མང་མཁར་ཚ་ཆུའི་སྐོར་ངོ་སྤྲོད་རགས་ཙམ།

མང་མཁར་ཚ་ཆུའི་སྐོར་ངོ་སྤྲོད་རགས་ཙམ།

༄། །མང་མཁར་ཚ་ཆུའི་སྐོར་ངོ་སྤྲོད་རགས་ཙམ།

 

 

༡༽དེ་ཡང་སྤྱིར་མང་མཁར་ལ་གནས་ཆེན་དང་། སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་རང་བྱུང་ཐོན་ཁུངས་མང་ཡང་། འདིར་སྐབས་བབ་མང་མཁར་ཆུ་ཚན་གྱིས་ཁྱད་པར་ཅུང་ཟད་གཅིག་འབྲི་བ་བྱ་སྟེ། དེ་ལ་མང་མཁར་ཞེས་པ་ལྷ་རྩེ་རྫོང་གི་ལྷོར་ཡོད་ལ། ཆུ་ཚན་དེ་ནི་མང་མཁར་ཕུ་ནུབ་གྱིས་ནུབ་ཕྱོགས་སུ་ཡོད། དེའི་ཆགས་ས་ནི་ཕུ་ནུབ་དང་མདའ་ཤར་ན་ཡོད་པའི་རྒྱབས་རི་བརྗིད་ཉམས་ཀྱི་འགྱིང་ཡོད་པས་སེངྒེ་གནམ་འཆོང་འདྲ་བའི་པང་ན་ཡིད་དུ་འོང་བའི་ཆུ་རྫིང་འོ་ཟོམ་འདྲ་བ་ཞིག་བཟུང་ཡོད་པ་ལྟ་བུ་ཅུང་རི་ལ་འཛེག་དགོས། ཁ་བྱང་གཏད་ལ་ཕུ་གཉིས་སུ་གྱེལ་བའི་ཅུང་མ་སླེབས་ཚམ་ན་ཡོད།

དུས་རབས་ག་དུས་བྱུང་མིན་གསལ་བོ་མི་ཤེས། བླ་མ་དང་འབྱོར་ལྡན་མང་པོས་ཉམས་གསོ་ཡང་ཡང་གནང་ཡོད། ཕྱིས་སུ་སྤྱི་ལོ་༡༩༢༣ ནང་ནུབ་ཕྱོགས་བདེ་ལྡན་ཞིང་མགོན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་ཆབ་བཞེས་སུ་ཕེབས་སྐབས་ཡུལ་གྱི་སྡེ་དཔོན་སྒེར་ཁག་མི་དམངས་བཅས་ནས་ཞིག་སྐྱོན་ཡོད་པ་རྣམས་དང་མདུན་དུ་ཚོམས་ཆེན་གསར་པ་སོགས་གང་ཅི་ནས་ཉམས་གསོ་གནང་ནས་དུས་འགྱུར་བར་ཡོད། ཁང་པ་ནི་། ཤར་ན་གཡམ་ལྕགས་དེར་ཀུན་ཟིགས་མཆོག་གིས་ཟིམས་ཁང་གནང་ཡོད། མདུན་ན་ཚོམས་ཆེན། ནུབ་ན་རབ་གསལ། དེ་མིན་ཁང་པ་གཞན་དགའ་ཞིག་ཡོད་པ་དེ་དག་དུས་འགྱུར་སྐབས་གཏོར་ནས་རྫིང་བུ་ཡང་ཞིག་རལ་དུ་འགྲོ་བའི་ཉེན་ཁ་བྱུང་ཡོད། སྤྱི་ལོ་ ༡༩༨༦ ཙམ་ལ་དགོན་ཤར་ཤེས་རབས་ལགས་ནས་རབས་གསལ་དེ་ཉམས་གསོ་གནང་ཡོད། དེ་ནས་༡༩༩༠ ཙམ་ལ་གཞུང་ནས་ཤིང་ཅ་གནང་ནས་མང་ཕུ་ཤང་གི་མི་དམངས་ནས་གོང་གི་ཁང་པ་དེ་རྣམས་ཉམས་གཟོ་བྱས་ཡོད།

༢༽ རྫིང་བུ་དང་ཨོལ་བའི་སྐོར། རྫིང་བུ་ནི་ཆེ་བ་གཉིས་དང་ཆུང་བ་ཅིག་ཡོད། ཆེ་བ་གཉིས་ནི་ཀ་བ་གཅིག་གི་ཚད་ཙམ་ཡོད་ལ་ཕྱེ་ཐོག་ཡིན། ཆུང་བ་ནི་དེའི་གསུམ་གཅིག་ཙམ་ཡོད་ེདེ་ནི་ཁང་པའི་འོག་ཡོད། འདིར་དེ་སྔོན་པཎ་ཆེན་ཐམས་བཅད་མཁྱེན་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་ཆེན་པོའི་ཆབ་ཞེས་གནང་ས་ཡིན་ཟེར། རྒྱབ་རི་མཐོ་ལ་རི་འདེབས་ལ་རྡོ་གཡམ་གྱི་རྩིག་པ་རབ་ཏུ་གཏན་ལ་ལོ་ངོ་མང་པོའི་རིང་བདག་མེད་དུ་ལུས་ན་ཡང་ཞིག་བཀའ་བས་སྲ་ཤིང་གཏན་པ་ཡོད། གཏིང་ཚད་ནི་སྤུས་མོ་མིག་ཙམ་ཡོད། ཆུ་རྒལ་སྐབས་དགེ་ཕྱོགས་ལ་བརྩོན་པ་གང་ཐུབ་ཐོག་དུས་ཡུན་རྐར་མ་གསུམ་ཡས་མན་ལས་མང་བ་མ་རྒལ་ན་བཟང་། དེ་ནས་མལ་དུ་རླངས་པ་ཡག་པོ་གཏུམ་ན་ནད་ལ་ཕན་པ་ཆེན་པོ་ཡོད། ནད་པ་ཚབས་ཆེན་རྣམས་དྲག་སྐྱེད་བྱུང་བའི་ལོ་རྒྱུས་མང་བས་འདིར་མ་བཀོད། རྒན་རབས་དག་གི ངག་རྒྱུན་ལ་རུས་བ་ཆག་དུམ་རྫིིང་བུའི་ནང་དུ་བཞག་ན་ཟླ་བ་གཅིག་གཉིས་ལ་སོས་ཟེར། ཡང་ནད་པ་རྣམས་ཉི་མ་གཉིས་གསུམ་རིང་ནད་ལང་པ་རེད་ཟེར་བས་ནད་ཚབ་ཆེ་རུ་འགྲོ་གི་ཡོད། དེའིི་རིགས་རྗེས་སུ་ཕན་ནུས་ཆེ་བ་ཡོང་གི་ཡོད། ཚ་བའི་ནད་པ་རྣམས་ཆབ་ཞེས་མ་སྣང་ན་ཡག་ཡོད། ཡང་ཆུ་བདག་མ་དགའ་བ་རེད་ཟེར་བས་ས་སྲིབ་ཙམ་ལ། ཆུ་རྫིང་འོ་མའི་མདོག་ལྟར་སྐྱ་མཐེང་ངེས་བ་ཡོང་གི ཨོལ་ལྔ་ནི་རྫིང་བུའི་ནང་དུ་བབས་ཀྱི་ཡོད། ཤར་ངོས་ནས་རྩིས་བའི། ༡ སྨད་ཡུལ། ༢ གྲུམ བུ། ༣ རྩགས་དཀར། ༤ བད་ཀན། ༥ མིག་ཆུ་བཅས་ཡིན། ༡ སྨད་ཡུལ་ནད་པ་ནི་ཨོལ་བའི་འོག་ཏུ་བསྡད་ནས་ནད་ཁ་ཐུག་ལ་ཆུ་དུས་ཡུན་སྐར་མ་གཉིས་ལྟ་བུ་དང་དེ་ནས་རིམས་པས་མང་དུ་གཏོང་དགོས། ༢:༣ ནི་གོང་དང་གཅིག་མཚུངས་ལ་མཉམ་དུ་ལག་པའི་བཅག་བཅག་བྱེད་དགོས། ༤ བད་ཀན་ནི་གོང་དང་གཅིག་མཚུངས་ལ་ཆུང་ཐུང་དགོས་ཡོད། ༥ མིག་ཆུ་ནི་དང་པོ་ཆུ་རྒལ་སྐབས་ཨོལ་བའི་ཆུའི་རས་རློན་པ་མགོ་ལྟིང་དུ་ཉིན་ཤས་གཞག་དགོས། གཉིས་པ་དེ་ནས་ཉིན་ཤས་ཆ་ཉུང་ཉུང་མགོ་ལྟིང་དུ་བཅག་བཅག་བྱེད་དགོས། གསུམ་པ་དེ་ལས་མང་དུ་གཏང་ནས་མགོ་ལྟིང་དུ་བཅག་བཅག་བྱེད་དགོས། དེ་ལྟར་བྱས་ན་མིག་ལ་ཕན་ནུས་ཆེན་པོ་ཡོད། མིག་གསལ་བོ་མེད་པ་རྣམས་མཐར་ཆུ་ཚན་མདུན་གྱི་རི་རྩེའི་མཐོ་མཐོ་ཡང་མཐོང་བའི་ལོ་རྒྱུས་ཡོད་པ་རྒན་རབ་ཁ་ཅིག་གི་དེ་ལྟར་གསུང་གི་འདུག ཆུ་ཚན་འགྲོ་བའི་དུས་ནི་བོད་ཟླ་བཞི་བ་དང་། བརྒྱད་པའི་ནང་ཡིན། དེར་སྡོད་པའི་དུས་ཡུན་ནི་ཞག་བཅུའམ་ཡང་ན་བདུན་ཕྲག་གསུམ་ཙམ་ཡིན། ཡང་ལྷ་རྩེ་ཁུལ་གྱི་སྨན་པ་གྲགས་ཅན་ཞིག་གི་མི་ང་ལས་ལྷག་པ་ས་ལུང་ཆུ་ཚན་ཡོད། མི་ང་དང་མཉམས་པ་མང་མཁར་ཆུ་ཚན་ཡོད་ཅེས་བསྔགས་བརྗོད་གནང་རེད་ཟེར་རྒན་རབས་དག་གི་ངག་ལས་ཐོས་སོ། སྤྱིར་ཆུ་ཚན་ནི་རི་བདེབས་དང་ལྷག་དུ་ཆུའི་ཞ་ཚན་ཆེ་བས་ལོ་ངོ་མང་པོ་བདག་མེད་དུ་ལུས་ཡང་། སངས་རྒྱས་སྨན་བླའི་བྱིན་རླབས་དང་སྐྱེ་བུ་དམ་པ་མང་པོ་ཞབས་ཀྱི་བཅགས་བའི་བྱིན་རླབས་ལ་བརྟེན་ནས་རྫིང་བུ་སོགས་ཞིག་རལ་དུ་སོངས་མེད། དེང་སྐབས་ཉམས་གསོ་བྱས་ནས་ཡག་པོ་དུག་ཟེར།

 

༣༽ ཆུ་ཚན་འདིར་ཞབས་ཀྱིས་བཅགས་བའི་བླ་མ་རྣམས་ཀྱི་ཚན། དཔལ་ལྡན་ས་སྐྱའི་ཁྲི་འཛིན་བདག་ཆེན་ཀུན་དགའ་བཀྲ་ཤིས་དཔོན་སློབ། ལམ་འབྲས་བླ་མ་མཁན་ཆེན་བསོད་ནམས་ཆོས་འཕེལ། བླ་མ་ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད། བླ་མ་བྱམས་པ་ཀུན་དགའ་བསྟན་འཛིན། པཎ་ཆེན་དགུ་བ་ཆེན་པོ། རྒྱ་བའི་ཡོངས་འཛིན་བཀའ་ཆེན་ཡེ་ཤེས་རྒྱལ་མཚན། ཕུར་ལྕོག་བློ་བཟང་བྱམས་པ་རིན་པོ་ཆེན། པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཡུམ་དང་རྗེ་བཙུན་ཨ་ཅེ་ལགས། ཞབས་པད་བཀྲིས་རྩེ་བ་དབྱིངས་ས་བློ་བཟང་སྦྱིན་པ། དགའ་ལྡན་ཁྲི་ཆེ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་ལ་སོགས་པའི་སྐྱེ་བུ་དམ་པ་མང་པོ་ཞབས་བཅགས་ཡོད།

 

ལྷ་རྒོད་གངས་རི་འམ་དངོས་མིང་ཡེ་ཤེས་རྒྱལ་མཚན་ནས། 2015=8=15=

དཔྱད་དེབ་ནི། གོང་གི་བླ་མ་རྣམས་ཀྱི་མཛད་རྣམ་དེ་དག་ཡིན།

བརྒྱུད་སྐུལ།

མཆན་སྤེལ།