སངས་རྒྱས་ཀྱི་གསུང་ལ་བསྟོད་པ།

སངས་རྒྱས་ཀྱི་གསུང་ལ་བསྟོད་པ།

སངས་རྒྱས་ཀྱི་གསུང་ལ་བསྟོད་པ།[1]

ཨོཾ་བདེ་ལེགས་སུ་གྱུར་ཅིག།ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ། །སོ་སོའི་སྐད་དུ་གསུང་གཅིག་གིས། །དམ་ཆོས་ཅིག་ཅར་གསུང་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཐོས་པ་ཙམ་གྱིས་གསུང་བ་པོ། །ཐམས་ཅད་མཁྱེན་པར་མཚོན་བྱེད་པ། །ཡན་ལག་དྲུག་ཅུ་དང་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །

མཉེན་ཅིང་འཇམ་ལ་ཡིད་དུ་འོང་། །ཡིད་དུ་འཐད་ཅིང་དག་པ་དང་། །དྲི་མ་མེད་ཅིང་རབ་གསལ་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །སྙན་ཅིང་འཇེབས་ལ་མཉན་པར་འོས། །མི་མཚུངས་སྙན་ཅིང་དུལ་བ་དང་། །མི་རྩུབ་པ་དང་མི་བརླང་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །རབ་ཏུ་དུལ་བ་རྣ་བར་སྙན། །ལུས་སེམས་ཚིམ་བྱེད་སྙིང་དགའ་བྱེད། །དགའ་དང་བདེ་བ་སྐྱེད་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཡོངས་སུ་གདུང་མེད་ཀུན་ཤེས་བྱ། །རྣམ་པར་རིག་བྱ་རྣམ་པར་གསལ། །དགའ་བྱེད་མངོན་པར་དགའ་བྱེད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཀུན་ཤེས་རྣམ་པར་རིག་བྱ་བ། །རིགས་ཤིང་འབྲེལ་ལ་ཟློས་སྐྱོན་མེད། །སེང་གེ་གླང་པོའི་སྒྲ་སྐད་ལྡན། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །འབྲུག་གི་སྒྲ་དབྱངས་ཀླུ་དབང་སྒྲ། །དྲི་ཟ་ཀ་ལ་པིངྐའི་དབྱངས། །ཚངས་པའི་སྒྲ་དབྱངས་སྒྲོགས་མཛད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཤང་ཤང་ཏིའུའི་སྒྲ་དབྱངས་དང་། །ལྷ་ཡི་དབང་པོའི་དབྱངས་ལྟར་སྙན། །རྔ་སྒྲ་མ་ཁེངས་མི་དམའ་བའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །སྒྲ་ཀུན་གྱི་ནི་རྗེས་སུ་ཞུགས། །ཚིག་ཟུར་མ་ཆག་མ་ཚང་མེད། །མ་ཞུམ་མི་ཞན་རབ་ཏུ་དགའ། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཀུན་ལ་ཁྱབ་ཅིང་དྲི་མ་མེད། །རྒྱུན་ཆད་མེད་ཅིང་བརྗིད་པ་དང་། །སྒྲ་སྐད་ཐམས་ཅད་རྫོགས་བྱེད་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །དབང་པོ་ཚིམ་བྱེད་མ་སྨད་པ། །མི་འགྱུར་མ་བརྟབས་འཁོར་ཀུན་གྲག།རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་འཚལ་ལོ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་པའི། །རྒྱལ་བའི་གསུང་ལ་ཕྱག་བཙལ་བས། །བདག་གིས་ཚེ་རབས་ཐམས་ཅད་དུ། །ངག་གིས་དབང་ཕྱུག་ཐོབ་པར་ཤོག།ཅེས་པ་ཡང་རྗེ་ཐམས་ཅད་མཁྱེན་པས་མཛད་པའོ།། །།



[1] དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༣༥༢ ནས་ ༣༥༣ བར།

བརྒྱུད་སྐུལ།

མཆན་སྤེལ།