༄༅། །རྒན་རིན་པོ་ཆེ་སྙན་གྲགས་ལགས་ལ་ཕུལ་བའི་ཚིགས་སུ་བཅད་པ་དད་སེམས་ཀྱི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།

༄༅། །རྒན་རིན་པོ་ཆེ་སྙན་གྲགས་ལགས་ལ་ཕུལ་བའི་ཚིགས་སུ་བཅད་པ་དད་སེམས་ཀྱི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།
༄༅།།རྒན་རིན་པོ་ཆེ་སྙན་གྲགས་ལགས་ལ་ཕུལ་བའི་ཚིགས་སུ་བཅད་པ་དད་སེམས་ཀྱི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།
ནམ་ཡང་དྲན་གྱིས།
༡༽
མ་སྨད་ཚུལ་ཁྲིམས་གཙང་མའི་ས་གཞི་རུ།།
མི་གཡོ་ཏིང་འཛིན་མྱུ་གུའི་རྩ་བ་བརྟན།།
རྨད་བྱུང་ཤེས་རབ་འབྲས་བུའི་ཁུར་འཛིན་པ།།
ཟླ་མེད་དྲིན་ཅན་བཤེས་དེ་གཏན་དུ་མཆོད།།
༢༽
དབང་སྐུར་དག་སྣང་སྤྲིན་གྱི་སྤྲོས་པ་དོར།།
ལ་འུར་འདྲེན་མདོག་འུད་ཀྱི་འབྲུག་སྒྲ་སྤངས།།
མཁྱེན་བརྩེ་ཆུ་ཁུར་ཀློང་ནས་ནང་ཆོས་ཀྱི།།
ལྟ་སྤྱོད་སྦྲང་ཆར་སིམ་སིམ་འཇོ་ལ་འདུད།།
༣༽
མཇལ་ན་ཞི་བདེ་སྟེར་བ་གཟི་བྱིན་སྐུ།།
ཐོས་ན་དང་བ་འདྲེན་པ་ལེགས་བཤད་གསུང་།།
དད་ན་བྱིན་རླབས་འཇུག་པ་མཁྱེན་བརྩེའི་ཐུགས།།
སྐྱོན་བྲལ་སྐུ་གསུང་ཐུགས་ཀྱི་ཤིས་པ་གྲུབ།།
༤༽
མང་མང་ཐོས་པས་གཞུང་ལུགས་ཐུགས་མཚོར་འཁྱིལ།།
ཡང་ཡང་བསམས་པས་དོན་གྱི་དཔྱད་པ་རྫོགས།།
རིང་རིང་བསྒོམས་པས་མྱོང་བ་མངོན་གྱུར་པ།།
བསྟན་པའི་སྒྲོན་མེ་ཆེན་པོར་ཕྱག་འཚལ་བསྟོད།།
༥༽
ལེགས་བཤད་སྣང་བའི་འོད་རྒྱ་བསྐྱེད་པའི་མགོན།།
ཡངས་པའི་མཁའ་ཡི་ཁྲི་གདུགས་ཉི་མ་དང་།།
མཚུངས་ཀྱང་ཐུགས་ལ་མཁྱེན་བརྩེའི་ཡོན་ཏན་གྱིས།།
ཡོངས་སུ་གཏམས་ཕྱིར་ཐར་པའི་མཚན་ཅན་ངེས།།
༦༽
བློ་རྒྱ་མུན་པའི་གླིང་དུ་རབ་རྒྱུ་བའི།།
རང་རློམ་སྲིན་འབུ་མེ་འཁྱེར་ཆེས་མཚར་ཡང་།།
མུན་སེལ་ཉིན་བྱེད་དབང་པོ་ཁྱོད་དྲུང་ན།།
གང་དག་འོད་ཀྱིས་སྟོངས་པ་སུས་ཀྱང་དཔོག།
༧༽
དུས་འདིར་མཁས་མིང་འཛིན་པ་མང་ན་ཡང་།།
རིགས་ལ་སྨན་པའི་བཤེས་དེར་འགྲན་ནུས་སུ།།
གླིང་འདི་འབྲས་ལྡན་ཤིང་གིས་གང་གྱུར་ཀྱང་།།
ལྷ་ཡི་དཔག་བསམ་ལྗོན་པའི་དོ་ཟླ་དབེན།།
༨༽
འཇིག་རྟེན་མི་ཆོས་གསལ་ལ་སྲོང་བཙན་དང་།།
དམ་ཆོས་འོད་དཀར་བསྐྱེད་ལ་ཐུབ་པའི་ཚུལ།།
གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེ་ཡིས།།
སྐྱོང་མཛད་དགེ་སྦྱོང་ཁྱེད་ཀྱི་བཀའ་དྲིན་ལྕི།།
༩༽
དཀའ་བའི་མདུད་བརྒྱ་ལུང་རིགས་སྤྲོས་པས་བཤིགས།།
ཟབ་པའི་ཉམས་ལེན་ཐུགས་རྒྱུད་མྱོང་བས་སྟོན།།
སྐྱབས་སུ་འཛིན་ན་ནམ་ཡང་མི་སླུ་བའི།།
ཚུལ་འདིར་སེམས་ཚེ་དད་པ་ངང་གིས་འཕེལ།།
༡༠༽
བློ་དམན་ཡང་དག་ལམ་ལ་བཀྲི་བྱའི་ཕྱིར།།
རྒྱལ་བའི་དགོངས་བཅུད་གོ་སླའི་འཆད་ཐབས་ཀྱིས།།
དཔེ་དོན་སྦྱོར་མཁས་ཁྱོད་ལས་གཞན་ཞིག་ནི།།
བཙལ་ཀྱང་རྙེད་དུ་མེད་པའི་ཚུལ་འདིར་དད།།
༡༡༽
རྩོད་ལྡན་སྙིགས་ལྔ་ཆེས་ཆེར་བདོ་བའི་མུར།།
དམ་ཆོས་ནུབ་རིར་ཕྱོགས་པའི་དུས་མཚམས་འདིར།།
མཚན་ལྡན་བཤེས་ཁྱོད་འགྲོ་བའི་དཔྱིད་གྱུར་པ།།
ཨེ་མ་གངས་ཅན་ལས་བསོད་དམན་པས་མིན།།
༡༢༽
འཆད་པའི་གྲུ་ཆར་འཇོ་བས་སྤྲིན་ཆེན་དང་།།
རྩོད་པའི་དབྱར་རྔ་ལྡིར་བས་གཡུ་འབྲུག་དང་།
རྩོམ་པའི་མེ་ཏོག་བཞད་པས་ས་གཞི་དང་།།
མཚུངས་པའི་བཤེས་ཁྱོད་སྐུ་ཚེ་བརྟན་གྱུར་ཅིག།

སྤྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༡༩ རེས་གཟའ་ལྷག་དཀར་ཉིན་གོང་མིང་པས་དད་པས་སྦྱར་བའོ།། དགེ་ལེགས་འཕེལ།

བརྒྱུད་སྐུལ།

མཆན་སྤེལ།