་རྗེ་འཇིགས་བྱེད་ལྟ་བུའི་ངོ་བོར་བལྟས་ནས་མཆོད་ཅིང་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་ཆོག་པ་དང༌། དེ་ཙམ་དུ་ཡང་མ་ཟད་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐད་ཀྱང༌། ཀུན་དང་སེམས་ཅན་ཀུན་ཀྱང་ཞེས་གསུངས་པ་ལྟར་ཕྱོགས་སྐྱོང་དེ་རྣམས་ཀྱི་རྣམ་པར་མཆོད་དགོས་ལུགས་སོགས་དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཟུར་བཀའི་སྐབས་སུ་སྩལ་བ་བཞིན་ཞིབ་ཏུ་གསུངས་སོ། །

དེ་ལྟར་ལ་ཐུན་མོང་བ་བྱང་ཆུབ་ལམ་གྱི་རིམ་པར་བློ་ལེགས་པར་སྦྱངས་ཏེ་མྱོང་བ་ཕུལ་ཕྱིན་ཐོན་ཏེ་ཐུན་མོང་མ་ཡིན་པའི་ཟབ་ལམ་འདི་ལྟ་བུར་ཞུགས་ནས་བསྐྱེད་རྫོགས་ཀྱི་ལམ་སྤྱི་དང་ཁྱད་པར་རྫོགས་རིམ་ལ་བསླབ་པའི་སྐབས་སུ། རང་གི་ལུས་ལ་དཀའ་ཐུབ་དང་སྦྱོང་སྤྱོད་སོགས་གདུང་བས་གཟིར་བ་མི་བྱེད་པར་བཟའ་བཏུང་ལ་དམ་ཚིག་དང་ལྡན་པའི་སྒོ་ནས་ཚུལ་བཞིན་ལོངས་སྤྱད་དེ་ལུས་འཚོ་བའི་ཐབས་འབའ་ཞིག་བྱེད་དགོས་ལུགས་དང༌། དེ་མ་བྱས་ན་རྩ་རླུང་ཐིག་ལེ་སོགས་ཀྱི་ནུས་པ་ཉམས་ནས་ལམ་ལ་བོགས་ཆུང་ལུགས་དང༌། ཁྱད་པར་ལུས་ལ་སྦྱོངས་སྤྱོད་གཏར་སྲེག་སོགས་བྱས་པས་རྩ་ཆད་དང༌། ཉམས་པ་དང༌། རྩ་མདུད་ཐེབས་པ་སོགས་བྱུང་ན་ཚེ་དེ་ལ་རྫོགས་རིམ་སྐྱེ་བའི་གོ་སྐབས་མེད་པས་དེ་དག་འཛེམས་ཏེ་ལུས་ལ་གཅེས་སྤྲས་དང༌། རང་ལུས་ལྷའི་(༣༣ན)དཀྱིལ་འཁོར་དུ་བསྒོམས་ནས་ཕྱི་ནང་གི་མཆོད་པས་མཆོད་ན་ཚོགས་གཉིས་རྫོགས་པ་ལས་ཆོད་གཞན་ལས་ཆེ་བར་མ་ཟད་གང་སྣང་ལྷའི་རྣམ་རོལ་དུ་བལྟས་ནས་མཆོད་པ་འབུལ་བ་བྱ་དགོས་པ་བསྐྱེད་རྫོགས་ཀྱི་ལམ་གྱི་གནད་འགག་མཐར་ཐུག་པ་ཡིན་ལུགས་སོགས་ཞིབ་ཏུ་སྩལ།

ལེའུ་བཅུ་དྲུག་པའི་བུམ་པ་དང་སྦྱིན་སྲེག་གི་སྐོར་ལ། བུམ་པ་ཞེས་པ་ལ། སློབ་དཔོན་གྱི་དབང་བསྐུར་བ་རྣམ་པར་རྒྱལ་བའི་བུམ་པ་ཞེས་པ་རྣམ་རྒྱལ་བུམ་པ་དང༌། ལས་བྱ་བའི་བུམ་པ་ཞེས་པ་ལས་བུམ་ལ་ཟེར་བས། དེ་ཡང་རྣམ་རྒྱལ་དང་ལས་བུམ་སོགས་གང་ཡིན་ཀྱང་བུམ་པ་ཚད་དང་མཚན་ཉིད་དང་ལྡན་པ་དང༌། དེའི་མགུལ་ཆིངས་དང་ནང་རྫས་གང་དུ་འགོད་པ་སོགས་ལེགས་པར་ཤེས་དགོས་པས། དེ་ཡང་བྱུང་ན་བུམ་པའི་ཆེ་ཆུང་ཚད་༧རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་ན་ཡོད་པ་ལྟར་གསེར་དངུལ་ཟངས་སོགས་ལས་གྲུབ་པའི་ལྟོ་བའི་སྒོར་རྒྱལ་མཐོ་ལྔ། མགུལ་ལ་སོར་བཅུ་དྲུག་ཡོད་པ་དགོས་ཤིང༌། དེ་འདྲ་ཅིས་ཀྱང་མ་འབྱོར་ཀྱང་འགལ་བ་ཆེ་བ་རང་ནི་མེད་དེ་རྒྱ་གར་གྱི་གྲུབ་ཆེན་ཕལ་མོ་ཆེ་ཡང་བུམ་པ་སྤྱི་འདྲེ་ལ་མཛད་ཚུལ་དང༌། བུམ་གོས་ཀྱང་བོད་དུ་མཛེས་ཚོན་ཙམ་དུ་བྱས་ཤིང་རྒྱུ་ལའང་ངེས་པ་མེད། འདི་ནི་ངེས་པར་དར་རས་གོས་ཆེན་སོགས་གཙང་མ་ལ་བྱས་ཏེ། སྲོག་རིམ་པ་གསུམ་གྱི་གཉིས་གཡས་གཡོན་དང་མདུང་མཚམས་རྒྱབ་ཏུ་བྱས་པ་ངེས་པར་དགོས། རྣམ་རྒྱལ་བུམ་པའི་ཁ་རྒྱན་ལ་འབྱོར་ན་ཨུདུམ་ཝ་ར་དང༌། དེ་མིན་རྩ་ཀུ་ཤ་སོགས་མི་བྱ་བར། འབྲས་བུ་ཅན་གྱི་ཤིང་དང༌། ལས་བུམ་ལ་ནི་བསངས་གཏོར་བྱ་བའི་ཕྱིར་རྩ་ཀུ་ཤའི་ཁ་རྒྱན་ངེས་པར་དགོས། བུམ་པ་གཉིས་ཀའི་གདན་རྩ་ཀུ་ཤས་བྱ་བ་དང༌། ནང་དུ་འཇུག་རྒྱུའི་བུམ་རྫས་ཀྱང༌། སྨན་ལྔ། དྲི་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ་སོགས་ཉི་ཤུའི་ཐོག་བླ་མེད་ལ་བུམ་རྫས་སུམ་ཅུ་དེའི་ནང་ནས་གསེར་(༣༣བ)དངུལ་མུ་ཏིག་མུ་མེན། པད་རག་སྟཻ་རིན་པོ་ཆེ་ལྔ་གཙོ་བོ་ཡིན་པ་དེ་དག་སོ་སོའི་བྱེད་ལས་ཀྱི་དངོས་གྲུབ་མི་འདྲ་བ་རེ་འབྱུང་བས། རབ་ཏུ་སྔར་ལོངས་མ་སྤྱད་པའི་མུ་ཏིག་སོགས་རྒྱ་མཚོ་ནས་ཐོན་མ་ཐག་པ་དང༌། དེ་ལྟར་མིན་ཡང་ཤིན་ཏུ་གཙང་བ་གལ་ཆེ་ལུགས་དང༌། སློབ་དཔོན་གྱིས་བུམ་པ་ལེགས་པར་སྒྲུབ་ནས་གང་དུ་འགོད་པ་ནི། རྣམ་བུམ་ནི་ལས་ལ་འཇུག་མ་རན་ན་དཀྱིལ་འཁོར་གྱི་ཁང་པར་སྟན་ཁེབས་སོགས་ཀྱི་གཡོགས་ནས་ངེས་པར་སྦ་དགོས་ཤིང༌། ལས་བུམ་ནི་ཁྲུས་དང་བསང་བ་སོགས་ཀྱི་ཆེད་ཡིན་པས་རང་གི་མདུན་སོགས་གང་འོས་སུ་འཇོག་པ་ལས་སྦ་མི་དགོས་གསུང༌། བུམ་པ་སོ་སོའི་མཚན་མ་ཡང་ངེས་པར་དགོས་ཤིང་མཚན་མ་དེ་དག་ཀྱང་རྒྱ་གར་དུ་གྲུབ་ཆེན་རྣམས་ཀྱིས་བུམ་པ་རང་རང་གི་ལོགས་སུ་འབྲི་ཞིང༌། བོད་འདིར་གོང་མ་རྣམས་ཀྱིས་ཙ་ཀ་ལི་བྱེད་སྲོལ་ཡོད་པ་ལྟར་ཚོན་རྩིས་རྒྱན་པ་མ་ཉམས་པ་དང༌། དེ་ཡང་གཙོ་བོའི་མཚན་མ་མདུན་གྱི་དབུས་དང༌། འཁོར་རྣམས་དེའི་གཤམ་དུ་ཕྱོགས་སོགས་ཕྱིན་ཁ་མ་ལོག་པར་འདོགས་པ་དང༌། བུམ་པ་རྣམས་སློབ་དཔོན་གྱི་མདུན་དུ་བསྒྲིག་སྐབས་གསང་བ་འདུས་པ་དང༌། འཇིགས་བྱེད་སོགས་ལ་སློབ་དཔོན་གྱི་གཡོན་དང་ལྷའི་གཡས་ནས་བསྒྲིག་འཁོར་ལོ་བདེ་མཆོག་ལྟ་བུ་མ་རྒྱུད་ཀྱི་སྐབས་སློབ་དཔོན་གྱི་གཡས་དང་ལྷའི་གཡོན་ནས་སྒྲིགས་དགོས་གསུང༌། དེ་ཡང་བུམ་པའི་སྐོར་འདི་ལ་འདི་ནི་སྒྲ་ཇི་བཞིན་པ་ཞེས་གསུངས་པ་ལྟར། འདི་ནས་གང་བཤད་པ་ནང་ལྟར་ལ་སླ་ཆོས་དང་ཁྲལ་ཆོས། རང་མཚམས་ཀྱིས་གཞན་ཁུངས་མ་དག་པ་ནས་རྒྱས་འགེབས་སོགས་བྱས་མི་ཆོག་ཚུལ་དང་མང་དུ་གསུངས། དེ་ཡང་གཉིས་ཀའི་རྒྱུད་ཅེས་པ། སྤྱིར་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་པའི་སྤྱོད་རྒྱུད་ལ་བྱེད་ཀྱང༌། འདིར་ནི་དེ་ཉིད་བསྡུས་པ་སོགས་ཀྱང་སྤྱིར་རྣལ་འབྱོར་རྒྱུད་ཡིན་ཀྱང༌། དེ་གཉིས་ཆ་མཉམ་དུ་(༣༤ན)སྟོན་པའི་སྐབས་ཀྱི་གཉིས་ཀའི་རྒྱུད་ནི་དེ་ཉིད་བསྡུས་པ་སོགས་རྣལ་འབྱོར་རྒྱུད་ལ་བྱེད་གསུངས། དེ་ལྟར་བུམ་པ་སོགས་ལྷ་གནས་སམ་སྟ་གོན་སོགས་ལེགས་པར་གྲུབ་པར་བྱས་ཏེ། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལེགས་པར་བྱས་ནས་འཇུག་ཏུ་སྦྱིན་སྲེག་ངེས་པར་བྱེད་དགོས་པ། དེ་ཡང་རྒྱ་བལ་གྱི་ཡུལ་དུ་དར་པོ་ཆེ་བས་བརྐོས་ཐབ་དང༌། སླང་ཐབ། བྲིས་ཐབ་གསུམ་ཡོད་པས་རྒྱ་གར་སོགས་སུ་བརྐོས་ཐབ་འདིར་དར་པོ་ཆེ། བོད་འདིར་སླང་ཐབ་འགའ་ཞིག་དང༌། ཕལ་ཆེར་བྲིས་ཐབ་རང་བྱེད་པར། དེ་ལ་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་སོ་སོ་དང་མཐུན་པའི་ཐིག་ཚོན་སོགས་ལ་སྐྱོན་མ་ཞུགས་པ་དང༌། རྫས་ཆའི་ཁྱད་པར་དང༌། ཆ་ལུགས་ཁ་བལྟ་ཕྱོགས་སོགས་འདི་ལྟར་དགོས་ཞེས་ཞིབ་པར་གསུངས། དེ་ཡང་སྦྱིན་སྲེག་ལ། རྫས་ཀྱི་སྦྱིན་སྲེག་ནང་གི་སྦྱིན་སྲེག་བླ་ན་མེད་པའི་སྦྱིན་སྲེག་དང་གསུམ་ཡོད་པས། སྒྲུབ་མཆོད་སྐབས་སུ་རྒྱ་བལ་དུ་དར་པོ་ཆེ་བ་བཞིན། དེའི་རྣལ་འབྱོར་པས་ལོངས་

སྤྱོད་པའི་ཟས་ལྷག་རྣམས་ལྷ་ལ་ཕུལ་ཏེ་སྦྱིན་སྲེག་བྱ་དགོས་པར་སྐབས་འདིར་ཡང་གསུང་ཞིང༌། ནང་གི་སྦྱིན་སྲེག་ནི། རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པའི་སྙིང་ཁར་མེ་ཐབ་ཀྱི་ཚུལ་དུ་དབྱིབས་གྲུ་བཞི་པའི་ནང་དུ། ལྷ་ཐམས་ཅད་འདུས་པའི་ངོ་བོ་ཧཱུཾ་ཡིག་དང༌། དེ་ལ་འབུལ་བའི་མོས་པ་དང༌། ལྐོག་མ་སྦྱང་བའི་ཚུལ་མན་ངག་བཞིན་དང༌། ཁ་ཐབ་ཁུང༌། ལག་པ་གཉིས་དགང་གཟར་བླུགས་སུ་མོས་ནས་ཕུལ་ཏེ་ལོངས་སྤྱད་ན་དཀོར་སྒྲིབ་མི་འབྱུང་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ཚུལ་རྣམས་ཞིབ་ཆ་དང་བཅས་གསུངས། དེ་ཡང་སྦྱིན་སྲེག་ནི་སྤྱིར་བསྐྱེད་རིམ་པའི་ལས་ཡིན་ཀྱང༌། བསྐྱེད་རིམ་པའི་ལས་ཐམས་ཅད་རྫོགས་(༣༤བ)རིམ་ཟབ་མོའི་སྨིན་བྱེད་དུ་འགྱུར་བ་ཞིག་ངེས་པར་དགོས་པས། རླུང་དབུ་མར་བཞུགས་གནས་འཐིམ་གསུམ་བྱས་པ་ལ་བརྟེན་ནས་ལྟེ་བའི་གཏུམ་མའི་མེས་སྤྱི་བོ་ནས་བྱང་སེམས་ཕབ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པ་ནི་བླ་ན་མེད་པའི་སྦྱིན་སྲེག་ཡིན་གསུང་ཞིབ་པར་སྩལ།

ལེའུ་བཅུ་དྲུག་པའི་ས་བཅད་བསྡུས་དོན་གྱིས་གྲངས་༼༡༤ནྱ༽ནས་གསུམ་པ་ཞུགས་པ་ལ་དབང་བསྐུར་བ་འདི་ལ་བཞི་བུམ་དབང་གསུང་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། བཞི་པའི་དབང་བསྐུར་བའོ། །དང་པོ་ལ་ལྔ། དབང་ལྷ་སྤྱན་དྲངས་ཏེ་ཆུ་དབང་བསྐུར་བ། སློབ་མ་ལ་ལུས་དཀྱིལ་འགོད་པ་སྔོན་དུ་བྱས་ནས་དེའི་འོག་ཏུ་དབང་བསྐུར་བ་སྦྱིན་པ་དང༌། དབང་གི་དོན་དུ་གསོལ་བ་གདབ་པའི་ཆོ་ག །དཀྱིལ་འཁོར་བསྟན་ཞིང་དམ་ཚིག་སྒྲག་པ། །ལྷ་དང་སྔགས་ཀྱི་རྗེས་གནང་སྦྱིན་པའོ། །ཞེས་པ་འདི་དག་གི་སྐབས་སུ་མན་ངག་སོ་སོར་གནང་བ་ནི། དེ་ལ་འདི་སྐད་ཀྱང་གསུང་ངོ༌། །རྡོ་རྗེ་སྐུ་གསུམ་སྔགས་ཀྱི་ནི་ཡུངས་ཀར་དག་གི་བཟློག་པར་བྱ། །ཞེས་སོགས་ཀྱི་རྒྱུད་རྣམས་འདྲེན་པར་མཛད་ནས། དེ་དག་འབྲེལ་བའི་སྐབས་སུ་དེ་ལ་ཐོག་མར་གལ་ཤིན་ཏུ་ཆེ་བ་དབང་བཞི་རྣམ་དག་བསྐུར་བ་འདི་རྒྱུད་སྡེ་འོག་མ་རྣམས་ལ་མེད་པའི་བླ་མེད་རང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན། དེའི་རྒྱུ་མཚན་ནི། རྒྱུད་སྡེ་འོག་མ་རྣམས་ལ་བུམ་པའི་སྐོར་ལས་བུམ་དང་རྣམ་བུམ་ཟེར་བ་དང༌། དེ་དག་གི་དབང་བསྐུར་བ་ཟེར་བ་ཡོད་ཀྱང་དབང་བཞི་བསྐུར་རྒྱུ་མེད། དེ་ནི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱ་བ་ལ་དབང་བཞི་རྣམ་དག་ངེས་པར་ཐོབ་དགོས་ཤིང༌། དེ་ནི་སྐུ་བཞི་པོ་འགྲུབ་བྱེད་ཀྱི་ས་བོན་ཁྱད་པར་ཅན་ཡིན་པས། དབང་གི་སྐབས་འདི་རང་ནས་སྐུ་བཞིའི་ས་བོན་ཐོབ་(༣༥ན)ངེས་མེད་པར། ཟུང་འཇུག་སྐུ་བཞིའི་གོ་འཕང་ལ་ཨར་ཉན་བྱེད་རྒྱུ་མ་ནས་རང་མེད། དབང་བཞི་པོ་འདི་ཡག་པོ་བྱས་བསྐུར་ཏེ་ཐོབ་ནས་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་གྱི་བཟོ་བརྡ་ཐམས་ཅད་འདི་ནས་བཟོ་དགོས། ཕར་ཕྱིན་ཐེག་པའི་སྐབས་ལམ་སྤྱི་དང་ཁྱད་པར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་སོགས་པ་བསྒོམས་ཏེ་མཐར་ཐུག་གི་སངས་རྒྱས་འགྲུབ་ནུས་ཀྱང༌། འབྲས་བུའི་ཡོན་ཏན་ཐམས་ཅད་ལམ་དུ་བསྒོམ་རྒྱུ་མེད། སྔར་བླ་མེད་ལ་འབྲས་དུས་ཀྱི་ཡོན་ཏན་ཐམས་ཅད་ལམ་དུས་རང་ནས་ཡིད་དོར་བྱས་ཏེ་བསྒོམ་ཚུལ་སོགས་རྒྱས་པར་གསུངས། དེ་ཡང་བླ་མེད་ཀྱི་དབང་བསྐུར་བའི་སྐབས་སུ་གང་བྱུང་མ་བྱུང་བྱས་ཏེ། ཕ་རེ་བུ་རེའི་དབང་བསྐུར་བྱེད་ཁུལ་གྱིས་སྐུ་བཞིའི་ས་བོན་ཐེབས་མི་ཐུབ། དབང་བཞི་པོ་འདི་དག་སྐུ་བཞིའི་ས་བོན་ཁྱད་པར་ཅན་ཡིན་པས་འདི་མེད་ན་སྐུ་བཞི་མི་འགྲུབ་པ་ནི། དཔེར་ན་ནས་ཀྱི་ས་བོན་མ་བཏབ་ན་འབྲས་བུ་ནས་ཡོང་བའི་རེ་བ་བྱེད་རྒྱུ་མེད། དེ་ཡང་འབྲས་བུ་སྐུ་བཞིའི་ས་བོན་དུ་གྱུར་པའི་དབང་དེ་དག་ནི་ལུས་ལ་བུམ་ཆུ་སོགས་གཏོར་ནས་བསྐུར་རྒྱུ་མིན། དེས་ཆོག་རྒྱུ་ཡིན་ན་ལུས་ལ་ཆུས་འཁྲུས་རྡར་སོགས་བྱས་ན་ཆོག་ཀྱང་དེ་མི་འགྲིག །དབང་བཞི་པོ་དེ་སེམས་ལ་བསྐུར་ནས་སྐུ་བཞི་སོ་སོའི་ས་བོན་ཐེངས་ངེས་པ་ཞིག་བྱ་དགོས་ལ་བུམ་དབང་གི་འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ས་བོན། གསང་དབང་གི་ལོངས་སྐུ། ཤེར་དབང་གི་ཆོས་སྐུ། དབང་བཞི་པས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་འགྲུབ་པའི་ས་བོན་འཇོག་པ་འདི་ལ་དོགས་པ་འདི་ཡོད། སྤྲུལ་སྐུ་ནི་སྐྱེ་བ་སྤྲུལ་སྐུ་སོགས་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དག་ཏུ་སྤྲུལ་པའི་དོན་མཛད་པས་དེ་དག་ལ་ཟེར་རྒྱུ་ཨེ་ཡིན་བསམ་པ་ཡོང༌། དེ་མིན་སྟེ་འདིའི་སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ལ་བྱེད་ལོངས་སྐུ་ནི་སངས་རྒྱས་ཀྱི་གསུངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ལ་བྱེད་ཅིང༌། དེས་འཁོར་བར་ཇི་སྲིད་བར་(༣༥བ)འགྲོ་བའི་དོན་རྒྱུན་མི་ཆད་དུ་མཛད་པ་ནི་རླུང་ལ་བརྟེན་ནས་རླུང་སྔགས་དབྱེར་མེད་པའི་སྐུ་འགྲུབ་ལུགས་སོགས་ནི་ཞིབ་པར་གསུངས། དེ་ཡང་རང་རེ་རྣམས་ཁུངས་ཆུང་ཆུང་གི་རེ་བ་བཅད་དེ། ད་གང་ལ་ཐུག་ཀྱང་དབང་བཞིར་བསྐུར་བ་འདི་མི་བྱེད། འདི་ནི་ཉེན་ཁ་ཤིན་ཏུ་ཆེ་བས་དེ་འདྲའི་རིགས་ལ་རེ་བ་གང་ཡང་མེད་སྙམ་བློ་ཡང་བསད་ནས་བསྡད་པས་མི་འགྲིག །དབང་བསྐུར་ཚུལ་འདི་དག་གི་རྣམ་གཞག་རྣམས་བླ་མའི་ཞབས་ལེགས་པར་ཤེས་པ་བྱས་ཏེ། གཞན་ལ་དབང་བསྐུར་བའི་ལས་མི་བྱེད་ཀྱང༌། རང་གི་དབང་ཐོབ་པ་ལ་གནས་ཚུལ་འདི་དག་རྒྱུད་འགྲེལ་གྱི་དགོངས་པ་དང་མཐུན་པའི་ལེགས་པར་ཤེས་དགོས། དབང་བསྐུར་བའི་མཚན་ཉིད་ཚང་ཞིང་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ནི་སྣོད་དང་ལྡན་པའི་སློབ་མ་རྣམས་ལ་སྙིང་བརྩེ་བས་རྗེས་སུ་བཟུང་སྟཻ་དབང་བསྐུར་སོགས་མ་བྱས་ན་གསང་སྔགས་བླ་མེད་ཀྱི་བསྟན་པ་རིན་པོ་ཆེ་རྒྱུད་ནུབ་པ་ལ་ཕྱོགས་ཡོང་བས་དེ་དག་ལ་བརྩོན་པ་བསྐྱེད་དགོས་ལུགས་སོགས་ཞིབ་ཏུ་སྩལ། དེ་ལྟར་དབང་བཞི་རྣམ་པར་དག་པ་ཐོབ་ནས་ཀྱང་དམ་ཚིག་དང་སྡོམ་པའི་རྣམ་བཞག་རྣམས་ལ་སྲོག་དང་བསྡོས་ཏེ་བསྲུང་བའི་སྒོ་ནས་ལམ་འདི་དག་ལ་བསླབ་ཏེ་སྙིགས་དུས་ཀྱི་ཚེ་ཐུང་འདི་རང་ལ་ཟུང་འཇུག་སྐུ་བཞིའི་གོ་འཕང་ཐོབ་པ་དང༌། དེ་མ་བྱུང་ན་ཡང་སྐྱེ་བ་འགའ་ཞིག་བརྒྱུད་ནས་ཐོབ་པ་དང༌། མ་ཐ་ཡང་སངས་རྒྱས་ལས་དཀོན་པའི་ལམ་མཆོག་འདི་དག་ལ་བག་ཆགས་དང་ཐེབས་པ་ཅིས་ཀྱང་མཛད་དགོས་པ་ཡིན། དེ་ལྟར་འབྲས་བུའི་སྐུ་བཞིའི་ས་བོན་སེམས་རྒྱུད་ལ་ཐེབས་པར་བྱེད་དགོས་པ་ལ། སེམས་དེ་ཡང་གཙོ་སེམས་གཅིག་རུང་དུ་མི་སྡོད་པར་གཙོ་བོ་རྣམ་ཤེས་དྲུག་དང༌། སེམས་བྱུང་སོགས་རང་གི་ལུས་དང་དབྱེར་མེད་དུ་འདྲེས་ནས་ཡོད་པས་ངོས་ཟིན་པར་ཤིན་ཏུ་དཀའ་བས། འདིར་དབང་གི་སྐབས་སུ་བསླབ་བསླབ་པའི་ལུས་ཀྱི་ལྷ་འགོད་པ་སོགས་ནི། སེམས་གཟུགས་ཕུང་དང་འདྲེས་ནས་ཡོད་པའི་གཟུགས་ཀྱི་དྲི་མ་དག་པའི་ཕྱིར་དུ་རྣམ་པར་སྣང་མཛད་མིང་གི་དབང༌། ཚོར་བའི་ཕུང་པོའི་དྲི་མ་དག་ཕྱིར་རིན་འབྱུང་ཅོད་པཎ་གྱི་དབང༌། འདུ་ཤེས་ཀྱི་ཕུང་པོའི་དྲི་མ་དག་ཕྱིར་འོད་དཔག་མེད་རྡོ་རྗེའི་དབང༌། འདུ་བྱེད་(༣༦ན)ཀྱི་ཕུང་པོའི་དྲི་མ་དག་ཕྱིར་དོན་ཡོད་གྲུབ་པ་དྲིལ་བུའི་དབང༌། རྣམ་ཤེས་ཀྱི་ཕུང་པོའི་དྲི་མ་འདག་ཕྱིར་མི་བསྐྱོད་པ་ཆུའི་དབང་བསྐུར་བས་ཞེ་སྡང༌། ང་རྒྱལ། སེར་སྣ། འདོད་ཆགས། ཕྲག་དོག །གཏི་མུག་ལ་སོགས་པའི་དྲི་མ་དེ་དག་སྦྱོང་ཞིང༌། དེ་བཞིན་དུ་སེམས་མིག་གི་སྒོར་རྒྱུག་པས་ཡུལ་སྣ་ཚོགས་སྣང་བ་སོགས་འདི་དག་རང་རེ་སོ་སོ་སྐྱེ་བོ་འཁོར་བ་རྣམས་ལ་སྡུག་བདེན་དུ་སྣང་བ་ཤ་སྟག་ཡིན་པས། དེ་སྦྱོང་བྱེད་དུ་མིག་ལ་ས་སྙིང༌། རྣ་བར་ཕྱག་རྡོར་འགོད་པ་སོགས་བྱས་ནས་ལུས་དཀྱིལ་ཀྱི་ལྷ་སོ་གཉིས་ཀྱི་སེམས་དང་འདྲེས་པའི་ལུས་ཀྱི་གནས་སོ་གཉིས་ཀྱི་དྲི་མ་སྦྱོང་ཚུལ་དང༌། དེ་ཡང་ཡུལ་གཟུགས་སོགས་གང་སྣང་ཐམས་ཅད་སངས་རྒྱས་རྣམས་ལ་དག་པ་རབ་འབྱམས་འབའ་ཞིག་གི་ལྷའི་རྣམ་རོལ་ཏུ་སྣང་ཞིང༌། རང་རེ་ལས་དང་པོ་བ་རྣམས་ལ་སྡུག་བདེན་འབའ་ཞིག་སྣང་བ་ནི། དཔེར་ན་སངས་རྒྱས་དང་རྒྱལ་བ་རིན་པོ་ཆེ་ལྟ་བུ་དང༌། རང་རེ་རྣམས་ཡུལ་གཅིག་ལ་ཐུན་མོང་དུ་བལྟས་པའི་ཚེ་དག་མ་དག་གི་སྣང་ཚུལ་གཉིས་སུ་འབྱུང་བ་ནི། སྔོན་བྱུང་ལ་ཁྱིམ་བདག་ལུག་ཞེས་པའི་ཡུལ་དུ་སྟོན་པ་ཐུགས་རྗེ་ཅན་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་བྱོན་པའི་ཚེ། སྔོན་གྱི་ལས་ཀྱིས་རྒྱུ་བ་ལུང་བསྟན་པར་བྱ་བའི་ཕྱིར་སྟོན་པས་ཟླ་བ་གསུམ་གྱི་བར་འབྲས་པ་ལུང་སོགས་གསོལ་ཟས་གཞན་མེད་པར་རྟ་ཆས་འབའ་ཞིག་བཞེས་དགོས་བྱུང་བར་དགེ་སློང་རྣམས་ཡིད་སྐྱོ་ནས་རྒྱུན་ཞུས་པའི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་ཕྱིར་ང་ལ་ནི་དེས་མི་ལྟོ་གསུང་ཚེས་བར་དུ་རྟ་ཆས་འབྱོར་བ་དང་ཁ་ཟས་རོ་བརྒྱ་པར་འགྱུར་བ་དུས་མཉམ་པ་དེ་ནས་དགེ་སློང་རྣམས་ལ་སྟོན་པར་མཛད་པས་དེ་ཉིད་རོ་བརྒྱ་པར་འདུག་པ་དང༌། དགེ་སློང་གཞན་གྱིས་ཟོས་པའི་ཚེ་རྟ་ཆས་ཁོ་ནར་འདུག་པ་ལྟ་བུ་སོགས་ལས་ཀྱི་རྣམ་པར་སྨིན་པ་དག་མ་དག་དེ་ལྟར་བྱུང་བའི་གཏམ་རྒྱུད་ཀྱང་སྩལ། དེ་ལྟར་བུམ་དབང་སོགས་དབང་བཞི་བསྐུར་བའི་སྐབས་སུ་ཡང་སློབ་དཔོན་(༣༦བ)གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རང་ལ་བསྟིམས། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་དང་དབྱེར་མེད་དུ་འདྲེས་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཞུ་བའི་ཁུ་བ་ཡིན་པས། དེ་སློབ་མའི་ལུས་ལ་བསྟིམས་ཏེ་དབང་བསྐུར་བ་ནི། རྡོ་རྗེ་ཡུང་དཀར་བརྡེག་བྱ་སྟེ། །ཞེས་སོགས་ཀྱི་དོན་ལྟར་བླ་མ་དང་སློབ་མ་གཉིས་ཀས། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་སོགས་ལ་སེམས་ཤིན་ཏུ་བརྟན་པའི་སྒོ་ནས་དབང་བསྐུར་བས་དེ་ཉིད་སངས་རྒྱས་ཐམས་ཅད་ཞུ་བའི་ཁུ་བ་ཡིན་པས། སློབ་མའི་རྒྱུད་ལ་སངས་རྒྱས་འགྲུབ་པ་ལས་འོས་མེད་པ་ནི། དཔེར་ན་གསེར་ཞུ་བའི་ཁུ་བ་དེ་གསེར་ཡིན་པས་དེས་གང་ཁྱབ་ལ་གསེར་གྱིས་ཁྱབ་པ་ལྟ་བུ་ཡིན་ཚུལ་ཞིབ་ཏུ་སྩལ་ཞིང༌། དེའི་མཇུག་ཏུ་བུམ་ཆུས་དབང་བསྐུར་བའི་སྐབས་སུ་ཡང༌། ཐ་མ་རབ་ཀྱི་སྣང་ཞེན་སྔགས་གཉིས་ཀྱིས་སྦྱངས་ཏེ། དེ་ཉིད་རིགས་ལྔའི་ནང་ནས་རྣམ་སྣང་ལ་སོགས་པ་གང་ལ་བསྐྱེད་ཀྱང་ཁྱད་མེད་ནའང༌། འདིར་ནི་བུམ་ཆུ་སྟོང་སྦྱངས་བྱས་ཏེ་མི་བསྐྱོད་པའི་ངོ་བོར་བསྐྱེད་དེ་དབང་བསྐུར་བའི་ཚུལ་ནི་དབང་མཆོག་ཏུ་གསལ་བ་ལྟར་ཞིབ་ཏུ་གསུངས། གསོལ་འདེབས་ཀྱི་སྐབས་སུ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པའི་བྱང་ཆུབ་རྡོ་རྗེ་ནི། འོག་མིན་དུ་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་ཡིན་ལ། སངས་རྒྱས་ལ་ཞེས་པའི་སངས་རྒྱས་ནི་རང་རེའི་སྟོན་པ་ཐུགས་རྗེ་ཅན་འདི་རང་ཡིན། དེའི་ཚུལ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས། ཞིང་འདིར་ཕར་ཕྱིན་ཐེག་པའི་ལམ་གྱིས་རྒྱུད་སྨིན་པར་མཛད་དེ་ས་བཅུ་པའི་བར་བགྲོད་ནས། དེ་ནས་ཆུ་བོ་ནཻ་ར་ཛ་རའི་དྲུང་དུ་ལོ་དྲུག་དཀའ་བ་སྤྱད་རྗེས་སུ་ཅེས་སུ། རྣམ་སྨིན་གྱི་ལུས་དེ་ཁ་རང་དུ་བཞག །ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་བྱོན་ནས་སྲིད་པ་ཐ་མ་པའི་གང་ཟག་དེ་ལ། འོག་མིན་ན་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་དེས་དབང་བཞི་ལེགས་པར་བསྐུར་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་(༣༧ན)མཛད་ཚུལ་ཞིབ་ཏུ་གསུངས་ནས་དོན་དང་སྦྱར་ཚུལ་དང༌། བདག་ཀྱང་བསྒྲལ་བའི་ཞེས་སོགས་ཀྱི་དོན་ནི་རང་ཉིད་འཁོར་བ་དང་ངན་སོང་གི་འཇིགས་པས་མནར་བ་ལྟར། སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུའི་སྡུག་བསྔལ་གྱིས་མནར་བས་རང་གཞན་མཁའ་ཁྱབ་ཀྱི་མ་རྒན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོས་མནར་བ་འདི་ལས་ཡིད་ཤིན་ཏུ་སྐྱོ་ནས། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་བཅོས་མིན་སྐྱེས་ཏེ་རང་གཞན་སེམས་ཅན་ཐམས་ཅད་དེ་ལས་བསྒྲལ་བའི་ཆེད་དུ་མགོན་པོ་ནམ་མཁའི་རྡོ་རྗེས་བདག་ལ་དབང་བསྐུར་དུ་གསོལ་ཞེས་པས་ནམ་མཁའི་རྡོ་རྗེ་ནི་རང་ལ་དབང་བསྐུར་བའི་སློབ་དཔོན་དེ་ལ་བྱེད་ཅིང༌། ངེད་ཅག་གི་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་གསུངས་ཞེས་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལམ་རིམ་ལྟར་ཞིབ་ཏུ་སྩལ། འདི་འདྲ་སྔགས་ཀྱི་སྐབས་དགོས་ཀྱི་མེད་འགྲོ་སྙམ་པ་ཡོང་ཡང༌། སྔགས་ཀྱི་སྐབས་དེ་བས་ཀྱང་འདི་དག་ཤིན་ཏུ་གལ་ཆེ་ཞིང༌། འདི་དག་མེད་ན་སྔགས་ལམ་གྱི་རྟོགས་པ་སྐྱེ་མི་ཐུབ་ཚུལ་རྒྱས་པར་གསུངས། དེ་ནས་གསུངས་པའི་དབང་གི་སྐབས་སུ་འགྲེལ་པའི་མཐའ་གཅོད་ཀྱི་ཚིག་ཟིན་ལ་གསང་དབང་གཉིས་ཀྱི་སྐབས་ཞེས་པ་ལ། གསང་དབང་བསྐུར་ཚུལ་གཉིས་ཞེས་གང་འདྲ་ཞིག་ཡོད་སྙམ་དོགས་པ་སྐྱེ་ས་ཡོད། དེའི་དོན་ནི་གསང་དབང་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པས། ཐུན་མོང་བ་ནི་ད་ལྟའི་དབང་བསྐུར་ཚུལ་འདི་རང་ཡིན། ཐུན་མོང་མ་ཡིན་པ་ནི། འདི་ལ་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ལ་གསང་དབང་གི་སྐབས་ངེས་པར་བླ་མ་ཡབ་ཡུམ་གྱི་གསང་མཚན་སློབ་མའི་ཁར་བཅུག་ནས་བྱང་སེམས་མྱངས་ཏེ་བསྐུར་བའི་ཚུལ་ཡོད་པ་ནི། ངེད་ཅག་ལ་བླ་མ་རིན་པོ་ཆེ་དེ་ཉིད་ནས་འདིའི་གསང་དབང་གི་སྐབས་དེའི་རྟེན་འབྲེལ་མཚོན་བྱེད་ཡིན་གསུངས་བླ་མའི་ཕྱག་མཛུབ་ཡབ་ཀྱིས་རྗེའི་ཚུལ་དུ་ངེད་རྣམས་ཀྱི་ཁར་བཅུག་ནས་བྱང་སེམས་མྱངས་པའི་མོས་བློ་བྱས་པ་ཡིན་གསུང་ཞིབ་ཏུ་སྩལ། ཤེས་རབ་ཡེ་ཤེས་ཀྱི་དབང་ནི་བདེ་སྟོང་གི་(༣༧བ)ཡེ་ཤེས་ལ་ངེས་པ་འདྲེན་ལུགས་དང༌། དབང་བཞི་པ་ལ་དབང་རྫས་འགྲེམ་རྒྱུ་སོགས་གཞན་བྱ་རྒྱུ་གང་ཡང་མེད་པར་དབང་གསུམ་པའི་སྐབས་ཀྱི་དོན་ལ་བསམ་པ་དང༌། ཟུང་འཇུག་གི་དོན་ལ་གོ་བ་ལྷག་པར་བསྐྱེད་དགོས་པས་ཚིག་དབང་ཞེས་པའི་ཐ་སྙད་དང༌། དེ་ཡང་རྩ་རྒྱུད་སོགས་རྒྱུད་གཞན་ནས་འདིའི་རྣམ་གཞག་གསལ་བར་མ་གསུངས་ཤིང༌། རྒྱུད་ཕྱི་མ་ཞེས་འདིའི་ལེའུ་བཅོ་བརྒྱད་པ་དང༌། བཤད་རྒྱུད་རྡོ་རྗེ་འཕྲེང་བ་གཉིས་ནས་གསུངས་ཚུལ་ཁུངས་དང་བཅས་པ་གནང༌། ལེའུ་འདིའི་བསྡུས་དོན་གྱི་གྲངས། ༼༡༤ན༣༽ས་བཅད་གཉིས་པ་ལ་བཞི། དབབ་པ་སྔོན་དུ་འགྲོ་བའི་དཀྱིལ་འཁོར་དུ་བཞུགས་པ་དང༌། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལྷག་མ་བསྟན་པ་དང༌། ཞུགས་པ་ལ་དབང་བསྐུར་བ། སྤྱོད་པའི་དམ་ཚིག་འབོགས་པའོ་ཞེས་པའི་ས་བཅད་བཞིའི་ནང་གི །བཞི་པ་སྤྱོད་པའི་དམ་ཚིག་འབོགས་པ་ཞེས་པ་འདི་ལ། དངོས་ཀྱི་དོན་དང༌། ཤ་ལྔ་བདུད་རྩི་ལྔའི་བསྐྱེད་ཆོག་གསལ་བར་བཤད་པའོ་ཞེས་པའི་རྩ་རྒྱུད་ལས། དེ་ལ་འདིར་ནི་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་ཀྱིས་མཉེས་པར་བྱེད་པར་བྱ་བའི་གསར་པའོ། །

གླང་པོའི་ཤ་དང་རྟ་ཡི་ཤ་ཞེས་པ་ནས། བཅོམ་ལྡན་འདས་སྔགས་ཀྱི་རིགས་པའི་སྐྱེས་བུ་ཆེན་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ་ཞེས་པའི་བར་འདྲེན་པར་གནང་ནས། ས་བཅད་འདི་ལ་ཡི་གེ་ནོར་བ་སོགས་མིན་པའི་སྔོན་གྱི་མཁས་པ་རྣམས་ཀྱིས་འདྲེན་ཚུལ་མི་འདྲ་བ་མང་དུ་བྱུང་འདུག་པར་བརྟག་པ་ཞིབ་ཏུ་བྱས་པར་རྒྱུད་སྨད་ཀྱི་ནང་རྟེན་དུ་བཞུགས་པའི་སྒྲོན་གསལ་དུ་རྒྱུད་ཚིག་འདི་ཡོངས་རྫོགས་དངོས་གཞིའི་དོན་འཆད་ཚུལ་ལ་སྦྱར་འདུག་ཅིང༌། རྗེ་རིན་པོ་ཆེས་ཀྱང་འདི་ནང་བཞིན་དང༌། ཤ་ལྔ་བདུད་རྩི་ལྔ་བསྐྱེད་ཆོག་བྱེད་ལུགས་བོགས་མཐའ་གཅོད་དུ་ཐོན་པ་གནང་འདུག་ཅིང༌། ཀུན་མཁྱེན་འཕགས་འོད་ཀྱི་སྒྲོན་གསལ་རྣམ་ངེས་ན་རྩ་རྒྱུད་འདི་ལ་དུམ་བུ་གཉིས་སུ་བཅད་ཅིང༌། དེ་ལ་འདིར་(༣༨ན)ནི་ཞེས་པ་ནས་གསང་བའོ་ཞེས་པའི་བར་གྱི་དངོས་ཀྱི་དོན་འཆད་ཚུལ་དང༌། གླང་པོའི་ཤ་དང་ཞེས་སོགས་ཀྱི་ཤ་ལྔ་དང་བདུད་རྩི་ལྔའི་བསྐྱེད་ཆོག་གསལ་བར་བཤད་ཅེས་གསུངས་ཞིང༌། རྒྱལ་མཆོག་སྐུ་གོང་མ་དེ་ཉིད་དང༌། ངེད་ཅག་གི་བླ་མ་རིན་པོ་ཆེ་གཉིས་ཀྱིས་ཀྱང་འདི་དང་མཐུན་པར་དུམ་བུ་གཉིས་སུ་བཅད་ནས་འཆད་པ་གནང་འདུག་པས། དེ་ལྟར་ན་མཚམས་འདིའི་རྒྱུད་འགྲེལ་ལ་སྦྲུལ་བཤད་རྒྱག་དགོས་ཚུལ་དང༌། ངོས་རང་གི་རྨོངས་ཞེན་གྱི་ཞིབ་ཏུ་བསམས་ན། ཚོགས་འཁོར་བྱིན་རླབས་བྱེད་ལུགས་སོགས་གོང་མ་ལྟར་བྱས་ན་འགྲིག་རྒྱུ་ཡིན་ནམ་སྙམ་པར་ད་ལམ་ངེས་རང་གིས་ལུགས་རྒྱུད་ཚིག་འདི་ཡོངས་རྫོགས་དངོས་ཀྱི་དོན་བཤད་པ་ལ་བཏང་ནས། ཤ་ལྔ་བདུད་རྩི་ལྔའི་བྱིན་རླབས་བསྐྱེད་ཆོག་བྱ་ཚུལ་གསལ་བ་མཐའ་གཅོད་རིན་པོ་ཆེར་ཐོན་པ་འདི་ནང་བཞིན་བྱེད་རྒྱུ་ཡིན་པས་དེ་རིང་བཤད་པ་འདི་དག་ལ་བཤད་ཚུལ་མང་ཞིང༌། ངེད་ཀྱིས་ཀྱང་རྒྱུད་འགྲེལ་འདི་དག་ལ་ལོ་མང་པོའི་བར་ངལ་བ་མང་དུ་བརྟེན་ནས་ཞིབ་ཏུ་སྦྱངས་ཁུལ་ཡིན་པས་ཁྱེད་ཅག་བསྟན་པའི་ཁུར་ཐེག་པའི་མཁས་པ་ཆེན་པོ་མང་དུ་འདུག་པ་རྣམས་ཀྱིས་འདི་དག་ལ་རང་བཟོའི་རིག་བཅོས་མ་ནས་རང་བྱེད་མི་ཉན། དེ་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་མི་ཐོགས་པའི་ཁར་བསྟན་པ་གཤིག་སྟེ་བསྟན་པ་ལ་རྨ་བཅོས་པར་སོང་བས་དེ་ལྟར་མིན་པའི་རྟོག་གཅོད་ཞིབ་ཏུ་མཛད་དགོས་ཞིང་འཐད་ཕྱོགས་རྣམས་ལག་ལེན་ལ་ཐེབས་པ་ཞིག་ཅིས་ཀྱང་དགོས་སོ་གསུངས། དབང་གི་དམ་ཚིག་སྒྲགས་པའི་སྐོར་ལ་ཞིབ་ཆ་ལེའུ་ལྔ་པ་དང་དགུ་པའི་སྐབས་སུ་ཞུས་པ་ལྟར། གཞན་གྱི་ནོར་འཕྲོག་པ་སོགས་དགོངས་པས་བཤད་པ་རྣམས་ཀྱི་ངེས་དོན་རྣམས་ལག་ལེན་དུ་འཁེལ་བ་དགོས་ཚུལ་དང༌། ཞེ་སྡང་དགའ་མ་ཞེས་པ་ཡུམ་མ་ཀི་ལ་བརྗོད་ཚུལ་སོགས་ཀྱང་ལེའུ་དང་པོར་ཞིབ་ཏུ་ཞུས་པ་ལྟར་ཡིན་གསུངས།

ལེའུ་བཅུ་དྲུག་པ་འདིར་(༣༨བ)རྡོ་རྗེ་འཇམ་དཔལ་གྱི་སྒོ་ནས་རྒྱལ་པོ་ལ་སོགས་པ་དབང་དུ་བྱེད་པ་ཞེས་པའི་སྐབས་ཀྱི་རྩ་རྒྱུད་ལས། རྡོ་རྗེའི་འཇམ་དཔལ་སྟོབས་པོ་ཆེ། །ནམ་མཁའི་རྡོ་རྗེའི་དབུས་སུ་བསམ། །མདའ་ལྔའི་སྦྱོར་བ་དག་གི་ནི། །དབུ་རྒྱན་གཙོ་བོ་ཡང་དག་གོ །གནས་ལྔ་དག་ཏུ་སྔགས་ཤེས་པས། །རྡོ་རྗེ་ཁྲོ་བོ་རབ་ཏུ་དབབ། སྔངས་ཞིང་བརྒྱལ་བར་སྒོམ་པ་ནི། བྱིས་པའི་བློ་ཡི་གྲགས་ཆེན་གྱིས། །བསམ་གཏན་འདི་ནི་ཟླ་ཕྱེད་དུ། །གསང་བའི་བསྐུལ་མ་དག་གིས་བསྒོམས། །ཞེས་པའི་སྐབས་སུ། བྱིས་པ་སྟེ་འཇམ་དཔལ་སྐུ་མདོག་དམར་པོ་ཕྱག་ན་མདའ་གཞུ་ཐོག་པའི་སྒོ་ནས་དབང་སྡུད་ཀྱི་ལས་བྱ་ཚུལ་རྒྱས་པར་གསུངས་ནས། འདི་ནི་དབང་སྡུད་ཀྱི་ལས་སྦྱོར་ཇི་ལྟ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ཡིན་ཚུལ་དང༌། ལས་སྦྱོར་འདི་བསྐྱེད་རིམ་པ་ལ་སྔགས་པའི། ལས་སྦྱོར་ཡིན་ཀྱང༌། འདིའི་རྩ་རྒྱུད་ཀྱི། ནམ་མཁའི་རྡོ་རྗེ་དབུས་སུ་བསམ། །ཞེས་པ་ལ་དགོངས་ནས་བོད་སྔ་རབས་ཀྱི་མཁས་པ་མང་པོས་འདི་བསྐྱེད་རིམ་ལ་སྦྱོར་བ་མི་འཐད་དེ། ནམ་མཁའི་རྡོ་རྗེ་ནི་ཟུང་འཇུག་པ་ལ་བྱེད་དེ་སྐད་ཅིག་གིས་ཞེས་པ་དང༌། འོད་གསལ་ལས་བྱུང་ཞེས་སྨྲ་ཡང༌། དེ་ལ་རྗེ་བདག་ཉིད་ཆེན་པོས་དེ་འདྲའི་རྟགས་དེ་ལ་ཚུལ་གསུམ་མ་ཚང་བའི་རྟགས་ཡིན་ཏེ་དེའི་རྗེས་ཁྱབ་མ་ངེས་པའི་ཕྱིར། དེ་མ་ངེས་ཏེ། ནམ་མཁའི་རྡོ་རྗེ་ཞེས་འོད་གསལ་ལས་བྱུང་བ་གསུངས་པ་ཙམ་གྱི་རྫོགས་རིམས་སུ་མི་འགྲོ་སྟེ་ལེའུ་གོང་མར་བསྐྱེད་རིམ་གྱི་རྣམ་བཞག་སྟོན་པའི་སྐབས་སུ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོགས་མང་དུ་གསུང་ཞིང༌། སྐད་ཅིག་གིས་བསྐྱེད་པ་ཙམ་གྱིས་ཀྱང་དེར་མི་འགྲོ་སྟེ། བསྐྱེད་རིམ་པ་ལ་ཐོག་མར་སྐད་ཅིག་གིས་རང་ཉིད་ཞེ་སྡང་རྡོ་རྗེ་བསྐྱེད་ཚུལ་དང༌། ལྷག་མོས་ཀྱི་སྐབས་སུ་ལྷག་མོས་གཉིས་སྐད་ཅིག་གིས་བསྐྱེད་པར་ཡང་(༣༩ན)གསུངས་པས་རྗེས་ཁྱབ་མ་ངེས། རིམ་པ་གསུམ་པའི་ནང་གི་བདག་ཉིད་ལ་མཆོག་ཏུ་གཞོལ་བའི་ཟླ་བ་ཕྱེད་དཻ་ཉིན་བཅོ་ལྔའི་བར་དུ་བསྒོམ་པར་བྱ་བ་ཞེས་འབྱུང་བ་གང་ཞིག །རྫོགས་རིམ་པའི་ཟུང་འཇུག་གི་སྐབས་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་གང་འདོད་ཐམས་ཅད་སྐད་ཅིག་ཅིག་ལ་བསམ་པ་ཙམ་གྱིས་འགྲུབ་པ་མ་རྟོགས་ཟླ་བ་ཕྱེད་ལ་སོགས་པས་སྒྲུབ་མ་དགོས་པའི་ཕྱིར་ཞེས་རྗེ་བདག་ཉིད་ཆེན་པོས་ཤིང་རྟ་ཆེན་པོའི་རིགས་པའི་ལམ་ནས་དྲངས་ཏེ་སྒྲུབ་པར་མཛད་ཚུལ་དང༌། དེ་ལྟར་སྒྲུབ་པའི་རིགས་པ་འདི་དག་གཙོ་བོ་དབུ་ཚད་ནས་བྱུང་བས། གཞན་ཞི་བ་ཁ་ནག་ལ་ཇི་ཙམ་བཤད་ཀྱང་གོ་མི་ཐུབ། གཞུང་ལུགས་ཆེན་པོ་ལ་སྦྱངས་པ་རྣམས་ཀྱིས་དབུས་སུ་འདི་འདྲ་འཆད་སྤྲོ་ནས་འདི་དག་ལ་ངེས་པ་ཡག་པོ་དྲངས་ཏེ་སྙིང་རྗེ་རིན་པོ་ཆེ་དང༌། མགོན་པོ་ཀླུ་སྒྲུབ་གཉིས་རྒྱལ་བའི་དགོངས་པ་འགྲེལ་པ་ལ་རྣམ་པ་ཀུན་ནས་མཚུངས་པའི་ཚུལ་ལ་བསམས་ཏེ་འདི་འདྲ་བའི་བཀའ་དྲིན་དྲན་པ་ཡང་ཡང་དགོས་ཚུལ་ཞིབ་ཏུ་གསུངས། མདའ་ལྔའི་སྦྱོར་བ་དག་གི་ཞེས་སོགས་ཀྱི་དཔེར། མེ་ཏོག་མདའ་ཅན་དགའ་རབ་དབང་ཕྱུག་གིས་ཆོས་བྱེད་རྣམས་ལ་ཉིན་ལྟར་ཆགས་སོགས་ཀྱི་མདའ་ལྔ་འཕངས་ཏེ་དེ་འཕོག་ནས་འགྱེལ་འགྲོ་བ་ལྟར། རྡོ་རྗེ་འཇམ་དཔལ་དམར་པོས་ཀྱང་རྡོ་རྗེའི་སྔགས་ཀྱི་མདའ་ལྔ་སྒྲུབ་པ་པོ་ལ་བསྣུན་ཏེ་གང་འདོད་ཀྱི་དངོས་གྲུབ་རྒྱལ་པོ་ལ་སོགས་པ་གང་མཚམས་ཀྱི་ལས་ལ་སྦྱོར་བའི་སྒོ་ནས་དབང་དུ་བྱེད་ཚུལ་དཔེ་དོན་སྦྱར་ནས་གསུངས་ཞིང༌། ཁྱད་པར་བསོད་ནམས་དམན་པའི་ཆོས་བྱེད་མི་རྣམས་ལ་བདུད་དགའ་རབ་དབང་ཕྱུག་གི་འདོད་པའི་མདའ་དང༌། ཆགས་པའི་མདའ་དང༌། ཞེ་སྡང་གི་མདའ་སོགས་གང་ལ་གང་གིས་སྒོ་ནས་འདོད་པ་ཆེ་བ་དེ་དང་དེ་ལ་མདའ་འཕངས་ཏེ་ཆོས་བྱེད་ལས་ལོག་སྟེ། ཆགས་སོགས་ཀྱི་འདོད་པ་རྒྱས་ནས་ཆོས་མ་བྱུང་བའི་ཁར་སྡོམ་པ་འཆོར་ནས་འདི་ཕྱི་གཉིས་ཀ་གཏན་རླག་ལ་འགྲོ །དེ་ཡང་རི་ཁྲོད་པ་འགའ་ཞིག་དགེ་སྦྱོར་བསྐྱངས་ནས་མི་སྡོད་པར་སྦྱིན་བདག་ཆེན་པོ་འདྲའི་ངོ་འཛིན་པར་བྱེད། (༣༩བ)དེ་ལ་སྦྱིན་བདག་གི་མོ་འདེབས་སུ་བཅུག ཁོ་ལ་བདུད་དགའ་རབ་དབང་ཕྱུག་གིས་བྱིན་གྱིས་བརླབས་ནས་མོ་ཕྱྭ་ཁ་ཤས་ཏིག་ཏིག་བྱུང་བས་སྦྱིན་བདག་གིས་ཀྱང་ངེད་ཚོའི་དགེ་སློང་རང་ཟེར་ནས་བསྟོད་ར་ཁ་ཆག་ཆག་གཏོང༌། ཁོ་རང་ཡང་མངོན་ཤེས་མེད་ཀྱང་ཡོད་འདོག་གིས་ཁ་འཛུམ་དམུལ་བྱས་ན་མི་ཆོས་བླ་མའི་རྫུན་སྨྲས་པས་སྡོམ་པ་ཡོད་ན་འཆོར་ཚར་བས་དེ་འདྲའི་རིགས་ལ་དགའ་རྒྱུ་དང་སྨོན་རྒྱུ་གང་ཡང་མེད། དེང་སང་དུས་སྙིགས་མའི་སྟོབས་ཀྱིས་དེ་འདྲ་མང་པོ་ཡོང༌། དེ་ལ་སྔོན་གྱི་གཏམ་རྒྱུད་འདི་འདྲ་ཡོད། ཆོས་བྱེད་བློ་དགའ་མོ་ཡོད་པའི་སྒྲུབ་པ་ཞིག་ལ་དཔེ་ཧར་དང་རྡོར་ལེགས་གཉིས་ཀྱིས་བར་གཅོད་བརྩམས་ཏེ་དང་པོར་མེ་ཏོག་ལྡུམ་རར་ལོ་ཏོག་བཏབ་པ་མཐར་དེ་ཉིད་སྡོམ་པ་ཤོར་ནས་བག་མ་ལེན་པ་ཚུན་ཆད་ཀྱི་འདི་ཕྱི་གཉིས་མེད་དུ་སོང་བའི་གཏམ་རྒྱུད་རྒྱས་པར་གསུངས་ནས་རང་ཅག་རྗེ་རིན་པོ་ཆེའི་རྗེས་འཇུག་རྣམས་ཀྱིས་འདི་དག་ལ་གཟབ་དགོས་པའི་བསླབ་བྱ་དང་བཅས་པ་གནང༌། འདིའི་བྱིས་པས་ཞེས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ལ་བྱེད་སྤྱད་དཻ་དེ་ལ་གཞོན་ནུར་གྱུར་པ་ཞེས་བྱ་བའི་དོན་ཡག་པོ་ཤེས་དགོས། དེ་ནི་བྱིས་པ་ན་ཚོད་ལོ་བཅུ་ནས་བཅོ་བརྒྱད་བར་ཤེས་རིག་བཀྲ་ཞིང་བླང་དོར་གྱི་གནས་རྣམས་ཀྱང་དགའ་རབ་ཤེས་ཤིང་གྲོང་པའི་ཆོས་ཀྱིས་མ་གོས་པར་གཞོན་ཞེས་འཇིག་རྟེན་ན་གྲགས་པ་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱང་ཉོན་མོངས་པའི་རྩུབ་རེག་གིས་མ་གོས་པས་ན་འཇམ་ཞིང༌། ཡོན་ཏན་མ་ལུས་པའི་དཔལ་དང་ལྡན་པས་ན་དཔལ། གཞོན་ནུ་ལོ་བཅུ་དྲུག་གི་ན་ཚོད་ཙམ་ཡིན་པས་ན་གཞོན་ནུར་གྱུར་པ་ཞེས་དཔེ་དོན་སྦྱར་ནས་གསུངས་ཚུལ་དང༌། དེའི་འོག་ཏུ་རྣམ་སྣང་གི་སྒོ་ནས་བཀྲེས་སྐོམ་ཞི་བའི་ལས་ལ་སྦྱོར་བའི་སྐབས་སུ། ཟས་མི་འཕྲོད་པ་ཟ་བ་དང༌། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་སོགས་ལ་བརྟེན་ནས་དུས་མ་ཡིན་པའི་འཆི་རྐྱེན་དགུ་འབྱུང་ལུགས་སོགས་ཞིབ་པ་བདེ་ལམ་ཟིན་བྲིས་ན་གསལ་བ་ལྟར་སྩལ་ཞིང༌། རྒྱ་གར་དུ་ཁྲུས་དང་པོ་ཤིང་(༤༠ན)ལྕེ་གཞར་བརྟེན་པའི་དགོས་པ་སོགས་དང༌། རྒྱལ་པོ་ཆེན་པོ་སོགས་དྲག་གཞན་ཀུན་གྱི་དུས་མིན་འཆི་རྐྱེན་དུ་འགྲོ་བའི་ཟས་རིགས་རྣམ་པ་ཀུན་ཏུ་ཟ་མི་ཉན་པར་སྤོང་དགོས་ལུགས་དང༌། དེ་ལྟར་མ་བྱས་ན་དེ་ལ་བརྟེན་པ་རང་གི་ལུས་ལ་འབྱུང་བ་ཆ་མ་སྙོམ་པའི་ནད་ཀྱི་རིགས་སྐྱེས་ནས་རང་སྡུག་རང་གིས་ཉོ་ཚུལ་དང༌། དེ་ལ་འདུལ་བ་ལུང་ནས། ཟས་ལ་བག་མེད་སྤྱོད་པ་རྣམས་ལ་ཟས་ལ་ཕངས་སེམས་མི་བྱེད་ཀྱང༌། རང་གི་ལྟོ་བའམ་གྲོད་ཁོག་ལ་སྙིང་རྗེ་བལྟ་དགོས་པར་གསུང་ལུགས་དང༌། ཟས་ཀྱི་ཚོད་རིག་པའི་ཡག་པོ་རང་བྱེད་ན་ལྟོ་བའི་གསུམ་གཅིག་ཟས། གསུམ་གཅིག་སྐོམ། གསུམ་གཅིག་སྟོང་པར་བཞག་ན་རླུང་རྒྱུ་བདེ་བས་ཟས་མྱུར་དུ་འཇུ་ནས་ནད་ཀྱི་རིགས་མི་སྐྱེ་བར་ལུས་འཚོ་བའི་གྲོགས་སུ་འགྲོ་བ་སོགས་ལམ་རིམ་སྐབས་ལྟར་ཞིབ་ཏུ་སྩལ་ཡང་འབྲིར་མ་ལང༌། དེ་དག་ལ་དགོངས་ནས་འདུས་པའི་རྒྱུད་འདིར་ཡང་སྨན་དཔྱད་སྐོར་ཡང་ཡང་གསུང་ཡོད་པའི་ཚུལ་དང་རང་རེ་ཆོས་བྱེད་རྣམས་ཀྱིས་ཟས་བཅོས་ལ་གཟབ་དགོས་ལུགས་བཅས་ཞིབ་པར་སྩལ་ནས། མདོར་ན་རྒྱུད་འདིར་རྒྱལ་བ་རྡོ་རྗེ་འཆང་རང་གི་མཐའ་དྲུག་ཚུལ་བཞི་སྦྱར་ནས་གབ་དཀྲུགས་མང་དུ་ཡོད་པ་རྣམས་རྒྱལ་བ་རང་ཉིད་ཀྱི་དགོངས་པ་དང་མཐུན་པར་འགྲེལ་བ་ལ། འཕགས་ཡུལ་དུ་སངས་རྒྱས་གཉིས་པ་ལྟར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་ལས་མཁས་པ་སུ་ཡང་མ་བྱུང་ཞིང་ད་དུང་ཡང་མི་འབྱུང་ཡང༌། བོད་གངས་ཅན་གྱི་ལྗོངས་འདིར་མཁས་པའི་དབང་པོ་གྲངས་ལས་རྒལ་བ་ཞིག་བྱོན་པ་རྣམས་ཀྱི་ནང་ནས་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བདག་ཉིད་ཆེན་པོ་ལ་བཀའ་བབས་ཏེ་རྩ་རྒྱུད་དང༌། འགྲེལ་པ་སྒྲོན་གསལ་ལྟ་བུ་ལ་ཡང་གབ་དཀྲུགས་རྣམས་ལེགས་པར་བཅོས་ནས་གཞུང་གི་གུང་སྒྲིག་པར་མཛད་དེ་རྗེས་འཇུག་རྣམས་ཀྱི་གོ་བདེ་ཞིང་ཉམས་སུ་ལེན་བདེ་བར་གསུངས་པའི་ཚུལ་འདི་དག་ལ་ཚད་མས་དྲངས་པའི་ངེས་པ་བརྟན་པོ་རྙེད་དེ་སྙིང་ནས་བཀའ་དྲིན་དྲན་པའི་སྒྲུབ་པའི་མཆོད་པ་ཕུལ་ཏེ་རྗེ་རིན་པོ་ཆེའི་བསྟན་པ་ལ་གང་ཕན་བྱེད་དགོས་ཚུལ་ཀྱང་ཞིབ་ཅིང་མཐའ་ཆོད་པར་གསུངས་བྱུང་ངོ༌། །

(༤༠བ)སྨྲས་པ། འཕགས་པའི་ཡུལ་དུ་ཀླུ་སྒྲུབ་ཟླ་གྲགས་ཀྱིས། །རྒྱུད་དོན་གབ་དཀྲུགས་གསལ་བར་མཛད་པ་ལས། །ལྗོངས་འདིར་ཤིང་རྟ་ཆེན་པོ་ཙོང་ཁ་པས། །བླ་མ་མགོན་པོ་འཇམ་དབྱངས་བཀའ་དྲིན་ལ། །བརྟེན་ནས་རྒྱུད་འགྲེལ་དགོངས་པའི་གནད་རྣམས་ཀུན། །འགྲེལ་བྱེད་བཞི་ཡི་སྦྲགས་ནས་གོ་བདེ་བར། །འཆད་འདི་ཨུ་དུཾ་ཝ་རའི་མེ་ཏོག་ལྟར། །དཀོན་པར་མི་འཛིན་སྙིང་རྩེ་རུལ་བའི་རྟགས། །རྡོ་རྗེ་འཆང་དངོས་བླ་མའི་བཀའ་དྲིན་ལས། །འདི་འདྲའི་གནད་འགག་ཐོས་བསམ་བྱས་དགེ་བས། །ཀུན་མཁྱེན་གཉིས་པ་འཇམ་མགོན་ཙོང་ཁ་པའི། །བཤད་སྒྲུབ་སྲིད་མཐའི་བར་དུ་རྒྱས་ཕྱིར་སྨོན། །ཞེས་བྱའོ། །

 

ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་བྱེད་ཚུལ་སྐོར།

 

ལེའུ་བཅུ་དྲུག་པའི་ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་བྱེད་ཚུལ་སྐོར་ལ། དེ་ཡང་དགེ་འདུན་གྱི་སྡེ་སྐྱོང་བ་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་གདགས་འདོད་པས་ནོར་སྒྲུབ་འདི་བྱས་ན་ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ཅིང༌། འདིའི་ཛམྦྷ་ལ་ཡང་གཞན་དང་མི་འདྲ་བར། འགྲེལ་པ་རང་དུ་གསལ་བ་ལྟར་རིན་འབྱུང་གི་རིགས་སྐུ་མདོག་དམར་སེར་ཞལ་གསུམ་ཕྱག་དྲུག་པ་རང་འདྲའི་ཡུམ་ལ་འཁྱུད་པ་ཕྱག་མཚན་རྣམས་འགྲེལ་པར་གསལ་བ་ལྟར་ལ། དེ་ཡང་ཛོམ་ཞེས་པའི་ཛོམ་འདི་ཛམྦྷ་ལའི་ས་བོན་ལ་འཇོག་པ་མིན་ཏེ། འདིའི་ས་བོན་ལ་ཡི་གེ་ཛ་འཇོག་ཅིང་དེ་ལ་ཀླད་ཀོར་བྱིན་པས་ཛ་ཞེས་འབྱུང་བ་དང༌། ཛམ་བྷ་ལ་ཞེས་པ་ལ་ཀླད་ཀོར་རྒྱག་མི་ཉན་པར་བོད་ཡིག་གི་ཛ་དང་མ་ཧའི་གཤམ་དུ་སྦ་བཏགས་པ་འདི་རང་དགོས་ཤིང༌། སཾ་ཀྲི་ཏའི་སྐད་དུ་འདིའི་ས་བོན་ལ་ཡི་གེ་དབྲི་བསྣན་བྱས་པའི་སྒྲ་སྒྲུབ་ཀྱི་སྟེང་ནས་ལ་ཡིག་འཇོག་དགོས་ཚུལ་དང༌། ཛམྦྷ་ལ་ལ་ངེས་ཚིག་གི་ཛམྦྷ་གནོན་པ་དང༌། ཨ་ལཱ་ཡ་ཞེས་པ་གནས་ཡིན་པས་གནོན་གནས་སུ་སྒྱུར། དེ་ནས་ལྷའི་རྣལ་འབྱོར་བསྒོམ་པའི་ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ཞེས་པ་སྔགས་གཉིས་ཀྱི་དོན་བསམས་ཏེ་ཐམས་ཅད་སྟོང་པ་འོད་གསལ་དུ་སྦྱངས། དེའི་ངང་ནས་ས་བོན་དེ་ཉིད་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་མངོན་རྟོགས་ལྟར་བསྐྱེད་ནས་ཡེ་ཤེས་པ་དགུག་ཞུགས་བྱས་ཏེ་བསྟིམས། དེའི་གནས་ལྔར་(༤༡ན)རྣམ་སྣང་ལ་སོགས་པ་སངས་རྒྱས་ལྔའི་ཨོཾ་ལ་སོགས་པའི་ཡི་གེ་ལྔ་བཀོད་ནས་དེ་དག་གི་ངོ་བོར་བསྒོམས་ཏེ། སྤྱིར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་དང་ཁྱད་པར་ཆུ་སྦྱིན་བྱ་དགོས་པར། རང་གི་མདུན་དུ་རིན་པོ་ཆེ་ལ་སོགས་པའི་སྣོད་གཙང་མར་སྟོང་སྦྱངས་བྱས་ཏེ་ཛམྦྷ་ལ་བསྐྱེད། རང་གི་སྙིང་ཁ་ནས་ཛམྦྷ་ལ་ཡེ་ཤེས་པ་ཕྱུང་སྟེ། དེའི་རིགས་ཀྱི་ཅོད་པཎ་དེའི་ཐུགས་ཀ་ནས་ཆུ་སྦྱིན་བྱ་དགོས་པ་དང༌། དེའི་རྒྱུ་མཚན་ནི། སྔོན་བཅོམ་ལྡན་འདས་ལ་བདུད་དགའ་རབ་དབང་ཕྱུག་གིས་དམག་བྱེ་བ་དུང་ཕྱུར་ཕྲག་མང་པོས་གླགས་བཙལ་ཀྱང་གླགས་མ་རྙེད་པར་དགའ་རབ་དབང་ཕྱུག་ཞག་བདུན་གྱི་སར་བྲོས་ཤིང༌། དེའི་འཁོར་ཕལ་ཆེར་སངས་རྒྱས་ཀྱི་བསྟན་པ་ལ་བཞུགས་ཚུལ་དང་མཐར་སྟོན་པ་རང་གི་སྐུ་མཆེད་དགེ་སློང་ལྷས་བྱིན་ཞེས་ཚན་པོ་ཆེའི་སྟོབས་དང་ལྡན་པ་དེས་སངས་རྒྱས་ལ་འགྲན་ཟླ་མང་དག་བྱས་ཤིང༌། ཁྱད་པར་མདའ་ལྔ་པའི་གྲོགས་བྱས་ཏེ་སྟོན་པ་ལ་སྒྱོགས་རྡོ་འཕངས་པས་དཔལ་ཕྱག་ན་རྡོ་རྗེའི་ཕྱག་མཚན་གྱིས་དུམ་བུ་སྟོང་དུ་ཤིག་ཀྱང༌། དུམ་བུའི་ཆ་ཤས་ཆུང་ངུ་ཞིག་སྟོན་པའི་ཞབས་ལ་ཕོག་པས་སྐུ་ཚལ་ཕྱུང་སྟཻ་ལྷས་བྱིན་ལ་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་མཚམས་མེད་ཀྱི་ལས་བྱུང་བའི་ཚུལ་དང་དེའི་སྒྱོགས་རྡོའི་ཆ་ཤས་གཅིག་གནོད་སྦྱིན་ཛམྦྷ་ལའི་མགོ་ལ་ཕོག་སྟེ་རྨ་བྱུང་བ་ལ་བཅོམ་ལྡན་འདས་ཀྱིས་དེའི་སྤྱི་གཙུག་ནས་ཆུ་སྦྱིན་མཛད་པས་རྨ་གསོས་པའི་རྒྱུ་མཚན་ལ་བསམ། རྗེས་འཇུག་གི་ཉམས་ལེན་ལེའུ་ཛམྦྷ་ལའི་དབུའི་རྨ་དག་གསོས་པ་ཡིན་ཀྱང༌། ཆུ་སྦྱིན་འདི་ལྟར་བྱས་ན་ཕན་ཡོན་ཤིན་ཏུ་ཆེ་བས་ཆོས་ཀྱི་ནོར་མཛད་པ་མེད་པའི་དངོས་གྲུབ་འབྱུང་ཚུལ་དང༌། དེ་ལ་དགོངས་ནས་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོས་རྩ་བའི་བླ་མ་ཉིད་ལ་འགྲེལ་པ་བཞི་སྦྲགས་གནང་སྐབས་འདི་མཚམས་སུ་ཆུ་སྦྱིན་དངོས་སུ་མཛད་ནས། ང་ནི་ཁམས་གསུམ་ཐམས་ཅད་དབང་འདུས་(༤༡བ)ཡིན་པས་ཟས་ནོར་གྱིས་ཕོངས་པས་མེད་ཁྱོད་རང་ཚོ་འདི་འདྲ་བྱས་ན་ཡག་པོ་ཡོང་ཞེས་ཕེབས་ཚུལ་ཀྱང་གསུངས། གནོད་སྦྱིན་དབང་དུ་བསྡུ་བའི་ལས་ཚོགས་སྐབས་ཡཀྵི་ཞེས་པ་འབྱུང་བ་ནི། སྤྱིར་ཡཀྵ་ཞེས་པ་གནོད་སྦྱིན་ལ་འཇུག་ཅིང༌། དེ་ལ་ཀྵི་ཞེས་གི་གུ་སྦྱིན་པ་མོ་རྟག་ཡིན་པས་གནོད་སྦྱིན་མོ་ཟེར་རྒྱུ་ཡིན་གསུང་དེ་ཡང་གནོད་སྦྱིན་མོ་འགྲུབ་པའི་མཚན་མ་ལ་རང་ལ་ལུས་དངོས་སུ་སྟོན་པ་དང༌། གཞན་དུ་བསྒྱུར་ནས་སྟོན་པ་སོགས་ཡོད་པ་ནི་དཔེར་ན་སྔོན་དགེ་ཚུལ་ཚེམས་བུ་བའི་རྒྱ་གར་དུ་ཆུ་བོ་གངྒའི་འགྲམ་དུ་རྡོ་རྗེ་ཕག་མོ་མཛེ་མོར་གཟིགས་པའི་རྐྱེན་གྱིས་རང་རྒྱུད་ལ་སྙིང་རྗེ་ཆེན་པོ་ཤུགས་དྲག་པོ་སྐྱེས་པས་རྡོ་རྗེ་ཕག་མོའི་ཞལ་དངོས་སུ་མཐོང་བ་དང༌། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་སྒྲུབ་པར་མཛད་སྐབས། ཁྱི་མོ་ཁོག་སྨད་འབུས་གཡེངས་བ་གཟིགས་པའི་རྐྱེན་གྱིས་སྙིང་རྗེ་སྐྱེས་པས་རྗེ་བཙུན་གྱི་ཞལ་དངོས་སུ་མཇལ་བའི་ལོ་རྒྱུས་ཞིབ་པ་དང༌། སྤྱི་གཙུག་རྒྱན་ཞེས་པ་ཡང༌། གནོད་སྦྱིན་མོ་རྣམས་གཤིན་རྗེ་གཤེད་ཀྱི་སྤྱི་གཙུག་རྒྱན་པ་དོན་ཏེ། ལྷ་མོ་དམག་ཟོར་མ་དང༌། ཙ་མུ་ཌི་སོགས་འདི་དག་གནོད་སྦྱིན་མོའི་ཆར་རྟོགས་པས་རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་རྒྱན་པར་གྱུར་ཞེས་པས་བྱུང་ཚུལ་དང་བཅས་སྩལ། དེ་ནས་ལེའུ་འདིའི་ཁ་ཟས་ལ་ལོངས་སྤྱོད་ཚུལ་ཕན་ཡོན་དང་བཅས་པ་སྟོན་པའི་སྐབས་སུ་འགྲེལ་པ་རང་ནས། བུ་ཞེས་བྱ་བ་སོགས་སྒྲུབ་པ་པོའི་ཁ་ཟས་ཀྱི་མཆོག་བསྟན་པ་ཡིན་ཏེ་ཞེས་སོགས་གསུངས་ནས། འདི་དག་དུས་སྙིགས་མའི་སྐབས་སུ་སྒྲུབ་པ་བྱེད་པ་ལ་ཤིན་ཏུ་གལ་ཆེ་བ་ཡོད། དེང་སང་དུས་སྙིགས་པས་སྒྲུབ་པ་རྣམ་དག་བྱེད་པའི་ཁུལ་བྱས་ཀྱང་ཚེ་འདིའི་སྣང་ཤས་ཁ་བྲི་བ་ཙམ་ཡང་མེད། མཁས་པ་དང་གྲུབ་པ་དང་ཆེན་པོར་རློམ་པ་དག །གསང་སྔགས་ནས་འདོད་ཡོན་ལ་ཆགས་པ་ལམ་བྱེད་གནང་བ་ཡིན་ཟེར་གྲོང་གསེབ་སོགས་ཁྱིམ་པའི་གྲོངདུ་བསྡད་(༤༢ན)ནས་ཤ་ཆང་བུད་མེད་སོགས་འདོད་པའི་ཡོན་ཏན་ལ་བག་མེད་དུ་སྤྱོད་པ་འདི་དག་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པའི་ཕྱོགས་ཙམ་དུ་ཡང་མ་སོང༌། དེ་ནི་རྒྱུད་འདི་ནས་གསུངས་པ་ལྟར་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་ཏེ་བསྒོམ་པའི་རྣལ་འབྱོར་པ་དག་གིས་མི་མེད་དབེན་པའི་རི་བསུལ་དུ་བསྡད་ནས་ཧ་ཅང་འཚོ་བ་བཀྲེན་པ་བྱུང་ན་སྔགས་ལམ་གྱི་ཉམས་རྟོག་གི་ནུས་པ་སྐྱེ་མི་ཐུབ་པས། དེ་ཡང་སྦྱིན་བདག་གི་ངོ་འཛིན་བྱས་ཏེ་གྲོང་ཆོག་རྒྱུགས་ནས་དཀོར་ནག་གི་འཚོ་བ་ལྟ་བུ་མ་ཡིན་པར་དབེན་ཁྲོད་དུ་སྙུག་མ་དང༌། སྔོ་ཚོད་དང༌། ཤུག་འབྲུ་དང༌། ཆུ་ལ་སོགས་པ་རྩ་བ་དང༌། སྡོང་བུ་དང༌། ཡལ་ག་དང༌། ལོ་མ་དང༌། མེ་ཏོག་སོགས་བསམ་གཏན་པའི་ཟས་རྩོལ་བ་ཆེན་པོས་སྒྲུབ་མི་དགོས་པ་ཤིན་ཏུ་མང་བ་ཡོད་པས་དེ་འདྲ་བས་སྲོག་འཚོ་སྟེ་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱ་དགོས་ཚུལ། དེང་སང་ཆོས་བྱེད་ཕལ་ཆེར་ཕུགས་ཡུལ་ལྟོགས་རིས་ཤི་དོགས། དགོན་གཞིས་ཞུ་བ་དང༌། ཚོང་དང་ཞིང་ལས་འབུན་བསྐྱེད་བྱེད་པ་གང་རེད། དེ་དག་ལ་དགེ་བཤེས་པོ་ཏོ་བས་འདི་འདྲ་གསུངས། དེང་སང་ཕལ་ཆེར་ལ་ལྟོགས་དོགས་པ་མ་གཏོགས་ཤི་དོགས་པ་མེད་པ་འདི་ཡ་མཚན་ཞེས་པའི་གཏམ་རྒྱུད་ཀྱང་གསུངས། ལྷག་པར་ལེའུ་གོང་འོག་ཚང་མར་ཡི་གེའི་སྡེབས་མ་དག་པ་དང༌། ཉིས་བཤད་རྒྱག་མཚམས་འཕྱུགས་པ་དང༌། སྔ་ཕྱིའི་གོ་རིམ་ནོར་བ་དང། ཀ་རྟགས་དང་ཨང་རྟགས་ཀྱི་བར་ནས་ཡི་གེ་འདོར་ལུགས་དང་སྒྲིགས་ལུགས། ཚིགས་གྲོགས་ཀྱི་དབང་གིས་ཡི་གེའི་ངོ་བོར་འགྱུར་བ་དང༌། ཁྱད་པར་ཡི་གེ་དབྲི་བསྣན་དང༌། བྱིངས་དང་རྣམ་དབྱེ་ཚིག་འཕྲད་སོགས་ཀྱི་སྒོ་ནས་སྒྲའི་སྒྲུབ་ལུགས་སོགས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་ཡབ་སྲས་དངོས་སུ་ཞལ་མཇལ་རྒྱུ་བྱུང་བ་ལས་ཀྱང་(༤༢བ)ལྷག་པའི་དག་ཐེར་སོགས་རྨད་དུ་བྱུང་བ་ཤིན་ཏུ་རྒྱ་ཆེ་བ་སྩལ་ཡང་རང་ཉིད་སྐྱེས་སྟོབས་ཀྱི་ཤེས་རབ་དམན། སྦྱངས་སྟོབས་ཀྱི་ཡོན་ཏན་ཆུང༌། རྒྱུད་དོན་གབ་དཀྲུགས་ཐོར་བ་སོགས་རྟོགས་དཀའ་ཞིང་རྒྱ་ཆེ་བས་མཐའ་དག་ཟིན་བྲིས་སུ་འདེབས་ཐུབ་པ་མ་བྱུང་ཡང༌། སླན་ཆད་ཀྱང་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་གང་ཤེས་གང་ནུས་སུ་སྦྱོང་བར་བླ་མ་རིན་པོ་ཆེ་ལ་གསོལ་བ་བཏབ་སྟེ་གཞུང་དོན་མཐའ་དག་རྟོགས་པའི་བླ་མ་ཉིད་དང་མཚུངས་པ་ཞིག་ཏུ་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས་པ་ལགས་ན་དེ་དེ་བཞིན་དུ་འགྱུར་བར། རྒྱལ་ཀུན་འདུས་པའི་བདག་ཉིད་སྐྱབས་གཅིག་དམ་པ་བླ་མ་རིན་པོ་ཆེས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་སྟེ་བྱིན་གྱིས་རློབས་ཏུ་གསོལ།།

 

རྡོ་རྗེ་བྱིན་རླབས་ཀྱི་རྒྱལ་པོའི་ལེའུ་འཆད་པ།

 

དེ་ནས་ལེའུ་བཅུ་བདུན་པ་རྡོ་རྗེ་བྱིན་རླབས་ཀྱི་རྒྱལ་པོའི་ལེའུ་འཆད་པའི་སྐབས་སུ། ལེའུ་སྔ་མ་རྣམས་དང་འཆད་ཚུལ་གྱི་ས་བཅད་མི་འདྲ་བར། ལེའུ་སྔ་ཕྱིའི་མཚམས་སྦྱར་བ། ལེའུ་གཞུང་བཤད་པ། ལེའུ་མཚན་དོན་བཤད་པ་གསུམ་གྱི་ནང་ནས་མཚམས་སྦྱོར་འདི་ལ་དེང་སང་རྒྱུད་འགྲེལ་འཆད་པ་རྣམས་ལ་ལུགས་མི་འདྲ་བ་མང་དུ་ཡོད་པས། རྒྱུད་སྟོད་སྨད་ལ་སོགས་པ་རྣམས་ཀྱིས་ལེའུ་མཚམས་སྦྱོར་འདི་ལ། དེ་ནས་ཞེས་པའི་རྒྱུད་ཚིག་དྲངས་ནས་འགྲེལ་པས་འཆད་ཚུལ་དང་རྒྱུད་སྨད་ཀྱི་ནང་རྟེན་དུ་བཞུགས་པའི་འགྲེལ་པ་དང༌། རྒྱལ་བ་སྐུ་ན་རིམ་གྱི་འགྲེལ་པའི་ཕྱག་དཔེ་སོགས་ལ། མཚམས་སྦྱོར་ལ་འགྲེལ་པའི་མཚམས་སྦྱོར་དང༌། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས་ཞེས་སོགས་རྒྱུད་ཀྱི་མཚམས་སྦྱོར་གཉིས་སུ་བྱས་ནས་འཆད་པ་གང་བྱས་ཀྱང་མི་རུང་བ་མིན་ཀྱང༌། འདི་དག་མཁས་པའི་འཆད་ཚུལ་གྱི་དབྱེ་བ་ཡག་པོ་ཆོད་དགོས་ལུགས་དང༌། དེ་ནས་དེ་བཞིན་གཤེགས་པ་(༤༣ན)ཐམས་ཅད་ཡང་འདུས་ནས་ཞེས་པ་འདི་ལ་ཁོང་ན་གནས་པའི་དོགས་པ་འདི་ཡོད། སྔར་ལེའུ་དང་པོ་གསུང་བའི་སྐབས་སུ་བརྗོད་ཀྱི་མི་ལང་བའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་འཆད་པའི་རྡོ་རྗེ་འཆང་གི་འཁོར་དུ་འདུས་པ་ཡོད་པ་ཚོགས་གྲོལ་བ་ལྟར་བྱས་ཏེ་ལེའུ་བཅུ་བདུན་པ་འདི་གསུང་སྐབས་ཡང་སྐྱར་ཚོགས་འཚོགས་པ་ལྟ་བུས་འདུས་པ་ཡིན་ནམ་སྙམ་ན་དེ་མིན་ཏེ། ལེའུ་དང་པོ་ནས་བཅུ་བདུན་པའི་བར་གསུངས་པར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་འདུས་པ་རང་དུ་ཡོད་ཀྱང༌། སྐབས་འདིར་ཚིག་འདི་ལྟར་འབྱུང་བ་ནི། ལེའུ་དང་པོས་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་དབང་བཞི་རྣམ་དག་ཐོབ་ལུགས། དུས་དེར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བའི་མུ་ནུས་ལམ་རིམ་གཉིས་ཉམས་སུ་ལེན་པའི་ངོ་བོ་གོ་རིམ་དམིགས་པའི་གེགས་སེལ་བོགས་འདོན། ལས་སྦྱོར་དང་བཅས་པ་མདོར་བསྡུས་ནས་བསྟན་པ། ལེའུ་གཉིས་པ་ནས་བཅུ་དྲུག་པའི་བར་གྱི་ཞིབ་ཅིང་མཐའ་ཆོད་པ་རྒྱས་པར་གསུངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིད་གཅིག་ཏུ་འདུས་པ་སྟེ། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ལ་འོ་ན་ལམ་གྱི་རིམ་པ་ཚང་ལམ་མ་ནོར་བ་དེ་ལྟར་ཉམས་སུ་ལེན་པའི་གདུལ་བྱ་རྣམས་ཀྱི་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་བསྲུང་ཚུལ་ཇི་ལྟར་ཡིན་ཞུས་པའི་ལན་དུ་རྒྱུད་ཚིག་འདི་ལྟར་བྱུང་བ་ཡིན་གསུངས། དེ་ནས་ཐེག་པ་གསུམ་གྱི་དམ་ཚིག་དང་སྡོམ་པ་བསྟན་པའི་ནང་ནས། ཐོག་མར་རང་རྒྱལ་གྱི་དམ་སྡོམ་འཆད་པའི་སྐབས་སུ་འོ་གང་ཞིག་རྟོགས་ན་གསུང་རབ་མཐའ་དག་ལ། །མི་འཇིགས་སྤོབས་པ་མཆོག་སྟེར་འདུས་པའི་ལམ། །ཞེས་གསུངས་པ་ལྟར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཉམས་ལེན་ཕུ་ཐག་ཆོད་པ་(༤༣བ)ཞིག་རང་བྱེད་ན་ཐེག་པ་གསུམ་གྱི་ས་ལམ་གྱི་རྣམ་གཞག་ཐམས་ཅད་ལེགས་པར་ཤེས་དགོས་པ་ཡིན། འགྲེལ་པའི་སྐབས་སུ་དེ་ཡང་རང་སངས་རྒྱས་རྣམས་ལ་ནི་གཞན་གྱི་ལུགས་ལ་རྟེན་པ་མེད་པས་ན་དེ་མེད་ཀྱི་གཞན་དུ་ཆོ་འཕྲུལ་ཡ་མ་ཟུང་ཞེས་པ་དང༌། དེས་འདུལ་བ་རྣམས་ཀྱི་དོན་བྱང་བྱེད་པས་དེ་དག་གིས་ལུས་ཀྱི་སྟོན་ཏོ་ཞེས་པ་འདི་རྣམས་ཤིན་ཏུ་གོ་དཀའ་བ་ཡོད། དེ་ཡང་ད་ལྟ་མཚན་ཉིད་ཀྱི་གཞུང་ལུགས་ལ་མ་སྦྱངས་པ་སོགས་ཕལ་ཆེར་ཞིག་ལ། རང་སངས་རྒྱས་ཟེར་བ་དེ་གང་ཡང་མིན་པའི། འཇིག་རྟེན་པའི་ཁ་རྒྱུན་ལ་ཁོ་རང་སངས་རྒྱས་ཡིན་ཟེར་བ་ལྟར། རང་རྒྱལ་གཞན་ཕམ་བྱེད་པའི་རང་ག་བ་ཞིག་ཡིན་ཡོད་སྙམ་པ་ཡོང་ཡང༌། དེ་མིན་ཏེ་རང་སངས་རྒྱས་ཞེས་པ་ནི་ཉན་ཐོས་རྣམས་ལས་དབང་པོ་ཡང་རབ་རྣོ་བས་རྟོགས་པ་མཐོ་ཞིང་སངས་རྒྱས་ལས་དམའ་བས་ན་དེ་ལ་སངས་རྒྱས་འབྲིང་པོ་ཟེར་ཏེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའི་དོན་ལྟར་དང༌། གཞན་ཡང་རང་སངས་རྒྱས་དེ་རྣམས་ཀྱི་སློབ་དཔོན་གཞན་ལ་བསྟེན་པ་དང༌། གཞན་ལ་གདམས་ངག་ཉན་པ་སོགས་གཏན་ནས་མི་བྱེད་པ་མ་ཡིན་ཏེ། དེ་ལ་བསེ་རུ་ལྟ་བུའི་རང་སངས་རྒྱས་དང༌། ཚོགས་སྤྱོད་ཀྱི་རང་སངས་རྒྱས་གཉིས་ཡོད་པས། དེ་དག་གི་སྔོན་ཡུན་རིང་པོ་ནས་དགེ་བའི་བཤེས་གཉེན་ལས་གདམ་པ་ཉན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང༌། བདེན་བཞི་ཉམས་ལེན་ལ་སྦྱངས་ནས། རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་སྨོན་ལམ་འདེབས་ཚུལ་ནི། བདག་ཅག་སྲིད་པ་ཐ་མ་པའི་ཚེ་ན་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སྟོང་པར་སྐྱེ་བར་གྱུར་ཅིག །སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་ནུས་པར་གྱུར་ཅིག །སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་(༤༤ན)སྟོན་པར་གྱུར་ཅིག །ཅེས་སྨོན་ལམ་གསུམ་བཏབ་པའི་དོན་ལྟར་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཞིང་ཁམས་སུ་རང་རྒྱལ་ཡོང་མི་སྲིད་པ་ནི། སྔོན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་རང་སངས་རྒྱས་མང་དུ་གནས་པ་ལ། བདག་ཅག་གི་སྟོན་པ་ཞིང་འདིར་འབྱོན་པར་ཉེ་བ་ན་གནས་གཙང་མའི་ལྷ་རྣམས་ཀྱིས་དྲང་སྲོང་དེ་དག་ལ་ད་ནི་རིང་པོར་མི་ཐོགས་པར་སངས་རྒྱས་འཇིག་རྟེན་དུ་འབྱོན་པར་འགྱུར་རོ་ཁྱེད་ཅག་རྣམས་ཞིང་ཁམས་གཞན་དུ་དེངས་ཤིག་ཅེས་བརྡའ་སྦྱར་བ་ན། དྲང་སྲོང་དེ་རྣམས་ཀྱིས་ཆོ་འཕྲུལ་ཡ་མ་ཟུང་བསྟན་ཏེ། སྐུ་སྟོད་ནས་མེ་འབར་ལ་སྐུ་སྨད་ནས་ཆུ་འཁྲུག་པ་སོགས་མཛད་དེ་སྐུ་མྱ་ངན་ལས་འདས་ནས་རིང་བསྲེལ་རྣམས་ས་དེར་ལྷུང་བ་ལ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཞེས་བརྗོད་པའི་རྒྱུ་མཚན་དང༌། གཞན་ཡང་ཕོ་རོག་ཤ་ཁྱེར་དང༌། རྫ་མཁན་ཞིག་གི་ཁྱིམ་དུ་རང་རྒྱལ་གསུམ་འཛོམས་ནས། ཐོ་རེངས་རྫུ་འཕྲུལ་ཡ་མ་ཟུང་བསྟན་ནས་དེ་དག་སོ་སོར་རང་རང་རབ་ཏུ་བྱུང་བའི་རྒྱུ་རྐྱེན་སྨྲས་ལུགས་དང༌། བཙུན་མོའི་ལག་གདུབ་ཀྱིས་བཏགས་པའི་སྒྲ་གྲགས་པ་སོགས་ཀྱི་གཏམ་རྒྱུད་གསུངས་ནས། ད་ལྟ་ཤཱཀྱའི་བསྟན་པའི་ཐ་མ་ལ་གནས་པས་ཞིང་འདིར་རང་རྒྱལ་མི་འབྱུང་ཞིང༌། བསྟན་པ་འདི་འགྲིབ་ནས་མུན་བསྐལ་གྱི་ཚེ་རང་རྒྱལ་རྣམས་བྱོན་ནས་འགྲོ་བའི་དོན་མཛད་ཀྱང༌། མངོན་མཐོ་དང་ཚོགས་སྦྱོར་ཙམ་ལས་ལམ་མཐོན་པོར་འགོད་པའི་ནུས་པ་མེད་ཅིང༌། དེ་དག་གི་རྒྱུད་ལ་སྙིང་རྗེ་ཚད་མེད་ཡོད་ཀྱང༌། སེམས་ཅན་ཐམས་ཅད་སྡུག་ལས་སྒྲོལ་བའི་ཁུར་རང་ཐོག་ཏུ་ཁྱེར་བའི་སྙིང་རྗེ་ཆེན་པོ་མེད་ཚུལ་དང༌། རང་རྒྱལ་དེ་རྣམས་ཀྱི་དམ་ཚིག་གི་གཙོ་བོ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ལ་མཁས་པར་བྱ་བ་ཡིན་ཚུལ་དང༌། ཉན་ཐོས་ཀྱི་(༤༤བ)ངེས་ཚིག་ནི། གཞན་ལ་གདམས་ངག་ཉན་ནས་བསྒོམ་པ་སྟཻ། དོན་དེ་གཞན་ལ་ཐོས་པར་བྱེད་པའམ་སྒྲོག་པར་བྱེད་པས་ན་ཉན་ཐོས་སམ་ཐོས་སྒྲོག་ཞེས་བརྗོད་ཚུལ་དང༌། དེའི་དམ་ཚིག་ནི་བདེན་བཞིའི་བླང་དོར་དང་དགེ་སློང་གི་སྡོམ་པ་ལ་ནན་ཏན་བྱེད་པ་ཡིན་ཏེ། དགེ་སློང་གི་སྡོམ་པ་ནི་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཡིན་ཞིང༌། སྤོང་བདུན་ནི་ལུས་ཀྱི་མི་དགེ་བའི་ལས་གསུམ། ངག་གི་མི་དགེ་བའི་ལས་བཞི་སྤོང་ཞིང༌། ཀུན་སློང་དུ་ཡིད་ཀྱི་མི་དགེ་བ་གསུམ་སློང་བ་ཡང་འབྱུང་བས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན་ལ། དེའི་ནང་ནས་དང་པོ་བདུན་པོ་དེ་ལས་དང་ལས་ལམ་གཉིས་ཀ་ཡིན། ཕྱི་མ་གསུམ་ལས་ཀྱི་ལམ་ཡིན་ཀྱང་ལས་མ་ཡིན་ཏེ། དེ་གསུམ་གྱི་སེམས་བྱང་ཆུབ་སེམས་དཔའ་ཡུལ་ལ་རྒྱུག་པའི་བྱ་བ་བྱེད་མི་ཤེས་པ་དང༌། ཉོན་མོངས་ཡིན་པས་ལས་སུ་མི་འཇོག་གསུངས། དེ་བཞིན་དུ་དགེ་བ་ལ་ཡང་ལུས་ངག་གི་དགེ་བའི་ལས་ལམ་བདུན་དང༌། དེའི་ཀུན་སློང་ལ་ཡིད་ཀྱི་དགེ་བའི་ལས་གསུམ་འབྱུང་བས་དགེ་བ་བཅུའི་འཇོག་ལུགས་སོགས་ཞིབ་ཏུ་གསུངས། ཕྱག་འཚལ་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་སོ་ཞེས་པའི་དོགས་པ་ཁོ་ནས་བསུས་པས་ལུང་འདིས་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་རང་རྒྱུད་པ་མན་གྱི་གང་ཟག་གི་བདག་མེད་དུ་འདོད་ལུགས་དང༌། དེས་རང་ངོས་ནས་མ་གྲུབ་ན་ལས་འབྲས་ཀྱི་རྣམ་གཞག་འཇོག་མི་ཤེས་ལུགས་དང༌། སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་གཉིས་ཀྱི་རྒྱུད་ཀྱིས་དགོངས་པ་བཀྲལ་བའི་ཚེ། འཁོར་བ་ལས་གྲོལ་བ་ལ་ཆོས་ཐམས་ཅད་རང་བཞིན་མེད་པའི་གང་ཟག་གི་བདག་མེད་རྟོགས་དགོས་ལུགས་དང་དེ་ལ་ཆོས་ཀྱི་བདག་མེད་རྟོག་པ་སྔོན་དུ་འགྲོ་དགོས་ལུགས་སོགས་ཞིབ་ཏུ་གསུངས་པ་ཞལ་ལུང་ཟིན་བྲིས་ན་གསལ་བ་ལྟར་དང༌། དེ་ཡང་རླུང་སེམས་ལ་དབང་ཐོབ་སྟེ་སྒྱུ་ལུས་འགྲུབ་ན་སངས་རྒྱས་ཐམས་ཅད་དང་རྟོག་པ་མཉམ་པ་ཡིན་པས། རང་གི་བླ་མ་མ་གཏོགས་དཀོན་མཆོག་གི་རྟེན་སོགས་(༤༥ན)གང་ལ་ཡང་ཕྱག་འཚལ་མི་ཆོག །ཡང་གཞན་གྱི་ལོག་རྟོག་དང་ཁེངས་པ་སེལ་ཕྱིར་ཙམ་དུ་ལུས་ངག་གི་ཕྱག་ཙམ་འཚལ་དུ་རུང་ཡང༌། ཡིད་ཀྱི་སྒོ་ནས་ཞེ་ཐག་པའི་ཕྱག་འཚལ་རྒྱུ་མེད། འདི་དག་ལམ་མཐོན་པོར་སོང་བའི་སྐབས་ཀྱི་དམ་ཚིག་ཡིན་པ་མ་ཤེས་པར་གསང་བ་འདུས་པའི་རྒྱུད་འགྲེལ་ན་དེ་ལྟར་ཡོད་ཞེས་ཨུ་ཚུགས་བྱས་ཏེ་སུ་ལ་ཡང་མགོ་མ་སྒུར་ན་ཉེན་ཆེན་འདི་ཡོད་པས་འདི་དག་གི་ས་མཚམས་ཀྱང་ལེགས་པར་ཤེས་དགོས་པ་ཡོད་དོ་གསུངས། འཇིག་རྟེན་པའི་དམ་ཚིག་ཚངས་པ་དང་དྲག་པོ་ཁྱབ་འཇུག་སོགས་ཀྱི་རྩ་བའི་དམ་བཅའ་འཛིན་ལུགས་སོགས་ཀྱང་ཞིབ་པར་སྐྱེས་རབས་ལས་བཤད་པ་ལྟར་ཡིན་གསུངས། འགྲེལ་པའི་གྲངས་༼༢༧༧བ༣ན༽་ཡོད་པའི་སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི་སྔ་མོ་ནས་སྒྱུར་མ་དག་པ་ཞིག་ཡིན་པས་འདི་ལ་རྗེ་རིན་པོ་ཆེས་སྒྱུར་མཆན་བཀོད་པ་ལྟར་རྒྱུད་ཚིག་དང་བསྟུན་ན་ཁམས་གསུམ་ལ་ཞེས་སྦྱར་ན་ལེགས་ཞེས་ཞིབ་ཆ་གསུངས་ཞིང་རྒྱུད་སྨད་འགྲེལ་རྙིང་དང་རྒྱལ་བའི་ཕྱག་དཔེ་འགྲེལ་པར་དེ་དག་ཚལ་གྱིས་ཕྱེ་ནས་བཀོད་འདུག་པ་ཞིབ་ཆ་དགོས་པ་ཡོད། ལེའུ་འདིའི་རྩ་བའི་ས་བཅད་དེའི་ཐབས་སུ་ལྷའི་སྐུ་ཇི་ལྟར་བསྐྱེད་པའི་སྤྱོད་པ་དམ་ཚིག་དང་བཅས་པ་ལ་བརྟེན་པ་སོགས་དྲུག་ཡོད་པའི་ནང་གི་གསུམ་པ་བསྐྱེད་རིམ་པས་འདོད་ཡོན་ལ་ལོངས་སྤྱོད་པའི་དུས་སུ་ཡུལ་དབང་རྣམས་ཐབས་ཤེས་སུ་སྡུད་པའི་སྡོམ་པ་ཞེས་དམ་ཚིག་བསྲུང་བའི་སྐབས་སུ། འགྲེལ་པར་བསྙེན་པ་ལ་སོགས་པའི་རྣལ་འབྱོར་བཞི་ལ་ཞུགས་པ་རྣམས་ཀྱིས་ཞེས་སོགས་ལ། དེ་ཡང་བསྙེན་པ་དང༌། ཉེ་བསྙེན་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་བཞིའི་རྣལ་འབྱོར་ལ་བརྩོན་པའི་སྐྱེད་རིམ་པ་རྣམས་ཀྱི་ཡིད་ངོར་བཅོས་པ་ཙམ་མ་ཡིན་པར་གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བ་ཞིག་དོན་ཐོག་རང་ལ་སློབ་དགོས་པའི་ཚུལ་ལེའུ་བཅུ་གཉིས་པར་གསུངས་ཟིན་པར་མ་ཟད། འདིར་ཡང་དེའི་དམ་ཚིག་(༤༥བ)གམ་སྡོམ་པ་བསྲུང་ཚུལ། རྡོ་རྗེ་བཤང་གཅི་ཞེས་པས་གཅི་བ་ནི་ཡུལ་དང༌། གཤང་བ་ནི་ཡུལ་ཅན་ལ་བྱེད་པས་ཡུལ་དང་ཡུལ་ཅན་གཉིས་ཐ་སྙད་ཙམ་དུ་ཕྱི་རོལ་དོན་དུ་གྲུབ་ཀྱང༌། དེ་གཉིས་རང་བཞིན་གྱིས་ཕྱི་དོན་དུ་གྲུབ་པ་ནི་མིན་པས་དེ་འགོག་པའི་རིགས་པ་ནི་སེམས་ཙམ་པ་རྣམས་ཀྱིས་ཕྱི་དོན་འགོག་པའི་རིགས་པ་དང་ཚུལ་མཚུངས་པ་ལྟ་བུ་ཡིན་པས། རྗེ་ཉིད་ཀྱི་དྲང་ངེས་རྣམ་འབྱེད་དང༌། རྩ་འཇུག་གི་ཊིཀ་ཆེན་སོགས་སུ་སེམས་ཙམ་པ་རྣམས་ཀྱི་ཕྱི་དོན་འགོག་ཚུལ་སོགས་ལྟ་བའི་སྐོར་ལ་བསྔགས་བརྗོད་ཤིན་ཏུ་ཆེ་བ་མཛད་ཅིང༌། ད་ལྟ་རང་རེ་རྣམས་སེམས་ཙམ་པའི་ལུགས་ཞེས་རང་གར་དམའ་མོ་ཞིག་ཡིན་སྙམ་པ་ཡོད་ཡང༌། ལུགས་དེ་ནི་ཁྱད་དུ་འཕགས་པས་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་པ་ལ་མེད་དུ་མི་རུང་བ་ལྟ་བུ་ཡིན་པར་མ་ཟད། ལུགས་འདི་ལ་བརྟེན་ནས་བླ་མེད་རྡོ་རྗེ་ཐེག་པའི་ལམ་གྱི་ཟུང་འཇུག་བརྙེས་པ་སློབ་དཔོན་ཆེན་པོ་ཨ་བྷྱ་ཀ་ར་ཤན་ཏི་པ། དཔལ་ལྡན་ཆོས་སྐྱོང༌། བླ་མ་གསེར་གླིང་པ་སོགས་བགྲང་ལས་འདས་པ་ཡོད་ཚུལ་སོགས་ཞིབ་པ་དང༌། དེ་ཡང་རྡོ་རྗེ་ཞེས་པ་ནི་ཡུལ་དང་ཡུལ་ཅན་གཉིས་ལྷའི་ངོ་བོར་མི་ཕྱེད་པའི་དོན་ཡིན་པས། དེ་ལྟ་བུའི་སྒྲུབ་པ་པོས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡུལ་དུ་སྣང་བ་ཐམས་ཅད། དབང་པོ་རྣམས་ཐབས་ཏེ་ལྷ་ཕོ་དང༌། ཡུལ་རྣམས་ཤེས་རབ་སྟེ་ལྷ་མོའི་རྣམ་པར་བསྒོམས་ཏེ་ཕན་ཚུན་རོལ་བར་བྱེད་ཅིང༌། དུས་གསུམ་རྡོ་རྗེ་དག་ལ་ཞེས། །སྐུ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བྱ་ཚུལ་རྒྱས་པར་གསུངས་ཞིང༌། དེ་ལྟར་ལུགས་འདིའི་དཀྱིལ་འཁོར་སྒོམ་པའི་རྣལ་འབྱོར་པས། རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་རང་གི་སེམས་ཀྱི་བདག་ཉིད་དམ། རང་སེམས་དང་ངོ་བོ་དབྱེར་མེད་དུ་བྱས་ནས་བསྒོམ་དགོས་(༤༦ན)ཤིང༌། དེ་ལྟར་སྒོམ་པའི་རྫོགས་རིམ་གྱི་སྐབས་སུ་རླུང་སེམས་དང་སྔགས་རྣམས་དབྱེར་མེད་དུ་འགྲུབ་པའི་ཐབས་སུ་འགྱུར་བ་དང༌། དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་སེམས་ཀྱི་བདག་ཉིད་དུ་བསྒོམ་ཚུལ་འདི། སེམས་ཙམ་པ་རྣམས་ཀྱི་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་འདོད་པའི་ལྟ་བ་དང་འདྲ་འདི་ཡོད་ཀྱང༌། འདི་གཉིས་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་བ་ཡོད། འོན་ཀྱང་སེམས་ཙམ་པས་འདོད་པས་བཟུང་འཛིན་གཉིས་སྟོང་གི་ལྟ་བ་འདི་གོང་དུ་བཤད་པ་ལྟར་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་པ་ལ་ཁྱད་ཆེ་འདི་ཡོད། འོན་ཀྱང་སེམས་ཙམ་པ་རྣམས་ཀྱི་ཆོས་ཐམས་ཅད་ནང་ཤེས་པའི་བདག་ཉིད་དུ་འདོད་པ་དང༌། དེ་ཡང་སེམས་ཙམ་པ་རྣམས་བདེན་པ་ལྟར་ན་ཀུན་གཞི་རྣམ་ཤེས་ཀྱི་བག་ཆགས་སྨིན་པ་ལས་བྱུང་བར་འདོད་པ་ནི། རྒྱུད་གཅིག་པའི་དབང་གི་རྟ་དང་བོང་བུ་སོགས་གང་ལ་སྣང་བའི་དབང་ཤེས་དེ་ལ་གང་སྣང་བའི་ཆ་དེ་བློ་དེའི་བདག་ཉིད་ཙམ་དུ་འདོད་ཀྱང༌། རྟ་བོང་ལ་སོགས་པ་སྤྱིར་ནས་རྒྱུད་མི་གཅིག་པའི་ཤེས་པའི་བདག་ཉིད་ཡིན་ཟེར་བ་མིན་པར། རྟ་དང་བོང་བུ་ལ་སོགས་གང་ལ་སྣང་བའི་དབང་ཤེས་དེ་ལ་གང་སྣང་བའི་ཆ་དེ་བློ་དེའི་བདག་ཉིད་ཙམ་དུ་འདོད་ཀྱང༌། རྟ་བོང་ལ་སོགས་པ་སྤྱིར་ནས་རྒྱུད་མི་གཅིག་པའི་ཤེས་པའི་བདག་ཉིད་ཡིན་ཟེར་བ་མིན་པར། རྟ་དང་བོང་བུ་ལ་སོགས་པ་དེ་དག་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང༌། རྒྱུ་དང་རྐྱེན་ལ་ལྟོས་གྲུབ་ཏུ་འདོད་པ་ཡིན་ཚུལ་ཀྱི་རིག་པའི་རྣམ་བཞག་ཆེས་ཞིབ་པ་ཚད་མ་སྡེ་བདུན་གྱི་ནང་ཚན་རྒྱུད་གཞན་སྒྲུབ་པ་ཞེས་པར་དཔལ་ཆོས་ཀྱི་གྲགས་པས་དྲི་མ་མེད་པའི་ལམ་ནས་བསྒྲུབ་ཚུལ་དང༌། རང་རེ་ཐལ་འགྱུར་བའི་སྐབས་འདིར་ནི་རྟ་བོང་ལ་སོགས་པ་དེ་དག་ཐ་སྙད་ཙམ་དུ་ཕྱི་དོན་དུ་གྲུབ་པ་ཡིན་ཀྱང༌། དོན་དམ་པར་ཕྱི་རོལ་གྱི་དོན་ནམ་རང་ངོས་ནས་ཕྱི་དོན་དུ་གྲུབ་པར་གཏན་ནས་མི་བཞེད་དེ། དེ་དག་ལ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་(༤༦བ)མེད་པར་བཞེད་པའི་ཕྱིར་དེ་དག་བདེན་པར་མ་གྲུབ་སྟེ་རྟེན་འབྲེལ་ཡིན་པའི་ཕྱིར། དེ་ཡིན་ཏེ་རྒྱུ་རྐྱེན་སོགས་རང་གི་ཆ་ཤས་ལ་ལྟོས་པའི་ལྟོས་གྲུབ་ཡིན་པའི་ཕྱིར་ཞེས་རྒྱས་པར་གསུངས་སོ། །

འདི་ལྟ་བུའི་ཚིག་རབ་ཏུ་བརྟག་པའོ། །བསྐྱེད་རིམ་གྱི་ལམ་ལ་བརྟེན་ནས་རྡོ་རྗེ་འཆང་གི་སར་མི་འགྲོ་ན་ཕར་ཞོག་དེ་རུ་འགྲོ་ཕྱིན། དམ་ཚིག་འདི་ལྟར་གསུངས་པ་ནི་རྟག་པ་སྟཻ་སངས་རྒྱས་ཐམས་ཅད་ལས་རིམ་པར་བརྒྱུད་པ་རྒྱུན་མི་ཆད་པའི་ཁྲིག་ཁྲིག་ཉག་ཉག་ཡིན་ཞེས་པའི་དོན་ཡིན་གསུངས་ནས། དེའི་བཞི་པ། ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེའི་ལུས་བསྐྱེད་པའི་ཐབས་ཀྱི་དམ་ཚིག་གསུངས་པའི་སྐབས། འགྲེལ་པར་དེ་ལྟར་འདོད་ཡོན་ལ་སྤྱད་པའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པས་ཐ་མལ་པའི་ལུས་སྤངས་ཏེ་ལུས་ལས་ལོགས་སུ་རྣམ་པར་ལམ་འཇིགས་པ་སྟེ་རིགས་འདྲ་རྒྱུན་མི་ཆད་པའི་རྡོ་རྗེའི་སྐུ་འཛིན་པར་བྱེད་པའི་ཐབས་བསྟན་པ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ཞེས་པའི་དོན་དེ་ལྟར་བསྐྱེད་རིམ་ལ་སོགས་པ་སྔོན་དུ་སོང་ནས། སྒྱུ་མའི་སྐུ་འགྲུབ་པའི་ཚེ་ཕུང་པོ་རྙིང་པ་ལས་སྐུ་དེ་ཉིད་ལོགས་སུ་བྱེད་ནས་འགྲུབ་དགོས་པར་བཤད་པ་ལ། བོད་སྔ་རབས་པ་རྣམས་ཀྱིས་དོགས་གཅོད་མང་དུ་མཛད་ཅིང༌། སྒྱུ་ལུས་འགྲུབ་པའི་ཚེ་ཕུང་པོ་རྙིང་པ་ལས་ལོགས་སུ་བྱེ་བའི་དོན་ཕུང་པོ་རྙིང་པ་དེ་ཉིད་འདོར་དགོས་པ་ལྟ་བུ་ལ་མཛད་ཅིང༌། དེ་མིན་ན་ཕུང་པོ་རྙིང་པ་ལས་ལོགས་སུ་བྱེ་བའི་སྐུ་ལུས་ཕུང་པོ་རྙིང་པའི་ནང་ན་ཡོད་བྱས་པས་མི་འགྲིག་གསུང་བ་སོགས་ཡོད་ཀྱང༌། དེ་ལྟར་གྲུབ་ཆེན་ཆོས་རྡོ་རྗེ་ལྟ་བུ་ཟུང་འཇུག་སྒྱུ་མའི་སྐུ་བརྙེས་ཀྱང༌། སྐུ་དེ་ཉིད་ཕུང་པོ་རྙིང་པའི་ནང་དེ་རང་ལ་ཡོད། དེ་མིན་དེའི་སྒྱུ་མའི་སྐུ་དེ་གང་དུ་ཡོད་སྟོན་མི་ཤེས། དེ་ལས་ལོགས་བྱེད་ན་དེའི་ནང་དུ་མེད་པའི་ཁྱབ་(༤༧ན)པ་མཛེས་པ་སྟེ། དཔེར་ན་འོ་མ་ལས་མར་སྟོན་པའི་ཚེ་མར་དེ་ད་ར་ལས་ལོགས་སུ་བྱེ་བ་ཡིན་ཀྱང་ཁོ་ད་རའི་ནང་དུ་ཡོད་པ་མི་འགལ་བ་ཞིག་ཡིན་ཚུལ་གསུངས་ཞིང༌། མི་སྣང་བ་ཞེས་པ། འོད་གསལ་ལ་འཇུག་པའི་དོན་དང་དུས་བཞི་ནི། སྣང་བ་མཆེད་པ་སྟོང་པ། སྟོང་ཚན་ལ་སོགས་ལ་བྱེད་ཅིང༌། དེའི་ཡང་གཙོ་བོ་ནི་ཐམས་ཅད་སྟོང་པ་འོད་གསལ་ལ་བྱ་དགོས་ཚུལ། རྡོ་རྗེ་ཅན་གྱི་ཉིན་རེ་བཞིན་ཞེས་སོགས་ཀྱི་དོན་ཡང༌། སེམས་མ་གཡེང་པར་ཟུང་འཇུག་དང་འོད་གསལ་རྒྱུན་དུ་བསྒོམས་ཏེ། ཟུང་འཇུག་གི་སྐུ་དེ་ཉིད་མ་བྱིན་པར་ལེན་དགོས་ཚུལ་དང༌། དེ་ནས་ལྔ་པ་ནང་ལ་གཞོལ་བ་རྣམས་ཀྱི་ཚིམ་པར་བྱ་བའི་ཆོ་ག་ཞེས་པ་ལ། དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱིས་འགྲོ་བའི་དོན་དུ་ཡུན་རིང་དུ་གནས་པ་བྱ་བའི་ཕྱིར་ཕྱི་རོལ་གྱི་བཅུད་ལེན་གང་ཡིན་པ་དེ་ལ་བརྟས་པ་མེད་པར་ནང་གི་ལུས་གནས་པའི་ཆོ་ག་ཞེས་དེ་ལྟར་ལམ་རིམ་གཉིས་ཉམས་སུ་ལེན་པ་རྣམས་ཀྱི་ལུས་བརྟས་པར་བྱ་བའི་བཅུད་ལེན་བྱ་དགོས་ཤིང༌། དེ་ཡང་སྔར་བཤད་པ་ལྟར་ལྕེ་བྱུང་གི་བདུད་རྩི་མྱང་པའི་བཅུད་ལེན་དང༌། སྤྱི་བོར་རྣམ་སྣང་གི་ངོ་བོ་ཨོཾ་ཡིག་ལས་བདུད་རྩི་མྱོང་སྟེ་ལུས་ལས་བརྟས་པར་བྱེད་ཚུལ་གཉིས་ཡོད་ཚུལ་དང་དེ་དག་ཉམས་སུ་ལེན་ལུགས་ཞིབ་པར་གསུངས་པ་བསྐྱེད་རིམ་ན་གསལ། དེ་ནས་དྲུག་པ་སྔགས་ལ་གཞོལ་བ་རྣམས་ཀྱིས་ཚིམ་པར་བྱ་བའི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཀྱིས་ཚིམ་པའི་ཆོ་ག་བསྟན་པའི་ཕྱིར་ཞེས་སོགས་ལ། དེ་ཡང་སྔགས་བཟླས་པ་པོ་སྟེ་སྔགས་འཆང་ལས་དང་པོ་བ་རྣམས་ཀྱིས་དང་པོ་ནས་སླ་ཆོས་བྱ་སྟེ་ལྷའི་རྣལ་འབྱོར་ག་ནས་མི་འདོན་ཞིང་ཚུལ་བཞིན་མི་བསྒོམ་པ་དང༌། རྣམ་སྣང་ལ་སོགས་པའི་ཕྱིར་ཞེས་སོགས་ལ། དེ་ཡང་སྔགས་བཟླས་པ་པོ་སྟཻ་སྔགས་འཆང་ལས་དང་པོ་བ་རྣམས་(༤༧བ)ཀྱི་དང་པོ་ནས་སླ་ཆོས་བྱས་ཏེ་ལྷའི་རྣལ་འབྱོར་ག་ནས་མི་འདོན་ཞིང་ཚུལ་བཞིན་མི་བསྒོམ་པ་དང༌། རྣམ་སྣང་ལ་སོགས་པའི་ལྷའི་སྔགས་མི་བཟླ་བར་མོས་པ་ཡིད་བྱེད་ཙམ་བྱས་པས་ཆོག་རྒྱུ་མིན། ལས་དང་པོ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཏེ་རྡོ་རྗེ་གསུམ་གྱི་དམ་ཚིག་ལ་གནས་ནས་ཐོག་མར་ཆོ་གའི་ཚིག་རིས་རྣམས་ཇི་ལྟ་བ་བཞིན་དུ་ཡང་ཡང་བཏོན་ཏེ་བསྒོམ་པ་དང༌། བསྙེན་པའི་སྔགས་ལ་སོགས་ཀྱང་དང་པོར་གྲངས་ལ་སོགས་པ་ཚུལ་བཞིན་དུ་བཟླས་ནས། ཕྱིས་གོམས་པ་ཀློང་དུ་གྱུར་པ་ན་དེ་ནས་ཆོ་གའི་ཚིག་རིས་ཇི་བཞིན་མི་འདོན་ཀྱང་དོན་རྣམས་མ་ནོར་བར་ཡིད་ལ་བསྒོམ་ན་ཆོག་པ་དང༌། ལྷ་སྔགས་གཉིས་ཀྱང་དབྱེར་མེད་དུ་སོང་ནས་རྡོར་བཟླས་ལ་གཅིག་དྲིལ་བྱས་ཆོག་པ་སོགས་གསུངས། དེ་ནས་སྟོན་པ་འོད་གསལ་དུ་ཞུགས་པའི་དགོས་པ་ནི། སྟོན་པ་ཉིད་ལ་སྒོམ་རྒྱག་དགོས་པ་སོགས་མེད་ཀྱང་འཁོར་གྱི་གདུལ་བྱ་བ་ལ་དགོངས་ཤིང༌། དེ་ཡང་གདུལ་བྱ་རྣམས་ལ་ལམ་གྱི་གནད་འདི་དག་ལས། དང་པོར་མན་ངག་རྣམས་བླ་མའི་ཞལ་ཁོ་ན་ལས་ཐོས་པ་དང་བསམ་པ་སྔོན་དུ་བཏང་སྟེ་དེ་ནས་ཏིང་ངེ་འཛིན་ལ་གནས་ནས་སྒོམ་ཡག་པོ་བྱེད་དགོས་ཞེས་བསྟན་པའི་དོན་ཡིན། དེ་ཡང་རྡོ་རྗེ་འཆང་གིས་འཁོར་གྱི་གདུལ་བྱ་རྣམས་ལ་དངོས་སུ་ཁྱོད་རྣམས་འདི་བགྱིས་རང་མི་གསུང་པར་ཅང་མི་སྨྲ་བའི་ཚུལ་གྱི་དགོངས་པ་ལ་ཞུགས་པ་ནི་རྒྱུད་འདི་ལྟ་བུ་ཀླ་ཀློའི་བརྡའ་ཚིག་གིས་བཅིངས་ཏེ་སྦས་ནས་བཞག་པས་དེ་ལྟར་བྱུང་བར་མ་ཟད། འདུལ་བ་ལྟ་བུའི་ཚིག་ལ་དྲང་དོན་སོགས་མེད་པའི་ངེས་དོན་སྒྲ་ཇི་བཞིན་པ་ཡིན་ནའང༌། དེ་ལ་གོ་མི་ཐུབ་པ་དཔེར་ན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཡབ་སྲས་མ་འཇལ། དེ་ནས་(༤༨ན)སེར་སྐྱའི་གྲོང་དུ་ཡབ་རྒྱལ་པོ་ཟས་གཙང་མ་དང་མཇལ་སྐབས་ཤཱཀྱ་རྣམས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་མ་སྟེན། རིགས་ཀྱིས་མཐོ་བའི་འཁོར་ཉན་ཐོས་རྣམས་ཀྱིས་ཆོས་གོས་སྣམ་སྦྱར་སོགས་ཡོ་བྱད་ཐམས་ཅད་ནས་བདུན་རེ་བརྒྱད་རེ་བཅངས་ཏེ་བག་མེད་པ་ལྟ་བུར་གྱུར་སྐབས། བཅོམ་ལྡན་འདས་ཀྱིས་རེ་ཤིག་སྐུ་མཚམས་བཅད་དེ་ནང་དུ་ཡང་དག་འཇོག་ལ་སྙོམས་པར་བཞུགས་ཏེ་དགེ་སློང་སྤོང་བ་པ་ཟས་གོས་ངན་ངོན་ཙམ་ལ་བརྟེན་པ་ཚོ་དང་མཇལ་སྐབས་གསུང་དངོས་ཀྱི་དྲི་བ་སོགས་མཛད་ཅིང༌། ཉེ་དུ་ཤཱཀྱའི་རིགས་ཀྱི་དགེ་སྦྱོང་རྣམས་ལ་གསུང་གང་ཡང་མ་བྱོན་པར་བཞུགས་སྐབས་དེ་རྣམས་བཅོམ་ལྡན་འདས་ཀྱི་དགོངས་པར་མ་བབ་པར་གོ་སྟེ། ཆོས་གོས་སོགས་ལྷག་པོ་ཐམས་ཅད་ཆུ་བོ་གངྒ་ལ་སྐྱུར་ཏེ་ཟས་གོས་གནས་མལ་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་བྱས་པས་སྟོན་པ་ཉིད་མཉེས་ཏེ་ལེགས་སོ་བརྗོད་ཚུལ་དང༌། དེ་འདྲའི་ཚུལ་བཞིན་བརྗོད་པས་དོན་རྟོགས་མི་ཐུབ། དཔེར་ན་འདུལ་བ་ལུང་ལས་ཉི་མ་ཤར་ཏེ། ནམ་ལངས་སོ། །བྱ་རོག་སྐད་སྒྲོག་གོ །ཆོམ་རྐུན་པ་རྣམས་ངུའོ། །རྐུན་མ་ནགས་ལ་བྲོས་ཞེས་སོགས་ཀྱི་དོན་ནི། སྒྲོན་མེའི་བསྐལ་པ་བྱུང་ངོ༌། །སངས་རྒྱས་འཇིག་རྟེན་དུ་འབྱོན་ནོ། །དེས་ཆོས་སྟོན་ཏེ། མུ་སྟེགས་པ་རྣམས་ངུའོ། །བདུད་རིགས་རྣམས་ཐག་རིང་པོར་བྲོས་སོ་ཞེས་པའི་དོན་ཡིན་ཚུལ་དང༌། གཞན་ཡང་རྒྱུ་བ་དང་མི་རྒྱུ་བ་ཞེས་པ། རྒྱུ་བ་བཅུད་ཀྱི་སེམས་ཅན་དང་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ལ་བྱེད་པ། འདུས་པ་འདི་རང་གི་རང་སྐད་ཡིན་པ་དང༌། དེ་ལ་ཏིང་ངེ་འཛིན་བསྐལ་བ་མང་པོར་བསྒོམ་པ་ལ་བཞུགས་པའི་གཟུགས་ཁམས་པ་དང་གཟུགས་མེད་པ་རྣམས་རྒྱུ་བ་མིན་པར་སྔ་མ་རྣམས་མང་དུ་བྱུང་ཡང༌། རྒྱུ་བ་ལུས་དང་རྐང་ལག་ལྟ་བུས་རྒྱུ་མི་དགོས་པར། འདིའི་རྒྱུ་བ་ཞེས་པ་ཤིན་ཏུ་ཕྲ་བའི་(༤༨བ)རླུང་གིས་སེམས་ཀྱི་གང་བཏང་སར་རྒྱུ་བའི་དོན་དང༌། གླིང་བཞི་རི་རབ་སོགས་གནོད་ཀྱི་འཇིག་རྟེན་རྣམས་མི་གཡོ་བར་གནས་པས་ན་མི་རྒྱུ་བ་ཞེས་བྱ་བ་ཡིན། འོ་ན་རླུང་གིས་ལུས་གཟུགས་གཡོ་བ་ལྟར་རྣམ་ཤེས་ལ་བྱར་མེད་པས་རླུང་གིས་རྣམ་ཤེས་གཡོ་བའི་ཚུལ་ཇི་ལྟར་ཡིན་ཞེས་ན། རྣམ་ཤེས་ལ་རང་ཡུལ་འཛིན་པའི་ནུས་པ་ཡོད་ཀྱང་རླུང་ལ་མ་བརྟེན་པར་རང་ཡུལ་ལ་བགྲོད་པའི་ནུས་པ་མེད་པ་ནི་ཞ་བོ་མིག་ཅན་ལྟ་བུ་དང༌། རླུང་ལ་ཡུལ་ལ་བགྲོད་པའི་ནུས་པ་ཡོད་ཀྱང་རང་སྟོབས་ཀྱིས་ཡུལ་འཛིན་པའི་ནུས་པ་མེད་པ་ནི་ལོང་བ་རྐང་ལྡན་ལྟ་བུ་ཡིན་པས། ཞ་བོ་མིག་ཅན་གྱིས་ལོང་བ་རྐང་ལྡན་ལ་བཞོན་ནས་ལྷན་ཅིག་བསྡེབས་ཏེ་ཕྱིན་ན། ཡུལ་དེར་བགྲོད་མཁན་ལོང་བས་བྱེད་ཅིང་ཡུལ་དེའི་རྣམ་པ་འཛིན་མཁན་མིག་ཅན་ཞ་བོས་བྱེད་པ་བཞིན། བཞོན་པའི་རླུང་དང༌། གཞོན་པ་ཅན་གྱི་སེམས་གཉིས་གཅིག་ཏུ་ཚོགས་པ་ལ་བརྟེན་ནས་ཡུལ་བགྲོད་ཅིང་འཛིན་པར་བྱེད་ནུས་པ་བཞིན་དུ། རྣམ་ཤེས་ཕྱི་རོལ་གྱི་ཡུལ་ལ་གཡོ་བ་མེད་པར་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་ན་ཡང་ཏིང་ངེ་འཛིན་གྱི་དམིགས་ཡུལ་འཆར་བ་རླུང་ལ་རག་ལས་པ་ལྟ་བུ་ཡིན་གསུངས། ཐམས་ཅད་དབྱིངས་ལས་བྱུང་བ་ལ་ཞེས་པའི་སྤྱིར་དབྱིངས་ནི་ཆོས་དབྱིངས་ལ་བྱེད་ཅིང༌། དེ་ལ་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པས། དང་པོ་ནི་ཐ་མལ་བའི་འཆི་བ་འོད་གསལ་ལྟ་བུ་ལ་བྱེད་དེ་ཉེར་ཐོབ་གྲུབ་པ་ནས་འགྲོ་བ་གང་དུ་སྐྱེ་བའི་བར་གྱི་བྱ་བ་ཐམས་ཅད་འོད་གསལ་དེ་ལས་འབྱུང་ཚུལ་དང༌། ཐུན་མོང་མ་ཡིན་པ་ལམ་དུས་ཀྱི་འོད་གསལ་ལྟ་བུ། དེ་ལས་ས་ལམ་གྱི་ཡོན་ཏན་ཐམས་ཅད་འབྱུང་སྟཻ་རྒྱུན་མཐའི་བར་ཆད་མེད་ལམ་གྱི་ཤེས་སྒྲིབ་ཕྲ་མོའི་དངོས་གཉེན་བྱས་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་ཅིང༌། དེ་ལྟ་བུའི་རྡོ་རྗེའི་སྐུ་དང་ཞིང་དང་འཁོར་(༤༩ན)སོགས་རང་རེ་རྣམས་ཀྱི་བསམ་ངོ་བཞིན་རྫོང་དཔོན་རྫོང་དུ་ཡོད་པ་ལྟར་ལོགས་ཤིག་ཏུ་ཡོད་པ་མ་ཡིན་པར་སློབ་པ་ལམ་གྱི་གནས་སྐབས་སུ་རྫོགས་སྨིན་སྦྱང་གསུམ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་གང་དུ་འཚང་རྒྱ་བའི་གནས་དེ་ཉིད་རང་དུ་སྐུ་དང་ཞིང་དང་འཁོར་སོགས་འགྲུབ་ཚུལ་ཞིབ་པ་དང༌། འདིར་རིགས་ཀྱི་བུ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ་ཞེས་པ་ཡང༌། སྤྱིར་རིགས་ཀྱི་བུ་ཞེས་པར་འཇུག་ཚུལ་རྣམ་གྲངས་མང་ཡང་འདིར་ནི་ཐེག་པ་ཆེན་པོའི་རིགས་སད་པ་ལ་བྱེད་ཅིང༌། ཐེག་པ་ཆེན་པོའི་རིགས་སད་པ་ལ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེ་དགོས་ཤིང༌། དེའི་གོང་དུ་འཁོར་བར་ཞེན་པ་ལྡོག་དགོས་པ་དང༌། དེའི་གོང་དུ་ཚེ་འདིའི་སྣང་ཤས་ལྡོག་དགོས་ལུགས་མདོར་ན་དཔལ་གསང་བ་འདུས་པའི་རྒྱུད་འདི་ཀླ་ཀློའི་བརྡ་ཚིག་གིས་སྦས་ནས་བཞག་པས་བླ་མ་ཁོ་ནའི་མན་ངག་ལ་མ་བརྟེན་པར་མི་ཤེས། གཞན་མ་སྒྲ་པ་ལ་སོགས་པ་རྣམས་ཀྱིས་ཀྱང་ས་གཞོང་དུ་རི་མོ་བྲིས་ཏེ་སྒྲ་སྒྲུབ་པས་སྤྱིར་རྣམ་དབྱེ་ཚིག་འཕྲད་སོགས་ཤེས་ཀྱང༌། འདི་འདྲ་བའི་རྒྱུད་དོན་མ་རང་ནས་རྟོགས་མི་ཤེས། འདི་བླ་མ་ཁོ་ནའི་ཞལ་ཟས་ཤེས་དགོས་ཤིང༌། འདི་མི་དགོས་འདུལ་བ་ཡིན་པ་འདུག་སྟེ། ཉི་མ་ཤར་རོ་ཞེས་སོགས་གོང་དུ་སྨྲས་པ་ལྟར་གྱི་དོན་ཡང་བླ་མས་མ་བསྟན་ན་གོ་ཐུབ་པ་མེད་ཚུལ་སོགས་ཞིབ་ཏུ་གསུངས། གཞན་ཡང་དོན་དམ་གྱི་དབང་དུ་བྱས་ན་མངོན་པར་བྱང་ཆུབ་པའི་མི་བསྐྱོད་པ་ལ་སོགས་པ་ཡང་རྙེད་མི་ནུས་པ་སྟེ། དོན་དམ་པའི་དབང་དུ་བྱས་ན་ཆོས་ཐམས་ཅད་འདི་ཡིན་ཞེས་འཇོག་མི་ཤེས་པར་གསུངས་ཏེ། མདོ་སྡེ་ལས་གསུངས་པའི་སྐབས་སུ་(༤༩བ)ཡང་ཆོས་ཀྱི་དབྱིངས་ལ་ནི་སངས་རྒྱས་ཐམས་ཅད་ཀྱང་མ་མཆིས་སོ་ཞེས་རྒྱུ་མཚན་འདི་དག་མང་དུ་གསུངས་ཚུལ་དང༌། ཡང་ཐ་སྙད་ཙམ་དུ་སེམས་ཅན་ཐམས་ཅད་དང་རང་བཞིན་རྣམ་དག་རྙེད་སླ་བའི་ཕྱིར་རིགས་ཀྱི་བུ་ཞེས་དོན་གོང་དུ་བཤད་པ་བཞིན་དང༌། སེམས་ཅན་ཆེན་པོའི་ཁོང་དུ་གཏོགས་པ་སྒོང་སྐྱེས་ལ་སོགས་པ་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་བྱང་ཆུབ་ལ་གནས་པ་ཞེས་བྱ་བ་ཡིན། དེའི་བྱང་ཆུབ་ནི་སོ་སོའི་རྒྱུད་ཀྱི་ཁམས་རང་བཞིན་གནས་རིགས་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཁོང་དུ་ཆུད་པའམ་མངོན་དུ་བྱེད་པ་དང་དེ་ལ་གནས་པ་ལ་ཡང་ཐོས་བསམ་བསྒོམ་པས་རིམ་གྱིས་ཞུགས་པར་གྱུར་ནའོ། །

ཞེས་པའི་གྱུར་ན་འོ་ནི་བཀའ་ཤོག་གི་མཆན་ཕབ་པ་ལྟ་བུ་ཡིན། དཔེར་ན༧གོང་ས་སྐུ་ཞབས་རིན་པོ་ཆེར་བཀའ་ཤོག་ཞུས་སྐབས། གཞུང་དོན་དང་ཁྲལ་རིགས་ལར་རྒྱར་མ་གནོད་ན་གོང་བཞིན་བགྱིས་གསུངས་པ་ལྟ་བུ་ཡིན། དེ་ངས་སྐུ་ཞབས་རིན་པོར་ཞུ་ལོག་ཕུལ་བ་ལྟ་བུ་བྱུང་སོང་ཡང་ཉམས་མཚར་ཞུས་པ་ཡིན་གསུངས། དེ་ཡང་ལེའུ་འདིར་བཤད་པས་ཆོས་ཀྱི་དབྱིངས་ཟབ་མོ་དབུ་མའི་ལྟ་བ་འདི་ནི་མཐར་ཐུག་པ་སྟེ་གོང་ན་མེད་པ་ཡིན་ཏེ། སྤྱིར་བདག་མེད་པའི་ལྟ་བ་ལ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་པས། དཔེར་ན་བྱེ་མདོ་གཉིས་ཀྱི་འདོད་པའི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང༌། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གི་སྟོང་པ་ལྟ་བུ་རྟོགས་ན་ཉོན་མོངས་པ་མངོན་འགྱུར་བ་མགོ་མནོན་པ་སོགས་ལ་ཁྱད་དུ་འཕགས་པ་ལྟ་བུ་ཡིན་ཀྱང༌། དེ་ཙམ་གྱིས་མི་ཆོག་པར་སེམས་ཙམ་པས་འདོད་པའི་གཟུང་འཛིན་རྫས་གཞན་གྱི་སྟོང་པའི་ལྟ་བ་ལ་འཇུག་དགོས། དེ་ཡང་འགངས་ཆེ་ཞིང་ཐལ་འགྱུར་བའི་ལྟ་བ་(༥༠ན)རྟོགས་པ་ལ་ཁྱད་ཆེ་བ་ཡིན་ཀྱང་དེ་ཙམ་ཡི་མི་ཆོག་པར་དབུ་མ་རྒྱུད་པ་རྣམས་ཀྱི་འདོད་པ་ལྟར་ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་སྟོང་པའི་སྟོང་ཉིད་རྟོག་པའི་ལྟ་བ་འདི་ལ་འཇུག་དགོས། དེ་ལྟར་དབུ་མ་རང་རྒྱུད་པ་རྣམས་ཀྱིས་གོང་དུ་བཤད་པ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་འགོག་ཀྱང༌། གདགས་གཞི་གང་ཟག་སོགས་རང་ངོས་ནས་གྲུབ་པ་དང་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་སོགས་རྩ་བ་ནས་འགོག་མི་ཤེས་པར། གདགས་གཞིའི་གང་ཟག་ལས་རྒྱུ་འབྲས་སོགས་རང་ངོས་ནས་གྲུབ་པས་སྟོང་ན་དེ་དག་གི་རྣམ་གཞག་འཇོག་མི་ཤེས་པས། ཁོ་བོ་ཅག་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་གིས་སྒྲ་དངོས་སུ་འདོགས་སོ་ཞེས་རྟོག་གེ་འབར་བ་ལས་གསུངས་པ་ལྟར། ཡིད་ཀྱི་རྣམ་པར་ཤེས་པ་ལྟ་བུ་གང་ཟག་གམ་བདག་ཤེས་རིག་གི་སྐྱེས་བུའི་མཚན་གཞིར་འཇོག་ཚུལ་སོགས་ཞི་འཚོ་ཡབ་སྲས་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཡབ་སྲས་ཏེ་རང་རྒྱུད་པ་རྣམས་ཀྱི་འདོད་ཚུལ་རྣམས་ཞིབ་ཏུ་གསུངས། དེ་ཙམ་གྱིས་མི་ཆོག་ཟུང་འཇུག་སྒྱུ་མའི་སྐུ་འགྲུབ་པ་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ། སློབ་དཔོན་ཆེན་པོ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས་ཟླ་བའི་ཞབས་གསུམ་གྱིས་བཀྲལ་བ་ལྟར་ཆོས་ཐམས་ཅད་བདེན་པར་གྲུབ་པའམ། རང་བཞིན་གྱིས་གྲུབ་པ་དང༌། རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྣང་བས་ཡོད་མཐའ་སེལ་ཞིང༌། སྟོང་པས་མེད་མཐའ་སེལ་བའི་ཟབ་མོ་དབུ་མའི་ལྟ་བ་འདི་ངེས་པར་རྟོགས་དགོས། ཟབ་མོ་དབུ་མའི་ལྟ་བ་ལ་སྔགས་ཀྱི་ལམ་མཐོན་པོར་འབྱོར་ནས་ཀྱང་འདིས་མི་ཆོག་པ་གཞན་གང་(༥༠བ)ཡང་སྒེར་དུ་འདོན་རྒྱུ་མེད། དེ་ཡང་ཕར་ཕྱིན་ཐེག་པ་དང་སྔགས་བླ་མེད་ནས་བཤད་པའི་ཡུལ་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཕྲ་རགས་སོགས་མི་འདྲའི་ཁྱད་པར་གང་ཡང་མེད་ཀྱང༌། ཕར་ཕྱིན་ཐེག་པར་ཡུལ་ཅན་གྱི་ཡེ་ཤེས་སམ་བློ་ལ་ཁྱད་པར་འདོན་རྒྱུ་མེད། སྔགས་བླ་མེད་ཀྱི་སྐབས་སུ་ཡུལ་སྟོང་པ་ཉིད་འཇོག་ལུགས་འདྲ་འདྲ་ཡིན་ཀྱང༌། དེ་རྟོགས་པའི་ཡུལ་ཅན་གྱི་ཡེ་ཤེས་ནི་རླུང་དབུ་མར་ཞུགས་གནས་འཐིམ་གསུམ་བྱས་པ་ལ་བརྟེན་ནས་ཐོབ་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་དང༌། ཡེ་ཤེས་དེས་ཟིན་པས་བདེན་གཉིས་དབྱེར་མེད་དུ་འཇུག་པའི་ཁྱད་པར་ཡོད་ཚུལ་དང༌། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་མཚར་བ་དང་རྨད་དུ་བྱུང་བའི་བསྔགས་པ་བརྗོད་པའི་དོན་ཡང༌། ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་གྲུབ་པས་སྟོང་ཞིང༌། སྟོང་པ་དེའི་དབྱིངས་ལས་ཟུང་འཇུག་སྒྱུ་མའི་སྐུར་ལྡང་ཤེས་པ་ནི་ངོ་མཚར་བ་དང༌། རྟགས་སྟོང་པའི་ངང་ལས་ཟུང་འཇུག་ཏུ་ལྡང་ཤེས་པར་མ་ཟད། དེ་ལྟ་བུའི་སྐུ་དེ་དབང་ཕྱུག་བརྒྱད་སོགས་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སྒོ་ནས་ནམ་མཁའ་མ་ཟད་བར་དུ་འགྲོ་བའི་དོན་མཛད་པ་ནི་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་དང༌། འདིར་གོང་དུ་ཆགས་པ་དང༌། ཆགས་པ་ཆེན་པོ་དང༌། ཆགས་པ་བར་མ་ཞེས་སྔོན་དུ་བཤད་ནས། འོག་ཏུ་སྟོང་པ་གསུམ་དངོས་སུ་བཤད་ཅིང༌། སྟོང་པ་བཞི་པ་ཤུགས་ཀྱི་རྟོགས་ནུས་པར་གསུངས་ཞེས་པས་སྟོང་པ་གསུམ་ངོས་འཛིན་ལུགས་ནི། གོང་གི་ཆགས་པ་ལ་སྟོང་པ་དང༌། ཆགས་པ་ཆེན་པོ་སྟོང་པ་མཆེད་པ་དང༌། ཆགས་པ་བར་མ་ནི་ཐོབ་པ་སྟོང་པ་ལ་བྱེད་པ་ཡིན་གསུངས། དེ་ནས་ཁམས་གསུམ་པོ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་རྟོགས་པ་ཡང༌། སེམས་ཙམ་པས་ཕྱི་རོལ་ལ་དོན་དུ་གྲུབ་པ་གང་ཡང་མེད་པས་ཆོས་ཐམས་ཅད་ནང་ཤེས་(༥༡ན)པའི་བདག་ཉིད་ཡིན་ཚུལ་སོགས་གོང་དུ་བཤད་པ་ལྟར་ཡིན་གསུངས། དེ་ནས་བསྐྱེད་རིམ་པའི་སྐབས་སུ་ཡེ་རྒྱ་བརྟེན་ལུགས་དང༌། རྫོགས་རིམ་མཐོན་པར་སློབས་ནས་ལས་ཀྱི་ཕྱག་རྒྱ་བརྟེན་ཅིང༌། རྣལ་འབྱོར་པས་ལས་ཀྱི་ཕྱག་རྒྱ་ལ་པདྨ་ཅན་སོགས་རིགས་བཞིར་གསུངས་པས་དབྱེ་བ་འབྱེད་ལུགས་དང་དེ་དག་བརྟེན་ལུགས། དེ་དག་གི་གསང་བའི་རྩ་གནས་འཚོལ་ལུགས་རྩའི་གནས་ལུགས་སོགས་ཀྱང་ཞིབ་ཏུ་གསུངས་ཀྱང་གསང་བའི་གནས་མཐར་ཐུག་ལ་སོང་བས་ཡི་གེར་འབྲི་མ་ནུས། ཞིབ་པ་ནི་དབེན་ས་བཀའ་འབུམ་དང་ཡིག་ཆུང་ཉེར་གཅིག་སོགས་སུ་བཞུགས་པ་ལྟར་ཡིན་གསུངས། དེ་ཡང་སྔགས་རྒྱུ་མེད་ཀྱི་དམ་ཚིག་གི་སྐབས་སུ་སྤྱི་བུད་མེད་ལ་ཁྱད་གསོད་མི་བྱེད་པ་དང༌། ལྷག་པར་རང་བཞིན་གྱི་རྣལ་འབྱོར་མ་ལྟ་བུ་སྒེར་དུ་ཁྱད་གསོད་བྱས་ན་རྩ་ལྟུང་བཅུ་གཉིས་པ་འབྱུང་ཚུལ་དང༌། འཁོར་ལོ་བདེ་མཆོག་ལྟ་བུའི་དམ་ཚིག་ལ་ནི་བུད་མེད་ཀྱི་རིགས་སུ་འདྲ་ཞིག་དང་འཕྲད་ཀྱང་ཁྱོད་མ་བདག་ནི་བུ་ཡིན་ཏེ། ཞེས་སོགས་བརྗོད་དེ་ཡིད་ཀྱི་གསོལ་བ་འདེབས་པ་དང༌། གཡོན་སྐོར་ལན་གསུམ་མོས་བློ་ཚུན་ཆད་ཀྱི་བྱེད་དགོས་ལུགས་གསུངས། དེ་ལྟར་འདི་ཡན་གྱི་ལམ་རིམ་པ་གཉིས་སོགས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ལམ་གྱི་གནད་འགག་མཐའ་དག་རྒྱས་པར་གསུངས་པ་ལ། རྒྱུད་འདིའི་ཞུ་བ་པོའི་འཁོར་གྱི་གཙོ་བོ་བྱམས་པ་ལ་སོགས་འོ་ན་འདི་ལྟ་བུ་ཚུལ་བཞིན་དུ་སྟོན་པའི་བླ་མ་ལ་སློབ་མ་རྣམས་ཀྱིས་ཇི་ལྟར་བལྟ་ཞེས་ཞུས་པ་ལ་རྒྱུད་ཀྱི་སྟོན་པས་དེ་ལ་བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་བར་བལྟ་དགོས་ཚུལ་དང༌། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཚུལ་བཞིན་དུ་སྟོན་པའི་སློབ་དཔོན་ལ་ཕྱོགས་བཅུའི་རྒྱས་བ་སྲས་བཅས་ཐམས་ཅད་ཀྱི་བསྔགས་པ་བརྗོད་ཅིང་གུས་པར་མཛད་ཚུལ་དང༌། དེ་ལྟར་ན་སློབ་མ་(༥༡བ)རྣམས་ཀྱིས་རང་གི་རྡོ་རྗེ་སློབ་དཔོན་ལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བལྟས་ཏེ་དུས་རྒྱུན་དུ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས་ཡང་དང་ཡང་དུ་གསོལ་བ་ཤུགས་དྲག་པོ་འདེབས་དགོས་ཞིང༌། ཁྱད་པར་ཉིན་རེ་བཞིན་དུ་ལུས་ངག་ཡིད་གསུམ་གུས་པས་ཕྱག་དང་བཅས་ཏེ་མཎྜལ་འབུལ་དགོས་ལུགས་སོགས་བླ་མ་ལྔ་བཅུ་པ་ནས་བཤད་པ་དང༌། དེའི་འགྲེལ་པ་སོགས་ནས་ཇི་ལྟར་གསུངས་པ་ལྟར་དགོས་ཤིང༌། དེ་དག་ནས་གསུངས་པའི་དོན་ཉམས་སུ་ལེན་ཚུལ་ནི་གསེར་ཆོས་ལས་ཀྱང་ལྷག་པར་ཐུན་དྲུག་གི་རྣལ་འབྱོར་སྐྱོང་དགོས་ལུགས་སོགས་ཞིབ་ཏུ་སྩལ། ཁྱད་པར་འཁོར་གྱི་གཙོ་བོ་བྱམས་མགོན་གྱི་དེ་ལྟར་ཞུས་པ་ལ། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་ཁྱེད་ཅག་སློབ་མ་རྣམས་ཀྱི་བླ་མ་ལ་ཐ་མལ་པའི་རྣམ་རྟོག་གིས་མ་འཛིན་པར་བླ་མའི་རྣམ་ཐར་ཞུས་ལ་རྡོ་རྗེ་འཆང་ཉིད་དུ་བལྟ་དགོས་ཚུལ་གསུངས་པ་ནི་དཔེར་ན་རས་ཆུང་པ་གཉལ་ལོ་རོ་ན་བཞུགས་སྐབས་མཁའ་འགྲོ་མ་རྣམས་ཀྱིས་རྨི་ལམ་གྱི་བརྡས་བསྐུལ་ཏེ། བླ་མ་རྗེ་བཙུན་རིན་པོ་ཆེར་མོས་གུས་དང་དག་སྣང་ཚད་མེད་པའི་སྒོ་ནས་རྣམ་ཐར་ཞུ་བའི་ཕྱིར་དུ་ཕེབས་སྐབས་རླུང་བུམ་པ་ཅན་བཟུང་ཏེ་ལོ་རོ་ནས་ཆུ་དབར་གྱི་བར་ལ་སྔ་དྲོ་ཉི་མ་ཤར་ནས་ཚ་རྟིང་གི་བར་ལ་སྤགས་ཆེན་གྱིས་མདའ་འཕངས་པ་ལྟར་གྱི་བྱོན་ནས་བླ་མའི་རྣམ་ཐར་ཞུས་ཏེ། དེ་ལ་བརྟེན་ནས་བླ་མ་རྗེ་བཙུན་ལ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཚད་མེད་པ་ཁྲུངས་ཚུལ་རྒྱས་པར་གསུངས་སོ།།

 

བླ་མ་ལ་སློབ་མས་ཇི་ལྟར་བལྟ་ཚུལ་དང་

དེ་ལ་མཆོད་པ་བྱ་ཚུལ་སོགས།

 

དེ་ལྟར་བྱམས་པ་ལ་སོགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུད་རྒྱལ་གསང་བ་འདུས་པ་འཆད་པའི་བླ་མ་ལ་སློབ་མས་ཇི་ལྟར་བལྟ་ཚུལ་དང༌། དེ་ལ་མཆོད་པ་བྱ་ཚུལ་སོགས་དྲི་བ་དང་དྲི་ལན་མཛད་པའི་སྙིང་པོ་རང་དེ་ལེའུ་བཅུ་བདུན་པ་འདིར་བཤད་པའི་དམ་ཚིག་ལ་ཐེག་པ་གསུམ་ཀའི་དམ་ཚིག་སོགས་ཇི་ལྟར་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་བླ་མའི་དམ་ཚིག་ཁོ་ན་ལ་རག་ལས་པར་གསུངས་ཞིང༌། བླ་མ་རྡོ་རྗེ་འཆང་དུ་བལྟས་ནས་གུས་པས་མཆོད་པ་བྱེད་པའི་དད་པ་དང་དམ་ཚིག་ཡོད་ཕྱིན་དམ་(༥༢ན)ཚིག་དང་སྡོམ་པ་གཞན་ཐམས་ཅད་ཡོད་པར་འགྱུར་ཞིང་དེ་མེད་ན་གཞན་གང་ཡང་མི་འབྱུང་བ་ནི་མེད་ན་མི་འབྱུང་བའི་འགྲེལ་པ་ལྟ་བུ་དང༌། དེང་སང་ནི་བླ་མའི་དམ་ཚིག་བསྲུང་དགོས་མིན་གྱི་རྟག་དཔྱད་གང་ཡང་མེད་པར་དྲིལ་བུ་སིལ་སིལ་བྱེད་མཁན་ཡོད་ཚད་ཀྱི་རྩར་རྒྱུགས་ཏེ། དབང་དང་རྗེས་གནང་སོགས་ཆོས་ཞུ་ཅི་ཐུབ་བྱེད། དམ་སྡོམ་ནི་གང་ཡང་མི་བསྲུང༌། དེས་གང་ལ་ཡང་ཕན་རྒྱུ་མེད་པའི་ཁར་རང་ལ་དུས་མ་ཡིན་པའི་འཆི་རྐྱེན་དམ་ཚིག་རྣམས་ལ་ཚུལ་བཞིན་གནས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ། བླ་མས་ཀྱང་རང་གི་གདུལ་བྱའི་སློབ་མ་ལ་དང་པོར་ལམ་ཐུན་མོང་བས་རྒྱུད་སྦྱངས་པ་སྔོན་དུ་བཏང་བའི་སྒོ་ནས་སྔགས་ཀྱི་འཇུག་སྒོ་དབང་བཞི་རྣམ་པར་དག་པ་བསྐུར། དེ་ནས་དེ་མ་ཐག་བླ་མ་ལྔ་བཅུ་པ་འཛིན་ཆོས་སུ་བྱས་ནས་བཤད་དེ། བླ་མའི་བསྟེན་ཚུལ་དང་དམ་ཚིག་སྐོར་ལེགས་པར་ངེས་པར་བྱས་ན་དེ་ནས་རྩ་ལྟུང་བཅུ་བཞི་པ་དང་སྦོམ་པོ་བརྒྱད་ལ་སོགས་པའི་ཁྲིད་ཕོག་སྟེ་ཞིབ་ཆ་རྣམས་ལེགས་པར་ལག་ལེན་དུ་འདེབས་ཤེས་པར་བྱེད། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག །ཁྱད་པར་དུ་ཡང་ཁ་ཟས་ལ་ལོངས་སྤྱོད་བཟའ་བའི་དམ་ཚིག །རྩ་བ་དང་ཡན་ལག་ཁྱད་པར་སྐུ་གསུང་ཐུགས་ཀྱི་དམ་ཚིག་སོགས་བསྲུང་བའི་དམ་ཚིག །དེ་ནས་རྡོར་དྲིལ། བགྲང་འཕྲེང༌། རྣམ་བུམ། སྒང་བླུག །ཕ་རྒྱུད་མ་རྒྱུད་སོ་སོ་དང་མཐུན་པའི་རྒྱན་དྲུག །ཌ་མ་རུ། ཚངས་སྐུད་སོགས་བརྟེན་པའི་དམ་ཚིག་རྣམས་ལེགས་པར་བསླབས་ཏེ། དེ་ནས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན། རྒྱུད་འགྲེལ་འགྲེལ་པ་བཞི་སྦྲགས་བཅས་ཀྱི་ཁྲིད་གཏོང༌། ཁྱད་པར་དགེ་ལྡན་སྙན་བརྒྱུད་ཀྱི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཐུན་དྲུག་གི་ཉམས་ལེན་གྱི་རྣལ་འབྱོར་སོགས་བསྟན་ཏེ་ཉམས་སུ་ལེན་འཇུག་པ་ནི། རྗེ་བདག་ཉིད་ཆེན་པོའི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་ཤིན་ཏུ་ནས་གལ་ཆེན་ཡིན་ཡང༌། (༥༢བ)དེང་སང་དེ་དག་གི་རྒྱུན་ནུབ་པ་ལྟ་བུར་འདུག་པས། ཁྱེད་ཅག་བསྟན་འཛིན་ཆེན་པོ་རྣམས་ཀྱིས་འདི་དག་ལ་ཉམས་གསོས་ལེགས་པར་མཛད་དེ་ཕྱག་ལེན་ལ་ཐེབས་ན་རྡོ་རྗེ་རིན་པོ་ཆེའི་བསྟན་པ་གནས་ལ་དེ་མིན་མིང་ཙམ་དུ་འགྲོ་ལུགས་དང༌། འདི་དག་གལ་གནད་ཆེ་བ་ལ་དགོངས་ནས། མཁས་གྲུབ་ཐམས་ཅད་མཁྱེན་པས་སྐུ་ཚེ་དེར་རྗེའི་གསུང་བཞིན་དུ་འདི་དག་མ་ཚང་བ་མེད་པར་ཕྱག་ལེན་དུ་འདེབས་པར་མཛད་དེ། སླར་ཡང་རང་ཉིད་སྐུ་ཚེའི་འདུ་བྱེད་དོར་ནས་ནུབ་ཏུ་དོགས་པ་ལ་དགོངས་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་དཔང་དུ་བཞུགས་ཏེ། འདི་དག་གི་རྣམ་བཞག་རྗེའི་གསུངས་བཞིན་དུ་ལེགས་པར་གཏན་ལ་ཕབ་ཏེ་ཐོའི་ཡིག་ཆུང་ཉེར་གཅིག་ཏུ་ཟིན་ཐུན་འདེབས་པར་མཛད་ཚུལ་བཅས་ནན་ཆེ་བ་གསུངས། ད་ཡག་པོ་བྱས་ཚར་གདའ་བསྟན་པའི་བདག་པོ་ཆེན་པོ་སོགས་ཁྱེད་ཅག་བསྟན་པའི་ཁུར་ཐེག་པ་རྣམས་ཀྱིས། རྗེ་བདག་ཉིད་ཆེན་པོས་རྒྱལ་བའི་དགོངས་པ་མཐར་ཐུགས་རྨ་མེད་པར་བཀྲལ་བའི་ལམ་སྲོལ་རྣམ་པར་དག་པའི་ཆོས་འདི་ལྟ་བུ་དོན་གཉེར་ཆེན་པོ་མཛད་དེ་ཕུ་ཐག་ཆོད་པའི་གོ་བ་ལེགས་པར་བཙལ་ཏེ་ཉམས་སུ་ལེན་དགོས། ངེད་ཅག་གི་བྱམས་མགོན་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས་ཀྱང་འདི་དག་ལ་དཀའ་བ་ཁྱད་དུ་བསད་དེ་དོན་གཉེར་ཆེན་པོ་མཛད་ལུགས་དང༌། ༧རྒྱལ་མཆོག་སྐུ་གོང་མ་དེ་ཉིད་ནས་ཀྱང་རྗེ་རིན་པོ་ཆེའི་བསྟན་པའི་སྙིང་པོ་མདོ་སྔགས་ཀྱི་ལམ་སྲོལ་རྣམ་པར་དག་པ་འདི་དག་ལ་ཉམས་ཆགས་དང་ནུབ་པ་ཐུགས་ཀྱིས་མ་བཟོད་ནས་དཀའ་བ་བརྒྱ་ཕྲག་དུ་མས་ལོ་གསུམ་གྱི་བར་འགྲེལ་པ་འདི་ལ་དོན་གཉེར་ཆེན་པོ་མཛད་ལུགས་དང༌། ཁྲི་ཆེན་རྡོ་རྗེ་འཆང་དེ་ཉིད་ནས་རྒྱལ་བ་ལ་ད་ནི་བསྟན་པ་ཡོངས་རྫོགས་ཕྱག་ཏུ་ཕུལ་གྲུབ་པས་ཕྱག་ལེན་ལ་ཐེབས་པར་མཛད་དེ་གཞན་དག་ལ་ཡང་སྟོན་ཆོག་པ་ཡོད་དོ་གསུངས་པ་དང༌། བྱམས་མགོན་བླ་མ་རིན་པོ་ཆེར་ཡང་ཁྲི་ཆེན་ནས་རབ་འབྱམས་པ། ད་ནི་ངས་རྒྱལ་བ་ཐམས་ཅད་མཁྱེན་(༥༣ན)པ་ཆེན་པོ་ལ་ཚོས་སེར་པོ་ཐེབས་ཡོད་པས་བློ་བདེ་བར་མཛོད་ཅིག་གསུངས་པ་དང༌། པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཆེན་པོ་དེ་ཉིད་ནས་འགྲེལ་པ་སོགས་ལམ་སྲོལ་འདི་རྣམས་ནུབ་པར་ཐུགས་ཀྱིས་མ་བཟོད་ནས་དཀའ་སྤྱད་དྲག་པོ་མཛད་ལུགས་དང༌། བདག་ཅག་གི་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་བླ་མ་རིན་པོ་ཆེ་དེ་ཉིད་ནས་ཀྱང་འདི་སྐོར་ལ་དཀའ་སྤྱད་དང་ཐུགས་དོན་གཉེར་ཆེན་པོ་མཛད་ལུགས། རྒྱལ་མཆོག་གོང་མར་ཁྲི་ཆེན་ནས་འགྲེལ་པ་གནང་སྐབས་སྐུ་གཟུགས་བདེ་མིན་སོགས་བྱུང་དོགས་ཀྱིས་ཐུགས་ཟོན་ཆེ་བ་མཛད་ནས་ཞབས་བརྟན་གྱི་རིམ་པ་སྒྲུབ་པ་གནང་ལུགས། སྐུ་ཉིད་ནས་ཀྱང་པཎ་ཆེན་རིན་པོ་ཆེར་འགྲེལ་པ་སོགས་གསན་སྐབས་དཀའ་བ་དང་བཞེས་ཀྱི་བླ་མ་རྒྱུད་མཆོད་དང་ཚོགས་ཀྱི་འཁོར་ལོའི་མཆོད་པ་སོགས་ཞབས་བརྟན་མཛད་ལུགས་ཞིབ་པར་གསུངས། བསམ་གཏན་གྱི་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་ཡང་རྣམ་བཞག་འདི་དག་རང་རྒྱུད་ལ་བསྐོར་ཏེ་ཉམས་སུ་བླངས་པའི་སྒོ་ནས་ལེགས་པར་མ་ཤེས་ན། དཔེ་ཀློག་ཙམ་བྱས་པས་རང་གཞན་སུ་ལ་ཡང་ཕན་མི་ཐོགས་ལུགས་དང༌། ཁྱད་པར་གཞན་ལ་དབང་བསྐུར་བ་པོ་རྣམས་ཀྱིས་ཀྱང་འདིའི་དཀྱིལ་ཆོག་ཉམས་སུ་ལེན་ཚུལ་ལ་ཏིང་ངེ་འཛིན་གསུམ་དང༌། རྡོ་རྗེ་བཞི་དང༌། དེ་ཉིད་བཞི་བཅུ་སོགས་ཀྱི་ཆིངས་ཀྱི་སྟེང་ནས་ངེས་པར་བྱས་ཏེ་གཞན་ལ་བརྡ་དོན་སྤྲོད་ཐུབ་ངེས་དགོས་ཚུལ་ཞིབ་པ་དང༌། ལེའུ་འདིར་ལེའུ་བཅུ་གསུམ་པ་སོགས་སུ་དྲག་པོའི་ལས་སྦྱོར་རྒྱས་པར་བཤད་པར་མ་ཟད་འདིར་ཡང་འཆད་ཅེས་ཁྲོ་བོ་ཞལ་བཞི་ཕྱག་བཞི་པའམ། ཕྱག་དྲུག་པ་ལའི་མདོག་སྲིན་བུ་པདྨའི་ལོགས་སུ་བསྡད་ནས་མིའི་ལུས་ལས་ཁྲག་འཐུང་བ་ལྟ་བུ་འདི་འདྲ་བ་ངེད་ཅག་གི་སྐྱིད་གྲོང་གི་ནགས་ཁྲོད་ན་ཡོད་གསུངས་དེ་ལྟ་བུའི་ལས་སྦྱོར་བཤད་པ་རྗེ་བདག་ཉིད་ཆེན་པོས་གསལ་ཁ་མ་མཛད་ཀྱང༌། བོད་སྔ་རབས་པའི་མཁས་པ་རྣམས་ཀྱིས་མགོན་པོ་ཞལ་བཞི་པའི་ལས་སྦྱོར་དང༌། ཞལ་བཞི་པ་རྒྱུད་འདིའི་སྲུང་མ་ཡིན་ཟེར་བའི་གཏམ་རྒྱུད་ཡོད་ལུགས་དང༌། (༥༣བ)གང་ལྟར་ཀྱང་ལས་སྦྱོར་འདི་ནི་མགོན་པོ་ཕྱག་དྲུག་པའི་ཧཱུཾ་དྲུག་གི་ལས་སྦྱོར་དང་ཁྱད་པར་མེད། ཧཱུཾ་དང་པོས་དེ་བཞིན་གཤེགས་པ་ཐམས་ཅད་དེ། བསྟན་ལ་གནོད་པའི་དགྲ་བོ་རྣམས་བཀུག་གཉིས་པས་ཐོད་པར་བཅུག །གསུམ་པས་གྲི་གུག་སོགས་ཀྱིས་བསད། བཞི་པས་ཤ་རུས་ཐམས་ཅད་གྲི་གུག་གིས་དུམ་བུར་གཏུབས། ལྔ་པས་ནང་མཆོད་ལྟར་བྱིན་གྱིས་རློབས། དྲུག་པའི་སྐབས་ཞལ་དུ་འབུལ་བའི་ཚུལ་དང༌། གདུག་པ་ཅན་རྣམས་དང༌། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་པ་ནི། ཏ་ཐཱ་གཱ་ཏའི་ངེས་ཚིག་ལས་དྲངས་པའི། དེ་བཞིན་གཤེགས་པ་ཐམས་ཅད་དང་པོར་སྟོང་པའི་ངང་ལས་བྱུང་ཞིང་མཐར་ཡང་སྟོང་པའི་དབྱིངས་སུ་གཤེགས་པའི་སྒྲ་འཇུག་པ་ལྟར། གདུག་པ་ཅན་དང་སེམས་ཅན་ཐམས་ཅད་ཀྱང་དང་པོར་འཆི་བ་འོད་གསལ་གྱི་སྟོང་པ་ལས་བྱུང་ཞིང་མཐར་ཡང་འཆི་བ་འོད་གསལ་གྱི་དབྱིངས་སུ་འཐིམ་འགྲོ་བ་ལ་བསམ་ནས་སྒྲ་དེ་ལྟར་འཇུག་ཚུལ་དང༌། ཁྱད་པར་དྲག་པོའི་ལས་སྦྱོར་གྱི་སྐབས་སྔགས་ཀྱི་ཚིག་མ་ནོར་ཞིང་དག་ཆ་ཐོན་པ་གལ་ཆེ་ལུགས་དང༌། སྔགས་འདོན་ལུགས་ལོག་ན་རང་ལ་ཚུར་ལོག་ནས་གནོད་པ་ཡོང་ཚུལ་དང༌། སྔ་ཐོག་རྒྱལ་པོ་ལྷ་བཟང་གིས་དབུ་སྒེར་གྲྭ་ཚང་ལ་བདག་རྐྱེན་ཡག་པོ་ཡོད་པར། སེར་སྨད་པའི་གྲྭ་པ་ཞིག་གིས་རྒྱལ་པོ་ལ་མི་འདོད་པའི་བསམ་པས་སེང་གདོང་མའི་སྒོ་ནས་ཟློག་པ་རྒྱབ་ཏེ། རྒྱལ་པོ་ལྷ་བཟང་ལ་རཀྵ་རཀྵ་ཞེས་པས་རྒྱལ་པོ་གཡུལ་ལས་རྒྱལ་བའི་གཏམ་རྒྱུད་དང༌། སྤྱིར་དད་པ་ཡག་པོ་ཡོད་ན་བྱིན་རླབས་དད་པའི་རྗེས་སུ་འགྲོ་བས་སྔགས་མ་དག་ཀྱང་དེ་ཙམ་གྱི་སྐྱོན་མེད་ཚུལ་རྒྱལ་བ་ལྔ་པ་ཆེན་པོའི་སྐུ་དུས་སོག་པོ་ཞིག་གིས་ཆོས་ཕྱོགས་ནས་གཞན་གང་ཡང་མི་ཤེས་གདུགས་དཀར་རང་འདོན་ཤེས་ཀྱང་དེའི་སྔགས་སོགས་དག་པོ་མེད་པར་ཡིན་འདུག །འོན་ཀྱང་ཁོས་གདུགས་དཀར་རང་ལ་དད་པའི་སྒོ་ནས་བསྙེན་པ་བསྐྱལ་ནས་བཏོན་པས། ཁོ་པོ་ཏཱ་ལའི་ཕོ་བྲང་ལ་སྐོར་(༥༤ན)བ་རྒྱག་ཏུ་འགྲོ་བའི་སྐབས་ཁོའི་མགོར་གདུགས་དཀར་པོ་ཞིག་འཁོར་བ་འགའ་ཞིག་གིས་མཐོང་བས་ཁོས་གདུགས་དཀར་དངོས་སུ་འགྲུབ་པ་ཡིན་ཀྱང༌། འདོན་བཅུག་པའི་ཚེ་ན་གདུགས་དཀར་དག་པོ་མེད་པའི་གཏམ་རྒྱུད་གསུངས། གྲུབ་ཐོབ་མདའ་འཕྱར་དང་རྗེ་བཙུན་ས་པཎ་གཉིས་ཞལ་འཇལ་གནང་སྐབས། མདའ་འཕྱར་གྱི་ཕུར་པའི་སྔགས་མ་དག་པ་ལ་ས་པཎ་ནས་སྐྱོན་བརྗོད་མཛད་པས། དེར་མདའ་ཕྱར་གྱིས་ཕུར་པ་བྲག་ལ་རྒྱབ་ནས་སྔར་ཀྱང་བཛྲ་ཅི་ལི་ཅི་ལི་དར་ཀྱང་བཛྲ་ཅི་ལི་ཅི་ལི་ཞེས་བརྗོད་ནས་ཕུར་པ་བྲག་ལ་ཐེབ་པར། ད་སྔགས་དག་པས་ཚུར་འདོན་པ་ཞུ་ཞེས་པར་འདོན་མ་ཐུབ་པའི་ལོ་རྒྱུས་ཀྱང་གསུངས། ལེའུ་འདི་ནས་བཤད་པའི་ནང་གི་སྦྱིན་སྲེག་གི་སྐོར་ལ་ས་བཅད་ཞིབ་ཏུ་འགྲེམས་པ་གནང་སྟེ། ཚུལ་འདི་ནི་ད་ལྟ་རང་ཅག་རྣམས་ཀྱིས་སྒྲུབ་སླ་ཞིང་སྒྲུབ་ན་འགྲུབ་ནུས་པ་དང༌། འགྲུབ་པ་ཙམ་གྱིས་ནི་ཕྱིའི་རྫས་ཀྱི་སྦྱིན་སྲེག་བསྐལ་པ་མང་པོའི་བར་དུ་བྱས་པ་བས་འདི་བརྒྱ་སྐོར་རེ་འགྲུབ་ན་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པ་དང༌། དཀོར་གྲིབ་དང༌། གདོན་ཅན་དང༌། གྲིབ་ཅན་གྱི་རིགས་དང༌། སྦྱར་དུག་གི་རིགས་ཀྱི་མི་གནོད་པ་ལ་སོགས་ཀྱི་ཕན་ཡོན་ཚད་ལས་འདས་པ་ལ་ཡོད། དེའི་ཚུལ་ནི། རང་གི་བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ། ཐ་མལ་གྱི་སྣང་ཞེན་སྤང་སྟེ་གསང་བ་འདུས་པ་ལྟ་བུའི་ལྷའི་རྣལ་འབྱོར་ལ་གནས་བཞིན་པས། གོང་དུ་བཤད་པ་ལྟར་སྙིང་ཁར་ལྷ་ཐམས་ཅད་འདུས་པའི་བདག་ཉིད་ཧཱུཾ་ཡིག་མེ་དཔུང་འབར་བའི་ནང་དུ་འདེབས་པར་མོས་དགོས་ལུགས་དང༌། ཡིད་དུ་འོང་བའི་ཡུལ་ལ་ཐུན་མོང་གི་མཆོད་པའི་ཞེས་པ་ནས། དེ་ནས་ཞེས་བྱ་བ་སོགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་(༥༤བ)ལ་སོགས་པའི་ངོ་བོ་ཉིད་ཞེས་སོགས་ཀྱི་སྐབས་སུ། འོད་མཆོག་གི་རྒྱུད་ཀུན་སྤྱོད་བླ་མ་ལས་གསུངས་པ་ལྟར་སྒྲུབ་པ་པོ་རང་ཉིད་སངས་རྒྱས་ལྔའི་བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་བསྐྱེད་རིམ་པ་རྣམས་ཀྱིས་མཆོད་པ་འབུལ་བའི་སྐབས་སུ་ཡུལ་ལྔ་ལྷ་མོ་ལྔ་དང༌། དབང་པོ་ལྔ་གཤེགས་པ་ལྔར་མོས་པའམ་དེའི་ངོ་བོར་བསྐྱེད་ནས་གང་ཤར་བདེ་སྟོང་གི་ལྷར་བསམས་ཏེ་མཆོད་པ་འབུལ་བའི་ཚུལ་བཤད་དེ། དེ་ཡང་འདི་རང་གི་མཆོད་འཕྲེང་ནས། སྔོན་པོ་ལ་སོགས་ཞེས་པས་ཁ་དོག་དང་དབྱིབས་སུ་རྟོགས་པའི་གཟུགས་ཐམས་ཅད་གཟུགས་རྡོ་རྗེ་མར་མོས། དེས་མིག་དབང་གི་ངོ་བོས་སྙིང་དུ་མོས་ནས་ཕུལ་བས་དེ་གཉིས་སྙོམས་པར་བཞུགས་པས་བདེ་བས་དཀྱིལ་འཁོར་སའི་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་ཚིམ་སྟེ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་ནི་གདའ་བར་མི་བྱ་བའི་དམ་ཚིག་ཡིན་ཚུལ་རྒྱས་པར་གསུངས། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ས་ལ་ལོངས་སྤྱོད་པ་ཕུལ་དུ་བྱུང་བའི་མཆོད་པ་ཞེས་པའི་འགྲེལ་པའི་ས་བཅད། དེ་ལྟར་བདག་དང་གཞན་ལ་མཆོད་པ་བསྟན་ཞེས་སོགས་པའི་སྐབས་སུ། དེ་ཡང་འདིའི་སྒྲུབ་པ་པོས་ཏཱ་ཐ་གཱ་ཏའི་ངེས་ཚིག་གི་སྒྲ་ལས་དྲངས་པའི་དེ་བཞིན་གཤེགས་པ་ནི། སྐྱེ་འཆིའི་འཁོར་བསྐོར་བའི་ཉམས་ཐག་ཅིང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་མེད་པའི་བྱམས་སྙིང་རྗེ་ཤུགས་དྲག་པོའི་སྒོ་ནས་ལུས་ངག་ཡིད་གསུམ་སྡོམ་པ་ལ་གནས་པའི་དོན་བྱ་དགོས་ཚུལ་ནི་བྱང་ས་ནས་རྒྱས་པར་གསུངས་པ་ལྟར། སེམས་ཅན་གྱི་དོན་བྱ་ཚུལ་དེ་ཡང་ཕན་པ་དང་བདེ་བ་གཉིས་ཀ་ཡིན་པ་དང༌། ཕུགས་སུ་ཕན་པ་ཡིན་ལ་གནས་སྐབས་སུ་བདེ་བ་མ་ཡིན་པ། བདེ་བ་ཡིན་ལ་ཕན་པ་མ་ཡིན་པ། (༥༥ན)གཉིས་ཀ་མ་ཡིན་པ་བཅས་མུ་བཞིར་གསུངས་པས། ཕན་པ་ཞེས་པ་ནི་ཕུགས་ཀྱི་དོན་དང༌། བདེ་བ་ཞེས་པ་ནི་ཕྲལ་གྱི་དོན་ལ་འཇུག་པས་དེ་གཉིས་དོན་མི་གཅིག་ཅིང༌། དེ་ལ་ཕུགས་སུ་ཕན་པ་དང་འཕྲལ་དུ་བདེ་བ་གཉིས་ཀ་ཡིན་པ་ནི་དབེན་པའི་རི་བསུལ་དུ་ཚེ་དང་སྒྲུབ་པ་མཉམ་པའི་དགེ་སློང་བསམ་གཏན་ལ་གནས་པ་ལྟ་བུ་ཡིན། འཕྲལ་དུ་བདེ་ཡང་ཕུགས་སུ་མི་ཕན་པའི་གནོད་པར་འགྱུར་བ་ནི་འདོད་ཆགས་ཅན་ལོག་གཡེམ་མ་སྤྱོད་པ་དང་བཅས་ལྡན་དགེ་སློང་ཕྱི་དྲོ་ཁ་ཟས་ཟ་བ་ལྟ་བུ་ཡིན། འཕྲལ་དུ་མི་བདེ་ལ་ཕུགས་སུ་ཕན་པ་ནི་ཆོས་ཕྱིར་དཀའ་བ་སྤྱོད་པ་དང་དགེ་ཚུལ་སློང་གི་ཉེས་དམིགས་བསམ་ནས་ཕྱི་དྲོའི་ཁ་ཟས་ནན་གྱིས་སྤོང་བ་ལྟ་བུ་ཡིན་ཚུལ་ཞིབ་པ་དང་མདོར་ན་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པས་འགྲོ་བའི་དོན་བྱ་བའི་སྐབས་སུ། ཕུགས་སུ་བདེ་ཞིང་འཕྲལ་ལ་མི་བདེ་ཡང་དོན་བྱ་བ་དེ་ཉིད་བྱ་དགོས་ཞིང༌། འཕྲལ་དུ་བདེ་ཡང་ཕུགས་ལ་གནོད་པ་ཞིག་ཡིན་ཕྱིན་དོན་དེ་མི་བྱ་བ་དང༌། དེ་ཡང་རང་རྒྱུད་ཀྱི་ཚུལ་ཁྲིམས་དང་ཚངས་སྤྱོད་སོགས་ལ་མི་གནོད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་པའི་དམ་ཚིག་འདི་དཔལ་གསང་བ་འདུས་པའི་ལམ་ལ་སློབ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པའི་སྤྱོད་པ་ཕུལ་དུ་ཕྱིན་པ་ཡིན་གསུང་རྒྱུ་རེད་གསུངས། དེའི་འོག་ཏུ་དེ་ལྟར་མཆོད་པ་རྣམས་བསྟན་པ་ཞེས་སོགས་ཀྱི་མཆོད་པའི་རྣམ་གྲངས་དེ་དག་ཀྱང་འཁོར་གསུམ་མི་དམིགས་པས་རྒྱས་བཏབ་སྟཻ་མཚན་འཛིན་གྱི་དྲི་མས་མ་གོས་པ་དགོས་ཚུལ་བསྟན། ཚིག་ལྷག་མའམ་ཞེས་པ་ནི། རྩ་རྒྱུད་དུ་མ་ཐོན་པར་ཚིག་གི་ཁ་བཀང་བའི་དོན་ཡིན་རྒྱུ་རེད་གསུངས། དེས་ན་དམ་ཚིག་འདི་ནི་རྨད་བྱུང་ཆེན་པོའི་ཞེས་པས་ཅི་བྱེད་སེམས་ཅན་གྱི་དོན་བྱེད་པ་གཅིག་(༥༥བ)བསྟན་ལ། དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ་ཟབ་མོ་དབུ་མའི་ལྟ་བ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་མེད་ན་གཞན་ཇི་ཙམ་ལ་དཀའ་བ་སྤྱད་ཀྱང་ཡོང་ཡེ་རེ་རྣམ་པ་ཐམས་ཅད་དུ་ངལ་བ་འབྲས་བུ་མེད་པའི་ཟུང་འཇུག་གི་སྐུ་ཐོབ་པ་གཏན་ནས་མེད་གསུང་འདོད་ནས་དེ་ལྟར་གསུངས་པ་ཡིན། དེ་ལ་གཞུང་ལུགས་ལ་ཆེར་མ་སྦྱངས་ཀྱང་སྔགས་ཀྱི་གོ་བ་ཐན་ཐུན་ཡོད་པ་རེ་གཉིས་ལ་དོགས་པ་འདི་འདྲ་འཆར་ཏེ། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་ཐིག་ལེ་དང་སྒྱུ་ལུས་སོགས་དོན་དུ་མ་ལ་འཇུག་པས་སྐབས་འདིར་དེ་འདྲ་ཞིག་ཡིན་ལ། ལམ་རིམ་སོགས་ཀྱི་སྐབས་སུ་བཤད་པའི་ཀུན་རྫོབ་བྱང་ཆུབ་སེམས་ནི་དེ་མིན་སྙམ་ན། དེ་ཡིན་པའི་སྒྲུབ་བྱེད་དུ། རྗེ་རིན་པོ་ཆེས་ཐུན་མོང་བའི་བྱང་ཆུབ་ཀྱི་སེམས་ཞེས་གསལ་ཁ་བཏོན་པས། ཐུན་མོང་བ་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་ལ་བྱེད་པར་གསུངས། དེས་ན་ཐུན་མོང་བའི་བྱང་ཆུབ་ཀྱི་སེམས་དང༌། ཡིན་ལུགས་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཞིག་གསང་སྔགས་ལ་ཡང་མེད་དུ་མི་རུང་བར་ཤེས་པར་བྱོས་ཤིག་ཅེས་གསལ་བར་གསུངས་པ་འདི་དག་ལ་ལེགས་པར་རྟོགས་དགོས་ལ། དོན་འདི་དག་ལ་བསམ་ན་ངས་སྔོན་དུ་ཡང་ཡང་ཞུས་པ་བཞིན་ཆོས་བྱང་ཆུབ་ལམ་རིམ་ཟེར་བ་དེ་མེད་ན་གསང་བ་འདུས་པ་ཞེས་པ་དེ་ཡོང་ས་ཨེ་འདུག །དོན་བསྡུ་ན་ལེའུ་བཅུ་བདུན་པའི་ས་བཅད་འདིའི་གོང་འོག་ཀུན་ཏུ་ཐོག་མར་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ་ཚེ་འདིའི་སྣང་ཤས་ལྡོག་ནས་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཤུགས་དྲག་ཏུ་བསྒོམ་དགོས་ལུགས། དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་མྱོང་བ་བཏོན་དེ་རང་རྒྱུད་ལ་སྐྱེས་ནས་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་དང༌། ཁྱད་པར་ཟབ་མོ་དབུ་མའི་ལྟ་བ་ལ་བསླབ་དགོས་ཚུལ་ཏེ་ལམ་ཐུན་མོང་བའི་རྣམ་བཞག་ཆ་ཚང་བར་བསྟན་པ་དེ་(༥༦ནགོང)དག་ལ་གོ་བ་ལེགས་པར་འཚོལ་དགོས་སོ་གསུངས།

གསུམ་པ་ལུས་བརྟས་པར་བྱེད་པའི་ཆོ་གའི་ས་བཅད་དུ་འགྲེལ་པར། དེ་ལྟར་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་ལུས་རབ་ཏུ་འཇུག་པ་བསྟན་ནས་ཡང་བདག་ཉིད་ཀྱི་ལུས་བརྟས་པར་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ཞེས་སོགས་ཀྱི་སྐབས་སུ་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་ལམ་ལ་གནས་པའི་སྒྲུབ་པ་པོ་རྣམས་ཀྱི་ཐུན་བཞི་ལ་སོགས་པ་བཅད་པས་ལུས་ཧ་ཅང་ངལ་བ་དང༌། འཚོ་བ་བཀྲེན་པས་ལུས་ཉམས་ཐག་པ་བྱུང་ན་དེ་གསོ་བའི་ཆོ་ག་བསྟན་པ་ཡིན་ཏེ། དེ་ཡང་རང་ཉིད་ཀྱི་ལུས་ངལ་བ་སོགས་དེ་ལྟར་བྱུང་ན་རང་ལྷའི་རྣལ་འབྱོར་ལ་གནས་པའི་སྤྱི་གཙུག་ཏུ་མཐོ་གང་གིས་དཔགས་པའི་སར་ཝཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་འོག་ཏུ་ཡི་གེ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་ཞིག་གསལ་བཏབ། འོད་ཟེར་དེ་དག་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཨོཾ་ཡིག་དེ་ལ་འཐིམ། དེ་ལས་བདུད་རྩི་སྣ་ལྔའི་རྒྱུན་ཆིལ་ལི་ལི་བྱུང་བ་རང་གི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བའི་མོས་པ་བརྟན་པོས་ཡང་ཡང་བསྒོམ་ན་ཚེ་རིང་བ་དང༌། བསོད་ནམས་འཕེལ་བ་དང༌། ལུས་ཡང་བ་དང༌། སྐྲ་དཀར་དང་གཉེར་མ་སོགས་མི་འབྱུང་བས་ལུས་རྒས་ཉམས་ཆུང་ཞིང་མདངས་བཟང་བ་སོགས་ཕན་ཡོན་མང་དུ་འབྱུང་བ་ནི། དགུང་ལོ་དྲུག་ཅུ་རེ་ལྔ་ཙམ་དུ་ཕེབས་ཀྱང་སྐུ་ལུས་གཞོན་ཤ་ཆགས་ཤིང་དཀར་ལ་དམར་བའི་མདངས་དང་ལྡན་པ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལྟ་བུ་བྱུང་ཚུལ་ཞིབ་ཏུ་གསུངས། འདིའི་ཝཾ་མིག་ལ་བ་ཕྱེད་ཝ་རུ་བཀླག་པའི་དོན་ལ་བསམ་ནས། འགྲེལ་པ་འབྲས་སྤར་སོགས་ལྦ་རྐྱང་རང་རྒྱབ་འདུག་ཀྱང༌། འདི་ལ་ངེས་པར་ཝ་ཆེན་དེ་ལ་ཐིག་ལེ་ཡོད་པ་དགོས་གསུངས།

 

རྫོགས་རིམ་པའི་ལུས་ངག་གི་དམ་ཚིག་སྐོར།

 

དེ་ནས་རྫོགས་རིམ་པའི་ལུས་དང་ངག་གི་དམ་(༥༦བགོང་)ཚིག་གི་ས་བཅད་འགྲེལ་པར། རྫོགས་པའི་རིམ་པ་རྣམས་རྟོགས་པར་གྱུར་ཅིང་ཞེས་སོགས་ཀྱི་སྐབས་སུ། དེ་ཡང་དཔལ་གསང་བ་འདུས་པའི་རྫོགས་པའི་རིམ་པ་ནི་ངག་དབེན་ནས་མི་སློབ་པའི་ཟུང་འཇུག་གི་བར་ལ་བྱེད་ཅིང༌། ངག་དབེན་བསྐྱེད་པའི་ཐབས་སུ་ལུས་དབེན་བསྒོམ་དགོས་པས་དེ་ལྟ་བུའི་རྫོགས་རིམ་གྱི་རྣལ་འབྱོར་ལ་བརྟེན་ནས་སྒྱུ་ལུས་དང་འོད་གསལ་ཟུང་འཇུག་ལ་གནས་པ་རྣམས་རང་ཉིད་ཀྱི་གོ་འཕང་མཆོག་ཐོབ་ཟིན་པས་སྤྱིར་བཏང་སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་ལ་ཕྱག་མི་འཚལ་ཏེ། དེ་ལྟར་བྱས་ན་རང་ཉིད་སངས་རྒྱས་ཀྱི་སྐུ་དངོས་སུ་འགྲུབ་པ་བཞིན་དུ་ཡུལ་གཞན་དང༌། བྲིས་འབུར་གྱི་སྐུ་གཞན་ལ་ཕྱག་བྱས་ན་དེ་ཁྱད་གསོད་དུ་འགྱུར་བ་དང༌། རང་ཉིད་རླུང་ལ་ངག་ཏུ་འཆར་བའི་དྲི་མ་དག་ནས་རླུང་སྔགས་དབྱེར་མེད་ཀྱི་ལོངས་སྐུ་གྲུབ་པས། གླེགས་བམ་ཀློག་པ་སོགས་མི་བྱ་བ་དང༌། དེ་བཞིན་དུ་རང་ལུས་རྒྱལ་བའི་དཀྱིལ་འཁོར་དངོས་གནས་ལ་གྲུབ་པས། ཕྱིའི་དཀྱིལ་འཁོར་བྱ་བ་དང༌། རྡོ་རྗེ་དྲིལ་བུ། བུམ་པ་སོགས་སྤྲོས་བཅས་ཀྱི་དམ་ཚིག་གི་རྫས་སོགས་གང་ཡང་མི་འཆང་བ་དམ་ཚིག་ཡིན་ཏེ། དཔེར་ན་མདོ་དྲན་པ་ཉེར་བཞག་ནས་གསུངས་པ་ལྟར། རྒྱ་གར་བ་རྣམས་ཡུལ་ཆོས་ཀྱི་བུ་བཙས་མ་ཐག་ཚངས་པ་དང་ཁྱབ་འཇུག་སོགས་འཇིག་རྟེན་པའི་ལྷ་ལ་ཕྱག་འཚལ་བ་ཆོས་ཉིད་ཡིན་སྟབས། རྒྱལ་པོ་གཞོན་ནུ་དོན་གྲུབ་སྐུ་བལྟམས་མ་ཐག་འཇིག་རྟེན་པའི་ལྷ་ཁང་ལ་ཕྱག་འཚལ་དུ་ཁྲིད་པ་ན། རྒྱལ་པོའི་ཞབས་འཇིག་རྟེན་པའི་ལྷ་ཁང་གི་ཐེམ་པ་ལ་བཞག་ནས་ཁྱེད་ཅག་ལ་ངེད་ཀྱི་ཕྱག་འཚལ་རུང་ངམ་གསུངས་པར། དེ་ཐམས་ཅད་ཀྱིས་རྒྱལ་པོ་ལ་གུས་བཀུར་བྱས་ཏེ་ཕྱག་མི་ལེན་པ་ནི། རྒྱལ་པོས་ཁོང་ཚོ་ལ་ཕྱག་བྱས་ན་ཁོ་ཚོའི་མགོ་ཚལ་པ་སྟོང་དུ་གས་འགྲོ་རྒྱུ་རེད། ཁོང་ཚོས་དོན་དེ་ཤེས་ནས་དྲུང་དུ་སོང་ཏེ་རྒྱལ་པོ་གཞོན་ནུ་དོན་གྲུབ་ཀྱི་ཞབས་ལ་ཕྱག་འཚལ་བས། ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། ཞེས་པའི་ལོ་རྒྱུས་ཀྱང་གསུངས། (༥༦ནའོག)དཔེར་ན་རྗེ་བཙུན་གྱིས་རས་ཆུང་པ་གཉལ་ལོ་རོའི་བུད་མེད་ལྷ་ལྕམ་ཟེར་བ་དང་ཐབས་ཀྱིས་ཕྲལ་ནས། དཔལ་ཁུད་ཐང་དུ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་བ་མཛད་སྐབས་དང་ན་རྒས་པས་མི་ཡོང་བ་འདུག་བུམ་པ་ཁྱོད་རང་སོང་ལ་དབང་བསྐུར་ཅིག་གསུངས་པས་དེར་བུམ་པ་རང་གིས་ཕྱིན་ནས་སློབ་མ་ཐམས་ཅད་ལ་དབང་བསྐུར་བའི་ལོ་རྒྱུས་ཀྱང་རྒྱས་པ་དང༌། འབྲུག་པ་ཀུན་ལེགས་པས་ལྷ་སའི་ཇོ་བོ་ལ་བསྟོད་པ་མཛད་ནས། དང་པོ་ཁྱོད་དང་ང་གཉིས་མཉམ་པ་ལ། ཁྱོད་ནི་བརྩོན་འགྲུས་དབང་གིས་རྫོགས་སངས་རྒྱས། །ང་ནི་ལེ་ལོའི་དབང་གིས་འཁོར་བར་འཁྱམས། །ང་ནི་འཛུམ་འཛུམ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་གཏམ་རྒྱུད་བཅས་ཀྱང་བསྩལ། དམིགས་བསལ་བསྟན་པ་དང་འགྲོ་བ་ལ་ཕན་པ་དང༌། །དགེ་འདུན་གྱི་སྡེ་སྐྱོང་བ་སོགས་ཀྱི་དགོས་པའི་ཆེད་དུ་འདུ་ཤེས་སྒྱུར་ནས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང༌། གསུང་རབ་ཀློག་འདོན་བྱེད་པ་དང༌། གཙུག་ལག་ཁང་བཞེངས་པ་དང༌། འདུ་ཤེས་སྒྱུར་ཏེ་གཞན་ལ་ཕྱག་འཚལ་བ་སོགས་བྱས་ཆོག་པ་ནི། འགྲེལ་པ་མཆན་བཅས་ལས། མཆོད་རྟེན་བྱེད་པ་སོགས་དེ་དག་ཐམས་ཅད་བསམ་གཏན་གྱིའམ་ཞེས་པ་ན། དེ་དག་ཐམས་ཅད་ནི་འཇིག་རྟེན་གྱི་བཏགས་པ་རེ་ཐ་སྙད་ལ་བརྟེན་ནས་བདེན་འཛིན་གྱིས་མངོན་པར་ཞེན་པ་མེད་པས་རང་མཚན་གྱིས་བསྒོམ་པ་ལས་མི་གཡེང་ན་དགོས་པའི་དབང་གིས་བྱ་བ་ལ་ནི་འགལ་བ་མེད་དོ་ཞེས་གསུངས་པ་ཡིན་གསུངས་རྒྱ་ཆེར་སྩལ། རྡོ་རྗེ་ཨནྫ་ན་སྒྲུབ་པའི་ལས་ཚོགས་ལ། ལམ་མཐོན་པོ་ལ་གནས་པས་རྫས་ཀྱི་རྣམ་གྲངས་བསགས་ཏེ་ཐོད་པའི་ནང་གི་བདུད་རྩིས་སྦྱངས་པ་པདྨའི་སྐུད་པས་བཅིངས་ཏེ་སྒྱེད་བུ་གསུམ་གྱི་སྟེང་དུ་ཐོད་པར་བཅུག་ན་ས་སྔགས་བཟླ་བ་སོགས་ཀྱིས་སྒྲུབ་པས་མིག་ལ་བྱུགས་ན། མི་མངོན་པ་ལྷའི་གནས་ལ་སོགས་པ་དང་ས་འོག་གི་གཏེར་དང་བལྟས་པའི་མཐོང་བའི་འགྲོ་བ་ཐམས་ཅད་དབང་དུ་བྱེད་པ་ལ་སོགས་པ་འབྱུང་བ་རྒྱལ་བ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་གསུངས། དེ་ཙམ་ལམ་མཐོན་པོའི་སྐད་(༥༦བའོག)ཆ་ཡིན་པས་ང་རང་ཚོ་ལ་དགོས་པ་ཆེར་མེད་ཅིང༌། རེ་ཤིག་དེ་འདྲ་བྱུང་དོགས་མེད་པས་དགོས་པ་མེད་པའི་བསྟན་བཅོས་འཇོག་པོའི་གཙུག་རྒྱན་ལེན་པའི་ཐབས་སྟོན་པའི་བསྟན་བཅོས་དང་འདྲ་ཚུལ་ཞིབ་པར་གསུངས་སོ། །

དེ་ནས་བདུན་པ་རྒྱུད་འདི་ལ་དད་ཅིང་བསྒོམ་པ་ལ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་གནད་རྟོགས་དགོས་པར་གསུངས་པས་ས་བཅད་ཀྱི་འགྲེལ་པར། དེ་ནས་སྡུད་པར་བྱེད་པས་རྒྱུད་ཀྱི་ཆེ་བ་ཉིད་གསལ་བར་བྱ་བའི་ཕྱིར་ཞེས་སོགས་ཀྱི་སྐབས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་ན་རྡོ་རྗེ་བདག་པོ་ལ། རྒྱུད་འདི་ལ་མོས་ཤིང་ཉམས་སུ་ལེན་པ་རྣམས་ཀྱི་ཇི་ལྟར་བྱ་ཚུལ་ནན་གྱི་ཞུས་པ་ལ། དེའི་ལན་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་ཡི་གེ་གསུམ་དང་ལྡན་ན་ཞེས། འདིའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ངག་ཐ་མལ་པ་སྤངས་སྟེ་རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་ལྷན་གྲུབ་ཏུ་འཆར་བ་དང༌། དེ་ལྷ་སྐུར་ལྡང་ནུས་ཀྱང་ཐུགས་ཀྱི་དམ་ཚིག་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བརྟེན་ནས་སྐུ་ཐུགས་དངོས་པོ་གཅིག་ཏུ་འཆར་བ་རྣམས་ཡིན་ཏེ། དེ་གསུམ་གྱི་ནང་དུ་གསང་བ་འདུས་པའི་རྒྱུད་ཀྱི་བརྗོད་བྱ་ཡོངས་སུ་རྫོགས་པ་འདུས་པས། དེ་ཤེས་པ་ལ་རྒྱུད་ཀྱི་མཚན་དོན་ལེའུ་དང་པོའི་འགྲེལ་པར་གསང་བ་ཞེས་པ་དང༌། འདུས་པ་ཞེས་པ་རྒྱ་ཆེར་འཆད་པའི་དོན་ལ་ངེས་ཤེས་འདྲོངས་དགོས་པར་གསུངས་པ་ཡིན་ཏེ། རྗེ་རིན་པོ་ཆེས་འདིའི་དཀྱུས་ཀྱི་མཆན་བུར། རྒྱུད་ཀྱི་མཆོག་འདི་ལ་རྡོ་རྗེ་གསུམ་གྱི་གསང་བ་རྟོགས་པ་དང་ལྡན་ཞེས་པ་ནས། རེ་རེ་ཚུལ་བཞི་བཞིར་བཤད་པ་ལྟར་དུ་གོ་ན་དད་ཅིང་བསྒོམ་པར་གྱུར་པའོ་ཞེས་པའི་བར་གསུངས་པའི་དོན་ལ་གོ་བ་ཡག་པོ་བཙལ་ནས་ངེས་ངེས་ཏག་ཏག་བྱེད་དགོས་ལུགས་རྒྱས་པ་དང༌། དེ་ཚིག་ཉུང་ཡང་དོན་རྒྱ་ཆེ་ལུགས་དཔེར་ན་འདུལ་བ་ལུང་ལས། བི་རྫིའི་བུ་ཞེས་ནོར་ལོངས་སྤྱོད་ཤིན་ཏུ་ནས་ཕྱུག་པ་ཞིག་ཡོད་པ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་བཞུགས་པར་འདོད་ནས་ཉན་ཐོས་རྣམས་ལ་བཅས་པ་(༥༧ན)བསྲུང་དཀའ་ལོད་ཇི་ལྟར་ཡོད་སོགས་དྲིས་པར། ཉན་ཐོས་རྣམས་ཐབས་ལ་མི་མཁས་པས་ཁོ་ལ། དེ་ནི་ཤིན་ཏུ་ཁག་སྟེ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་དགོས་ལུགས་སོགས་བཤད་པས་ཁོ་སྐྲག་སྟེ་ཡིད་ལོག་ནས་བསྟན་པ་ལ་བཞུགས་པའི་བར་ཆད་དུ་གྱུར་བ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཐབས་ལ་མཁས་པས་ཁོ་ལ། ངའི་བསྟན་པ་ལ་ཞུགས་པ་དེ་ཙམ་གྱི་དཀའ་ལས་གང་ཡང་མེད། ལམ་བསླབ་པ་གསུམ་ལ་ཡག་པོ་བསླབ་ཕྱིན་གྲངས་མང་པོ་མི་དགོས་གསུངས་པས་ཁོ་དེའི་ཚིག་ཉུང་པས་བློ་ལ་བབས་ཏེ་བསྟན་པ་ལ་ཞུགས་ཏེ་འབྲས་བུ་ཐོབ་པའི་གཏམ་རྒྱུད་ལྟར་ཡིན་གསུངས་རྒྱས་པར་སྩལ། དེ་ནས་གཉིས་པ་རྒྱུད་འདི་ཤིན་ཏུ་རྙེད་དཀའ་བར་བསྟན་པའི་ས་བཅད་ལ་སྤྱི་དོན་དང༌། ཡན་ལག་གི་དོན་གཉིས་ཡོད་པས། སྤྱི་དོན་སྐོར་མཐའ་གཅོད་རིན་པོ་ཆེར་གསལ་བར་གསུངས་ཤིང༌། ཡན་ལག་འཆད་པའི་སྐབས་ཀྱི་འགྲེལ་པ་ལས་གཞན་ཡང་རྒྱུད་རྙེད་པར་དཀའ་བའི་བསྟན་པར་ཞེས་སོགས་ཀྱི་སྐབས་སུ། དུས་དེ་སྲིད་ཀྱི་བར་སེམས་ཅན་ཐེག་པ་ཆེན་པོ་བ་རྣམས་ཀྱང་དམན་པ་སྟེ་ཞེས་པས། དམན་པ་ནི་ཐེག་པ་དམན་པའི་དོན་དུ་མི་བྱེད་པར་རྒྱུའི་ཐེག་པའམ་ཕར་ཕྱིན་ཐེག་པའི་སྐབས་ལ་བྱེད་ཅིང༌། དེ་ཡང་སངས་རྒྱས་འོད་སྲུང་ལ་སོགས་པ་སྔོན་འདས་པའི་བསྐལ་པ་མང་པོར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་མ་བྱུང་བ་ནི། སེམས་ཅན་དེ་དག་སྦྱིན་པ་དང་ཚུལ་ཁྲིམས་འདོད་ཡོན་ལ་ཆགས་པ་ལམ་བྱེད་དང་བྲལ་བས། ཆགས་པ་ལམ་དུ་བྱེད་པའི་ཐབས་མཁས་ཀྱིས་ཚུལ་ཟབ་མོ་བསྟན་ན་ཤིན་ཏུ་སྐྲག་སྟེ་བློར་མི་ཆུད་པས་དེ་ལྟ་བུའི་སྐལ་བ་མེད་པ་སྟཻ་གདུལ་བྱར་མ་གྱུར་པས་རྡོ་རྗེ་ཐེག་པའི་བསྟན་པ་མ་བྱུང་ཞིང༌། སྙིགས་མ་ལྔ་བདོ་བའི་ཚེ་ལོ་བརྒྱ་པའི་དུས་ཀྱི་འགྲོ་བ་རྣམས་ཀྱིས་འདོད་ཡོན་ལ་ཆགས་པ་ལམ་བྱེད་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་གི་སངས་རྒྱ་བའི་ཐེག་པ་འདི་ལ་མོས་པར་(༥༧བ)གྱུར་པ་མཁྱེན་ནས་སྔགས་ཀྱི་ཐེག་པ་འདི་གསུངས་པ་ཡིན་པས། བོད་སྔ་རབས་ཕལ་ཆེ་བ་ཞིག་གིས་ནི་སྟོན་པ་ཞལ་བཞུགས་པའི་དུས་སུ་སྔགས་ཀྱི་ཐེག་པ་འདི་མ་གསུངས། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་རྗེས་རྒྱལ་བ་རྡོ་རྗེ་འཆང་གིས་རྒྱུད་འདི་གསུངས་པ་ཡིན་ཞེས་མང་པོ་ཞིག་ཀྱང་དེ་དག་གི་རྗེས་སུ་འབྲངས་ནས་སྨྲ་བར་འདོད། ཡང་འགའ་ཞིག་གིས་གསང་སྔགས་ཀྱི་རྒྱུད་འདི་སྟོན་པ་ཞལ་བཞུགས་དུས་མ་གསུངས་བྱས་ན་མི་འགྲིག་དེའི་དུས་རྡོ་རྗེ་འཆང་གིས་གསུངས་པ་ཡིན་ཞེས། བདག་ཅག་གི་སྟོན་པ་དང་རྡོ་རྗེ་འཆང་གཉིས་རྒྱུད་ཐ་དད་པར་བཟུང་ནས་སྟོན་པ་རང་ཉིད་དགེ་སློང་གི་ཆ་བྱད་མཚན་དཔེས་རྒྱན་པ་དེ་ཉིད་སྤྲུལ་སྐུ་དང༌། དེའི་སྤྲུལ་གཞི་ལྷའི་གནས་གཙང་མའི་འོག་མིན་ན་བཞུགས་པའི་རྡོ་རྗེ་འཆང་དེས་གསུངས་པ་ཡིན་ཞེས་བདག་ཅག་གི་སྟོན་པས་མ་གསུངས་པར་འདོད། དེ་ནི་མ་ཡིན་ཏེ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་པ་ནི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་འདི་རང་ཡིན་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ནི། རྒྱུད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་དེ་ཡིན། འཇམ་དཔལ་མཚན་བརྗོད་འདི། རྒྱུད་འདིའི་ནང་ཚན་གནད་ཀྱི་དུམ་བུ་ཞིག་ཡིན། འཇམ་དཔལ་མཚན་བརྗོད་འདིའི་དབུར། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ཞེས་སོགས་དང༌། མཇུག་ཏུ་ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ་ཞེས་འབྱུང་བ་སྒྲ་ཇི་བཞིན་པ་ཡིན་པས་དེ་ལ་འཁྲུལ་གཞི་གང་ཡང་མེད། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཚུལ་བཟུང་ནས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་གསུང་སྐབས་དེ་དང་དུས་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་འཁོར་(༥༨ན)ལོས་སྒྱུར་བའི་རྒྱལ་པོའི་སྐུར་བསྟན་ནས་དུས་འཁོར་རྩ་རྒྱུད་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མང་དུ་གསུངས་པའི་སྐོར་གོང་དུ་གསུངས་པ་དང་འདིར་ཡང་ཞིབ་ཅིང་རྒྱས་པར་གསུངས་སོ།།

 

 

རྒྱུད་འདི་སངས་རྒྱས་ཉིད་ཀྱིས་གསུངས་པའི་སྒྲུབ་བྱེད་བཀོད་པ།

 

དེ་ནས་འོ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་གསུང་བ་པོ་ནི་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་རང་ཡིན་དེའི་སྒྲུབ་བྱེད་ཡང་དག་ནི་རྗེ་རིན་པོ་ཆེས། དེ་བཞིན་འབའ་ཞིག་ཅེས་པ་འདི་ལ་མཆན་རྒྱབ་ནས། དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོ་འབའ་ཞིག་གིས་གསུངས་པ་ཡིན་ནོ་ཞེས་གསལ་བར་གསུངས་པ་ཡིན་ཞེས་གསུངས་དབྱངས་མཐོན་པོས་སྒྲོགས་པར་མཛད་དོ། །དེ་ནས་རྒྱུད་འདི་ལ་བརྟེན་ནས་ཚེ་འདིར་མཆོག་འགྲུབ་པར་བསྟན་པའི་སྤྱི་དོན་གྱི་སྐབས་སུ། དཔལ་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་ཞེས་སོགས་ཀྱི་མཐའ་གཅོད་རིན་པོ་ཆེ་སྒྲོག་པར་གནང་སྟེ། འོད་སྤྱིར་དཔལ་གསང་བ་འདུས་པའི་ལམ་གྱི་གནད་ཤིན་ཏུ་རྟོགས་དཀའ་བའི་བླ་མའི་མན་ངག་ཁོ་ན་ལ་ལྟོས་དགོས་པ་ལས་ལུང་དང་རིགས་པ་ལ་མཁས། རིགས་པ་བཟང་བ་སོགས་ཀྱིས་ཇི་བཞིན་རྟོགས་མི་ནུས་པའི་ཚུལ་ཞིབ་པར་གསུངས་ནས། མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་བ་རྡོ་རྗེ་འཆང་དངོས་སུ་མཇལ་ཡང་དེ་ཕན་ཆད་དུ་གསུང་རྒྱུ་མེད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་མ་ཚང་བ་མེད་པར་གསུངས་ཀྱང༌། དུས་ཀྱི་དབང་གིས་གདུལ་བྱ་རྣམས་བློའི་མཐུ་ཇེ་ཞན་དུ་སོང་བས་དེའི་དགོངས་པ་དཔལ་ལྡན་ཟླ་བས་སླར་ཡང་གསལ་བར་མཛད་ཀྱང་དེས་ཀྱང་མ་ཚིམ་པར། རྗེ་རིན་པོ་ཆེས་གཡོས་ལེགས་པར་སྦྱར་བའི་ཟས་བཞིན་དུ་ཤིན་ཏུ་གོ་བདེ་བར་གསུངས་ནའང་རང་ཅག་རྣམས་དབང་པོ་ཤིན་ཏུ་བརྟུལ་བས་ད་དུང་གོ་མི་ཐུབ་པས་ཚུལ་སོགས་གོང་(༥༨བ)གི་བླ་མའི་མན་ངག་ཁོ་ན་ལ་ལྟོས་དགོས་ཚུལ་དང་སྦྱར་ནས་གསུངས་ཤིང་ངེས་པ་དང་མ་ངེས་པའི་མདོ་བསླབ་བཏུས་སུ་དྲངས་པ་ལས། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་བགྲོད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བཤད་པ་ལ་སོགས་པ་འདི་ནི་ལམ་མྱུར་བུལ་གྱི་ཁྱད་པར་གང་ཞེས་གསུངས་པ་ལ། དེའི་ལན་གསལ་བར་མཛད་ཅིང༌། དེའི་སྙིང་པོ་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུའི་བྱང་སེམས་སོགས་ལ། ལམ་ལ་བགྲོད་པའི་མྱུར་བུལ་གྱི་ཁྱད་ཤིན་ཏུ་ཆེ་བས་འགའ་ཞིག་ལམ་དུ་ཞུགས་ཟིན་ཀྱང༌། བདུད་རིགས་དང་སྡིག་གྲོགས་ཀྱི་དབང་གིས་ལམ་གོང་མར་ཡར་འཛེགས་མི་ཐུབ་པར་བདུད་སྡིག་པའི་གྲོགས་པོ་དེ་དག་གི་དབང་གིས་བསྐལ་པ་ཁྲི་ཁྲག་མང་པོར་མར་འཛར་ནས་ལམ་གོང་མ་ལ་བགྲོད་མི་ཐུབ་པའི་ཚུལ་སོགས་དང༌། ཕར་ཕྱིན་ཐེག་པའི་སྐབས་སུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་པར་བཤད་པ་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ནང་ནས་བརྩོན་འགྲུས་ཤིན་ཏུ་མྱུར་བར་གསུངས་པས་དེའི་དབང་དུ་བཏང་བ་ཡིན་ལ། སྤྱིར་ནི་ཚོགས་གཉིས་རྫོགས་པ་དང་སངས་རྒྱས་ཐོབ་པ་ལ་མྱུར་བུལ་ནི་རང་གི་བླ་མ་ལ་དད་པ་དང་དམ་ཚིག་བསྲུང་བ་ཁོ་ན་ལ་རག་ལས་པས་མཐའ་གཅིག་ཏུ་མ་ངེས་ཏེ། བྱང་སེམས་དབང་པོ་བརྟུལ་པོ་འགའ་ཞིག་བསྐལ་བ་གྲངས་མེད་སུམ་ཅུ་རྩ་བདུན་གྱི་བར་དུ་ཡང་ཚོགས་མ་རྫོགས་པར་ཡང་ཡོད། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟ་བུ་ནི་འཕགས་པ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དད་གུས་ཤུགས་དྲག་པའི་སྟོབས་སྐུ་ཚེ་དེ་རང་ལ་ཚོགས་ལམ་ནས་ས་དང་པོའི་བར་བགྲོད་པར་དངོས་སུ་བསྟན་པ་ལྟར་ཕར་ཕྱིན་ཐེག་པ་ལྟ་བུ་ལའང་བླ་མ་བསྟེན་ཚུལ་ཤིན་ཏུ་མཁས་པ་བྱུང་ན་ནི་སྐད་ཅིག་དང་སྐད་ཅིག་ལ་(༥༩ན)གྲངས་མེད་གསུམ་གྱི་ཚོགས་རྫོགས་པ་ཡོད་ལུགས་དང༌། སེམས་ཙམ་པ་སོགས་དངོས་སྨྲ་བ་རྣམས་ཀྱིས་ཉན་རང་དགྲ་བཅོམ་རང་ལམ་གྱི་འགོག་པའི་མཐའ་ལས་ནམ་ཡང་ལྡང་བར་མི་སྲིད་པར་ཁས་ལེན་པའི་སྟོབས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དྲང་དོན་དགོངས་པ་ཅན་དང༌། ཐལ་འགྱུར་བའི་སྐབས་འདིར་ཉན་རང་སོགས་སེམས་ཅན་ཐམས་ཅད་མཐར་ཐུག་ཐེག་པ་ཆེན་པོ་ལ་ངེས་པར་བཞུགས་ནས་སངས་རྒྱས་དགོས་སྟབས། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པ་ངེས་དོན་སྒྲ་ཇི་བཞིན་པ་དང༌། དེའི་སྟབས་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་དམྱལ་བ་མནར་མེད་དུ་ལྟུང་བ་ལ་དེ་ཙམ་གྱིས་ཐུགས་ཁྲལ་མི་མཛད་ཅིང༌། ཐེག་དམན་གྱི་ལམ་དུ་ལྷུང་ན་དེ་ལས་ཐུགས་ཁྲལ་ཤིན་ཏུ་ཆེ་བ་མཛད་ལུགས། དེའི་རྒྱུ་མཚན་ཡང་དེ་འདྲ་བའི་འགོག་པ་སྟེ་ཞི་བའི་དབྱིངས་ལ་བསྐལ་པ་དུ་མའི་བར་དུ་མཉམ་པར་བཞག་པའི་ཉན་རང་དགྲ་བཅོམ་པ་རྣམས་མཐར་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་བསྐུལ་ཏེ་ཐེག་པ་ཆེན་པོའི་ལམ་ལ་འགོད་པའི་སྐབས་བསྐལ་པ་ཆེན་པོ་བཞི་ཁྲི་ཙམ་གྱི་བར་སྙིང་རྗེ་ཆེན་པོ་འདི་རང་སྐྱེ་མི་ཐུབ་པ་དང༌། ལམ་གྱི་བར་བར་དུ་ཡང་སྔོན་གོམས་པའི་དབང་གིས་ཞི་བའི་མཐར་ལྷུང་ཚུལ་དང༌། འཕགས་པ་ཤཱ་རིའི་བུས་ཐེག་པ་ཆེན་པོའི་ལམ་མ་ཐོབ་པས་ཐུགས་སྐྱོ་ནས་མང་དུ་བཤུམས་པ་ལ་བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་སྟེ་ཤཱ་རིའི་བུ་སངས་རྒྱས་སུ་ལུང་བསྟན་པའི་ཚུལ་སོགས་རྒྱས་པ་དང༌། འདིར་ཕར་ཕྱིན་ཐེག་པའི་ལམ་ལ་རིང་ངེས་བཤད་པ་ཡང་གནས་སྐབས་སུ་ཕར་ཕྱིན་ཐེག་པའི་ས་བཅུའི་འོད་ཟེར་ཆེན་པོའི་དབང་བསྐུར་བའི་བར་བགྲོད་པ་རིགས་ངེས་པར་བྱེད་ཅིང༌། འདིའི་ལུགས་ཀྱི་མཐར་ཐུག་བླ་ན་མེད་པའི་ཐེག་པ་འདི་(༥༩བ)ལ་ལྟོས་དགོས་པར་འདོད་ཀྱང་ཞེས་པ་ལྟར། སངས་རྒྱ་བ་ལ་ངེས་པར་སྔགས་བླ་མེད་ཀྱི་ལམ་ལ་འཇུག་དགོས། ཕར་ཕྱིན་ཐེག་པའི་རང་ལམ་དུ་སངས་རྒྱ་བར་བཤད་པ་ནི་དྲང་དོན་ཡིན་ཞིང༌། དེ་ལ་ལྟོས་དགོས་པའི་རྒྱུ་མཚན་ནི་འཚང་རྒྱ་བ་ལ་གཉིས་སྣང་འཁྲུལ་པའི་བག་ཆགས་ཕྲ་མོ་མ་ལུས་སྤོང་དགོས་ལ། གཉིས་སྣང་ཕྲ་མོ་མཐར་ཐུག་ནི་འཆི་སེམས་ཕྲ་མོ་དང༌། དེའི་གོང་དུ་འབྱུང་རྒྱུའི་སྣང་མཆེད་ཐོབ་གསུམ་སོགས་ཡིན་པས། དེ་དག་སྤོང་བའི་ཐབས་ཕར་ཕྱིན་ཐེག་པའི་སྐབས་མ་ནས་རང་མ་གསུངས། དེ་སྤོང་བ་ལ་ལས་རླུང་ཕྲ་མོ་མཐའ་དག་སྤོང་དགོས། དེ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ཡས་བབས་མས་གཏན་གྱི་དགའ་བཞིས་དྲངས་པའི་བདེ་སྟོང་གི་ཡེ་ཤེས་བསྐྱེད་དགོས། དེ་ལ་གསང་སྔགས་ཀྱི་རྫོགས་རིམ་སྒོམ་དགོས་པའི་ཚུལ་སོགས་ཞིབ་ཏུ་སྩལ། ལུགས་འདིར་ཕར་ཕྱིན་ཐེག་པ་ལ་བརྟེན་ནས་ས་བཅུ་པའི་འོད་ཟེར་ཆེན་པོས་དབང་བསྐུར་བའི་བར་བགྲོད་པ་ཡོད་ཅིང་ས་བཅུའི་རྒྱུན་མཐའི་ཡེ་ཤེས་ཐོབ་པ་མི་སྲིད་དེ། མཚམས་དེར་སླེབས་ནས་དེ་འདྲ་བའི་ས་བཅུ་པ་དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་གི་འོག་མིན་དུ་ཁྲིད་ནས་དབང་བསྐུར་ཏེ་སྔགས་ལམ་ལ་འཇུག །དེ་ལ་ཡང་དབང་གཞིའི་ནང་ནས་བུམ་དབང་དང་གསང་དབང་གཉིས་བསྐུར་མི་དགོས་ཞིང༌། ལམ་བསྐྱེད་རིམ་ཀྱང་བསྒོམ་མི་དགོས་དེར་མ་ཟད་རྫོགས་རིམ་གྱིས་ཡང་མ་དག་པའི་སྒྱུ་ལུས་མན་སྒོམ་མི་དགོས། དེའི་རྒྱུ་མཚན་ནི་དེ་འདྲ་བ་དེས་རང་ལམ་དུ་གྲངས་མེད་གསུམ་གྱི་ཚོགས་བསགས་པའི་འབྲས་བུའི་མཐར་ཐུག་མ་དག་པའི་སྒྱུ་ལུས་ཀྱི་དོད་ཐུབ་པ་ཡིན། འོ་ན་དེ་འདྲ་བའི་ས་བཅུ་པ་བདེ་སྔགས་ལམ་ལ་འཇུག་སྐབས་ལམ་གང་ནས་འཇུག་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་འཇུག་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་འཇུག་དགོས། དེ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་དགོས་ཚུལ་བཅས་གསུང་བཤད་འབྱམས་ཀླས་པར་ཞིབ་ཏུ་གསུངས། མཐའ་གཅོད་ལས་དེ་ལྟར་(༦༠ན)བྱས་ན་ཕར་ཕྱིན་ཐེག་པའི་གདུལ་བྱ་རབ་ཀྱི་རང་གི་ཐེག་པ་དེ་ཉིད་ཀྱིས་ས་བཅུ་པའི་བར་བགྲོད་པས་དེའི་དབང་དུ་བྱས་ནས་གནས་སྐབས་ཀྱི་རིགས་ངེས་པར་བཞག་ལ། ས་བཅུ་པ་སྲིད་པ་ཐ་མ་བའི་འཇུག་ཏུ་ཐེག་པ་བླ་ན་མེད་པའི་ལམ་འོད་གསལ་དང་ཟུང་འཇུག་བསྣན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་ཚུལ་རིམ་ལྔ་སྤྱོད་བསྡུས་དང༌། ལས་མཐའ་རྣམ་འབྱེད་དང༌། གྲོལ་བའི་ཐིག་ལེ་དང༌། མན་ངག་སྙེ་མ་སོགས་གཞུང་མང་པོ་ལ་བརྟེན་ནས་རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་གཏན་ལ་ཕབ་ཡོད་པས་ཤེས་པར་འདོད་ན་དེར་བལྟ་བར་བྱའོ་ཞེས་པའི་དོན་རྣམས་འགྲེལ་བར་མཛད་ནས་གནས་འདི་ཤིན་ཏུ་རྟོགས་དཀའ་བའི་གནས་ཡིན་པས། བདག་ལྟ་བུས་མཐའ་ཆོད་པ་ག་ལ་ཤོད་ནུས་ཀྱང། རྗེ་བདག་ཉིད་ཆེན་པོའི་དགོངས་པ་བསྐང་བའི་ཕྱིར་ཅུང་ཟད་ཙམ་ཞུས་པ་རྣམས་ངེས་ངེས་མཛད་པ་གལ་ཆེ་གསུངས། དེ་ནས་རྗེས་འཇུག་རིན་པོ་ཆེ་ལྟ་བུའི་གདུལ་བྱའི་མྱ་ངན་བསལ་བའི་སྐབས་སུ་སྐད་ཅིག་དང་ཐང་གཅིག་དང༌། མི་འཛུམ་གཅིག་ལ་ཞེས་སོགས་ཀྱི་དོན་ལ་བོད་སྔ་རབས་པ་སོགས་མང་པོས་རྩ་རྒྱུད་འགྲེལ་པ་དང་བཅས་པའི་ལུང་འདི་དང༌། འཇམ་དཔལ་མཚན་བརྗོད་ཀྱི། སྐད་ཅིག་གཅིག་གི་རྫོགས་སངས་རྒྱས་ཞེས་སོགས་ཁུངས་སུ་དྲངས་ནས། ཀུན་རྫོབ་རྒྱ་ཆེན་པོ་ལ་བསླབ་མི་དགོས། ནང་སེམས་ཀྱི་ངོ་སྤྲོད་དེ་ཅི་ཡང་ཡིད་ལ་མི་བྱེད་པར་རྣམ་རྟོག་བཀག་སྟེ་འོད་གསལ་ལ་བཞག་ན་སངས་རྒྱས་པ་ཡིན་ཞེས་པ་དང༌། ཧ་ཤང་མ་ཧཱ་ཡ་ནས་ཀྱང་ལྟ་བ་དེ་ཁོ་ན་འདོད་ཅིང་མཚན་བརྗོད་སོགས་རྒྱུད་དང་མདོ་མང་དུ་དྲངས་པའི་ཚུལ་དང༌། དེ་ལ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མཁས་མཆོག་ཀ་མ་ལ་ཤྲཱི་ལ་དང༌། བོད་ཀྱི་རབ་བྱུང་གི་ཐོག་མ་སྦ་ཡེ་ཤེས་དབང་པོ་གཉིས་ཀྱིས་ལུང་རིགས་དུ་མས་བཀག་སྟེ་ཧ་ཤང་ཚར་བཅད་པའི་ལོ་རྒྱུས་རྣམས་བདེ་ལམ་ཟིན་བྲིས་སུ་གསལ་བ་ལྟར་རྒྱས་པར་གསུངས་ནས། དེ་འདྲ་བྱས་པས་སངས་རྒྱ་བ་ཡོད་པ་མ་རེད། འདིར་ནི་ལམ་ཐུན་མོང་བས་རྒྱུད་སྦྱངས་དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་རིངས་པའི་བྱང་ཆུབ་ཀྱི་སེམས་(༦༠བ)ཤུགས་དྲག་པོས་བསྐུལ་ཏེ་སྔགས་ལམ་དུ་བཞུགས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་དབང་བཞི་རྣམ་པར་དག་པ་བསྐུར། འདི་སྐབས་སུ་ཁས་བླངས་པའི་དམ་སྡོམ་རྣམས་ཚུལ་བཞིན་དུ་བསྲུངས་ནས་ལམ་བསྐྱེད་རིམ་དང༌། རྫོགས་རིམ་ཀྱི་ཡང་མ་དག་པའི་སྒྱུ་ལུས་ཀྱི་བར་རྒྱུད་ལ་སྐྱེས་པས་གདུལ་བྱ་རིན་པོ་ཆེ་ལྟ་བུ་དེ་སྐད་ཅིག་དང༌། ཐང་ཅིག་དང༌། ཡུད་ཙམ་གཅིག་ལ་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལ་འཇུག་ཅིང༌། དེ་ནས་ཀྱང་སྤྱོད་པ་རྣམ་པ་ཀུན་གསུམ་གང་རུང་སྤྱད་དེ་མ་དག་པའི་སྒྱུ་མའི་སྐུ་དེ་ཉིད་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ནས་དག་པའི་སྒྱུ་ལུས་འགྲུབ། དེས་སླར་ཡང་སྤྱོད་པ་རྣམ་པ་གསུམ་གང་རུང་སྤྱད་ནས་ཟུང་འཇུག་གི་སྐུ་འགྲུབ་ཚུལ་སོགས་ཀྱི་དོན་ཡིན་པར་ཞིབ་ཏུ་གསུངས། དེ་ལྟར་སྡུག་བསྔལབའི་ཡིད་ཀྱི་དབང་པོ་དམན་པ་རྣམས་རབ་ཏུ་ངུ་བར་གཟིགས་ཏེ་ཞེས་སོགས་ཀྱི་སྐབས་སུ། འདིའི་དོན་རྣམས་སྔར་གོང་དུ་དྲངས་ཟིན་པའི་འདུས་པའི་རྒྱུད་ཤིན་ཏུ་རྙེད་པར་དཀའ་བའི་ཚུལ་གསུངས་པ་དང་སྦྲེལ་ནས་གོ་དགོས་པས། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་གསང་སྔགས་རྡོ་རྗེ་ཐེག་པ་དུས་ཐམས་ཅད་དུ་གསུངས་པ་ཡིན་ཏེ་མཚན་བརྗོད་ལས། འདས་པའི་སངས་རྒྱས་མང་པོས་གསུངས། ཞེས་སོགས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དག་ཞིང་མཁའ་སྤྱོད་སོགས་སུ་དུས་རྒྱུན་དུ་གསང་སྔགས་ཀྱི་རྒྱུད་གསུངས་བཞིན་པ་ཡིན། འདི་ནས་དེ་ལྟར་སྔགས་ཀྱི་བསྟན་པའི་ཐེག་པ་འབྱུང་དཀའ་བར་གསུངས་པ་ནི་འཛམ་བུ་གླིང་འདིའི་དབང་དུ་བྱས་ཤིང༌། དེ་ཡང་ཙནྡན་ལྟ་བུའི་ཤེས་རབ་དམན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་མང་པོ་དེ་ཙམ་གྱི་བར་དུ་འཛམ་བུའི་གླིང་འདིར་གསང་སྔགས་ཀྱི་བསྟན་པའི་མཚན་ཙམ་ཡང་མ་བྱུང་བའི་ཡིད་སྐྱོ། ཁྱད་པར་རང་རེའི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་འདིར་གསང་སྔགས་རྒྱུད་སྡེའི་བསྟན་པ་དེ་དག་བྱུང༌། རྒྱལ་བ་རྡོ་རྗེ་འཆང་གིས་ཚུལ་བཞིན་དུ་གསུངས་ཀྱང༌། བདག་ཅག་ཙནྡན་ལྟ་བུའི་གདུལ་བྱ་རྣམས་ཀྱི་དོན་དེ་ལ་གོ་བ་ཙམ་ཡང་མ་ཆགས་པར་མ་ཟད་གསང་བའི་ཡེ་གེ་ཙམ་ཡང་ཐོས་པའི་བསྐལ་བ་(༦༡ན)མ་མཆིས་སོ་ཞེས་སྡུག་བསྔལ་གསུམ་སོགས་ཀྱི་གདུངས་སོ་ཞེས་བཤུམས་པ་ལ། རིན་པོ་ཆེ་ལྟ་བུའི་གདུལ་བྱས་མྱ་ངན་དེ་དག་བསལ་བའི་ཚུལ་དང༌། དོན་དམ་པའི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ནི་ངེད་རྣམས་ཀྱི་མ་རྟོགས་སོ་ཞེས་འོད་གསལ་གྱི་དབྱིངས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་ཤིང༌། གསང་བའི་ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་སྟཻ་ཡིག་དོན་དང༌། ཨོཾ་ཨཱ་ཧཱུཾ་གིས་ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་སྟེ་སྤྱི་དོན་དང༌། འཇུག་པ་དང༌། ལྡང་བ་དང༌། གནས་པ་ནི་སྦས་པ་སྟེ་སྦས་པ་གསུམ་གྱི་ནང་ནས་སྣང་བ་སེམས་སྦས་དང༌། ཤེས་རབ་དང༌། ཐབས་དང༌། ཉེ་བར་ཐོབ་པ་གསུམ་ནི་གསང་བ་གསུམ་སྟེ་སྣང་བ་དང༌། མཆེད་པ་དང༌། ཉེར་ཐོབ་གསུམ་ལ་བྱེད་པས་མཐར་ཐུག་ཏུ་བཤད་ཅིང༌། དེ་ཡང་སྣང་མཆེད་ཐོབ་གསུམ་མང་པོར་འབྱུང་བའི་དེ་དག་ལ་མི་བྱེད་པར་རིམ་པ་བཞི་པའི་སྔ་ལོགས་ཀྱི་སྣང་མཆེད་ཐོབ་གསུམ་ལ་བྱེད་ཅིང༌། དེའི་མཐར་ཉེར་ཐོབ་ལས་འོད་གསལ་དུ་འཇུག་པའི་མཐར་ཐུག་གི་དོན་དང༌། དེ་ལ་ཡང་སྒྱུ་ལུས་དང་འོད་གསལ་གྱི་མཐར་ཐུག་གཉིས་ཡོད་པ་ལས། འོད་གསལ་གྱི་མཐར་ཐུག་ཡིན་ཚུལ་ཆེས་ཞིབ་པར་སྩལ་ཡང་དེ་ཙམ་ལས་མ་ངེས་སོ། །

 

 

 

 

 

 

གསང་སྔགས་ཀྱི་ལམ་མཐོན་པོའི་སྐབས་གཉིད་དང་འོད་གསལ་

འདྲེས་ནས་ངོ་བོ་དབྱེར་མེད་དུ་འབྱུང་ཚུལ།

 

གསང་བའི་ཡི་གེ་དོན་དམ་དུ་རྣམ་པར་དག་ཚུལ་ཀྱང་གོང་ལྟར་རྒྱས་པར་གསུངས། དེ་ནས་རྒྱུད་ཀྱི་སྟོན་པ་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་འོད་གསལ་ལ་ཞུགས་ཞེས་པ་ནི། གསང་སྔགས་ཀྱི་ལམ་མཐོན་པོའི་སྐབས་གཉིད་དང་འོད་གསལ་འདྲེས་ནས་ངོ་བོ་དབྱེར་མེད་དུ་འབྱུང་བ་ནི། རྗེ་བཙུན་མི་ལས་མནལ་མཛད་རེས་འོད་གསལ་ལ་ཞུགས་པའི་རྒྱུ་མཚན་དང༌། དེ་ནས་ཚད་མེད་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་སྙིང་རྗེ་ཆེན་པོའི་སྒོ་ནས་ཞུ་བ་གླུས་བསྐུལ་ཚུལ་དང༌། དེ་དག་ཀྱང་ད་ལྟར་དང་མཐུན་པ་ཞིག་བྱུང་ཕྱིན་སྤོང་བར་མི་བྱེད་པར་ཚེ་འདིའི་སྣང་ཤས་ཁ་བྲི་བ་ཙམ་མེད་ཀྱང༌། སྔགས་(༦༡བ)ཀྱི་ཆོ་ག་ངག་ཏུ་འདོན་ཤེས་པ་ཙམ་གྱིས་ཁེངས་ནས་བདག་ཅག་གསང་སྔགས་པ་ཡིན་པས་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་དོ་ཞེས་སྔགས་ལ་སྐད་ནས་ནག་ཆང་སོགས་བག་མེད་དུ་སྤྱོད་པ་ལྟ་བུ་ནི་རང་ཉིད་འདི་ཕྱི་ཀུན་ཏུ་འཕུང་བའི་རྒྱུ་དང་བསྟན་པ་རྨངས་ནས་ཤིག་པའི་སྡིག་པོ་ཆེ་ཡིན་ཚུལ་དང༌། དེར་མ་ཟད་འགའ་ཞིག་དང་ལམ་རིམ་མམ་དེ་མི་ཡོང་བ་འདུག །གསང་འདུས་ལ་ཉམས་ལེན། རྡོ་རྗེ་འཇིགས་བྱེད་ལ་ཉམས་ལེན། བླ་མ་མཆོད་པ་ལ་དགེ་སྦྱོར་ཞིག་རང་བྱེད་ཟེར། དེ་དག་ནི་བླ་མའི་དྲུང་ནས་ཆོས་རྣ་བས་ཐོས་མ་མྱོང་བའི་བླུན་པོ་སྙིང་ཁམས་ཅན་ཡིན་ཚུལ་དང༌། དེ་དག་དང་མི་འདྲ་བར་འདིར་ནི་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི་ཞེས་གསུངས་པ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོ་དེ་རྒྱལ་བའི་ལོ་ཏོག་ཕུན་ཚོགས་སྐྱེ་བ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་ལུགས་སྐོར་ཞིབ་པ་དང༌། དེའི་དོན་བཞིན་འདིར་ཡང་ཚད་མེད་བཞིའི་ངོ་བོར་གྱུར་པའི་ལྷ་མོ་དེ་དག་གིས་སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་ཤུགས་དྲག་པོས་ཀུན་ནས་བླངས་ཏེ་སྟོན་པ་འོད་གསལ་ལས་བཞེངས་ཏེ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་བཟང་པོ་ལ་མ་བཀོད་ན་བདག་ཅག་སྲོག་དང་བྲལ་བ་སྟཻ་བསད་པར་ཁྱད་མེད་ཅེས་ཞུས་ཚུལ་དང༌། དེ་ལྟ་བུའི་སྙིང་རྗེ་ཆེན་པོ་དེ་ཡོང་བ་ལ་ཐོག་མར་རང་ཉིད་ཚེ་འདི་དང་ཕྱི་མའི་སྣང་ཤས་ལྡོག་ཕྱིར་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་ལེགས་པར་སྦྱངས་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་བསྐྱེད་དགོས་ལུགས་དང༌། མདོར་ན་བྱང་ཆུབ་ལམ་རིམ་དང་མ་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་ལ་སློབ་ཚུལ་གཏན་ནས་མེད་གསུངས། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ཞིག་གིས་རྫོང་མཁར་ལ་འཕེབས་ནས་བདེ་ལམ་གྱི་ཁྲིད་ཟླ་བ་གསུམ་གྱི་རིང་འཆད་པས་དེ་རྣམས་ངལ་ཞིང་དུབ་ནས་ད་དེ་ལས་བླ་མ་མཆོད་པའི་ཁྲིད་ཞིག་གནང་དགོས་ཞུས་པར། དཀའ་ཆེན་ནས་འོ་ལམ་ཐུན་མོང་བ་ལ་དེ་ཙམ་ལ་ངལ་ན། ལམ་ཐུན་མོང་བ་དང་ཐུན་མོང་(༦༢ན)མ་ཡིན་པའི་གནད་བསྡུས་པ་འགོ་བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་བར་ཆ་ཚང་བའི་ལམ་གྱི་རིམ་པའི་ཁྲིད་ཞུ་བ་དོན་མེད་ཅེས་བཀའ་བཀྱོན་པའི་ཚུལ་དང༌། མདོར་ན་བྱང་ཆུབ་ལམ་གྱི་རིམ་པ་དེ་དང་ཟུང་དུ་འབྲེལ་ནས་དཔལ་གསང་བ་འདུས་པའི་རྒྱུད་དོན་ལ་འཇུག་ཅིང་ཉམས་སུ་ལེན་པ་འདི་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་གཅིག་དང་དབྱངས་གཅིག་གི་ཚུལ་དུ་ཡོད། རྒྱལ་བ་ཐམས་ཅད་མཁྱེན་པས་གཙོ་མཛད་འདིར་ཚོགས་ཐམས་ཅད་ཀྱིས་དཔལ་གསང་བ་འདུས་པ་སོགས་སྔགས་ཀྱི་ལམ་ལྷ་མོའི་ངོ་བོ་སྤྱན་མ་ལ་སོགས་པ་བཞི་དང་སྙོམས་པར་ཞུགས་ཞེས་པའི་སྐབས་སུ། འདི་རང་རེ་རྣམས་ཀྱི་ད་ལྟ་བསྐྱེད་རིམ་གྱི་སྐབས་སུའང་ཉམས་སུ་ལེན་རྒྱུའི་མན་ངག་ཕྱག་ལེན་ཁྲིག་ཆགས་སུ་མཛད་པ་རྣམས་ཀྱི་དོན་འཆད་རྒྱུ་ཡིན། དེ་ཡང་རྡོ་རྗེ་བཞི་བསྐྱེད་ཚང་བའི་བསྐྱེད་རིམ་ལེགས་པར་བསྒོམས་ཏེ་ཁྱད་པར་བྱིང་རྒོད་གསལ་བའི་སྟེང་འོག་གི་སྣ་རྩེར་ཕྲ་ཐིག་སོགས་ལེགས་པར་བསྒོམ། དེ་ལྟར་བསྒོམས་པས་སྐྱོན་བཟླས་པ་ལ་འཇུག་ཅིང་དེའི་རྗེས་སུ་སྔོན་འབྱུང་ལ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གི་འོད་གསལ་ལ་བཞུགས་པའི་མཛད་པ་དང་མཚུངས་པར་རང་ཉིད་རྗེས་ཞིག་དང༌། རིལ་འཛིན་གཉིས་ཀྱི་ནང་ནས་རྗེས་ཞིག་གི་སྡུད་རིམ་ལ་བརྟེན་ནས་རང་ཉིད་སྟོང་པ་འོད་གསལ་དུ་ཞུགས། དེ་ཡང་འོད་གསལ་སྟོང་པའི་དབྱིངས་སུ་ཡུན་རིང་དུ་གནས་ནས་རང་ཉིད་བདེ་ཡང་སེམས་ཅན་སྡུག་བསྔལ་གྱི་ཉམས་ཐག་པ་རྣམས་ཀྱི་དོན་སྒྲུབ་པ་ལས་ཉམས་པའི་ཉེས་དམིགས་དང༌། དེ་ལས་ལྡོག་པའི་ཕན་ཡོན་ལ་བསམ་ནས། རང་ལ་རང་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་སོགས་ཚད་མེད་བཞིས་བསྐུལ་ནས་འོད་གསལ་ལས་བཞེངས་ཏེ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་བསྐྱེད་དེ། དེའི་གཟུང་རྣམ་ལྷར་ཤར་བའི་སྒོ་ནས་དཀྱིལ་འཁོར་པའི་ལྷ་རྣམས་(༦༢བ)ལ་བསྟོད་པ་དང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་ལས་འདས་པ་ཕུལ་ཏེ་ཡུལ་སྣང་ཐམས་ཅད་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྣམ་པ་དང༌། མིག་སོགས་ས་སྙིང་དང་གཟུགས་རྡོ་རྗེ་མ་སྙོམས་པར་བཞུགས་པའི་བདེ་སྟོང་གི་ཡེ་ཤེས་སྐྱེས་པའི་ལྷ་ཐམས་ཅད་ཚིམ་པར་བསམ། ཕྱག་རྡོར་དང་སྒྲ་རྡོ་རྗེ་མ་ལ་སོགས་པ་རིགས་འདྲ་ཚུལ་དང༌། དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་རང་ཡབ་ཡུམ་ལ་བསྡུས་ཏེ་ཡབ་ཡུམ་སྙོམས་པར་བཞུགས་པའི་སྦྱོར་མཚམས་ནས་ནམ་མཁའི་ཁམས་གང་བའི་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་བཀུག་ནས་དབང་བསྐུར་བའི་ཚུལ་སྤྲོ་བསྡུའི་སྐབས་ལྟར་དང༌། དེ་རྣམས་ཧཱུཾ་ཡིག་ཏུ་གྱུར་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར་པ་རང་ཉིད་ལ་བསྡུ་ཚུལ་ཆོག་སྒྲིག་མན་ངག་བཞིན་དང༌། དེ་ནས་ལེའུ་བཅུ་བདུན་པའི་རྩ་བའི་ས་བཅད་དགུ་པ། འདུས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྤྱིར་བཏང་པ་དང་བྱེ་བྲག་ཏུ་རྡོ་རྗེ་ཆོས་ལ་གཏད་དེ་ཞལ་གྱི་བཞེས་པ་དང༌། དེ་རྣམས་ཀྱི་དོན་རྗེས་འཇུག་རྣམས་ལ་སྦྱར་ཏེ་བཤད་པ་སོགས་ཀྱི་སྐབས་ས་བཅད་འདིའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུའི་འཇུག་ཚང་མ་སྒྲོག་པར་གནང་སྟེ་དེ་དག་གི་དོན་ཞིབ་ཅིང་ཡིད་འཁུལ་བ་དང༌། ཁྱད་པར་རྗེ་བདག་ཉིད་ཆེན་པོས། རེས་འགའ་རྒྱལ་ལ་དམིགས་པའི་དད་པ་དང༌། སྐབས་འགར་ཤིང་རྟ་ཆེན་པོའི་བཀའ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང༌། །ཉམས་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་གསུམ་ཕན་ཚུན་འདྲེན་བཞིན་འཕེལ་བར་གྱུར། །ཞེས་གང་གསུངས་པ་ལྟར་གྱི་དོན་ཐུགས་ལ་མནག་སྟེ། བཀའ་དྲིན་མཚུངས་ཟླ་མེད་པའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་སྤྱན་ཆབ་ཡུན་རིང་པོར་བསིལ་བ་དང་བཅས། རྣམ་(༦༣ན)དཀར་ལས་ཀྱིས་འཕངས་པའི་ལུས་ཐོབ་ཀྱང༌། །ཆོས་འདིའི་མིང་ཙམ་ཐོས་པའི་སྐལ་མེད་མང༌། །གསུང་རབ་མཐར་ཐུག་ཡིན་ཞེས་ཐོས་མོད་ཀྱང། །ཐོས་བསམ་སྒོམ་པས་འཇུག་པའི་སྐལ་བ་མེད། །ཚུལ་འདིར་བཞུགས་ཀྱང་ཇི་བཞིན་མི་རྟོགས་པས། །རིན་ཆེན་གླིང་སོང་སྟོང་པར་ལོག་པའང་མང༌། །ད་ལྟའི་དུས་འདིར་གྲུབ་ཆེན་ཀླུ་སྒྲུབ་ཀྱི། །དགོངས་པ་བསྐོང་བྱེད་དཔལ་ལྡན་འཕགས་པ་ལྷ། །ཀླུ་བྱང་ཤཱཀྱ་བཤེས་གཉེན་ཟླ་གྲགས་ཀྱི། །ལེགས་པར་བཤད་པའི་མིག་སྨན་བསྟེན་པ་ཡིས། །བློ་མིག་རབ་རིབ་སེལ་བའི་བཤད་རྒྱུད་ལྔས། །རྩ་རྒྱུད་བཤད་པའི་གནད་དོན་གསལ་བར་མཐོང༌། །གང་གི་འཕྲིན་ལས་ཟེགས་མའི་ཆ་ཤས་ཙམ། །སྙིང་ལ་ཞུགས་པ་ཡིས་ཀྱང་རྙེད་དཀའ་བ། །ཤིན་ཏུ་སྦས་དོན་ལྷང་ངེར་གསལ་མཛད་པ། །འཇམ་དབྱངས་བླ་མའི་དྲིན་གྱིས་བདག་སྐྱོངས་ཤིག །འདི་འདྲའི་ཐེག་མཆོག་དགའ་སྟོན་མྱོང་བའི་ཚེ། །ལམ་མཆོག་འདི་ཡི་ཉིན་མཚན་མི་འདའ་བར། །ཤིང་གི་སྣོད་དུ་བསྐོལ་བ་ཇི་བཞིན་དུ། །དང་པོ་གང་ཡིན་ཐ་མར་འགྱུར་བ་ཡི། །ཚེ་འདིའི་ཕུན་ཚོགས་ལྷུར་ལེན་སུ་ཞིག་ཡོད། །སྦུན་པ་འཕྱར་ལ་ཀུན་ནས་འབད་པ་བཞིན། །སྙིང་པོ་མེད་པའི་བྱ་བས་གཡེང་གཡེངས་ནས། །དོན་ཆེན་སྒྲུབ་པ་སུ་ཞིག་ཡལ་བར་འདོར། །ཞེས་པའི་ཚིག་རྣམས་གསུང་སྐབས་རེ་ཞིག་གསུང་ཕེབས་མི་ཐུབ་པའི་མཚམས་ཆོད་དེ་སྤྱན་ཆབ་མང་དུ་བསིལ་ཏེ་བཤུམས། བདག་ཅག་རྣམས་ཀྱང་སེམས་སྦྱོང་བས་ཅི་བྱར་གྱུར། དེ་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ཐབས་བླ་ན་མེད་པ་རྣལ་འབྱོར་བླ་མེད་དང༌། དེའི་ནང་ནས་རབ་དང་ཕུལ་དང་རྩེ་མོར་གྱུར་པ་རྒྱུད་སྡེ་ཀུན་གྱི་བླ་མའི་ཡང་བླ་མ་ས་གསུམ་གྱི་སྒྲོན་མེ་ཆེན་པོ། རིན་པོ་ཆེ་ལྟ་(༦༣བ)བུས་གདུལ་བྱས་ཉམས་ལེན་སྙིང་པོར་བྱས་ན་ཚེ་དེ་རང་ལ་ཟུང་འཇུག་སྐུ་བཞིའི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པའི་ཐབས་དམ་པ་དཔལ་གསང་བ་འདུས་པའི་རྒྱུད་འདི་ཉིད་ཡིན་ནའང༌། རང་ཅག་རྗེས་འཇུག་གི་ཚུལ་རྣམས་སྔོན་ཆད་རྣམ་སྨིན་དཀར་བའི་ལས་ཀྱིས་འཕངས་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་རྟེན་བཟང་པོ་ཐོབ་ཀྱང༌། ཆོས་འདི་ལྟ་བུའམ་མཚན་ཙམ་ཡང་ཐོས་པའི་སྐལ་བ་མེད་པ་ཤིན་ཏུ་མང་བའི་ཚུལ་དང༌། ཆོས་འདི་ལ་ཅུང་ཟད་ཐོས་བསམ་སོགས་དགའ་རབ་བྱས་ཀྱང་ཕལ་ཆེར་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་ཏེ་གོ་ས་མཐོན་པོ་དང་ཟས་ནོར་ལོངས་སྤྱོད་གཏམ་སྙན་གྲགས་སོགས་ཐོས་ཨེ་ཡོང་གི་རེ་བ་དང༌། དགྲ་མ་ཐུལ་ཞིང་གཉེན་མ་འཁྱོངས་པ་དང༌། རང་ལ་གཏམ་ངན་སོགས་བྱུང་དོགས་པའི་གཡེང་བའི་ངང་ལ་མི་ཚེ་ཟད་ནས་འགྲོ་བ་དང༌། འགའ་ཞིག་ནི་ཆོས་ཡིད་ཀྱི་གུ་ལའང་མི་དྲན་པར་སྡིག་སྡུག་གཏམ་ངན་ཁྱད་དུ་བསད་ནས་ཆས་ཀ་རང་བསགས། མཐར་རང་ཉིད་ལ་རང་དབང་མེད་པར་རྒྱུ་ནོར་ཐམས་ཅད་དང་གཏན་བྲལ་དུ་སོང༌། རྗེས་འཇུག་རྣམས་ཆས་ཀ་བཟའ་བ་ལ་མ་འཆམ་པའི་འཐབ་རྩོད་སོགས་འབྱུང་ལུགས་དང༌། ཡང་འགའ་ཞིག་ནི་མིའི་གཡོག་པོ་རང་རྒྱུགས་ཏེ་སྡིག་པའི་ལས་འབའ་ཞིག་ལ་སྤྱོད་པས་ཆོས་མེད་པའི་ཁར་ཐ་ན་རང་གི་བསླབ་པ་ཡང་མགོ་མི་ཐོན་ལུགས་སོགས་ཀྱི་ཐོས་བསམ་སྒོམ་གསུམ་ལ་འཇུག་པའི་སྐལ་བ་མེད་པ་མང་ཞིང༌། གལ་སྲིད་ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་བཞུགས་བློ་བྱས་ཀྱང་ཤེས་རབ་དམན་པས་གཞུང་དོན་ཇི་བཞིན་མ་རྟོགས་པས་ཉམས་ལེན་དང་བྲལ་བས། རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་སྟོང་དུ་ལོག་པ་ལྟ་བུ་མང་ལུགས་དང༌། དེ་ལྟ་བུའི་སྙིགས་མའི་དུས་འདིར་ཁོ་བོ་བློ་བཟང་(༦༤ན)གྲགས་པས་གནས་འདི་དག་ལ་ཡུན་རིང་པོའི་བར་དུ་དཀའ་སྤྱད་མང་དུ་བརྟེན་ཅིང༌། བླ་མ་མགོན་པོ་འཇམ་དཔལ་དབྱངས་ལ་ཤུགས་དྲག་དད་པས་སྙིང་ནས་རྒྱུན་དུ་གསོལ་བ་བཏབ་པའི་མཐུ་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྒྱུད་དོན་ཇི་ལྟར་བཀྲལ་བའི་དོན་ལ་ངེས་པ་ཅུང་ཟད་རྙེད་པ་འདི་ཡང་བླ་མའི་བཀའ་དྲིན་ཁོ་ན་ཡིན་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་ཀྱི་དགོངས་པ་བརྙེས་བྱེད་དཔལ་ལྡན་འཕགས་པ་ལྷ་དང༌། ཀླུའི་བྱང་ཆུབ་ཤཱཀྱ་བཤེས་གཉེན། སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པས་ལེགས་པར་བཤད་པའི་མན་ངག་རབ་རིབ་སེལ་བའི་མིག་སྨན་ལྟ་བུ་འདི་དག་ལ་བརྟེན་ནས་བཤད་རྒྱུད་ཆེན་པོ་རྡོ་རྗེ་འཕྲེང་བ། དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ལྷའི་དབང་པོས་ཞུས་པ། ལྷ་མོ་བཞིས་ཞུས་ཏེ་ལྔ་དང༌། འདུས་པའི་རྒྱུད་ཕྱི་མ་ལ་ལ་སོགས་པས་རྩ་བཤད་ཀྱི་རྒྱུ་དོན་རྣམས་ཕྱིན་ཅི་མ་ལོག་པར་གསལ་བར་ལེགས་པར་མཐོང་ཚུལ་དང༌། དེ་དག་གི་དོན་རྣམས་འགྲེལ་བ་བཞི་སྦྲགས་འདིར་ཅུང་ཟད་འཆད་ཐུབ་པ་འདི་ཡང་བླ་མ་མགོན་པོ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ཁོ་ན་ཡིན་པས་སླར་ཡང་རྗེས་སུ་བཟུང་ནས་སྐྱོངས་ཤིག་ཅེས་ཐུགས་སྨོན་མཛད་ཚུལ་དང༌། ལམ་མཆོག་འདི་འདྲ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པའི་མཐུན་རྐྱེན་མཐའ་དག་ཚང་བཞིན་དུ་སྙིང་པོ་གང་ཡང་མེད་པའི་ཚེ་འདིའི་ཕུན་ཚོགས་ལ་ཤི་སྦར་ཐམས་ཏེ་ཆགས་ནས་རང་གར་སྡོད་པ་ནི་གང་དང་འདྲ་ཞེ་ན་ཤིང་ལས་བྱས་པའི་ཁོག་མའི་ནང་དུ་ཐུག་པ་ལ་སོགས་པ་སྐོལ་བ་བཞིན་དུ་མཐར་བློ་ཟད་ཆོས་ཟད་ཀྱི་འདི་ཕྱི་གཉིས་ཀ་མེད་པའི་གཉིས་མེད་སེངྒེ་ལ་འགྲོ་ལུགས་དང་བཅས་ཞིབ་ཅིང་ཡིད་འཁུལ་བར་སྩལ། དེ་ལྟར་རང་ཅག་རྣམས་(༦༤བ)དལ་འབྱོར་གྱི་ལུས་རྟེན་བཟང་པོ་ཐོབ་པར་མ་ཟད། ལམ་མཆོག་དྲི་མ་མེད་པ་འདི་ལྟ་བུ་དང་མཇལ་རྒྱུ་བྱུང་བ་ནི་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཁོ་ནའི་བཀའ་དྲིན་ཡིན། རྗེ་རིན་པོ་ཆེའི་བཀའ་དྲིན་བསམ་ན་རྗེའི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སྙིང་ཐག་པ་ནས་སྒྲུབ་དགོས་པ་ཡིན། རྗེ་རིན་པོ་ཆེ་ལ་ཞལ་ཟས་དང་མར་མེ་ལ་སོགས་པ་ཇི་ཙམ་ཕུལ་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཡན་ལག་ལོས་ཡིན་ཀྱང༌། དེ་ཙམ་གྱིས་གང་ཡང་མི་ཕན། རྗེ་རིན་པོ་ཆེ་ལ་ལྷའི་ཞལ་ཟས་རོ་བརྒྱ་པ་དང་རིན་ཐང་བྲལ་བའི་གོས་ལ་སོགས་པ་ཐུགས་ལ་དགོངས་པ་ཙམ་གྱིས་འབད་མེད་ལྷུན་གྲུབ་དུ་ལོངས་སྤྱོད་རྒྱུ་ཡོད། དེ་བས་རྗེ་བླ་མའི་སྐུ་དྲིན་བསམ་ནས་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་མཐར་ཐུག་པ་ཞལ་འཆེས་ཡི་གེར་བཀོད་ནས་བཞག་པ་འདི་དག་ལ་རྩིས་པོ་ཆེར་བཟུང་ནས་བཤད་སྒྲུབ་རྣམ་པར་དག་པའི་སྒོ་ནས་སྤེལ་ན། རྗེ་རིན་པོ་ཆེའི་དགོངས་པ་ཡོངས་སུ་རྫོགས་ཤིང་ཐུགས་ཀྱི་བཞེད་དོན་འགྲུབ་པ་ཡིན་པས་སྒྲུབ་པའི་མཆོད་པའི་མཆོག་ཏུའང་འགྱུར་ཚུལ་སོགས་བསླབ་བྱ་དང་བཅས་ཏེ་རྒྱས་པར་སྩལ། དེ་ལྟར་བདག་ཅག་རྣམས་ལ་དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་རྗེ་བཙུན་བླ་མ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ནི་རྗེ་བླ་མའི་བསྟན་པ་རིན་པོ་ཆེའི་ཐུགས་ཀྱི་གཏི་པུ་བཅགས་པས། དང་པོ་ཉིད་ནས་འདི་ནང་གི་ཕུན་ཚོགས་ལ་མ་ཆགས་པར་སྐུ་ན་ཕྲ་མོའི་དུས་ནས་ས་མཐའི་དབེན་ཁྲོད་དུ་མར་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་འཕགས་པའི་རིགས་བཞི་ལ་བརྟེན་ནས། ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཟིན་པས་བདེ་ནས་བདེ་བར་གཤེགས་པ་ལ་སྤྱན་(༦༥ན)ཆབ་འབྱིན་པ་སོགས་ཀྱིས་ཐུགས་ངལ་བ་མ་དགོས་ཀྱང༌། རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་མནག་པ་དང༌། ཁྱད་པར་བདག་དང་བདག་འདྲ་བའི་གདུལ་བྱ་བློ་དམན་ཞིང་ང་རྒྱལ་ཆེ་བ། ཆོས་སྒོར་བཞུགས་ནས་མདོ་སྔགས་ཀྱི་ཐོས་བསམ་ལ་ཞུགས་ནས་ཡུན་རིང་པོར་སོང་ཡང་ད་དུང་ཚེ་འདིའི་སྣང་ཤས་ཇེ་འཕེལ་དུ་སོང་བའི་བཤད་སྒྲུབ་ཀྱི་གཟུགས་བརྙན་འཆང་བ་རྣམས་ཀྱི་སྤྱོད་ཚུལ་ལ་དགོངས་པའི་ཐུགས་ཡིད་གཏིང་ནས་སྐྱོ་བའི་སྤྱན་ཆབ་འབྱིན་པར་མཛད་པ་ནི་སེམས་སྐྱོ་བ་ལ་ཚད་ལས་འདས་ཤིང་སྙིང་ལ་ལྕགས་གཟེར་བཏབ་པ་བཞིན་དུ་གྱུར་པས་ད་དུང་ཐུགས་རྗེས་གཟིགས་ཤིག་ཐུགས་རྗེའི་བདག་ཉིད་བླ་མ་རིན་པོ་ཆེ་སྙིང་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

འདིར་སྨྲས་པ། ཨུཏྤལ་འདྲ་བའི་གདུལ་བྱའི་མཐའ་མ་ཁྱོད། ཁ་བཤད་ལབ་ལབ་མང་པོ་མ་བྱེད་པར། །བསྟན་པའི་སྙིང་པོ་མན་ངག་འདི་དག་ལ། །སྙིང་ནས་ཐོས་བསམ་སྒོམ་གསུམ་ལྷུར་བྱོས་ཤིག །དེ་ནས་འདོད་ལྡན་སྙིང་ལ་སྨིན་ལེགས་གཟུགས་ཀྱི་བཞིན། །ཞེས་སོགས་ཀྱི་རྗེ་བླ་མ་ཉིད་ཀྱིས་ལེགས་བཤད་འདི་དག་བརྩམ་པའི་དགེ་མཐུ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་ཐུགས་སྨོན་མཛད་ཚུལ་དང༌། ཁྱད་པར་ཇི་སྲིད་འཛམ་བུའི་གླིང་འདིའི་ས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རི་རྒྱལ་ལྷུན་པོ་གནས་པ་དེ་སྲིད་དུ། ལེགས་བཤད་འདི་ཡང་སྐལ་བཟང་འགྲོ་བ་རྣམས་ཀྱི་མགོན་དུ་འགྱུར་བའི་ཐུགས་སྨོན་དང༌། རྗེ་བླ་མ་རང་ཉིད་ཀྱང་སྐུའི་སྐྱེས་རབས་ཀྱི་འཕྲེང་བ་ཐམས་ཅད་དུ་ལམ་མཆོག་འདི་དང་མི་འབྲལ་ཞིང༌། ལེགས་ཚོགས་ཀུན་གྱི་རྩ་བ་བཤེས་གཉེན་དམ་པས་རྗེས་སུ་བཟུང་ཏེ་མཉེས་པ་གསུམ་གྱི་མཉེས་པར་བྱས་ནས་མདོ་སྔགས་ཀྱི་ལམ་ལ་འཇུག་པ་སོགས་ཀྱི་ཐུགས་སྨོན་མཛད་ཚུལ་སོགས་ཞིབ་ཅིང་རྒྱས་པར་གསུངས། དེ་ནས་ལེའུ་བཅུ་བདུན་པར་རྩ་བའི་ས་བཅད་གསུམ་ཡོད་པའི་གཉིས་པ་ལེའུ་སྔ་ཕྱིའི་མཚམས་སྦྱོར་ལ་ཡང༌། མཚམས་སྦྱར་ནས་བསྟོད་ཅིང་གསོལ་བ་གདབ་པ། (༦༥བ)བསྟོད་པ་ལ་སྟོན་པ་དགྱེས་ནས་གསུང་བ་མངོན་དུ་ཕྱོགས་པ། གསོལ་བ་བཏབ་པའི་དོན་བཤད་པ། འདུས་པའི་དོན་འཆད་པའི་རིམ་པ་འབྱུང་ཚུལ་དང༌། མཇུག་སྡུད་དང་བཅས་པ་ལྔ་ཡོད་པ་ལས། བཞི་པ་འདུས་པའི་དོན་འཆད་པའི་རིམ་པ་ཇི་ལྟར་འབྱུང་ཚུལ་ལ་བཞི། རྡོ་རྗེ་སློབ་མས་སློབ་དཔོན་ལ་ཇི་ལྟར་ཞུས་པ། ཞུས་པའི་ལན་བཤད་པ། དེ་ན་ཐེ་ཚོམ་སྤངས་ཏེ་རང་གཞན་གྱི་གྲུབ་པའི་མཐའ་མཆོག་དམན་ངེས་པར་བྱ་བ། རྒྱུད་ཀྱི་གཞུང་ཉེ་བར་བསྡུ་བ་བཅས་བཞི་ཡོད་པ་ལས།

དང་པོ་སྟོན་པ་ལ་དྲི་བ་ཞུས་པ་ཞེས་པའི་ཞུ་བ་པོ་ནི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་རང་ཉིད་ཡིན་ཏེ། དེ་ཡང་རང་གིས་རང་ལ་དོགས་པ་བཀོད་དཻ་དྲི་བ་ཞུས་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་པ་བུདྷ་པ་ལི་ཏའི་རབ་བྱེད་ཉེར་བདུན་གྱི་ལེའུ་དོན་ཕལ་ཆེར། དོན་ཚན་རེ་རེ་བཞིན་ནས་རང་གིས་རང་ལ་དོགས་པ་བཀོད། དེ་ལ་རང་གི་ལན་བྱས་པ་དང་ཚུལ་མཚུངས་ཞེས་ཞིབ་ཏུ་གསུངས་པ་དང༌། ཚུལ་ཇི་ལྟར་དུ་དྲི་བ་ཞུས་པ་ནི་དྲི་བ་ལན་གསུམ་ཞུས་པས། དང་པོ་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འདིའི་དོན་མཐའ་དྲུག་གི་སྒོ་ནས་འཆད་པ་ལ། རྒྱན་གྱི་ཕྱོགས་པའི་སྔགས་པ་རྣམས་ཀྱིས་བསྐྱེད་རིམ་སྐུ་གསུམ་ལམ་ཁྱེར་དང་ཕྲ་ཐིག་སྒོམ་ལུགས་སོགས་རྟོགས་དཀའ་བ་དང༌། དེ་ནས་རྫོགས་རིམ་ལམ་རིམ་པ་ལྔའི་དབེན་པ་གསུམ་དང་བདེན་པ་གཉིས་ཀྱི་ནང་ནས་སློབ་པ་མཐའི་འོད་གསལ་གྱི་སྒོར་རྟོགས་དཀའ་ཞིང༌། གལ་ཏེ་བླ་མའི་མན་ངག་ལ་བརྟེན་ནས་དེ་དག་གི་དོན་རྟོགས་སུ་ཟིན་ཀྱང། ཟུང་འཇུག་སོགས་ཀྱི་ཆ་མཐའ་དག་རྟོགས་པར་དཀའ་བས་ཚུལ་དེ་ཇི་ལྟར་ཡིན་ལུགས་དྲི་བ་གཉིས་པ་ལ། དེའི་ནང་ནས་ཆེ་བའི་ཁྱད་ཆོས་བདུན་ཏེ། བདེན་འཛིན་གྱི་རྟོག་པ་ཟད་པར་སྤངས་པ་དང༌། སོ་སོ་རང་གི་རིག་པའི་ཡེ་ཤེས་ཏེ་ཀུན་མཁྱེན་ཡེ་ཤེས་ཁོ་ནའི་མངོན་གསུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ལས། ཚངས་པ་དང་དྲག་པོ་ལ་སོགས་པ་དང༌། ས་བཅུ་པ་མན་གྱིས་(༦༦ན)མཐོང་མི་ཐུབ་པའི་ཚུལ་ཞིབ་པ་དང༌། རང་གི་ངོ་བོ་དང་གྲུབ་ཚུལ་མཐའ་དག་ཕྱིན་ཅི་མ་ལོག་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་དང༌། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་གང་དུ་འཇོག་པའི་སྣོད་ལ་ཟ་མ་ཏོག་ཅེས་ཟེར་བ་ལྟར་རང་ཉིད་ཉམས་སུ་ལེན་པའི་སྒྲུབ་པ་པོའི་གཟུགས་ཕུང་ནི་རིན་པོ་ཆེའི་ཟ་མ་ཏོག་དང་འདྲ་ཞིང་དེའི་ནང་དུ་ཟུང་འཇུག་སྒྱུ་མའི་སྐུ་དེ་ཉིད་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་དང༌། འདི་ནི་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་ཞེས་པས་རྡོ་རྗེའི་སྐུ་ཡིན་ཚུལ་ཞིབ་པ་དང༌། ཡོད་པ་སྲིད་མཐའ་དང༌། མེད་པ་ཞི་མཐའ་སྟེ་སྲིད་ཞི་གཉིས་ཀྱི་མཐར་མི་གནས་པས་ཕྱོགས་གཉིས་དང་བྲལ་བ་དང༌། འདི་ཡང་ཕར་ཕྱིན་ཐེག་པའི་ཚུར་རོལ་ཕ་རོལ་མཐའ་ལ་མིན། ཞེས་པའི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་མི་འདྲ་བ། ཡོད་པ་སྟཻ་སྲིད་པ་འཁོར་བ་ལས་འདས་ཤིང༌། མེད་པ་སྟེ་ཆད་པ་ཞི་བའི་མཐའ་སྤངས་ཏེ་དུས་འཁོར་བ་ཇི་སྲིད་གྱི་བར་དུ་འགྲོ་བའི་དོན་ལ་རྒྱུན་མི་ཆད་དུ་མཛད་པ་སྟོན་གསུངས། རྒྱུད་ཀྱི་ཡི་གེའི་ཚིག་ཟིན་དང༌། དེའི་དོན་མཐའ་དྲུག་གིས་འཆད་པའི་རྗེས་སུ་འབྲང་བ་རྣམས་དང༌། ཁྱད་པར་བརྒྱུད་ལྡན་བླ་མ་དམ་པའི་མན་ངག་དང་མི་ལྡན་པའི་རྟོག་པ་རྣམས་ཀྱིས་དུས་བསྐལ་བ་བརྒྱ་ཕྲག་མང་པོའི་བར་དུ་ཇི་ཙམ་བརྟགས་ཤིང་དཔྱད་ཀྱང་ཚུལ་བཞིན་རྟོགས་མི་ནུས་པ་སྟཻ། དེའི་ཡུལ་མ་ཡིན་པ་དང༌། དེའི་རྒྱུ་མཚན་ནི། ལམ་འདིའི་མཐར་ཐུག་གི་ཐོབ་བྱའི་འོད་གསལ་དང་སྒྱུ་ལུས་ཟུང་དུ་འཇུག་པའི་གོ་འཕང་འདི་ཉིད་ཡིན་པས་སྔར་གོང་དུ་ལན་མང་དུ་བཤད་པ་ལྟར་ད་ལྟའི་རྒྱུད་པ་རྣམས་ཀྱི་རྒྱུད་ཊིཀ་ཏུའང་སྐབས་དང་ལེའུ་རེ་རེ་བཞིན་ནས་འོད་ཟུང་གཉིས་ལ་གོ་བ་ལེགས་པར་མ་ཆགས་ན་རྒྱུད་འདི་ལ་འཆད་ཉན་ཐོས་བསམ་བྱས་པའི་དགོས་པ་གང་ཡང་མ་གྲུབ་ཅེས་རྒྱས་པར་གསུང་ལུགས་དང༌། དེ་ལྟ་བུའི་ཟུང་འཇུག་དེ་ཡང་སྐབས་འདིར་མན་ངག་གཏེར་ནས་བཏོན་(༦༦བ)པའམ་བློ་བུར་དུ་ལྷ་འདྲེ་སོགས་ཀྱི་ལུང་བསྟན་ནས་གྲུབ་པ་ལྟ་བུ་མ་ཡིན་པར། སྔར་ལེའུ་དང་པོའི་སྐབས་རང་ནས་འདིའི་གཞི་གཏིང་ནས། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་བསྐྱེད་ཅིག་གསུངས་ནས། བསྐྱེད་རིམ་གྱི་སྐབས་སུ་རྡོ་རྗེ་གསུམ་ངོ་བོ་དབྱེར་མེད་དུ་བསྒོམ་ལུགས་ཙམ་གསུངས་ནས། རྫོགས་རིམ་གྱི་སྐབས་སུ་རླུང་ངག་དབྱེར་མེད་དང༌། རླུང་སེམས་འཇུག་པ་གཅིག་པའི་རྡོར་བཟླས་ཀྱི་རིམ་པ་སོགས་ལ་བསླབ་ཚུལ་དང༌། དེ་ནས་མཐར་ཤིན་ཏུ་ཕྲ་བའི་ལུས་ཏེ་རླུང་དང༌། ཤིན་ཏུ་ཕྲ་བའི་སེམས་གཉིས་དབྱེར་མི་ཕྱེད་པའི་སྐུ་ཐུགས་དངོས་པོ་གཅིག་པའི་ཟུང་དུ་འཇུག་པའི་སྐུ་སྟཻ། ཟུང་འཇུག་འདི་ཤིན་ཏུ་གོ་དཀའ་ཞིང་རྟོགས་པར་དཀའ་བས་རྟོག་གེའི་བློར་མི་ཤོང༌། དེ་ཡང་རླུང་ཤིན་ཏུ་ཕྲ་བའི་ལུས་བེམ་པོ་དང༌། སེམས་གཅིག་ཏུ་འདྲེས་པ་འདི་བེམ་ཤེས་ངོ་བོ་དབྱེར་མེད་གཅིག་ཏུ་འདྲེས་པའི་ཚུལ་འདི་རྟོག་གེ་པ་རྣམས་ཀྱི་བློར་མ་རང་ནས་མི་ཤོང་པའི་ཚུལ་ཞིབ་ཆ་དང་བཅས་རྒྱས་པར་སྩལ། རྩ་རྒྱུད་ཀྱི་དོན་མཐའ་དྲུག་དང༌། ཚུལ་བཞི་དང༌། བཤད་རྒྱུད་ལ་བརྟེན་ནས་ལེགས་པར་འཆད་ཤེས་པའི་བླ་མའི་མན་ངག་འབའ་ཞིག་ལས་ཤེས་དགོས་པ་སྟེ་ཁྱད་ཆོས་བདུན་དང་ལྡན་པའི་ཟུང་འཇུག་དེ་ཉིད་རྒྱུད་ཀྱི་བརྗོད་བྱའི་མཐར་ཐུག་པར་བསྟན་པ་འདི་ཤིན་ཏུ་རྟོགས་དཀའ་བའི་ཚུལ་ཇི་ལྟར་ཡིན་པ་དང༌།

དྲི་བ་གསུམ་པ་ནི། དོན་དེ་དག་ཚུལ་བཞིན་གསུང་བའི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་དང༌། བསྡུད་པ་པོ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་གདུལ་བྱ་སྐལ་དམན་རྣམས་ཀྱི་སྣང་ངོར་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་ཏེ་ཞལ་མ་བཞུགས་པའི་སྐབས། རྒྱུད་འགྲེལ་པ་དང་བཅས་པ་འདི་དག་སུ་འདྲ་ཞིག་གིས་སྟོན། དེའི་དོན་རྣམས་གདུལ་བྱའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཇུག་པར་འགྱུར་ཚུལ་ཇི་ལྟར་ཡིན་ཞེས་དྲི་བའི་ཚུལ་མཛད་པ་ལ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་རང་ཉིད་ཀྱིས་(༦༧ན)ལན་མཛད་པའི་ཚུལ་ལ་གསུམ་ཡོད་དཻ། འདི་དག་ལ་སོགས་པའི་གསུང་རབ་ཟབ་མོའི་དོན་མཐའ་དག་འཆད་པ་ལ་མགོན་པོ་ཀླུ་སྒྲུབ་ནི་རྒྱལ་བ་རང་ཉིད་དང་མཚུངས་པར་རྒྱལ་བས་ལུང་བསྟན་པའི་ཚུལ་དང༌། རྒྱུ་མཚན་དེས་ན་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་སོགས་རྒྱུད་པའི་བླ་མ་རྣམས་ཀྱིས་དཔལ་གསང་བ་འདུས་པའི་དོན་ཟབ་མོ་ཚུལ་བཞིན་སྟོན་ཅིང་གདུལ་བྱ་འགྲོ་བ་རྣམས་ཀྱི་རྒྱུད་ལ་འཕོ་བར་བསྟན་པ། ཀླུ་སྒྲུབ་རང་ཉིད་ཀྱང་སྐུ་ཚེ་དེ་རང་ལ་མཆོག་གི་དངོས་གྲུབ་བརྙེས་ནས་བདེ་བ་ཅན་དུ་གཤེགས་པའི་ཚུལ་གྱིས་ལན་གསུམ་མཛད་པས། དང་པོའི་སྐབས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་རང་ཉིད་ཞིང་འདིར་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེ་དྷེའི་ཡུལ་དུ་སྐུ་འཁྲུངས་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པར་འགྲེལ་པ་འདི་ནས་དངོས་སུ་བཤད་པ། ལང་ཀར་གཤེགས་པའི་མདོ་དང༌། འཇམ་དཔལ་རྩ་རྒྱུད། རྔ་བོ་ཆེའི་མདོ། སྤྲིན་ཆེན། གསེར་འོད་དམ་པ་སོགས་མདོར་ན་འཕགས་པའི་ཡུལ་གྱི་མཁས་པ་རྣམས་ལ་མགོན་པོ་ཀླུ་སྒྲུབ་ལུང་སྟོན་པའི་མདོ་བརྒྱ་རྩ་གཅིག་ཡོད་པར་གྲགས་པའི་ཚུལ་སོགས་ཞིབ་པ་དང༌། དེ་ལྟར་ལུང་བསྟན་པའི་དོན་ལྟར་སངས་རྒྱས་མྱ་ངན་འདས་ནས་ལོ་བརྒྱ་ལོན་པ་ན་ཆོས་རྒྱལ་མྱ་ངན་མེད་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དམ་ཆོས་འདུལ་བའི་བསྟན་པ་རྨང་ནས་གསོས་ཏེ་དར་བར་མཛད་པ་དང༌། རྒྱལ་པོ་མ་སྐྱེས་དགྲའི་རྟེན་སྐལ་སངས་རྒྱས་ཀྱི་རིང་སྲེལ་བཞུགས་པའི་མཆོད་རྟེན་བརྒྱ་རྩ་གཅིག་འཛམ་བུ་གླིང་གི་གནས་ཀུན་ཏུ་མཚན་མོ་གཅིག་ལ་བཞེངས་པ་སོགས་ལོ་རྒྱུས་རྒྱས་པ་དང༌། དེ་ནས་རྒྱལ་པོ་དེའི་སྐུ་ཚེའི་མཐའ་ལ་ཐུག་པ་ན་བློན་པོ་རྣམས་ཀྱིས་རྒྱལ་པོ་རྗེས་མའི་(༦༧བ)ཕྱོགས་བཟུང་སྟེ་ཆོས་རྒྱལ་མྱ་ངན་མེད་རིམ་འགྲོས་མ་འཁྱོངས་པར་མྱ་ངན་ལས་འདས་པ་ན་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཕལ་ཆེར་ནུབ་སྟཻ་མིང་ཙམ་དུ་གྱུར་པའི་སྐབས། ལྷོ་ཕྱོགས་བེདྷའི་ཡུལ་དུ་བྲམ་ཟེ་ཆེན་པོ་རིགས་རུས་སྟོབས་དང་ལྡན་པའི་སྲས་སུ་མགོན་པོ་ཀླུ་སྒྲུབ་སྐུ་བལྟམས། བྲམ་ཟེ་རྣམས་ཀྱིས་རིག་བྱེད་ལ་བརྟགས་པས་ཞག་བདུན་གྱི་སྐུ་ཚེ་ལས་མེད་པར་བྱུང་བས། རིམ་གྱི་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དང་པཎྜིཏ་ལྔ་བརྒྱ་དང་དགེ་སློང་དགྲ་བཅོམ་པ་རྣམས་ལ་བསྙེན་བཀུར་བྱས་ན་སྐུ་ཚེ་ལོ་བདུན་ཐུབ། དེ་ཕན་ཆད་གང་བྱས་ཀྱང་སྐུ་ཚེ་ཟད་པའི་བྱ་ཐབས་མེད་ཚུལ་གྱིས་ལུང་བསྟན་བྱུང་བ་ན། ཡབ་ཡུམ་སོགས་ཀྱི་སྲས་དེའི་སྐུ་ཚེའི་འདུ་བྱེད་གཏོང་བ་ལ་བལྟ་བར་མ་བཟོད་ནས་ཡུལ་འཁྱམ་དུ་བཏང་བར་རིམ་གྱི་བྱོན་ཏེ། དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བྲམ་ཟེ་སྒྲ་གཅན་འཛིན་ནམ་མཚན་གཞན་སློབ་དཔོན་ཆེན་པོ་དཔལ་ལྡན། ས་ར་ཧ་དང་མཇལ་ཏེ་རྒྱུ་མཚན་རྣམས་ཞུས་པ་ན། ཁྱོད་རང་ཆོས་བྱེད་ནུས་ན་ཚེ་ལ་སྐྱོན་མེད་གསུངས། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་དབང་བསྐུར་བས། སློབ་དཔོན་གྱིས་སྐུ་ཚེའི་རིག་འཛིན་བརྙེས་ཏེ་དགུང་ལོ་དྲུག་བརྒྱ་ཙམ་བཞུགས་པ་ཡང་རྒྱུ་མཚན་དེ་ལྟར་ཡིན་པ་དང༌། དེ་ནས་རིག་པའི་གནས་རྣམས་ལ་མཁས་པར་སྦྱངས་ཏེ་སློབ་དཔོན་ཆེན་པོ་ས་ར་ཧ་ལྷོ་ཕྱོགས་དཔལ་གྱི་རིར་གཅོད་པ་ལ་གཤེགས་པའི་སྐུ་ཚབ་ཏུ་དཔལ་ན་ལེནྡྲའི་མཁན་པོ་མཛད། དེའི་སྐབས་པཎྜི་ཏ་ཆེན་པོ་ཞིག་གིས་དགེ་འདུན་གྱི་ནང་ཁྲིམས་བཤིག་སྟཻ་ཆང་བཞེས་ཏེ་སློབ་དཔོན་གྱིས་གནས་ནས་ཕྱུང༌། པཎྜི་ཏ་དེས་གྲུབ་རྟགས་བསྟན་པས་སློབ་དཔོན་གྱི་ཐུགས་ལ་འགྱོད་པ་བྱུང་ལུགས་དང༌། དེ་ནི་དཔེར་ན་ཇོ་བོ་(༦༨ན)ཆེན་པོ་བི་ཀཱ་མ་ལ་ཤྲཱི་ལར་བཞུགས་སྐབས་མངའ་བདག་མཻ་ཏྲི་པ་ཆེན་པོས་དགེ་འདུན་གྱི་ནང་ཁྲིམས་བཤིག་པར་བརྟེན་གནས་ནས་ཕྱུང་བར་སྡིག་པ་དག་ཕྱིར་རྗེ་བཙུན་མའི་ལུང་བསྟན་ནས་བོད་གངས་རིའི་ལྗོངས་སུ་ཕེབས་ནས་སློབ་མ་ཨུ་པ་སི་ཀ་ཞིག་རྗེས་སུ་བཟུང་ན་སྒྲིབ་པ་དག་ཚུལ་དང་མཚུངས་པར་འོག་ནས་འབྱུང་བ་ལྟར། སློབ་དཔོན་གྱིས་ཀླུ་ཡུལ་དུ་ཕེབས་ཚུལ་དང༌། དེའི་སྐབས་ཡུལ་དེར་ལོ་བཅུ་གཉིས་ཀྱི་བར་ཆར་གཏན་ནས་མ་བབས་པར་རྟེན་མུ་གེ་ཆེན་པོ་བྱུང༌། སློབ་དཔོན་གྱིས་བྱ་ཐབས་གཞན་མ་རྙེད་པར་རྒྱ་མཚོའི་གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ། གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ནས་གསེར་མང་དུ་བྱུང་བ་རྣམས་ཀྱིས། མུ་གེ་མེད་པའི་ཡུལ་གཞན་ནས་འབྲུ་ལ་སོགས་པ་སྒྲུབ་སྟེ་ལོ་དེའི་བར་ན་ལེནྡྲའི་དགེ་འདུན་རྣམས་འཚོ་བས་ཕོངས་པ་མེད་པའི་ཡོ་བྱད་སྦྱར། དེ་ནས་ཆར་བབས་ཏེ་ཡུལ་ཐམས་ཅད་དུ་བསོད་སྙོམས་ལ་ཕེབས་པས་དགེ་འདུན་རྣམས་ཀྱིས་ཡུལ་མི་ཕལ་ཆེར་མུ་གེས་ཤི་བའི་རུས་པ་མཐོང་ནས་རྒྱུ་མཚན་དྲིས་པ་ན། སློབ་དཔོན་གྱི་གསེར་འགྱུར་གྱི་རྩི་སྦྱང་ཏེ་ཚོང་བྱས་ནས་ཐོས་ནས་དགེ་འདུན་རྣམས་ཀྱི་ཁོག་ཏུ་རྗེ་བཙུན་མ་སྒྲོལ་མ་ཞུགས་ཏེ་སློབ་དཔོན་ལ་སྙད་ཀ་བྱས་ཏེ་ལོག་འཚོ་ལ་སྦྱར་ཚུལ་བྱས་པར། སློབ་དཔོན་ཐུགས་མ་བདེ་ནས་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ཀླུའི་ཡུལ་དུ་ཕེབས་ནས་ཀླུ་འབྱིན་ལས་གྲུབ་པའི་མཆོད་རྟེན་མང་པོ་བཞེངས་ན་ལོག་འཚོར་སྦྱར་བའི་སྡིག་པ་དག་པར་བསྐུལ་བས་ཀླུའི་ཡུལ་དུ་ཕེབས་ནས་ཆོས་རྒྱ་ཆེར་བསྟན། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཀླུ་ཡུལ་ནས་གདན་དྲངས། དེ་ཞབས་ཀྱི་དུམ་པ་ཀླུའི་(༦༨བ)རྟེན་སྐལ་ལ་འཇོག་པ་གནང་བ་སོགས་རྒྱས་པར་གསུངས། དེ་ནས་ལོ་ཉིས་བརྒྱ་ཙམ་བྱང་སྒྲ་མི་སྙན་ལ་འགྲོ་དོན་ལ་ཕེབས་ལུགས་དང༌། སླར་ཡང་མཆོག་གི་དངོས་གྲུབ་སྒྲུབ་དགོས་པའི་ལུང་བསྟན་བྱུང་བ་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་ལོ་ཉིས་བརྒྱའི་བར་དུ་མཚམས་བཅད་དེ་སྒྲུབ་པ་མཛད་པ་ན་མཆོག་གི་དངོས་གྲུབ་བརྙེས་ཚུལ་དང༌། མཐར་རྒྱལ་པོ་བདེ་སྤྱོད་བཟང་པོའི་སྲས་དང་དེའི་ཡུམ་ལ་བདུད་ཞུགས་ཏེ་སྲས་ཀྱི་སློབ་དཔོན་གྱི་དབུ་གཞན་གྱིས་མ་ཆོད་པར་རྩ་ཀུ་ཤའི་ཉག་མས་བཅད་དེ་སྐུ་གཤེགས་ཚུལ་དང༌། དེ་ནི་ལས་ཀྱི་རྣམ་པར་སྨིན་པ་བདག་གིར་མཛད་པ་སྟེ། དེ་ཡང་སློབ་དཔོན་རང་གིས་སྐུ་ཚེ་དེར་རྩའི་གསེབ་ཏུ་ཕེབས་སྐབས་རྩ་ཀུ་ཤའི་ཉག་མས་འབུ་ཞིག་གི་སྐེ་བཅད་ནས་ཤི་བས་རྣམ་སྨིན་བྱུང་ཚུལ་དང༌། གཞན་དུ་སློབ་དཔོན་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ས་ར་ཧ་དང་ཀླུའི་བྱང་ཆུབ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ལ་ད་ལྟའི་བར་དུ་ཡང་བཞུགས་པར་གསུངས་པ་སོགས་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །ཞེས་སྐབས་འདིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་རྒྱས་པར་འཆད་དགོས་པ་ཡིན་ཞེས་རྒྱས་པར་གནང་ཡང་དེ་ཙམ་ལས་མ་བཀོད་དོ། །

 

 

 

 

 

 

མགོན་པོ་ཀླུ་སྒྲུབ་ནས་བཟུང་བརྒྱུད་པའི་བླ་མ་རྣམས་ཀྱིས་འདུས་པའི་

དོན་ཟབ་མོ་སྟོན་ཅིང་གདུལ་བྱའི་རྒྱུད་ལ་

འཕོ་བར་བསྟན་པའི་སྐོར།

 

ལན་གཉིས་པ་མགོན་པོ་ཀླུ་སྒྲུབ་ནས་བཟུང་རྒྱུད་པའི་བླ་མ་རྣམས་ཀྱིས་འདུས་པའི་དོན་ཟབ་མོ་སྟོན་ཅིང་གདུལ་བྱའི་རྒྱུད་ལ་འཕོ་བར་བསྟན་པའི་སྐབས་སུ། དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཁས་པ་དང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་དང་ཁྱད་པར་མེད་པའི་བྱ་བ་རྒྱ་ཆེན་པོ་མཛད་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་འཛམ་བུ་གླིང་འདིར་ཆོས་ཀྱི་སྒྲ་དབྱངས་ཆེན་པོ་ལན་གསུམ་བསྒྲགས་ཞེས། དང་པོར་འདུལ་(༦༩ན)བའི་བསྟན་པ་ལོག་པར་བཞུགས་པའི་ཚུལ་འཆལ་གྱི་རིགས་སོགས་མཐའ་དག་གནས་ནས་བསྐྲད་དེ་འདུལ་བའི་བསྟན་པ་རིན་པོ་ཆེ་རྨང་ནས་གསོས་ཏེ་གཞི་ཚུགས་པས་ཚུལ་དེ་དག་ལ་བྱེད་དགོས་ལུགས་དང༌། གཉིས་པ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཟབ་མོ་དབུ་མའི་ལྟ་བ་ལྟ་བའི་ཚུལ་རྒྱས་པར་མཛད་ཚུལ་དང༌། གསུམ་པ་ནི་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་སྐྱེས་བུ་འབྲིང་དང་ཆེན་པོའི་སྐོར་ལུང་གིས་བསྒྲུབ་པ་ལ། མདོ་ཀུན་ལས་བཏུས་པ་དང༌། རིགས་པའི་སྒོ་ནས་བསྒྲུབ་པ་ལ་རིན་ཆེན་འཕྲེང་བ་གཙོ་བོར་གྱུར་པའི་དབུ་མ་རིགས་པའི་ཚོགས་དྲུག་ལ་སོགས་པ་མཛད་ཚུལ་དང༌། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ལུང་གིས་སྒོ་ནས་སྟོན་པ་ལ། སྐྱེ་བོ་གསོ་ཐིགས་དང༌། ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ་སོགས་མང་དག་ཡོད་པ་དང༌། སྨན་དཔྱད་ཀྱི་སྐོར་སོགས་ཇི་ལྟ་ཇི་སྙེད་ཅིག་ཡོད་ཅིང༌། དེ་དག་ལས་སློབ་དཔོན་དཔའ་བོ་དང༌། མཁས་པ་གཡུ་ཐོག་པ་སོགས་ཀྱིས་སྨན་གྱི་སྲོལ་ཕྱེ་ལུགས་སོགས་ཞིབ་པ་དང༌། ཁྱད་པར་སྐྱེས་བུ་ཆེན་པོའི་སྐོར་ལ་སྔགས་ཕྱོགས་ནས་དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་མདོར་བསྲེ། རིམ་ལྔ་ལ་སོགས་པའི་སའི་སྒོ་ནས་འཕགས་ཡུལ་དུ་རྒྱལ་བའི་བསྟན་པ་འཛིན་པ་ལ་རྒྱལ་བ་གཉིས་པར་གྱུར་པ་མགོན་པོ་ཀླུ་སྒྲུབ་དང༌། བོད་ཡུལ་འདིར་རྒྱལ་བའི་དགོངས་པ་འགྲེལ་བ་ལ་རྒྱལ་བ་རང་ཉིད་དང་མཚུངས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གཉིས་ལ་རྣམ་པ་ཀུན་ནས་དབྱེ་བ་མེད་པས། དེ་ལྟ་བུ་རྒྱ་བོད་དུ་སྔོན་ཆད་གཞན་མ་བྱོན་ཞིང་ཕྱིས་ཀྱང་འབྱུང་དཀའ་བའི་ཚུལ་སོགས་རྒྱས་པར་གསུངས་(༦༩བ)ནས། དེ་ཡང་རྗེ་བདག་ཉིད་ཆེན་པོ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སླར་ཡང་བོད་ཡུལ་ཁ་བའི་ལྗོངས་སུ་བྱོན་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཉིད། རྗེ་བཙུན་འཇམ་དཔལ་དབྱངས་རྒྱལ་སྲས་བློ་གྲོས་རིན་ཆེན་གྱི་སྐུར་བསྟན་པའི་སྲས་ཀྱི་ཐུ་བོ་ཡིན་པའི་རྟེན་འབྲེལ་གྱིས། རྗེ་རིན་པོ་ཆེ་ལ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་དུས་ཡུན་རིང་མོ་ནས་རྗེས་སུ་བཟུང་བའི་རྒྱུ་མཚན་ཙམ་དུ་མ་ཟད། ཙོང་ཁ་བརྒྱད་ཅུ་ན། ན་ག་ཛུ་ནའི་རྣམ་འཕྲུལ་ཙོང་ཁ་པ། །ཞེས་གསུངས་པ་སོགས་ཀྱི་རྒྱུན་གྲངས་མང་ལ་མཐའ་ཆོད་པར་གསུངས་ཞིང༌། དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་འགོས་ལོ་ཆེན་པོའི་བར་དང༌། དེ་ནས་རིམ་པ་ལྟར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྟོགས་ལྡན་རྒྱ་མཚོ། བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ་ལ་སོགས་པ་དཔལ་དབེན་ས་སྙན་བརྒྱུད་ཀྱི་བླ་མ་རྣམས་དང༌། མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་དང༌། འདུལ་ནག་པ་དཔལ་ལྡན་བཟང་པོ་ལ་སོགས་པ་སྲས་རྒྱུད་པའི་རྒྱུད་ཆེན་རྣམས་རིམ་པར་བརྒྱུད་དེ་བྱམས་མགོན་བླ་མ་ཐུགས་རྗེའི་གཏེར་ཆེན་དང༌། རྗེ་བཙུན་བླ་མ་རྡོ་རྗེ་འཆང་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་བར་དུ་བརྒྱུད་པ་བར་མ་ཆད་ཅིང༌། དམ་ཚིག་ལ་བསྲེ་ལྷད་མེད་པ། མི་བར་ཁྱིས་མ་ཆོད་པ་བྱིན་རླབས་ཀྱི་ངད་མ་ཡལ་བ། དེ་ལྟ་བུའི་བླ་མ་རྣམས་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་ལ་འཆད་ཉན་དང༌། ཐོས་བསམ་བསྒོམ་པ་རིམ་གྱིས་མཛད་དེ་དེ་དག་གི་དོན་རྣམས་བདག་ཅག་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བར་མཛད་ཚུལ་ཞིབ་པ་དང༌། ལན་གསུམ་པ་ནི། དེ་ལྟར་མདོ་སྔགས་གང་གི་ས་ནས་རྒྱལ་བ་རང་ཉིད་དང་རྣམ་པ་ཀུན་ནས་མཚུངས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པར་ལུང་གིས་བསྟན་(༧༠ན)པར་མ་ཟད། རིགས་པའི་ལམ་ནས་ཀྱང་སྒྲུབ་དགོས་པས། དེ་ཡང་ངེད་ཅག་གི་བླ་མ་རིན་པོ་ཆེ་དེ་ཉིད་ཀྱིས། མགོན་པོ་ཀླུ་སྒྲུབ་དང་རྗེ་བདག་ཉིད་ཆེན་པོས་རྒྱལ་བའི་བསྟན་པ་ལ་བྱ་བ་མཛད་ཚུལ་ནི། ལུང་ཙམ་ལ་སྐྱབས་སུ་མཆི་བ་མ་ཡིན་པར། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་སོགས་རིགས་པ་དྲི་མ་མེད་པའི་ལམ་ནས་སྒྲུབ་དགོས་ཚུལ་གསུངས་པ་ལྟར་རང་ཅག་རྣམས་ཀྱིས་ཀྱང་དེ་ལྟར་རིགས་པའི་ལམ་ནས་སྒྲུབ་དགོས་ཚུལ་དང༌། ཁྱད་པར་མངོན་གསུམ་གྱི་རིགས་པ་ཡང་དག་གིས་གྲུབ་པ་ནི། གཞན་གང་ཡང་མི་དགོས་བྱང་ཆུབ་ལམ་གྱི་རིམ་པའི་རྣམ་གཞག་བཤད་པ་མདོ་བཏུས་དང༌། རིན་ཆེན་འཕྲེང་བ་གཉིས་སོགས་རིགས་ཚོགས་དྲུག །མདོར་བྱས་མདོར་བསྲེ་སོགས་ཀྱི་དཔེ་ཆ་ལ་བཀོད་ནས་བཞག་པ་འདི་རང་གི་བསྟན་པ་ལ་བྱ་བ་བླ་ན་མེད་པ་མཛད་པ་མངོན་སུམ་གྱིས་གྲུབ་པ་ཡིན་ལུགས་ཞིབ་པ་དང༌། ཀླུ་སྒྲུབ་རང་ཉིད་དགུང་ལོ་དྲུག་བརྒྱ་ཙམ་གྱི་བར་དུ་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དེ། མན་ངག་ཐམས་ཅད་སྲས་ཀྱི་ཐུ་བོ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་མངའ་བས་དེས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་སྲོལ་རྣམས་ཉི་ཟླ་ལྟར་གསལ་བར་མཛད་ཚུལ་རྒྱས་པ་དང༌། དེ་ལྟར་མགོན་པོ་ཀླུ་སྒྲུབ་རང་ཉིད་དབང་ཕྱུག་བརྒྱད་ལྡན་མཆོག་གི་དངོས་གྲུབ་བརྙེས་ཏེ་དག་པའི་ཞིང་བདེ་བ་ཅན་དུ་གཤེགས་པའི་ཚུལ་སོགས་རྒྱས་པར་གསུངས་ཤིང༌། དེ་ནས་ས་བཅད་བཞི་པ། དེས་ན་ཐེ་ཚོམ་ཐམས་ཅད་སྤངས་ཏེ་རང་གཞན་གྱི་གྲུབ་པའི་མཐའ་མཆོག་དམན་ངེས་པར་བྱ་བའི་དོན་ཡང༌། གོང་དུ་བཤད་པའི་རིགས་པའི་སྒྲུབ་ཚུལ་དང་འགྲེལ་བར་ཞིབ་ཅིང་མཐའ་ཆོད་པར་གསུངས་སོ། །

 

རྒྱུད་ཀྱི་མཚན་དོན་དང་དེ་དོན་འཆད་པ་སོགས།

 

ལེའུ་བཅུ་བདུན་པའི་རྩ་བའི་ས་བཅད་གསུམ་པ་རྒྱུད་ཀྱི་མཚན་དོན་བཤད་པ་ལ། རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས་ལེའུ་བཅུ་བདུན་པའོ་ཞེས་པའི་བར་དང༌། དེ་དོན་འཆད་པ་ལ་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཞེས་སོགས་ཀྱི་སྐབས་སུ་དམ་ཚིག་དང་སྡོམ་པ་ཞེས་པ་མིང་(༧༠བ)ཉུང་ཡང་དོན་རྒྱ་ཆེན་པོ་ཞིག་ཡིན། དམ་ཚིག་ཞེས་པའི་དམ་ཚིག་ལ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ལུགས་དང༌། སྡོམ་པ་ཞེས་པ་ནི། རང་གིས་དབང་བཞི་ལེན་པའི་སྐབས་སུ་བླ་མ་དང་ཡི་དམ་གྱི་དཀྱིལ་འཁོར་པའི་ལྷ་རྣམས་དཔང་དུ་བཙུགས་ནས་བྱང་སེམས་དང་རིགས་ལྔའི་སྡོམ་པ་བཟུང༌། དེ་ལ་བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་ལ་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་བཞི་བཅུ་ཞེ་དྲུག་ཆར་གཏོགས་དང་བཅས་པ་དང༌། གསང་སྔགས་ཀྱི་སྡོམ་པའི་བསླབ་བྱ་ལ་རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། རིགས་ལྔ་སྤྱི་དང་ཁྱད་པར་རྣམ་སྣང་ནས་དོན་གྲུབ་ཀྱི་བར་གྱི་རིགས་ལྔ་སོ་སོའི་དམ་ཚིག་བཅུ་དགུ །ལྷག་པར་བཟའ་བའི་དམ་ཚིག །བསྲུང་བའི་དམ་ཚིག །བརྟེན་པའི་དམ་ཚིག་སོགས་གོང་དུ་བཤད་པ་ལྟར་ངོས་འཛིན་ལུགས་སོགས་ཞིབ་པར་གསུངས་ནས། འདི་དག་ལ་སྤང་བླང་ཚུལ་བཞིན་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་ཚུལ་སོགས་རྒྱས་པར་གསུངས། བཞི་པ་རྒྱུད་ཀྱི་གཞུང་ཉེ་བར་སྡུད་པ་ལ། ད་ནི་རྒྱུད་ཀྱི་གཞུང་ཉེ་བར་སྡུད་པར་བྱེད་དེ་ཞེས་པ་ནས། རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བསྟན་པའོ་ཞེས་པའི་བར་ལྗགས་ཀློག་དག་པར་སྒྲོག་པ་གནང་ནས་ཟུར་བཤད་མ་བྱུང༌། དེ་ནས་ལེའུ་དང་པོའི་རྩ་བའི་ས་བཅད་གསུམ་པ། རྒྱུད་ཀྱི་བཤད་པ་མཐར་ཕྱིན་པའི་ཚུལ་ལ་གསུམ། རྒྱུད་ཀྱི་རྒྱལ་པོ་མཐའ་དྲུག་གི་སྒོ་ནས་བཤད་པའི་ཚུལ་གཞན་ལས་ཁྱད་དུ་འཕགས་པ། དེ་ལྟར་བཤད་པའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་རྒྱུར་བསྔོ་བ། ལེའུ་དེ་བཤད་ཟིན་པར་བསྟན་པ་གསུམ་ཡོད་པའི། དང་པོ་དེ་འཆད་པ་ལ། བདེ་བར་གཤེགས་པ་གསུང་ཤིན་ཏུ་ཕྲ་བ་རྣལ་འབྱོར་རྒྱུད་ཞེས་སོགས་གསུངས། དེའི་དོན་ནི་དེ་ཡང་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་བཤད་པའི་དོན་རྣམས་ལ་ཉན་བསམ་སྒོམ་གསུམ་དགོས་པ་ནི་རང་རྒྱུད་འདུལ་(༧༡ན)བའི་ཐབས་ཁོ་ནར་གསུངས་ལ། དེ་ཡང་བླ་མ་དམ་པ་ཚུལ་བཞིན་དུ་བསྟེན་ནས་དེའི་ཞལ་གྱི་གདམས་པ་དལ་འབྱོར་དང་འཆི་བ་མི་རྟག་པ་སོགས་ཚེ་འདིའི་སྣང་ཤས་ལྡོག་པའི་ཐབས་དང༌། ལས་འབྲས་དང་འཁོར་བའི་སྡུག་བསྔལ་བསམ་པའི་སྒོ་ནས་ཕྱི་མའི་སྣང་ཤས་ལྡོག་པ་དང༌། རང་དོན་ཡིད་བྱེད་ཀྱི་འཁྲི་བ་གཏན་ནས་མེད་པར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས་ཏེ་མྱོང་བ་ཚད་ཐུབ་ཐོན་པ་ན། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བ་ལ་ཤིན་ཏུ་རིངས་པའི་ཚུལ་གྱིས་བླ་མེད་རྡོ་རྗེ་ཐེག་པའི་ཡང་རྩེ་རྒྱུད་ཀྱི་རྒྱལ་པོ་འདི་ལྟ་བུ་ལ་ཞུགས་ཏེ། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པའི་དྲུང་ནས་དབང་བཞི་རྣམ་དག་བླངས། དེའི་སྐབས་སུ་ཁས་བླངས་པའི་དམ་སྡོམ་རྣམས་ཚུལ་བཞིན་དུ་བསྲུང་བའི་ངོས་ནས་སྨིན་བྱེད་བསྐྱེད་པའི་རིམ་པ་དང་གྲོལ་བྱེད་རྫོགས་པའི་རིམ་པ་སྟེ་ལམ་རིམ་གཉིས་ལ་བསླབས་ཏེ། རྒྱུད་འདིའི་ཐོབ་བྱ་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་དེ་ཉིད་སྙིགས་དུས་ཀྱི་ཚེ་ཐུང་འདི་རང་ལ་ཐོབ་ནུས་པ་ཞིག་ཏུ་གོ་ནས་རང་གི་རྒྱུད་སྟེང་དུ་བསྐོར་ནས་ཉམས་སུ་ལེན་པ་ལས། བྱིས་པས་ཟླ་བ་མི་ཤེས་པར་འཛུབ་མོས་བསྟན་པའི་བསྟན་བྱའི་ཟླ་བ་ལ་མི་ལྟ་བར། སྟོན་བྱེད་སོར་མོའི་རྩེ་ལ་ལྟ་བ་ལྟར། མན་ངག་འདི་ལྟ་བུ་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་པའི་མན་ངག་དོན་ཐོག་ཏུ་མི་བལྟ་བར། དཔེ་ཆའི་སྟེང་ནས་དོན་ཤེས་ཐུབ་ཙམ་དང༌། ཁ་ཕྱིར་བལྟས་ཀྱི་གཞན་ལ་སྨྲ་ཤེས་ཙམ་གྱི་བཤད་ཡམས་ལས་རང་གི་ཉམས་ལེན་དུ་མ་གོ་ན་དོན་མེད་པས། དེ་རང་གི་རྒྱུད་སྟེང་རང་དུ་བསྐོར་ཏེ་སྙིང་ཐག་པ་ནས་ཉམས་སུ་ལེན་དགོས་ཚུལ་སོགས་ཞིབ་པར་གསུངས་སོ། །

 

དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་

རྒྱུར་བསྔོ་བ་སོགས།

 

གཉིས་པ་དེ་ལྟར་བཤད་པའི་དགེ་བ་རྣམས་གནས་(༧༡བ)སྐབས་དང་མཐར་ཐུག་གི་རྒྱུར་བསྔོ་བ་དེ་འཆད་པ་ལ། འགྲེལ་པ་ལས། གཞན་ཡང་རྒྱལ་བ་སྐྱེས་མཆོག་རྣམ་པར་བཤད་པའི་མཐའ་དྲུག་ལམ་གང་ཡིན་ཞེས་སོགས་མཆན་སྦྲགས་དང་བཅས་པ་སྒྲོག་པར་གནང༌། གསུམ་པ་ལེའུ་དེ་བཤད་ཟིན་པར་བསྟན་པ་ལ། རྩ་རྒྱུད་ནས་གསུངས་ཚུལ་དང༌། འགྲེལ་པས་འཆད་ཚུལ་གཉིས་ལས། དང་པོ་དེ་འཆད་པ་ལ་ལེའུ་བཅུ་བདུན་པའོ་ཞེས་དང༌། དེའི་དོན་འཆད་པར་བྱེད་པ་ལ། འགྲེལ་པ་ལས། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལ་ཞེས་པ་ནས་ཀྱིས་བཤད་པའོ་ཞེས་པའི་བར་གྱིས་འཆད། འོ་དེ་ཡན་གྱི་འདིའི་རྩ་བའི་ས་བཅད་ལ། སྔོན་དུ་བསྟན་པ་སྤྱིའི་རྣམ་གཞག་བཤད་པ། ཞེས་པ་དེ་སོང་ནས། བྱེ་བྲག་ཏུ་རྒྱུད་འགྲེལ་གཉིས་ཀྱི་དོན་བཤད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི་ཡོད་པ་ལས། གཞུང་དོན་ཡན་ཆད་ལེགས་པར་ཕུལ་གྲུབ་ནས། བཞི་པ་འཇུག་གི་དོན་ལ་གཉིས། མཛད་པ་པོ་གང་གིས་གྲུབ་ཆེན་གང་གི་མན་ངག་ལ་བརྟེན་ནས་མཛད་པ་དང༌། བོད་ཡུལ་འདིར་ལོ་པཎ་གང་གིས་སྒྱུར་བའི་ཚུལ་ལོ། །

དང་པོ་ལ་གཉིས་རྩ་རྒྱུད་ལས་གསུངས་ཚུལ་དང༌། འགྲེལ་པས་འཆད་ཚུལ་གཉིས། དང་པོ་ནི་རྩ་རྒྱུད་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་ཞིང་རབ་ཏུ་གསང་བ་ཞེས་བྱའི་རྟོག་པ་ཆེན་པོ་རྫོགས་སོ་ཞེས་པ་དང༌། དེའི་དོན་འགྲེལ་བ་ལ། འགྲེལ་པ་ལས། དེ་བཞིན་གཤེགས་པ་ཞེས་པ་ནས་སློབ་དཔོན་པོ་ན་ག་ཛུ་ནའི་མན་ངག་ལ་བརྟེན་ཏེ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་ཞེས་པའི་བར་གྱིས་འཆད་གསུང༌། གཉིས་པ་བོད་ཡུལ་དུ་ལོ་པཎ་གང་གི་སྒྱུར་བའི་ཚུལ་ལ་ཡང༌། རྩ་རྒྱུད་ལས་(༧༢ན)གསུངས་ཚུལ་དང༌། དེའི་དོན་འགྲེལ་པས་འཆད་ཚུལ་དང༌། རྗེ་བདག་ཉིད་ཆེན་པོར་འགྱུར་སྤྱི་དང་ཁྱད་པར་འགོས་འགྱུར་གྱི་སྟེང་ནས་ས་བཅད་དང༌། མཐའ་གཅོད། དཀྱུས་མཆན་དང་ཟུར་མཆན་གཉིས་ཀྱིས་གསལ་བར་མཛད་པའི་ཚུལ་གསུམ་ལས། དང་པོ་ནི་རྩ་རྒྱུད་ལས་རྒྱ་གར་གྱི་མཁན་པོ་ཤྲིདྷཱ་ཀ་ཝ་ར་མ་དང་ཞེས་པ་ནས་གཡར་ཁྲལ་ཙམ་དུ་འཚལ་བའོ་ཞེས་པའི་བར་གྱིས་འཆད། གཉིས་པ་དེའི་དོན་འགྲེལ་པས་གསལ་བར་འཆད་པ་ལ། རྒྱ་གར་གྱི་མཁན་པོ་ཞེས་པ་ནས། ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་བཅོས་པའོ་ཞེས་པའི་བར་གྱིས་འཆད་པ་ཡིན་གསུང༌། གསུམ་པ་ནི་འགྲེལ་པ་ལས། རྗེ་རིན་པོ་ཆེ་འགོས་ཀྱི་དང་པོར་ཞེས་པ་ནས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དག་ཐེར་བྱས་པའོ། ཞེས་པའི་བར་གྱིས་འཆད། དེ་ལྟར་རྗེ་བདག་ཉིད་ཆེན་པོས་དཔལ་གསང་བ་འདུས་པའི་བརྒྱུད་ལ་དཀའ་བ་བརྒྱ་ཕྲག་དུ་མས་ལེགས་པར་སྦྱངས་ཏེ་དོན་གྱི་ཁྱད་པར་རྙེད་ནས་རྩ་རྒྱུད་ཀྱི་དོན་མཐའ་དག ། བསྡུས་དོན། མཐའ་གཅོད། མཚན་དང༌། འགྲེལ་པ་སྟེ་བཞི་སྦྲགས་ནས་ལེགས་པར་བཤད་པའི་རྒྱུ་མཚན་དང༌། བསྔོ་སྨོན་གྱི་རྒྱས་འདེབས་ཚུལ་བཅས་འཆད་པ་ལ་དོན་བཟང་གཞུང་ཉུང་ཤིན་ཏུ་གཏིང་དཔག་དཀའ། ཞེས་པ་ནས། མང་དུ་ཐོས་པའི་དགེ་སློང་གསང་བ་འདུས་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། ཞེས་པའི་བར་ཚིག་འགྲེལ་ཕུན་སུམ་ཚོགས་པ་དང་སྦྲགས་ནས་སྩལ་ཞིང༌། དེ་དག་གི་དོན་གྱི་སྙིང་པོ་རང་གིས་གོ་ཚོད་དུ་བསྡུས་པའི་སྙིང་པོ་ནི། དཔེར་ན་འཇིག་རྟེན་འདི་ཆགས་པའི་ཐོག་མར་ཚངས་པའི་ལྷ་རྣམས་གྲུབ། དེར་ཚངས་པ་དང༌། དྲག་པོ་དང༌། ཁྱབ་འཇུག་གསུམ་ (༧༢བ)྄ལྷ་དེ་དག་གི་གཙོ་བོ་ཡིན་པས། ཁྱབ་འཇུག་གིས་རི་རབ་ཀྱི་བསྲུབས་ཤིང་དང༌། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བསྲུབས་ཐག་བྱས་ནས་རྒྱ་མཚོ་ཆེན་པོ་བསྲུབས་པས། དང་པོར་དུག་གི་བུམ་པ་ཞིག་ཐོན་པ་ཁྱབ་འཇུག་གི་བདུད་རྩིར་མངོན་པ་ལོངས་སྤྱད་པས་དུག་གི་གཡའ་ལ་བརྟེན་མགྲིན་པ་སྔོན་པོར་སོང་བས། ཁྱབ་འཇུག་ལ་སྔོན་བརྗོད་དུ་མགྲིན་སྔོན་ཅན་ཡང་ཟེར། དེ་ནས་སླར་ཡང་བསྲུབས་པའི་བདུད་རྩིའི་བུམ་པ་ཞིག་ཐོན་པར་ལྷ་རྣམས་ཀྱིས་བདུད་རྩི་དེ་ལ་ལོངས་སྤྱད་པས་འཆི་བ་མེད་པའི་དཔལ་ཐོབ་པ་སོགས་ལྷ་རྣམས་ལ་ད་ལྟའི་བར་དུ་ཡོད་པ། དེ་དག་གཟུགས་ཅན་གྱི་རྒྱན་དུ་དཔེར་བཀོད་ནས། དཔེ་དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོས་ཀྱང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་གཞུང་གི་ཚིག་ཉུང་ལ། དོན་རྒྱས་ཤིང་ཤིན་ཏུ་ནས་དཔག་པར་དཀའ་བ་མཐའ་དྲུག་དང་ཚུལ་བཞིའི་སོགས་པའི་བཤད་པའི་རྣམ་གྲངས་ཤིན་ཏུ་མང་བའི་རྣ་རླབས་དཀྲིགས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀྱི་རིན་པོ་ཆེའི་གཏེར་དུ་གྱུར་པ་དཔལ་ལྡན་འདུས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་སྦས་དོན་གསལ་བ། མགོན་པོ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང༌། ཁྱད་པར་འདུལ་བ་འཕགས་སྐོར་གྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་དཀའ་བ་དུ་མ་ཁྱད་དུ་བསད་དེ་ལེགས་པར་སྦྱངས་པའི་རྒྱུད་ཀྱི་རྒྱལ་པོ་འདིའི་དོན་རྣམས་གདམས་པར་ཤར་བའི་ཉམས་ལེན་དང༌། དེ་དག་གི་དོན་ལ་རིགས་པ་དྲི་མ་མེད་པའི་ལམ་ལ་བརྟེན་ནས་འབྲས་བུའི་རྣམ་བཞག་ཐམས་ཅད་རྒྱུའི་ལམ་གྱི་རིམ་པར་ལྟོས་པའི་འབྲས་རྟགས་ཡང་དག །ལམ་གྱི་ངོ་བོ་ལ་མ་ནོར་བའི་རང་བཞིན་གྱི་རྟགས་ཡང་དག །ལམ་གྱི་གོ་རིམ་མ་འཕྱུག་པ་མ་དམིགས་པའི་རྟགས་ཡང་དག་དང༌། ལམ་གྱི་གྲངས་ངེས་པ་དཔྱད་གསུམ་དག་པའི་ལུང་རྣམ་དག་གི་རྟགས་ལ་བརྟེན་པའི་(༧༣ན)རྣམ་དཔྱོད་ཀྱི་བསྲུང་ཐག་བཟང་པོས་དཀྲིས་པ། རྡོ་རྗེ་འཕྲེང་བ་ལ་སོགས་བཤད་རྒྱུད་ལྔའི་བསྲུབས་ཤིང་མཆོག་གིས་ཡང་དག་པར་བསྲུབས་པ་ལས། ཚིག་དོན་རྣམས་མཆན་འགྲེལ་ལ་སོགས་པས་གསལ་བར་ཟུར་ཕྱིན་ཅིང༌། དོན་གྱི་གནད་རྣམས་ལེགས་པར་ཕྱེ་བ་འཕགས་ཡུལ་དུ་གནམ་ལ་ཉི་ཟླ་གཉིས་དང་ས་ལ་གསལ་གཉིས་ཞེས་གྲགས་པ་ལྟར། འགྲེལ་པ་སྒྲོན་གསལ་དང་ཚིག་གསལ་གཉིས་ལ་གནས་གཉིས་སུ་གྲགས་པས། བོད་གངས་རིའི་ལྗོངས་འདིར་སྔོན་བྱོན་པའི་མཁས་པའི་དབང་པོ་ཇི་སྙེད་གཅིག་ཡོད་པ་སུས་ཀྱང་མ་ཐོན་པས་ཚིག་དོན་བདུད་རྩིས་གང་བའི་བུམ་པ་རྙེད་པ་འདི་ཡང་རང་གར་ཉལ་ནས་ཐོས་བསམ་སྒོམ་པ་གང་ཡང་མི་བྱེད་པས་རྙེད་པ་དེ་འདྲ་མ་ཡིན་པར། ཐུབ་པའི་གསུང་རབ་ཀུན་གྱི་ཞེས་སོགས་གསུངས་པ་ལྟར། རབ་འབྱམས་གཞུང་ལུགས་སྤྱི་དང་ཁྱད་པར་ཕྱོགས་འདིར་འགྱུར་བའི་འདུས་པ་འཕགས་སྐོར་གྱི་རྒྱ་གཞུང༌། བོད་ཀྱི་འགོས་ལོ་ཆེན་པོ་སོགས་དུ་མས་མཛད་པའི་གཞུང་རྣམས་ལ་དཀའ་སྤྱད་དུ་མས་ཡུན་རིང་དུ་སྦྱངས་པ་ལ་བརྟེན་ནས་རང་གི་ཉམས་སུ་བླངས་ཤིང་གཞན་དག་ལའང་སྤེལ་བའི་ཆེད་དུ་སྒྲོན་གསལ་གླེག་བམ་རིན་པོ་ཆེ་ལ་དཀྱུས་མཚན་དང་ཟུར་མཆན་སོགས་ཀྱིས་གསལ་བར་བྱས་ཏེ་བཀོད་པ་ཡིན་ནའང༌། ཚུར་མཐོང་གི་བློ་མིག་ཞན་པས་ལྷག་ཆད་ནོར་འཁྲུལ་བྱུང་སྲིད་ན་སྙིང་ནས་འཆགས་ཤིང༌། ལེགས་ཚོགས་རྣམ་པར་དཀར་བའི་དགེ་མཐུ་ལ་བརྟེན་ནས་ཚེ་འདིའི་ཕུན་ཚོགས་གང་གི་ཡང་རྒྱུར་མི་བསྔོ་བར། ལམ་བཟང་འདི་དང་སྐྱེ་བ་ཀུན་ཏུ་མི་འབྲལ་ཞིང༌། མར་གྱུར་མཁའ་མཉམ་གྱི་འགྲོ་བ་ཀུན་ཀྱང་ལམ་བཟང་འདི་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་ཕྱིར་སོགས་རྒྱ་ཆེར་བསྔོ་བར་མཛད་ཅིང་ཅེས་པའི་དོན་(༧༣བ)ཡིན་ཚུལ་ཞིབ་རྒྱས་དང༌། དེའི་མཐར་བསླབ་བྱའི་གསུང་ཚིག་གི་རིམ་པ་འདི་ལྟར་གསུངས་ཏེ། འོ་ད་ང་ཡང་ལོ་བདུན་བཅུ་དོན་གྲངས་ལ་སླེབས་པའི་རྒས་ཤིང་ཁོགས་པ། ཆོས་འཆད་པ་དང༌། དཔེ་ཆ་བལྟ་བ་སོགས། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དཀའ་བ་སོགས་ཡིན་ནའང༌། སྔོན་ཆད་ལམ་འདི་ལ་ཡུན་རིང་པོར་དཀའ་སྤྱད་དྲག་པོས་འདྲིས་པར་སྦྱངས་པ་འདི། ༧རྒྱལ་བ་ཐམས་ཅད་མཁྱེན་པ་ལ་གེགས་མེད་པར་འབུལ་ཐུབ་པས་བློ་བདེ། ད་ནི་ཆོས་བདག་པོའི་ཕྱག་ཏུ་ཕུལ་ཟིན་པ་ཡིན་པས། རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ནས་ཀྱང་མདོ་སྔགས་ཀྱི་གསན་བཞེས་ཐམས་ཅད་ལེགས་པར་གྲུབ་པའི་མ་རྒན་བློ་བདེ་བ་ཡིན་གསུང་ཞིབ་རྒྱས་དང༌། ལྷག་པར་༧རྒྱལ་བ་མཆོག་ཁྱེད་ཉིད་ནས་རྗེ་བདག་ཉིད་ཆེན་པོའི་སྲོག་རྩ་ནས་བཟུང་སྟེ། བྱང་ཆུབ་ལམ་གྱི་རིམ་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཟུང་འབྲེལ་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་འཛིན་ཅིང༌། བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་རྣམས་ཉམས་ཆགས་སུ་གྱུར་པ་རྣམས་ལ་འཆད་ཉན་གྱི་རྒྱུན་འཛུགས་པ་སོགས་ཉམས་གསོས་དང༌། གནས་པ་རྣམས་གོང་འཕེལ་དུ་འགྱུར་ཕྱིན་དགེ་འདུན་གྱི་སྡེ་རྣམས་ལ་ཐུགས་རྩིས་པོ་ཆེར་བཟུང་ནས་སྲིད་ཞུ་བཀུར་བསྟི་སོགས་གུས་འདུད་ལྷུར་བཞེས་མཛད་དགོས་ལུགས་དང༌། ཆོས་སྲིད་གཙོ་བོར་བཟུང་སྟེ་ལུགས་ཀྱི་མཛད་པ་ཞར་བྱུང་གི་སྒོ་ནས་ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམས་གསུམ་སོགས་གནའ་བོ་གོང་མའི་ལུགས་སྲོལ་མ་ཉམས་པའི་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་བདག་ཅག་གངས་རིའི་ཁྲོད་ཀྱི་འགྲོ་བ་རྣམས་སྐྱོང་དགོས་པ་ནི། སྔོན་ཡུལ་རིང་པོ་ནས་ཐུགས་བསྐྱེད་དམ་བཅའ་མཛད་པའི་དོན་ཡིན་(༧༤ན)པར་མ་ཟད། ཆོས་སྲིད་གཙོ་བོར་བཟུང་ནས་གཉིས་ལྡན་དུ་བསྐྱངས་ན་འཕྲིན་ལས་ནམ་མཁའ་དང་མཉམ་པར་འགྱུར་བ་ནི། དཔེར་ན་འབྲས་བུ་ནས་རང་དོན་དུ་གཉེར་ན་ས་ཞིང་ལ་སོ་ནམ་བྱས་པ་ནས་ཉིད་གཙོ་བོར་འགྲུབ་པའི་ཞར་ལ་རྩ་སོགས་ཕུར་མ་རྣམས་འབྱུང་ཚུལ་གྱི་དཔེ་དོན་དང་མཚུངས་ཚུལ་རྒྱས་པ་དང༌། ང་ཅག་འཆིང་བ་ཀུན་ལྡན་གྱིས་ཀྱང་ཁ་ཕྱིར་བལྟས་པའི་བཤད་ཡམས་དང༌། གལ་ཆུང་དུ་མ་སོང་བར་ཚེ་འདིའི་སྣང་ཤས་དོར་ཏེ་རང་རྒྱུད་ལ་སྦྱོར་ཅི་ཐུབ་རང་བྱེད་ཁུལ་བྱས་པ་ཡིན། བསྟན་པའི་འཁུར་ཐེག་པ་རྣམས་ཀྱིས་ཀྱང་ད་ལྟ་བསྟན་པའི་སྙིང་པོའི་བཤད་སྒྲུབ་ཀྱི་རྒྱུན་རྩ་བ་ནས་ཆད་པ་ལ་ཐུག་འདུག་པ་འདི་དག་ལ་སྙིང་ཐག་པ་ནས་བསམ་པས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རང་རྒྱུད་ལ་ཉམས་སུ་ལེན་ཅི་ཐུབ་དང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལའང་རྒྱ་ཆེར་སྤེལ་བའི་ཐབས་ཚུལ་ལ་བརྩོན་པར་མ་མཛད་ན་མི་ཡོང་བས། རྣམ་པ་ཀུན་ནས་བསྟན་པ་རིན་པོ་ཆེ་ལ་ཕན་པའི་ཐབས་རང་ཞིག་མཛད་དགོས། བསྟན་པའི་སྙིང་པོའི་བཤད་སྒྲུབ་ཀྱི་རྒྱུན་ཡོད་མེད་ཀྱང་དཔེ་ཆ་ལྷ་རྟེན་སོགས་ཡོད་པ་ཙམ་གྱིས་མི་ཆོག་པར། སྙན་ནས་སྙན་དུ་བརྒྱུད་པའི་བླ་མ་གོང་མའི་མན་ངག་གི་རྒྱུན་མ་ཉམས་པར་རང་རྒྱུད་ལ་སྦྱོར་ཅི་ཐུབ་དང༌། རང་གི་ཇི་ལྟར་ཉམས་སུ་བླངས་པའི་དོན་རྣམས་བསྟན་པ་ལ་ཕན་པའི་བསམ་པ་དང༌། འགྲོ་བ་ལ་བརྩེ་བའི་སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་དག་ཀྱང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་དེ་ལ་སྦྱོར་བའི་ཐབས་འབའ་ཞིག་ལ་བརྩོན་པ་ཞིག་ལ་རག་ལས་པས་དེ་ལྟར་ཅིས་ཀྱང་མཛད་དགོས། རྒྱལ་བའི་གསུང་རབ་ཀྱི་དཔེ་ཆ་དང༌། སྐུ་གསུང་ཐུགས་ཀྱི་རྟེན་སོགས་ནི་རྒྱལ་བ་(༧༤བ)བྱམས་པའི་བསྟན་པ་ཤར་བ་ལ་ཉེ་བའི་བར་དུ་འཇིག་རྟེན་འདིར་གནས་རྒྱུ་ཡིན་མོད་ཀྱང༌། དེ་ཙམ་གྱི་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་ཆེན་པོ་མི་ཐོགས་ཞེས་སོགས་རྒྱས་པ་དང༌། ལྷག་པར་ཡང་འདིར་ཚོགས་ཚང་མས་གཞུང་དོན་འདི་རྣམས་ལ་བལྟ་རྟོགས་ཞིབ་འཇུག་མཛད་དེ། ཁོ་བོ་ནས་ནོར་འཁྲུལ་ཆད་ལྷག་བྱུང་བ་རྣམས་ལ། བླ་མའི་མན་ངག་དང་ཤིང་རྟ་ཆེན་པོའི་གཞུང་དང༌། རིགས་པ་དྲི་མ་མེད་པའི་ལམ་ནས་དྲངས་པའི་དག་ཐེར་དང༌། དག་པ་རྣམས་རྨོངས་ཞེན་གྱིས་བཅོས་སླད་མང་པོ་མཛད་པར་རང་སོར་འཇོག་པ་དང༌། ལུང་རིགས་ཀྱི་ལམ་ནས་དྲངས་པའི་མན་ངག་རྣམ་པར་དག་པ་རྣམས་ལ། འཇིག་རྟེན་རྒན་པོའི་ངག་བགྲོས་དང༌། བདུད་དང་སྡིག་པའི་གྲོགས་ཀྱི་ཟེར་ཟློས་དང༌། རང་དང་མ་མཐུན་ཞིང་རང་གི་བློར་མ་བབས་པ་རྒྱུ་མཚན་དུ་བྱས་ནས་བསྲེ་ལྷད་མི་འཇུག་པ་སོགས་གལ་ཆེ་ལུགས་ཞིབ་པ་དང༌། དེ་ལྟར་རྒྱལ་བའི་བསྟན་པའི་སྙིང་པོ་མཐར་ཐུག་པའི་ལམ་བཟང་པོ་འདི་དག་ལ་ཡུན་རིང་པོའི་བར་དུ་འཆད་ཉན་ཐོས་བསམ་གྱིས། ཞུགས་པ་འདིས་མཚོན་རང་ཅག་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་དགེ་ཚོགས་རྣམས་ཀྱང༌། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་འདྲེན་མཆོག་མཚུངས་པ་མེད་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་བཀའ་དྲིན་གཞལ་དུ་མེད་པ་རྒྱལ་བ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་གཙོས་པས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌། བཤད་སྒྲུབ་སྙིང་པོར་མཛད་པའི་དགེ་འདུན་གྱི་སྡེ་རྣམས་ཀྱང་ཐུགས་མཐུན་ཞིང་ཁྲིམས་(༧༥ན)གཙང་བའི་སྒོ་ནས་ཆོས་སྤྱོད་བཅུའི་མཛད་པ་གོང་འཕེལ་དུ་འགྱུར་བ་དང༌། དེ་རྣམས་ཀྱི་ནུས་མཐུ་ཁོ་ན་ལ་བརྟེན་ནས་མ་རྒན་དྲིན་ཅན་གྱི་འགྲོ་བ་ཀུན་ཀྱང་གནས་སྐབས་སུ་བདེ་ཞིང་སྐྱིད་པ་དང༌། ལམ་བཟང་འདི་ལ་བརྟེན་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་ཕྱིར་བཅས་སུ་བསྔོ་བ་དང་སྨོན་ལམ་གྱི་མཚམས་སྦྱོར་དང༌། བླ་མ་ལ་ཚོགས་ཀྱི་འཁོར་ལོ་སོགས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་བཏང་རག་དང་གཉེར་གཏད་ཀྱི་འཕྲིན་བཅོལ་སོགས་བྱ་དགོས་ལུགས་ཞིབ་ཅིང་མཐའ་ཆོད་ལ་ཡིད་འཁུལ་བ་སེམས་ལ་འཕྲོད་པར་གསུང་ཞིང༌། དེ་དོན་ལྟར་འཇུག་ཏུའང་རྒྱལ་བ་ཐུགས་རྗེ་ཅན་ཉིད་ནས་གཞི་བཟུང་གནང་བའི་བླ་མ་རྒྱུད་མཆོད་ཕུན་སུམ་ཚོགས་པ་དང༌། འགྲེལ་དབང་མཛད་པའི་རིམ་པ་གོང་མའི་ཕྱག་ལེན་ཟུར་གསལ་ལྟར་ལ་ལུང་རིགས་མན་ངག་གིས་བརྒྱན་པ་དང༌། མགོན་ཆོས་ལྷ་མོ་སོགས་ཆོས་སྐྱོང་རྣམས་ལ་བསྐང་བ་འཕྲིན་བཅོལ། བསྟན་པ་རྒྱས་པའི་བསྔོ་སྨོན་གྱི་མཚམས་སྦྱོར་སོགས་གང་ས་ནས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་སར་འགྲོ་ངེས་པ་མཛད་དོ། །

སྨྲས་པ། རྡོ་རྗེ་འཆང་དངོས་བློ་བཟང་གྲགས་པ་དང༌། །རྣམ་ཀུན་དབྱེར་མེད་དྲིན་ཅན་བླ་མ་ཡི། །ཞལ་ལས་སྙན་བརྒྱུད་གདམས་པ་འདི་ཐོབ་པ། །སྔོན་བསགས་བསོད་ནམས་བྱེ་བའི་ནུས་མཐུ་དང༌། །བཤེས་གཉེན་ཡུན་དུ་བསྟེན་པའི་བཀའ་དྲིན་འཛོམས། །དལ་འབྱོར་རྟེན་བཟང་སྡོམ་གསུམ་གོས་ཀྱིས་ཀླུབས། །བརྩོན་དང་ཤེས་རབ་མི་དམན་གདམས་དོན་མྱོང༌། །ཕྱི་ནང་མཐུན་རྐྱེན་ཕུན་སུམ་ཚོགས་པ་འདི། །དྲིན་ཅན་བླ་མ་མཆོག་གི་བཀའ་དྲིན་ཡིན། ཁ་བཤད་ཚིག་དང་བྱེད་ལོར་མ་ལུས་པར། །དབེན་ཁྲོད་བརྟེན་ནས་བླ་མ་སྤྱི་བོར་འཁུར། །རིགས་ལ་བརྟེན་(༧༥བ)ནས་གདམས་པ་ཟབ་མོ་འདིས། །ཐུན་བཞིའི་ངང་ནས་རང་རྒྱུད་འཐུལ་ན་ལེགས། །སྔོན་ཆད་ཆོས་མིང་བཏགས་ནས་གང་བྱས་རྣམས། །ལས་རོར་སོང་ནས་སྙིང་པོ་གཏན་མེད་དུ། །མཐོང་བཞིན་ད་དུང་ཚེ་འདིའི་དོན་སྒྲུབ་པ། །དོན་སྙིང་ནང་ནས་རུལ་བའི་འབྲས་རྟགས་ཡིན། །བློ་བཟང་གྲགས་པ་བདག་ཅག་འདུལ་སླད་དུ། །གསུམ་ལྡན་དྲིན་ཅན་བླ་མའི་སྐུར་བསྟན་ནས། །མདོ་སྔགས་ལམ་བཟང་ཅི་དགར་སྩལ་བ་ལ། །དཀོན་པའི་ཚུལ་དང་སྟབས་ལེགས་ཡིན་མཐོང་ན། །དོན་ལྡན་ལྷ་ཆོས་མཛོད་ཅིག་ཟོག་ཆོས་མཁན། །གདམས་དོན་ཉམས་སུ་མི་ལེན་ཡི་གེར་འདྲི། །མན་ངག་སྙིང་ནང་མི་རྦད་རླུང་ལྟར་སྒྲོག །རྫུ་བག་ཅན་གྱི་བྱམས་པའི་མིང་ཅན་ཁྱོད། །སངས་རྒྱས་བསྟན་པའི་ཆོམ་རྐུན་མ་ཡིན་ནམ། །ཨ་རྐྱང་སྔོན་ཆད་བྱ་ངན་སྤྱོད་པ་ཀུན། །བཟོད་དོ་ད་ནི་སྙིང་ལ་རུས་པ་ཆུག །བླ་མའི་བཀའ་བཞིན་སྒྲུབ་པ་མི་བྱེད་ན། །ཆོས་ཀྱི་རྒྱལ་པོས་སྲོག་སྙིང་ཞལ་དུ་གསོལ། །བླ་མའི་གསུང་ལ་དྲི་ངན་འགོད་བྱེད་པའི། །འདི་འདྲའི་ཚིག་སྦྱོར་ཉོག་པོར་དོན་མེད་ཀྱང༌། །ཡབ་རྗེ་རྗེ་བཙུན་བླ་མའི་བཀའ་སྩལ་དང༌། །རང་གི་ཤེས་རྒྱུད་འདུལ་ཕྱིར་ཟིན་བྲིས་བྱས། །རྒྱུད་དོན་ཟབ་རླིང་རྡོ་རྗེའི་གསུང་ཚིག་ཉིད། །རྟོགས་དཀའ་གྱུར་པས་ལྷག་ཆད་ནོར་འཁྲུལ་སོགས། །རིགས་ཀུན་ཁྱབ་བདག་བླ་མའི་ཞབས་དྲུང་དུ། །བཤགས་སོ་བདེ་སྟོང་དབྱིབས་སུ་དག་པར་མཛོད། །དེ་ལྟར་འབད་པའི་རྣམ་དཀར་དགེ་མཐུ་ལས། །རྒྱལ་བསྟན་སྙིང་པོ་འཇམ་མགོན་ཙོང་ཁ་པའི། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །སྙིང་སྟོབས་ཆེན་པོས་རྒྱལ་བསྟན་འཛིན་གྱུར་ཅིག །རྒྱལ་བསྟན་བཟུང་ནས་དམ་ཆོས་སྒྲུབ་པའི་ཚེ། །རྗེ་བཙུན་བླ་མས་འབྲལ་མེད་རྗེས་བཟུང་སྟེ། །སྐུ་གསུང་གསང་བའི་རྒྱན་གྱི་མཛོད་བཟུང་ནས། །ཟུང་འཇུག་སྟོབས་བཅུའི་དཔལ་ལ་སྤྱོད་པར་ཤོག ། ། །

(༧༦)ཅེས་རིགས་ཀུན་ཁྱབ་བདག་བླ་མ་བཀའ་དྲིན་མཚུངས་མེད་ཛྙཱ་ན་དྷཱ་ཛའི་ཞལ་སྔ་ནས་ཀྱིས། ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དུ་ཟླ་བ་གཉིས་ཀྱི་རིང༌། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས་ཀྱི་བཀའ་ཁྲིད་ཟབ་མོ་དགྱེས་བཞིན་སྩལ་པའི་སྐབས་ཀྱི་གསུང་བཤད། མན་ངག་རགས་རིམ་གྱི་ཟིན་ཐོ་འདི་ཉིད་བླ་མ་ཉིད་ནས་སྤྱི་བོར་བཀའ་ཕེབས་བཞིན། གང་གི་སློབ་བུའི་ཐ་ཤལ་ཙནྡན་ལྟ་བུའི་གདུལ་བྱར་གྱུར་པ་དགེ་སློང་བྱམས་པ་ཡོན་ཏན་གྱིས་བླ་མའི་ཞབས་དྲུང་རང་ནས་ཕྲལ་ཕྲལ་ཟིན་ཐོར་བཀོད་པ། སླར་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་དོན་ཡོད་མཁས་གྲུབ་ཀྱི་གདན་ས་ཞོགས་གུར་སྨོན་དབེན་པའི་གནས་ཀྱི་རི་ཁྲོད་དུ་ཡི་གེར་བཀོད་པའོ། ། བཀྲ་ཤིས་པར་གྱུར་ཅིག ། ། །

 

བརྒྱུད་སྐུལ།

མཆན་སྤེལ།