ཕུ་རིའི་གཞས་རྙིང་སྐོར་རགས་ཙམ་གླེང་བ།

ཕུ་རིའི་གཞས་རྙིང་སྐོར་རགས་ཙམ་གླེང་བ།
ཕུ་རིའི་གཞས་རྙིང་སྐོར་རགས་ཙམ་གླེང་བ།
བཀྲས་ཁང་ཚ་མོ།
ཕུ་རིའི་གཞས་རྙིང་སྐོར་རགས་ཙམ་གླེང་བ།
དང་པོ། ཕ་ཡུལ་ཕུ་རི་ངོ་སྤྲོད་མདོར་ཙམ་བརྗོད་པ།
ཕུ་རི་ནི་བོད་ལྗོང་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་སྨན་ཕུག་ཤང་ཁོངས་ཀྱི་མཐའ་མཚམས་གྲོང་ཚོ་ཞིག་ཡིན། ཐོག་མར་《ཕུ་རིའི་ཡིག་ཚངས།》ཐོག་བཀོད་པ་ལྟར་ན་ལོ་རྒྱུས་ཐོག་ཕུ་རི་འདི་ཉིད་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བ་ཞིག་དང་གྲགས་ཅན་མི་སྣ་མང་པོ་བྱོན་མྱོང་བའི་དགེ་བཅུ་ཚང་བའི་ཡུལ་ཞིག་ཡིན།
དེ་ཡང་བོད་སིལ་བུའི་དུས་ཀྱི་དུས་རབས་བཅུ་པ་ནས་དུས་རབས་བཅུ་དྲུག་བར་དུ་ཕུ་རི་འདི་གུང་ཐང་རྫོང་ཁག་བཅུ་གསུམ་གྱི་ཡ་གྱལ་དང་ཕུ་རི་དགོན་པ་ནི་ལ་སྟོད་ལྷོ་ཁུལ་དང་མངའ་རིས་སྨད་ཁུལ་གྱི་དགོན་ཆེན་ཞིག་ཀྱང་ཡིན། གཞན་ཡང་《གུང་ཐང་རྒྱལ་རབས་》ལས། མཉམས་དངུལ་གཉིས་དང་ཕུ་རི་མཚོ་འཁོར་དང་།། གཙང་སོ་ཟང་ཚ་བ་སྟེ་རྣམ་པ་བཞི། ། གུས་པས་བཏུད་པའི་མི་སྡེ་ཡིན། ། ཞེས་པས་ཕུ་རི་དང་གཙང་སོ་སོགས་མི་སྡེ་གང་ཞིག་གུང་ཐང་རྒྱལ་པོ་ལ་གུས་པར་བཏུད་པའི་མི་སྡེ་ཡིན་ཞེས་འཁོད་ཡོད། ཕུ་རི་ནི་ཆོས་ཀྱི་དཔེ་ཆ་པོ་ཏི་གྲལ་སྒྲིག་པ་ལྟ་བུའི་རི་ཞིག་གི་འཚམས་སུ་ཆགས་ཡོད་ཅིང་ཕུ་རིའི་མ་ཎི་ལྷ་ཁང་ཡང་རི་དེའི་སྡེབས་སུ་བརྗིད་ཉམས་ཆེན་པོས་གནས་ཡོད། ཕ་ཡུལ་གྱི་རྒན་པོའི་བཤད་སྲོལ་ལ་སྔར་སོང་ཞིག་ལ་ལྷ་ཁང་ནང་གི་མ་ཎི་ཆེན་པོ་དེ་རང་སྐོར་སྐྱོན་པའི་སྐད་ཀྱང་འདུག ཕུ་རི་ཞེས་པའི་ཡུལ་མིང་ཐོགས་ཚུལ་ཡིག་ཆ་སོགས་སུ་ཁུངས་ཡོད་ལུང་ཡོད་ཞིག་མ་མཇལ་རུང་རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ཕྲུག་ཞིག་གི་སྔར་ནས་ད་བར་རྟོགས་ཞིབ་བྱས་པར་གཞིགས་ན་མིང་འདི་ཉིད་ནི་ཕ་ཡུལ་གྱི་རྒྱབ་རི་ཆོས་ར་དེད་དེ་ཕྱིན་པ་ན་ལུང་པའི་ཕུ་ལ་རི་བོ་མང་དུ་ཡོད་པས་དེ་ལྟར་ཐོགས་པ་མིན་ནམ་སྙམ། དེ་ལྟར་ལུང་པའི་ཕུ་ལ་ཕྱིན་པ་ན་རི་བོ་མིང་མི་འདྲ་བ་མང་དག་ཞིག་ཡོད་ཅིང་རི་བོ་དེ་དག་སྟེང་སྔར་བྱུང་གི་བྲག་ཕུག་ཡོད་པ་དང་རང་བྱུང་གི་སྐྱེ་དངོས་མང་པོ་ཞིག་ཀྱང་སྐྱེ་གི་ཡོད།།
གཉིས་པ། གཞས་རྙིང་ལ་ངོས་འཛིན་ཚུལ་མདོར་ཙམ་གླེང་བ།
དེ་ཡང་གཞས་རྙིང་འདི་ནི་ཕུ་རི་ཙམ་མིན་པར་ལ་སྟོད་ལྷོ་ཁུལ་གྱི་དིང་རི་དང་གཉའ་ནང་གི་ས་ཆ་མང་ཆེ་བར་དར་ཡོད། སྤྱིར་ན་གཞས་རྙིང་ནི་གནས་རི་དང་དགོན་པ། བླ་མ་དང་དཔོན་པོ་ཕ་མ་སོགས་ལ་བསྟོད་གླུ་ཕུལ་བའི་ཚིག་ཤ་སྟག་ཡིན་དེ་མིན་གཞན་རྒྱང་གླུ་དང་ཉེ་གླུ་ཡང་ཡོད། དེ་ཡང་ཕ་ཡུལ་དུ་ལོ་གཅིག་དུས་གཅིག་གི་ལོ་གསར་དང་ལོ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་དགུ་ཉིན་ལ་སྟོད་དཔལ་སྡིངས་དགོན་གྱི་གར་འཆམ་འཁྲབ་སྟོན་ཟིན་པ་ན་ཞབས་རྙིང་འཁྲབ་སྲོལ་ཡོད། དེ་བཞིན་གཉེན་སྟོན་སོགས་ཀྱི་སྐབས་སུ་ཡང་འཁྲབ་སྲོལ་ཡོད། མ་ཟད་གཞས་རྙིང་འཁྲབ་སྐབས་རོལ་ཆ་གཅིག་རང་ཡོད་པ་ནི་རྔ་རྡུང་བ་དེ་ཡིན།དེ་ཡང་དོ་ར་གཅིག་གི་ནང་རྔ་གཅིག་མ་གཏོགས་རྡུང་ལེན་བྱེད་གི་མེད་ལ་རྔ་རྡུང་བ་དེ་སྤྱིར་བཏང་མི་རབས་གཅིག་ནང་མི་གཅིག་གིས་རྡུང་བ་ལས་བརྗེ་སྲོལ་མེད། གཉེན་སྟོན་སོགས་ཁང་པའི་ནང་གཞས་རྙིང་འཁྲབ་སྐབས་རྔ་རྡུང་ལེན་བྱེད་སྲོལ་མེད། གཞས་རྙིང་དང་དིང་རིའི་ལྷོ་གཞས་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་གཏན་འཁེལ་རེད་འདུགདེ་ཡང་གཅིག་ནས་དེ་གཉིས་དར་སའི་ཡུལ་གཅིག་ཡིན་པ་དང་གཉིས་ནས་གཞས་ཚིག་གི་ནང་དོན་མང་ཆེ་བར་འདྲ་བར་སྣང་ལ་གཞས་ཀྱི་མིང་མང་ཆེ་བ་གཞས་ཚིག་དང་པོ་དེ་རང་ཡིན་པ། གསུམ་ནས་ཞབས་བྲོའི་འཁྲབ་སྟངས་ལ་འདྲ་བའི་ཆ་མང་པོ་འདུག འོན་ཀྱང་དངོས་སུ་གང་ལས་གང་ཞིག་དར་བའམ་གང་ཞིག་ཅུང་ཟད་ཁྱབ་ཁོངས་ཆེ་བ་ཡོད་པ་སོགས་ཀྱི་འབྲེལ་བ་དངོས་དེ་ཞུ་སྤོབས་མ་མཆིས།།
གསུམ་པ། གཞས་རྙིང་འཁྲབ་མཁན་གྱི་མི་སྣ་གླེང་བ།
རང་ཅག་བོད་ཡུལ་འདིར་ཞབས་གཞས་འཁྲབ་པར་དབུལ་ཕྱུག་དང་རིགས་རུས་ཀྱི་དབྱེ་བ་མེད་ལ་ལོ་ན་རྒན་གཞོན་དང་ཕོ་མོའི་དབྱེ་བ་དེ་བས་ཀྱང་མེད། དེ་སྔོན་ཡིན་ན་གཞས་རྙིང་འཁྲབ་མཁན་མང་ཆེ་བ་ལོ་ན་རྒན་པ་ཡིན། དེ་ཡང་གཞས་རྙིང་དེ་གཞས་གདངས་རིང་བ་དང་ཞབས་བྲོ་དལ་བ་སོགས་ཀྱི་རྐྱེན་པས་ལོ་ན་གཞོན་པ་རྣམས་ལ་དེ་འཁྲབ་པའི་ངང་རྒྱུད་དང་སྙིང་རུས་མེད་པར་སྣང་།ཡིན་ཡང་དེང་སང་ཕ་ཡུལ་གྱི་རྒན་གཞོན་ཚང་མ་དམངས་ཁྲོད་ཞབས་གཞས་ལ་དགའ་ཞེན་ཆེ་རུ་ཕྱིན་འདུག་པས་ལོ་ན་གཞོན་པ་རྣམས་ཀྱིས་ཀྱང་དུས་རྒྱུན་ནས་གཞས་ཚིག་ལ་དོ་ཁུར་ཆེར་ཕྱིན་པ་དང་ལོ་གསར་སོགས་ཀྱི་ཞབས་བྲོའི་བྱེད་སྒོར་མང་དུ་བཞུགས་གིན་འདུག ལོ་ན་བཅུའི་གཡས་གཡོན་གྱི་ཕྲུ་གུ་ཚོ་གཅིག་ནས་ཨ་གསར་དང་གཉིས་ནས་གྱོན་ཆས་གསར་པ་རྣམས་ངོམས་ཆེད་གཞས་རྙིང་འཁྲབ་རྒྱུར་དགའ་པོ་འདུག །
བཞི་པ། གཞས་རྙིང་འཁྲབ་སྐབས་ཀྱི་གྱོན་ཆས་གླེང་བ།
དེ་ཡང་གཞས་རྙིང་འཁྲབ་སྐབས་ཆེས་མང་ཆེ་བའི་གྱོན་ཆས་གླེང་བ་ན། ཕ་རྒན་རྣམས་འབུ་རས་དཀར་པོའི་འོག་འཇུག་དང་གོས་ཆེན་འམ་གོ་ནམ་གྱི་གཡོགས་པའི་ཚ་སློག(ལུ་གུའི་སྤགས་པས་བཟོས་པའི་གྱོན་ཆས་ཞིག་)མཐའ་མར་སྲམ་གྱི་རྒྱན་པ་ཞིག་གྱོན་པ་དང་སྐེད་པར་དར་རྐྱར་(མཚོན་མདོག་ལྗང་ཁུ་དང་དམར་པོ་སེར་པོ་གང་རུང་ཞིག་ཡིན་པའི་རས་ལྷེབ་རིང་མོ་སྣེ་མོར་སྐུད་མཛར་ཡོད་པ་ཞིག་)དཀྲི་བ། རྣ་བར་གསེར་གྱི་ཨ་ལོང་བཏགས། རྐང་པར་ཟོན་པ་ལྷམ་འམ་འཇུར་རྟ་ཡུ་རིང་གྱོན། ད་དུང་རང་གི་ཁྱིམ་ཚང་གི་དཔལ་འབྱོལ་ལ་གཞིགས་ནས་རྣ་ལོང་དང་གཟི་ བྱུ་རུ་སོགས་ཀྱིས་རྒྱན་ཆས་བརྒྱན། བུད་མེད་རྣམས་ཀྱང་འབུ་རས་ཀྱི་འོག་འཇུག་དཀར་པོ་དང་ཟིང་སྐྱ་གཉིས་བརྩེགས་དང་ཁ་ཤས་གོ་ནམ་གྱི་ཚ་སློག་སྟེང་གོས་ཆེན་གྱི་ཕྱུ་པ་ཕུ་མེད་གྱོན།ཡང་ཁ་ཤས་ཕུ་ཐུང་ཡོད་པའི་སྣམ་བུའི་ཕྱུ་པ་ནག་པོ་དང་ཕུ་ཐུང་མེད་པའི་སྣམ་བུའི་ཕྱུ་པ་དམར་སྨུག་གཉིས་བརྩེགས་ནས་གྱོན། དོག་པའི་དཔང་གདན་(ལུག་གི་བལ་ལས་བཟོས་པའི་མཚོན་མདོག་ཅན་གྱི་གྱོན་ཆས་ཞིག)གཉིས་དང་སྒ་ཕེབས་(ལ་སྟོད་ཁུལ་གྱི་བུད་མེད་རྣམས་ཀྱིས་སྐེད་པར་ཕྲེད་དུ་དཀྲི་བའི་བལ་གྱི་བཟོས་པའི་གོས་ཞིག)གཉིས་གསུམ་ཙམ། ཕྱེ་ཁད་(བུད་མེད་རྣམས་ཀྱིས་བཟོ་ལྟ་ཟུར་གསུམ་དུ་བཟོས་ནས་སྐེད་པར་དཀྲི་བའི་བལ་གྱིས་བཟོས་པའི་གོས་ཞིག) བཅས་གྱོན་ཞིང་། སྐེད་དཀྲིས་(ལག་པས་ལྷས་པའི་བཟོ་ལྟ་ནར་མོ་ཡིན་པའི་སྐེད་རག་ལྟ་བུ་ཞིག)དཀྲི་བ་དང་སྐེད་ཏིག (དངུལ་གྱི་བཟོས་པའི་རྒྱན་ཆ་ཞིག)གིས་བརྒྱན་ རྐང་པར་ཟོན་པ་ལྷམ་གྱོན། ད་དུང་ཨོན་ཏག་(བྱུ་རུ་དང་སྤོས་ཤེལ་གཡུ་བཅས་ཀྱིས་བཟོས་པའི་རྒྱན་ཆ་ཅུང་རིང་བ་ཞིག)དང་གའུ་ བྲང་གཡས་པའི་ངོས་སུ་ཕོར་ཁྲོབ་ (རྒྱུ་ཆ་གཙོ་བོ་དངུལ་གྱིས་བཟོས་པའི་ལ་སྟོད་ཁུལ་གྱི་རྒྱན་ཆ་ཞིག)རྣ་བར་མཐའ་མར་གསེར་བརྒྱན་པའི་ཨམ་གཡུ་དང་བྱུར་རུ་བཏགས། གཞས་རྙིང་འཁྲབ་སྐབས་གོས་སློག་སོགས་གྱོན་ཆས་གཞན་ཡང་གོན་སྲོལ་ཡོད། །
ལྔ་པ། གཞས་རྙིང་གི་ཁྱད་ཆོས་གླེང་བ།
གཅིག གཞས་གདངས་གི་ཁྱད་ཆོས་གླེང་བ།
གཞས་གདངས་རིང་པོར་མནར་ཐུབ་པ་ནི་གཞས་རྙིང་གི་དམིགས་གསལ་གྱི་ཁྱད་ཆོས་ཤིག་ཡིན། ཐོག་མར་གླུ་ཚིག་གཉིས་གསུམ་ཙམ་ལ་གདངས་རིང་པོར་མནར་བ་དང་དེ་ནས་རིམ་བཞིན་གདངས་ཐུང་དུ་གཏོང་གིན་ཡོད། ད་དུང་གཞས་དཔོན་གྱིས་གཞས་ཀྱི་སྒོ་མོ་ཕྱེ་མ་ཐག་རྗེས་མ་རྣམས་ཀྱིས་མུ་མཐུད་ནས་ལེན་གིན་ཡོད་དེ་ཡང་མདངས་ཇེ་རིང་ནས་ཇེ་རིང་དུ་མནར་བ་ཡང་ཡོད། ཡང་གཞས་ཚིག་གཅིག་ཡིན་རུང་གདངས་རིང་ཐུང་མི་འདྲ་བར་ཐེངས་གཉིས་གསུམ་ཙམ་ལེན། དེ་ལྟར་གླུ་ལེན་པའི་སྐབས་སྤྱིར་ན་གླུ་ལེན་མཁན་ཚོས་མ་གཏོགས་གཞས་གྱིས་ཚིག་དེ་ཙམ་གསལ་པོར་གོ་མི་ཐུབ།
གཉིས། གཞས་ཚིག་གི་ཁྱད་ཆོས་གླེང་བ།
གཞས་ཚིག་མང་ཆེ་བ་བླ་མ་དང་གངས་རི། དགོན་པ། ཕ་མ་སོགས་ལ་བསྟོད་པའི་ཚིག་ཡིན་པ་མ་ཟད་ཞབས་བྲོ་གཅིག་གི་གཞས་ཚིག་ལའང་མང་ཆེ་བར་དབྱེ་བ་གཉིས་སུ་དབྱེ་ཡོད་དེ་སྤྱིར་ན་གཞས་རྙིང་གི་དང་ཐོག་མའི་འགོ་བཙུགས་གི་ཞབས་བྲོ་དེ་གཅིག་པ་ཡིན་པའི་རྐྱེན་གླུ་གཅིག་དང་དེ་ནས་ཞབས་བྲོ་དངོས་འཁྲབ་པའི་སྐབས་གླུ་གཅིག་གཏོང་གིན་ཡོད། འོན་ཀྱང་གླུ་དེ་གཉིས་བར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ལས་ནང་དོན་རྩ་བ་ནས་ཁག་ཁག་དེ་འདྲ་མ་ཡིན།
གཤམ་དུ་གཞས་རྙིང་འགའ་འཁོད་ཡོད། །
༡ བླ་མ་དང་ཕ་མར་བསྟོད་གླུ་འབུལ་བ་ལ་དཔེར་ན།
1.གཞས་མིང་ ཤར་རི་རྒྱལ་ལྷུན་པོ།
ཤར་རི་རྒྱལ་ལྷུན་པོའི་རྩ་བ་ནས་བལྟས་པས།
དཀར་པོ་དུང་གི་བཞེངས་པའི་མཆོད་རྟེན་ཡོད།
གཞན་དང་གཞན་གྱི་བཞེངས་པའི་མཆོད་རྟེན་མིན།
དྲིན་ཆེན་ཕ་མས་བཞེངས་པའི་མཆོད་རྟེན་ཡིན།
བསོད་བདེ་རྒྱབ་རྟེན་བཞེངས་པའི་མཆོད་རྟེན་ཡིན།
ཁམ་པ་དངུལ་ལས་བཞེངས་པའི་མཆོད་རྟེན་ཡོད།
གཞན་དང་གཞན་གྱི་བཞེངས་པའི་མཆོད་རྟེན་མིན།
དགོན་ཆེན་དཔོན་པོས་བཞེངས་པའི་མཆོད་རྟེན་ཡིན།
ཁམས་གསུམ་དབང་འདུས་བཞེངས་པའི་མཆོད་རྟེན་ཡིན།
ཤར་རི་རྒྱལ་ལྷུན་པོའི་རྩ་བ་ནས་བལྟས་པས།
སེར་པོ་གསེར་ལས་བཞེངས་པའི་མཆོད་རྟེན་ཡོད།
གཞན་དང་གཞན་གྱི་བཞེངས་པའི་མཆོད་རྟེན་མིན།
རྩ་བའི་བླ་མས་བཞེངས་པའི་མཆོད་རྟེན་ཡོད།
ཕྱི་མ་ཡར་འདྲེན་བཞེངས་པའི་མཆོད་རྟེན་ཡོད།
2.གཞས་མིང་ ཆོས་ལ་རྡོ་རྗེ་མ་བཞུགས་རྡོ་རྗེ་བཞུགས།
གཡས་རི་གཡས་ལ་བཟང་བཟང་། གཡོན་རི་གཡོན་ལ་བཟང་བཟང་།
འུ་ཅག་ཕོ་གཞོན་མོ་གཞོན་སྐྱིད་པའི་གནས་ལ་བཟང་བཟང་།
ཞབས་བྲོ། རྩ་བའི་བླ་མ་མཇལ་བའི་མཇལ་དར་གཅིག་དགོས་ལ་ཟེར་ན།
སྨན་རྩེ་སེར་བོ་མ་ནོའོ་ལོའོ།
མ་ནོའོ་ཡུག་གཅིག་དགོས་ལ་བྱུང་། དྲི་མའི་མ་ནོའི་ལོའོ།
མགོན་འདྲེན་དཔོན་པོ་མཇལ་བའི་མཇལ་དར་གཅིག་དགོས་ལ་ཟེར་ན།
ཁ་བཏགས་དཀར་བོ་མའ་ལའ་ནོའོ།
མ་ནོའོ་ཡུག་གཅིག་དགོས་ལ་བྱུང་། དྲི་མའི་མ་ནོའི་ལོའོ།
དྲིན་ཆེན་ཕ་མ་མཇལ་བའི་མཇལ་དར་དགོས་ལ་ཟེར་ན།
རང་སེམས་དཀར་བོ་མའ་ལའ་ནོའོ།
མ་ནོའོ་ཡུག་གཅིག་དགོས་ལ་བྱུང་། དྲི་མའི་མ་ནོའི་ལོའོ།།
༢ གངས་རིར་བསྟོད་གླུ་འབུལ་བ་ལ་དཔེར་ན།
1.གཞས་མིང་། གསེར་གཞོང་།
གངས་སྟོད་མཐོ་པོ་གསེར་གཞོང་དང་འདྲ།
གསེར་གཞོང་གསེར་གྱི་གཞོང་པ་དང་འདྲ།
གངས་སྟོད་མཐོ་པོ་གཡུ་གཞོང་དང་འདྲ།
གཡུ་གཞོང་གཡུ་ཡི་གཞོང་པ་དང་འདྲ།
རྨ་བྱའི་སྐོར་ར་གཡས་སྐོར་ལ་ཕེབས་ཟེར་ན།
རྨ་བྱའི་སྐོར་ར་གཡོན་སྐོར་ལ་ཕེབས་དང་གཡས་སྐོར་ལ་ཕེབས་དང་།
ཡུལ་ལ་དགའ་བའི་ཟླ་རེ་ཤར།
ཡུལ་ལ་སྐྱིད་པའི་ཉི་མ་རེ་ཤར།
དགའ་སྐྱིད་འཛོམས་པའི་ཞབས་བྲོ་ལ་ཕེབས།
2.གཞས་མིང་། གངས་སྟོད་མཐོ་པོ་སང་ངང་བསམ་པའི་ནང་གཞས།
གངས་སྟོད་མཐོ་པོ་སང་ངང་བསམ་པའི་ནང་གཞས།
དར་སེང་དཀར་མོ་ཕེབས་གི་ཡོད་དམ་ལགས།
གཡུ་རལ་ལེགས་མོ་ཁྲུང་ལ་ཡལ་ག་སྐྱོན་ཤོག་ལགས།
རྫས་སྟོད་མཐོ་པོ་སང་ངང་བསམ་པའི་ནང་གཞས་ན།
འབྲོང་ཆུང་ལེགས་མོ་ཕེབས་གི་ཡོད་དམ་ལགས།
རྭ་ཅོ་ལེགས་མོ་ཁྲུང་ལ་ཡལ་ག་སྐྱོན་ཤོག་ལགས།
སྤང་སྟོད་མཐོ་པོ་སང་ངང་བསམ་པའི་ནང་གཞས་ན།
ཤ་བ་ལེགས་མོ་ཕེབས་གི་ཡོད་དམ་ལགས།
རྭ་ཅོ་ལེགས་མོ་ཁྲུང་ལ་ཡལ་ག་སྐྱོན་ཤོག་ལགས།
༣ དགོན་པར་བསྟོད་གླུ་འབུལ་བ་ལ་དཔེར་ན།
1.གཞས་མིང་། ཆོས་གླིང་ཆོས་གླིང་ཟེར་བ་རྣ་བས་ཐོས་ཚད་མ་རེད།
ཆོས་གླིང་ཆོས་གླིང་ཟེར་བ་རྣ་བས་ཐོས་ཚད་མ་རེད།
རུམ་བུ་རྗ་ཡི་དཀྱིལ་ན་ཡོད་འདྲ་བསམ་པ་མ་བྱུང་།
ཞབས་བྲོ། མ་བརྩིགས་བརྩེགས་པ་ལའ་བ་སྔོན་པོ་འབྲུ་ཡི་བརྩིགས་པ།
བརྩེགས་ནས་འགྱུར་བ་མེད་པ་འགྱུར་མེད་མདོ་དཀར་ཆོས་གླིང་།
ཕྱི་སོ་རི་མོ་ལའ་བ་སེམས་ཅན་སྟག་གི་ལྤགས་པ།
ནང་སོ་རི་མོ་ལའ་བ་ལྷ་ཁང་གསར་པའི་ལྡེབས་རིས།
ལྷ་ཁང་གསར་པའི་ལྡེབས་རིས་རྨ་བྱའི་སྒྲོ་ལས་འཚར་བ།
དེ་ཡི་ནང་དུ་བཞུགས་མཁན་སྐྱབས་མགོན་ཉི་མའི་འོད་ཟེར།
ཕར་ལ་མཇལ་དར་འཕུལ་བས་ཚུར་ལ་ཚེ་བདུད་གནང་བྱུང་།
ཚེ་ལོ་ལྔ་བརྒྱ་ཐུབ་པའི་ཚེ་བདུད་གནང་བྱུང་།
ཚེ་བདུད་སྐེ་ལ་བཏགས་ནས་རང་ཡུལ་གཏད་ནས་ལོག་འགྲོ།
2.གཞས་མིང་། གནས་བཟང་པོ་གཅིག་དང་བཟང་པོ་གཉིས།
གནས་བཟང་པོ་གཅིག་དང་བཟང་པོ་གཉིས།
གནས་བཟང་པོ་དིང་རི་རླང་འཁོར་དགོན་པ།
གདན་མཐོ་པོ་གཅིག་དང་མཐོ་པོ་གཉིས།
གདན་མཐོ་པོ་ལབ་ཕྱི་ཆོས་རར་ཡོད།
ཞབས་བྲོ། དཔྱིད་ཀྱི་དུས་སུ་མཆོད་པ་འཕུལ།
གཙང་ཆུ་སྔོན་མོ་བརྒྱ་ཡི་མཆོད་པ་འཕུལ།
དབྱར་གྱི་དུས་སུ་མཆོད་པ་འཕུལ།
མེ་ཏོག་རྩམ་པ་བརྒྱ་ཡི་མཆོད་པ་འཕུལ།
སྟོན་གྱི་དུས་སུ་མཆོད་པ་འཕུལ།
འབྲུ་སྣ་གཙང་མ་བརྒྱ་ཡི་མཆོད་པ་འཕུལ།
དགུན་གྱི་དུས་སུ་མཆོད་པ་འཕུལ།
ཞལ་བཟས་དཀར་མོ་བརྒྱ་ཡི་མཆོད་པ་འཕུལ།
ནམ་ཞག་རྒྱུན་དུ་མཆོད་པ་འཕུལ།
གཙང་ཆུ་སྔོན་མོ་བརྒྱ་ཡི་མཆོད་པ་འཕུལ།།
༤ བོད་ཡུལ་གྱི་གནམ་ཟླའི་ཁྱད་ཆོས་ལེན་པ་དཔེར་ན།
སྤྱི་ཟླ་དང་པོ་ཤར་ལ་ཟེར་ན།
གླང་ཆུང་དྲེ་བོས་སྐད་རེ་རྒྱབ།
འཛམ་གླིང་ས་ཆུ་དྲོས་ནི་གཏམ་བཟང་འབུལ་རྒྱུ་ཡོད།
དབྱར་ཟླ་དང་པོ་ཤར་ལ་ཟེར་ན།
གཡུ་འབྲུག་སྔོན་མོས་སྐད་རེ་རྒྱབ།
སྦྲང་ཆར་བསིལ་མ་བབས་ནས་གཏམ་བཟང་འབུལ་རྒྱུ་ཡོད།
༥ བསླབ་བྱ་གནང་བའི་ཚིག་ལ་དཔེར་ན།
བདག་ལ་རྩ་བའི་བླ་མའི་ཡར་ལ་ཡར་ཤོག་གསུངས་བྱུང་།
བདག་གིས་ཡར་ལ་ཕྱིན་པས་ལྷ་ཆོས་བྱས་ཤོག་གསུངས་བྱུང་།
རྩེ་ཞྭ་ནམ་ཕངས་བཅད་འདྲ་དགོས།
ཆོས་གོས་ས་གཞི་འཐིབས་འདྲ་དགོས་བྱུང་།
ཆོས་ལ་དམ་ཆོས་པུ་ཏི་དགོས་བྱུང་།
འཛོམས་པ་རྣམ་གསུམ་བྱུང་ན་ཨོ་ལོས་ལྷ་ཆོས་བྱས་ཆོག
བདག་ལ་དགོན་འདྲེན་དཔོན་པོས་ཡ་ལ་ཡར་ཤོག་གསུངས་བྱུང་།
བདག་གི་ཡར་ལ་ཕྱིན་པས་དགྲ་མགོ་བཏུལ་ཤོག་གསུངས་བྱུང་།
དམག་རྒྱན་གངས་ལ་ཉི་མ་ཤར་འདྲ་གཅིག་དགོས་བྱུང་།
ཁྲབ་རྒྱན་གསེར་གྱི་སྤུང་ཐང་འདྲ་ཞིག་དགོས་བྱུང་།
དཔའ་ཐང་མགོན་པོ་དྲྭ་གསུམ་དགོས་བྱུང་།
འཛོམས་པ་རྣམ་གསུམ་བྱུང་ན་ཨོ་ལོས་དགྲ་མགོ་བཏུལ་ཆོག
བདག་ལ་དྲིན་ཆེན་ཕ་མས་ཡ་ལ་ཡར་ཤོག་གསུངས་བྱུང་།
བདག་གིས་ཡར་ལ་ཕྱིན་པས་གཉེན་མགོ་སྐྱོང་ཤོག་གསུངས་བྱུང་།
ཆོས་ཞལ་དར་ཆེན་གསེར་བོ་དགོས་བྱུང་།
བཞེས་རུང་ཨ་རག་བདུད་བརྩི་དགོས་བྱུང་།
ཡལ་ག་ཚང་བ་ལྔ་ལྡན་དགོས་བྱུང་།
འཛོམས་པ་རྣམ་གསུམ་བྱུང་ན་ཨོ་ལོས་གཉེན་མགོ་སྐྱོང་ཆོག་སོགས་དུ་མ་ཡོད།
གསུམ། ཞབས་བྲོའི་ཁྱད་ཆོས་གླེང་བ།
ཞབས་བྲོ་ཐོག་མར་འགོ་ཚུགས་པའི་སྐབས་འཁྲབ་སྟངས་གཅིག་མཚུངས་ཡིན། དེ་ཡང་གླུ་དལ་པོར་ལེན་གྱིན་རྐང་ལག་གཡོན་པ་ཅང་མི་མགུལ་བ་དང་གཡས་པས་སྟེགས་ཙམ་སྟེགས་ཙམ་བྱེད། ཡང་སྐབས་རེ་ལག་པ་གཡས་གཡོན་གྱི་མིའི་སྐེད་པར་འཐམས་ནས་འཁྲབ་གིན་ཡོད། མ་ཟད་ཞབས་རྙིང་འཁྲབ་སྐབས་རྐང་པའི་འཁྲབ་སྟངས་དེ་ཡང་ཁྱད་ཆོས་གཙོ་བོ་ཞིག་ཏུ་འགྱུར་ཡོད་སྤྱིར་ན་གཞས་རྙིང་གང་འདྲ་ཞིག་ཡིན་རུང་རྐང་པའི་འཁྲབ་སྟངས་མི་འདྲ་བ་རེ་ཡོད། དེ་མིན་མགོ་བོ་དང་སྐེད་པ་སོགས་རམ་འདེགས་ཙམ་ལས་དེ་ཙམ་གྱི་མགུལ་ཤུགས་ཆེན་པོ་མེད། ཡང་སྐབས་རེ་གདན་ཐོག་བཞུགས་ནས་སྔོན་ལ་གླུ་གང་ཙམ་གཏོང་བ་དང་དེ་ནས་ཡར་ལང་གིན་དུ་གླུ་ལེན་པ་ཚང་མ་དོ་རྭའི་ནང་སླེབས་རྗེས་ཞབས་བྲོ་འཁྲབ་འགོ་ཚུགས། མ་ཟད་གཞས་ཚིག་གི་མདོར་བསྡུས་ནང་དོན་གཅིག་ཡིན་རུང་གཞས་གདངས་མི་འདྲ་བ་ལ་བརྟེན་ནས་ཞབས་བྲོ་ཡང་མི་འདྲ་བ་འཁྲབ་གིན་ཡོད། རུ་གྲལ་སྒྲིག་སྟངས་ཐོག་ནས་བརྗོད་ན་ཚང་མ་སྒོར་སྒོར་བྱས་ནས་གྲལ་སྒྲིག་པ་དང་སྤྱིར་ན་བོད་ཡུལ་དུ་ཞབས་བྲོ་གང་ཞིག་འཁྲབ་རུང་གཞས་དཔོན་ནི་གྲལ་མགོར་སྒྲིག་གིན་ཡོད། འོན་ཀྱང་གཞས་རྙིང་འཁྲབ་སྐབས་མང་ཆེ་བ་གཞས་དཔོན་རུ་གྲལ་གྱི་དཀྱིལ་དབུས་སུ་སྒྲིག་གིན་ཡོད་དེ་ཡང་ཐོག་མར་གཞས་དཔོན་གྱིས་གཞས་ཀྱི་འགོ་འདོན་པའི་སྐབས་གཡས་གཡོན་གྱི་མི་རྣམས་ཀྱིས་མྱུར་དུ་ཐོས་ཐུབ་པ་དང་། གཉིས་ནས་གཡས་གཡོན་གཉིས་སུ་ཡོད་པའི་འཁྲབ་སྟོན་པ་རྣམས་ཀྱིས་གཞས་དཔོན་གྱི་ལེན་པའི་གདངས་དེར་མཐུད་བདེ་བ་ཆེད་ཡིན། །
དྲུག་པ། གཞས་རྙིང་གི་དབྱེ་བ།
གཞས་རྙིང་གི་དབྱེ་བ་ལ་ཁྲུང་གླུ་དང་ཕྱྭ་གཞོང་ང་། བཀྲ་ཤིས་གསོལ་གླུ་སོགས་མང་པོ་ཡོད་པས་ད་ཐེངས་འདིར་ཁྲུང་གླུ་དང་ཕྱྭ་གཞོང་། བཀྲ་ཤིས་གསོལ་གླུ་གསུམ་གྱི་ངོ་སྤྲོད་མདོར་ཙམ་གླེང་།
གཅིག ཁྲུང་གླུ།
དེ་ནི་ལོ་གསར་དང་རྟ་རྒྱུགས་འགྲན་སྡུར། མནའ་མ་མག་པ་སློང་བའི་རྟེན་འབྲེལ་སོགས་ཀྱི་སྐབས་ལེན་པའི་ཆང་གཞས་ལ་ཟེར། དཔེར་ན་གཞས་མིང་། མཆོད་པ་འབུལ་བ།
མཆོད་པ་ཡར་མཆོད།
ཡར་མཆོད་རྩ་བའི་བླ་མས་བཞེས།
རྩ་བའི་བླ་མས་མ་བཞེས་ན་འཆི་མའི་ཡར་འདྲེན་སུས་གནང་།
མཆོད་པ་ཡར་མཆོད།
ཡར་མཆོད་མགོ་འདྲེན་དཔོན་པོས་བཞེས།
མགོ་འདྲེན་དཔོན་པོས་མ་བཞེས་ན་ཁམས་གསུམ་དབང་འདུས་སུས་གནང་།
མཆོད་པ་ཡར་མཆོད།
ཡར་མཆོད་དྲིན་ཆེན་ཕ་མས་བཞེས།
དྲིན་ཆེན་ཕ་མས་མ་བཞེས་ན་བསོད་བདེ་རྒྱབ་རྟེན་སུས་གནང་།
ཞབས་བྲོ།
གྲལ་སྟོད་གསེར་བྱ་ཡིན་ན་བསམ་བྱུང་།
གྲལ་སྨད་གཡུ་བྱ་ཡིན་ན་བསམ་བྱུང་།
དཔོན་པོ་བདེ་གཤེགས་རྣམ་རྒྱལ་ཨ་རག་ཁྲུང་གི་ཕེབས་སོང་།
གཞོན་གཞོན་དཔལ་གྱི་མེ་ཏོག་ཁྲོ་མ་རྒྱག་ལ་གཡེངས་སོང་།
གཉིས། བཀྲ་ཤིས་གསོལ་གླུ།
དེ་ནི་ལོ་གསར་སོགས་རྟེན་འབྲེལ་གྱི་མཛད་སྒོའི་མཇུག་ཏུ་གཞས་རྭར་བཞུགས་པ་ཐམས་ཅད་ཀྱིས་ཕྱག་ཏུ་མཇལ་དར་བསྣམས་པ་དང་། མཇུག་བསྡོམས་དུ་བཀྲ་ཤིས་པའི་ལེན་ཚན་ཞིག་ཡིན། དེ་ཡང་རྒྱས་བསྡུས་གཉིས་དང་རྒྱབ་སྐྱོར་སོགས་ཡོད། དཔེར་ན།
བཀྲ་ཤིས་པའི་གྱེས་གཞས།
དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་དང་པོ་ཤར།
ལུང་ཆུང་རེ་ནས་ཆུ་སྣ་རེ་འཛོམས།
ཆུ་སྣ་མི་གཅིག་བརྒྱ་ཚར་འཛོམས།
དབྱར་གསུམ་དབྱར་གྱི་དབྱར་ཟླ་དང་པོ་ཤར།
ལུང་ཆུང་རེ་ནས་མེ་ཏོག་རེ་འཛོམས།
མེ་ཏོག་མི་གཅིག་བརྒྱ་ཚར་འཛོམས།
སྟོན་གསུམ་སྟོན་གྱི་སྟོན་ཟླ་དང་པོ་ཤར།
ལུང་ཆུང་རེ་ནས་འབྲུ་སྣ་རེ་འཛོམས།
འབྲུ་སྣ་མི་གཅིག་བརྒྱ་ཚར་འཛོམས།
ཞབས་བྲོ།
ཆུ་སྣ་བརྒྱ་ཡི་བརྒྱ་ཚར་རེ་འཛོམས་ཟེར་ན་ལྷ་སའི་སྐྱིད་ཆུ་སྔོན་མོ།
མེ་ཏོག་བརྒྱ་ཡི་བརྒྱ་ཚར་རེ་འཛོམས་ཟེར་ན་སེར་ཆེན་སྦོ་ཏོ།
གངས་རི་བརྒྱ་ཡི་བརྒྱ་ཚར་རེ་འཛོམས་ཟེར་ན་གཙང་ལྷ་པུ་དར་དཀར་པོ།
བཀྲ་རེ་ཤིས་གཡང་རེ་ཆགས།
བཀྲ་ཤིས་དོན་གྲུབ་གཉིས་ལ་འགྱུར་བ་ཡོང་ས་མེད།
འགྱུར་བ་མེད་པའི་བཀྲ་ཤིས་རེ་གསོལ།
གསུམ་པ། ཕྱྭ་གཞོང་ང་།
དེ་ནི་རྟ་རྒྱུགས་འགྲན་སྡུར་བཏང་རྗེས་ཕྱྭ་གཡང་འགུགས་པའི་ཆེད་དང་བུ་བུ་མོ་གནའ་མ་དང་མག་པར་སྟེར་སྐབས་རང་སྐལ་བྱིན་པའི་རྗེས་སུ་ཡང་ཕྱྭ་གཡང་འགུགས་པའི་ཆེད་ཞབས་བྲོ་དེ་འཁྲབ་སྲོལ་ཡོད། དཔེར་ན།
ས་ལ་བཞེངས་ས་གཞི་པད་མའི་སྟེང་དུ།
ཀླུ་ཡི་ཕོ་བྲང་བཞེངས་ཡོད།
ཀླུ་ཡི་ཕོ་བྲང་སྟེང་ན་ཕྱྭ་བཞི་གཡང་བཞི་བཞེངས་ཡོད།
ཕྱྭ་བཞི་གཡང་བཞི་སྟེང་ན་ཕྱྭ་ལེན་གཡང་ལེན་གཏིང་ཡོད།
ཕྱྭ་ལེན་གཡང་ལེན་སྟེང་ན་ནས་ཀྱི་གཡུང་དྲུང་བྲིས་ཡོད།
ནས་ཀྱི་གཡུང་དྲུང་སྟེང་ན།
གཤེན་ཚྭ་དཀར་མོ་ཡོད།
གཤེན་ཚྭ་དཀར་མོའི་སྟེང་དུ་བརྡ་དར་སྣ་ལྔ་ཡོད།
བརྡ་དར་སྣ་ལྔའི་སྟེང་ན་དངུལ་དཀར་མེ་ལོང་བཞག་ཡོད།
དངུལ་དཀར་མེ་ལོང་སྟེང་ན་རྒྱ་གར་སྒྲོན་བུ་བཞག་ཡོད།
བདུན་པ། མཇུག་གཏམ།
ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ཕྲུག་ཞིག་གི་ངོས་ནས་བརྗོད་ན་ཕ་ཡུལ་གྱི་སྔོན་བྱུང་རིག་གནས་དག་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་རྒྱུའི་འོས་འགན་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་ཡིན། འོན་ཀྱང་རང་ཉིད་ལྟ་རྒྱ་ཐོས་རྒྱ་ཉུང་བའི་རྐྱེན་སྔར་ནས་ད་བར་ལ་སྟོད་ཁུལ་གྱི་གཞས་རྙིང་སྐོར་གྱི་དཔེ་ཆ་ཞིག་དངོས་སུ་མཐོང་བའི་སྐལ་མ་བྱུང་། ད་ཐེངས་གི་རྩོམ་ཐུང་དེ་ནི་རང་ཉིད་ཀྱི་རྨོ་བོ་ལགས་དང་ཕ་མ་གཉིས།ད་དུང་གཅེན་པོའི་འགྲམ་ནས་ཡུལ་དངོས་སུ་བཅར་དྲི་ཞུས་པ་དང་རང་ཉིད་ཀྱི་ལོ་གསར་སོགས་ཡུལ་དངོས་ཀྱི་བྱེད་སྒོའི་ནང་བཞུགས་རྗེས་བྲིས་པ་ཞིག་ཡིན་ཡིན་ནའང་། རང་ཉིད་ཆེད་ལས་མིན་པའི་རྩོམ་འབྲི་བ་ཞིག་གིས་དཔྱད་གཞིའི་ཡིག་ཆ་དངོས་ཞིག་ཁུངས་གཏུགས་ས་མེད་པར་དེ་ལྟར་ཕ་ཡུལ་གྱི་གཞས་རྙིང་གི་སྐོར་ངག་ཐོག་ནས་རྒྱུན་འཛིན་བྱས་པ་དག་རང་ཉིད་ནས་འཇོན་ཚོད་ཀྱིས་ཡིག་ཐོག་སུ་ཕབ་པ་ཞིག་ཡིན་པས་དེ་དག་ཁ་ཚོན་བཅད་ནས་འགྲིག་པ་ཤ་སྟག་ཡིན་པའི་ཁས་ལེན་མི་ཕོད་ལ་དེའི་ནང་སྐྱོན་དང་ནོར་འཁྲུལ་ཡང་མང་དག་ཅིག་ཡོད་ངེས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང་སློབ་སྟོན་གང་མང་གནང་རྒྱུའི་རེ་བ་ཡོད། ལྷག་པར་དུ་ལ་སྟོད་ཀྱི་རྒན་དར་གཞོན་གསུམ་རྣམས་ཀྱིས་ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་ལ་དེ་བས་དོ་འཁུར་གང་མང་གནང་རྒྱུའི་རེ་བ་ཡོད།།
རྩོམ་འབྲི་བ་ངོ་སྤྲོད་མདོར་བསྡུས།
དྲ་མིང་དུ་བཀྲས་ཁང་ཚ་མོ་དང་དངོས་མིང་དུ་ངག་དབང་དཔལ་ལྡན། ཁོ་མོ་ནི་སྤྱི་ལོ་༡༩༩༨ལོར་ཕ་ཡུལ་གཉའ་ནང་རྫོང་སྨན་ཕུག་ཤང་ཁོངས་ཕུ་རིའི་ཕ་ཁྱིམ་བཀྲ་ཤིས་ཁང་གསར་ཚང་དུ་ཐོག་མར་ལྟེ་ཁྲག་འཕོས་ཤིང་སྔ་ཕྱིར་ཕ་མ་སྤུན་མཆེད་ཀྱི་རྒྱབ་སྐྱོར་འོག་སློབ་གྲྭ་ཆུང་འབྲིང་འགྲིམས་པ་དང་ད་ལྟ་བོད་ལྗོངས་སློབ་ཆེན་དུ་སློབ་གཉེར་གྱི་ལས་ལ་འབད་བཞིན་ཡོད། །
༼ཡོངས་ཁུངས་རྒྱང་རིང་གི་མཁར་རྟ་འཕྲིན་སྟེགས་དྲ་བ༽

 

བརྒྱུད་སྐུལ།

མཆན་སྤེལ།