བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ།

བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ།

༄༅༅། །རྒྱ་གར་སྐད་དུ། བྷ་ག་ཝཱན་ཤཱཀྱ་མུ་ནི་སྟོ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདས་པ་འཇིག་རྟེན་སྒྲོན་མེ་མཛད། །ཁྱོད་ནི་འཇིག་རྟེན་དོན་མཛད་བློ་གྲོས་བཟང༌། །སྣང་བ་བརྙེས་ཤིང་ཉོན་མོངས་དྲི་བསལ་བ། །འཇིག་རྟེན་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྦྱིན་ལ་དགྱེས་ཤིང་སྟོབས་བཅུའི་མཆོག་མངའ་བ། །གདུལ་བྱ་འདུལ་བཞིན་གདུལ་བྱའི་ཕ་རོལ་བྱོན། །བཅོམ་ལྡན་ལྷ་དང་མི་དང་ཀླུས་མཆོད་པ། །གདུལ་བྱའི་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་འགྲོ་བ་མང་པོའི་དོན་མཛད་ཅིང༌། །འདོམ་གང་འོད་ནི་གསེར་གྱི་ཁ་དོག་འདྲ། །

དགེ་བ་མཚན་གྱི་དམ་པའི་གཟུགས་མངའ་བ། །སྲིད་གསུམ་མཚུངས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་གཤེགས་པས་གཞན་གྱི་ཚོགས་རྫོགས་ཤིང༌། །ཕ་རོལ་ཕས་རྒོལ་ཚོགས་འཇོམས་མི་གཡོ་བ། །སེམས་ཅན་གཞན་གྱི་སེམས་དང་སྤྱོད་ལ་མཁས། །ཕ་རོལ་ཚོགས་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །དགྲ་བཅོམ་རྒྱལ་པོ་ཉོན་བཅིལ་དྲི་བསལ་བ། །འཚོ་བ་དག་ཅིང་བརྟུལ་ཞུགས་ཚུལ་ཁྲིམས་གནས། །ལྷ་ཡི་ལྷ་མཆོག་དྲི་མེད་དྲི་བྲལ་བ། །ཐུགས་རྗེ་མཆོག་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་བོ་བཞི་བརྒལ་བདེན་བཞིའི་བཀའ་མཆིད་གསུང༌། །མིག་སྦྱིན་བདུད་རྩི་ཆོས་ཀྱི་བཀའ་མཆིད་ཅན། །མཉམ་ཐུགས་འགྲོ་བ་ཀུན་ལ་བྱམས་པའི་ཐུགས། །ཆོས་ལ་མཉམ་གནས་མི་རྣམས་ཁ་ལོ་སྒྱུར། །ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །སྙན་པའི་སྒྲ་དབྱངས་རྣམ་པར་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ལྟ་བུར་སྙན་པའི་གསུང༌། །ཐམས་ཅད་དབྱངས་ཀྱི་ཡན་ལག་གསུང་ཚུལ་རྫོགས། །བདེན་པ་སྙན་གསུང་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་པ་མཚན་མ་མེད་ཅིང་སྨོན་དང་བྲལ། །ཟབ་མོ་བལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ། །ཐར་ལ་འཇུག་པར་མཁས་པའི་བློ་གྲོས་ཅན། །ཐར་པའི་ལམ་དགྱེས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུ་ལ་བརྟེན་པའི་མཁས་པ་བློ་གྲོས་ཅན། །མཐའ་གཉིས་ལྟ་བ་རྟག་ཏུ་མི་མཁས་པ། །ལས་ཀྱི་འབྲས་བུ་རྣམ་སྨིན་ཁོ་ནར་གསུང༌། །ལྟ་བའི་མུན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །གང་ནས་མ་བྱོན་གང་དུའང་གཤེགས་མ་ལགས། །རྟག་ཏུ་དབེན་པའི་ཆོས་རྣམས་རབ་གསུང་བ། །སྨིག་རྒྱུ་སྒྱུ་བཞིན་ང་ཡིར་མི་མངའ་བ། །དགེ་བའི་ཆོས་ཚུལ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེ་དང་མི་སྐྱེ་གང་དུ་སྐྱེས་མ་ལགས། །སྐྱེ་དང་འཇིག་དང་གང་དུ་མི་གསལ་བ། །ཆོས་ཀྱི་གནས་ཉིད་ཇི་ལྟར་གནས་ལ་གནས། །གནས་དང་མི་གནས་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་ཁོ་ན་བ་བཞིན་ཡང་དག་གསུང༌། །རྟག་ཏུ་མི་གཡོ་དེ་བཞིན་ཉིད་ལ་བཞུགས། །རི་རབ་རྡོ་རྗེ་རྒྱལ་མཚན་འདྲ་བའི་སྐུ། །མི་གཡོ་རི་རབ་མཚུངས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ་སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཀྱིས་མཛད་པ་རྫོགས་སོ།། །།

བརྒྱུད་སྐུལ།

མཆན་སྤེལ།