ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་དང་། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།

ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་དང་། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།
ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་དང་། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།
མཁས་དབང་ནོར་བྲང་ཨོ་རྒྱན།
དཀར་དཀར་གངས་རིས་བསྐོར་བའི་ཞིང་མཆོག་འདིར། །ཉུང་ཉུང་མཚོ་ཡོན་དབྱངས་གསལ་པིར་རིས་ཀྱིས། །
ཟབ་ཟབ་དོན་ཀུན་གསལ་བའི་ཤིང་རྟ་ཆེ། །མང་མང་མཁས་པའི་ཏོག་གྱུར་སམ་བྷོ་ཊ། །
ཞེས་ཤིས་བརྗོད་ཀྱི་ཚིག་སྔོན་དུ་འགྲོ་བའི་སྒོ་ནས། རང་ཅག་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ། བཀའ་དྲིན་ཅན་ཐོན་མོ་སམ་བྷོ་ཊའི་ལོ་རྒྱུས་མདོར་བསྡུས་དང་སྦྲགས། ཁ་བའི་ལྗོངས་འདིར། སྔ་རྗེས་སུ་དར་བའི་ཡི་གེའི་སྐོར་དཔྱད་པའི་ཐོག་མའི་ལྟ་ཚུལ་ཙམ་ཞིག་སྤྲོ་བར་འདོད་པ་འདི་ལྟ་སྟེ།

དང་པོ། ཐོན་མི་སམ་བྷོ་ཊའི་བྱུང་བ་བརྗོད་པ།
ཐོན་མི་སམ་བྷོ་ཊ་ཞེས་གྲགས་པའི་བ་དན་བླ་ན་འབར་བ་དེ་ནི། “བཙན་པོ་ལྡེ་སྤྲུ་པོ་གནམ་གཞུང་བཙན་རིང་སླན་ཆད་བློན་ཆེན་བགྱིས་པའི་རབས་ལ་་་་དེའི་འོག་ཏུ་མཐོན་མི་འབྲིང་པོ་རྒྱལ་བཙན་ནུས་བྱས་”ཞེས་ལོ་རྒྱུས་ཀྱི་ཡིག་ལམ་ནང་འཁོད་པ་ལྟར་ན།ཐོན་མིའི་གདུང་རྒྱུད་ནི། བོད་རྗེའི་བཀའ་བློན་གྱི་རྒྱུད་པ་རྙིང་གྲས་ལྷོ་ཁའི་གཉལ་གྱི་ཐོན་མི་སྣང་གྲགས་ཀྱི་སྲས་སུ།དུས་རབས་བདུན་པའི་ནང་བལྟམས་ཤིང་། ཁོང་གཞོན་ནུའི་སྐབས་ཀྱི་མཚན་ལ། ཨ་ནུ་ཞེས་གསོལ་བ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའི་མདུན་ན་འདོན་རྣམས་ཀྱི་ནང་ནས། མཁྱེན་རབ་རྨད་དུ་བྱུང་བ་ཆེས་བསྔགས་པར་འོས་པ། རྒྱལ་ཐབས་ཀྱི་ཆེན་པོའི་གྲོས་ལ་དབང་བ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་སྙན་པ་འབར་བའི་འཕྲུལ་བློན་མཛངས་མི་བདུན་གྱི་བཞི་པ་ཡང་ཡིན། རྒྱལ་པོ་སྲོང་བཙན་གྱིས་ཐོག་མར་མགར་སྟོན་བཙན་ཡུལ་སྲུང་དང་། འཁོར་མང་པོ་རྒྱུ་ནོར་དངོས་པོའི་རྫོང་བརྡ་རྒྱ་ཆེན་པོ་བྱས་ཏེ་རྒྱ་གར་དུ་མངགས་མོད། འཁོར་ཕལ་ཆེར་ཚད་པས་ཤི། མགར་སྟོང་བཙན་ཡུལ་སྲུང་ཁོ་རང་ཡང་ཤི་ལ་ཁད་བྱས། ནོར་རྣམས་ཀྱང་ཟད་དེ་ཕྱིར་ལོག་པས་རྒྱལ་པོའི་ཐུགས་དགོངས་མ་གྲུབ། དེ་ནས་ཐོན་མི་སམ་བྷོ་ཊ་དེ་དུས་ལོ་བརྒྱད་ལོན་ཞིང་རིག་པ་གསལ་ལ། བརྩོན་འགྲུས་ཆེ་བར་ཤེས་ནས། དེ་ལ་གྲོགས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་༼སྟག་ལོ་དེ་ཕྲོང་སོགས།༽ལོ་གཞོན་བཅུ་དྲུག་དང་བཅས་པ་ལ། གསེར་དང་རྟ་དྲེལ་སོགས་དངོས་སྐྱེས་ཕུན་སུམ་ཚོགས་པ་གནང་ནས། རྒྱ་གར་དུ་མངགས་པ་ལྟར་ཡིག་རིགས་སྦྱངས་པ་དང་། དེ་རྗེས་ད་ལྟའི་བོད་ཡིག་འདི་དག་གསར་གཏོད་གནང་།
གཉིས་པ། ཐོན་མིའི་མཚན་དང་འཁྲུངས་ཡུལ་སྐོར།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་”གཉལ་ནས་ཐོན་མི་ཨ་ནུའི་བུ་’སམ་བྷོ་ཊ་’ཞེས་གསུངས་པ་དང་། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས། “ཐུ་མི་ས་འབོ་ར་༼ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ་”སམ་བྷོ་ཊ་”དང་”སམ་བ་དྲ་”སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང་། འདི་གཉལ་ན་ཡོད་པ་ས་འབུར་པོ་ཞིག་འདུག་པས་ས་འབོ་ར་ཡིན་པ་འདྲ། གང་ལྟར་ནའང་བོད་སྐད་དུ་སྣང་།༽ཞེས་མཆན་འགྲེལ་དུ་དེ་ལྟར་སྣང་བ་སོགས་”ཨ་ནུ་”ཞེས་བྱ་བ་ཡང་སྙིང་ཡབ་སྲས་སུར་ཞུ་བའི་གནད་དོན་ཐད། མཁས་པ་སོ་སོའི་བཞེད་དགོངས་མཐུན་མིན་སྐོར་ཁོ་བོས་རྨོངས་པའི་འཆར་སྒོ་ཙམ་ཞུ་ན། ཐོན་མི་སམ་བྷོ་ཊ་ནི། གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་ཡིན་པ་ལས། ཐོན་མི་ཨ་ནུའི་བུས་སམ་བྷོ་ཊ་མིན་པར་འདོད། ཅིའི་ཕྱིར་ཞེ་ན། སུམ་རྟགས་རྩ་བའི་མཛད་བྱུང་དུ་”བ་ཡའ་ཀ་ར་ན་ལུང་སྟོང་པ་རྩ་བ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ་”ཞེས་དང་། གསེར་ཏོག་སྐུ་ཕྲེང་ལྔ་པས། “བཀའ་བློན་ཨ་ནུའི་བཀའ་དྲིན་མི་དྲན་སུ་”ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས། “འཁྲུངས་ཡུལ་འགའ་ཞིག་ཐོག་ལུག་ར་ཁ་པར་འདོད་པ་དང་། འགའ་ཞིག་གཉལ་པ་སྣང་གྲགས་ཀྱི་བུར་བཞེད་ཅིང་། ས་འབུར་པོ་ཡོད་པས་ས་འབོ་ར་ཡིན་ཅེས་དང་། ཨ་ནུ་ཡང་མཚན་དངོས་སམ་ཡབ་ཀྱི་མཚན་སོགས་བཞེད་ཚུལ་མི་འདྲ་ཞིང་། ལེགས་སྦྱར་དུའང་ས་མན་ཏ་བྷ་དྲ་སྟེ། ཀུན་ཏུ་བཟང་པོར་འབོད་པ་དང་། སམ་བྷོ་ཊ་རང་ལ། བོད་ཡང་དག་པར་བཞེད་པ་སོགས་ཇི་སྙེད་ཅིག་མཆིས་ཀྱང་། སྨོན་འགྲོ་པཎ་ཆེན་གྱི་བཞེད་པར། དོན་གཡོར་པོ་ཡུལ་དགུའི་ནང་ཐུ་ཞེས་པའི་རིགས་སུ་འཁྲུངས་པ། ཚན་སམ་བསྔགས་པ་དང་། བྷོ་ཊ་བོད་དེ། བོད་སྔགས་པར་བཞེད། ཅེས་གསུངས་པའི་བཞེད་པ་དེ་རྣམས་དོན་ལ་གནས། སུམ་རྟགས་ཀྱི་རྩ་བའི་གཞུང་མཛད་མཁན་ནི། སློབ་དཔོན་ཨ་ནུ་སྟེ། ཐོན་མི་སམ་བྷོ་ཊ་ལས་གཞན་མི་དམིགས་པས། ཐོན་མི་སམ་བྷོ་ཊ་ནི། ལྷོ་ཁའི་གཉལ་ཐུ་མི་སྣང་གྲགས་ཀྱི་སྲས་ཨ་ནུ་ཡིན་པ་ལས། ཨ་ནུའི་བུ་སམ་བྷོ་ཊ་མིན་པར་ཁ་ཚོན་བཅད་ན་མི་འགྲིགས་པ་མེད་སྙམ། ཐུ་མི་སམ་བྷོ་ཊ་དང་། ཐོན་མི་སམ་བྷོ་ཊ་ཞེས་ཐུ་དང་། ཐོན་ཞེས་མཚན་གྱི་རྣམ་གྲངས་གཉིས་བྱུང་བ་གནས་ཀྱི་མིང་གང་ཟག་ལ་ཐོགས་པས། ཐོན་མིའམ་རུས་ཁུངས་ནས་འབོད་པས་ཐུ་མི། ཡང་ན། གནས་དང་རུས་རྒྱུད་གང་རུང་ནས་ཐོན་མིའམ། ཐུ་མི་ཞེས་ཅི་བདེར་འབོད་ཆོག་པ་གདམས་ང་ཅན་ལས། གཞན་རྒྱུ་མཚན་མེད་སྙམ་མོ། །
གསུམ་པ། བོད་ལ་གནའ་རབས་ཀྱི་ཡི་གེ་ཡོད་དམ་མེད།
སྲོང་བཙན་སྒམ་པོ་མ་བྱོན་གོང་། བོད་ལ་གནའ་རབས་ཀྱི་ཡི་གེ་ཡོད་མེད་ཀྱི་གནད་དོན་ཐད་ལོ་རྒྱུས་དེབ་ཐེར་དང་། འདས་དང་ད་ལྟའི་མཁས་པ་སོ་སོའི་བཞེད་པ་ཅི་རིགས་རང་སོར་གནས་པ་ལས། ད་ཕན་གནའ་བོའི་ལོ་རྒྱུས་དངོས་དང་འཚམས་པའི་སྡོམ་ཚིག་རྣལ་མ་ཞིག་བྱུང་མེད། སྲོང་བཙན་གོང་བོད་དུ་གནའ་བོའི་ཡི་གེ་སྟེ། ཞང་ཞུང་གི་ཡི་གེ་ཡོད་པར་བཞེད་པ་དེ། གནའ་རབས་ལོ་རྒྱུས་དང་འཚམས་པར་མཐོང་ལ། བཞེད་པ་གཅིག་ཤོས་དེ་ཡང་། གནའ་བོའི་བོད་ཀྱི་ཡི་གེ་དེ། ཞང་ཞུང་གི་ཡི་གེར་ངོས་འཛིན་དགོས་ལ། དེ་ཡང་། བོད་ཀྱི་ས་ཁུལ་བྱེ་བྲག་པའི་ཡི་གེར་བརྩི་བ་ལས། བོད་སྤྱིའི་ཡི་གེར་མི་བརྩི་བ་ལྟ་བུར་གོ་བ་བླངས་ན། དེར་འགལ་བ་ཆེར་མི་འདུག་སྙམ་པ་བཅས། དེ་སྐོར་ལོ་རྒྱུས་ཡིག་ལམ་ནང་ཇི་ལྟར་གསལ་བ་དང་། ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བྱ་དངོས། འཛུགས་སྐྲུན་དངོས་པོ་ལ་སོགས་པའི་གནས་ཚུལ་ངོས་ནས། སྲོང་བཙན་གོང་། བོད་ལ་ཞང་ཞུང་གི་ཡི་གེ་ཡོད་དེ། བོན་གྱི་ཡིག་ལམ་ནང་། སྟོན་པ་གཤེན་རབས་ཀྱིས་བསྟན་པ་སྤེལ་བའི་དུས། འོལ་མོ་ལུང་རིང་དུ་ཡི་གེ་གཏན་ལ་ཕབ། འོལ་མོ་ལུང་རིང་གི་ཡིག་བཟོ་ནི། འོལ་མོ་ལུང་རིང་སྟག་གཟིག་གི་སྤུངས་སོ་ཆེ་ཆུང་གཉིས་ཡིན། དེ་རྗེས་ཞང་ཞུང་གི་ཡི་གེ་རྨར་ཆེན་དང་། རྨར་ཆུང་གཉིས་ལ་བསྒྱུར་”ཅེས་དང་། ཡང་”ལི་ཤུ་སྟག་རིང་སོགས་རིག་འཛིན་རྣམས་ཀྱིས། འོལ་མོ་ལུང་རིང་ནས། བོན་གྱི་བཀའ་བསྟན་བཅོས་རྣམས་རིམ་བཞིན་དབོར་ནས། སྟོད་ཀྱི་བྱེ་མ་གཡུང་དྲུང་དུ། ཞང་ཞུང་ལ་མཁས་པ་སྟོང་རྒྱུད་མཐུ་ཆེན་དང་། བོད་ལ་མཁས་པ་ཤ་རི་བུ་ཆེན་གཉིས་སོགས་ཀྱིས།ཞང་ཞུང་སྐད་ཀྱི་བཀའ་བསྟན་བཅོས་རྣམས། བོད་ཀྱི་སྐད་ལ་ལོ་ཙཱ་བྱས་ནས་བསྒྱུར།” ཅེས་དང་། “དེ་དག་༼རྒྱན་དྲུག་༽ལ་གཏུགས་པའི་ཞང་བོད་ཀྱི་ལོ་ཙཱ་བཞི་ལོ་༼ཙཱ་བ་བཞི་ནི། མདོ་བསྡུས་ལས། ‘བོད་དུ་རྒྱལ་ཕྲན་བཅུ་གཉིས་རིང་ལ། མཁས་པ་བཞི་ལ་བརྒྱུད་དེ། ལྡེ་བོན་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ། སུམ་པ་མུ་སྤུངས་གསལ་ཏང་། ཞང་ཞུང་སྟོང་རྒྱུད་མཐུ་ཆེན་ནོ།།’ ཞེས་སོ། །༽ བྱོན་པས་ཀྱང་། རང་རང་གི་ཡུལ་ལ་སོགས་པའི་ཕྱོགས་ཐམས་ཅད་དུ་བསྒྱུར་ནས་སྤེལ་ཞིང་། བསྟན་པ་རྒྱ་ཆེར་འཕེལ་ལོ། །སྡེ་སྲིད་སངས་རྒྱས་རྒྱ་མཚོས། བོད་ཀྱི་ཡི་གེ་ནི། ལྷ་མོ་དྲི་མ་མེད་པ་སོགས་དུ་མ་དང་། དུས་འཁོར་འགྲེལ་ཆེན་དུ། །བོད་ཀྱི་ཡུལ་དུ། ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། ཞེས་ལུང་བསྟན་པ་ཞེས་དང་། དགེ་འདུན་ཆོས་འཕེལ་གྱིས་བོན་རྣམས་ལྟར་ན། སྲོང་བཙན་གྱི་གོང་དུ། བོན་ཆོས་དེ་ཙམ་དར་བས། ཡི་གེ་མེད་ཟེར་བ་མི་བདེན་ཅིང་། དེ་ཡང་སྟག་གཟིག་གི་སྤུངས་ཡིག་བྱ་བ། ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨན་བྲག་ཏུ་བསྒྱུར། དེ་རིམ་གྱིས་དབུ་ཅན་དང་། འབྲུ་མར་བསྒྱུར་སོགས་ཟེར། ཞེས་དང་། ཚེ་ཏན་ཞབས་དྲུང་གིས། ཐོ་ཐོ་རི་གཉན་བཙན་གྱི་དུས་སུ། བོན་པོ་རང་ལ་ཡི་གེ་ཡོད་དམ་མེད་ཅེས་འདྲི་ན། བོན་པོ་རང་གི་ཆོས་ཕྱོགས་ལ་སྤྱོད་པའི་ཡི་གེ་རེ་ཡོད་པའང་སྲིད། དེ་ནི། ཆོས་ཕྱོགས་ཁོ་ནར་བཀོལ་ཐུབ་ཙམ་ཞིག་ལས། ཆོས་སྲིད་གཉིས་ཀར་བཀོལ་བའི་ཡི་གེ་ཁྱབ་གདལ་དུ་ཡོད་པར་མི་འདོད། ཅེས་གསུངས།
བསྡོམས་ན། བཀའ་དང་བསྟན་བཅོས་སོགས། གནའ་རབས་ལོ་རྒྱུས་ཀྱི་ཡིག་ལམ་ཁག་ནང་ནས་དྲངས་པ་དེ་ཚོ། གནའ་བོའི་བོད་ཀྱི་རིག་གནས་འཕེལ་ཚུལ་གྱི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ན། ད་གཟོད་ལོ་རྒྱུས་དངོས་དང་འཚམས་པའི་སྡོམ་ཚིག་རྙེད་ཐུབ་པ་ནི། བོད་ལ་གནའ་རབས་ཀྱི་ཡི་གེ་ཡོད་ཅེས་བཤད་ནུས་པ་དེ་ཡིན།
བཞི་པ། གནའ་བོའི་བོད་ཀྱི་ཡི་གེ་སྟེ་ཞང་ཞུང་གི་ཡི་གེ་དུས་ཇི་ཙམ་ལ་བྱུང་བ་དང་ས་གནས་གང་དུ་བྱུང་བའི་སྐོར།
བོན་གྱི་ཆོས་ལུགས་ཀྱི་ངོས་ནས་བཤད་ན། སྟོན་པ་གཤེན་རབས་མ་བྱུང་གོང་གི་ལོ་བརྒྱ་ཕྲག་ཁ་ཤས་ནང་། བདུད་བོན་དང་། བཙན་བོན་སོགས་འགའ་ཞིག་བྱུང་བར་གྲགས་པ་དང་། དེ་རྗེས་བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེ་ནི། ཞང་ཞུང་གི་རྒྱལ་པོ་ཐོག་མ་ཁྲི་ཡེར་གྱི་སྐབས་སུ། ཞང་ཞུང་རང་དུ་བྱུང་བར་གྲགས། ཁྲི་ཡེར་ནས་རྩིས་པའི་ཞང་ཞུང་གི་རྒྱལ་རབས་གྲགས་ཆེ་བ་བཅོ་བརྒྱད་ལ། ལོ་ལྔ་བརྒྱ་བརྒལ་བ་སོང་རྗེས་ཞིག་ནས་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བ་དང་། དེ་ནས་ཞང་ཞུང་གི་རྒྱལ་རབས་རིམ་པ་བརྒྱུད། མཐའ་མཇུག ཞང་ཞུང་གི་རྒྱལ་པོ་ལིག་མི་རྒྱ་སྲོང་བཙན་སྒམ་པོས་ཕར་མཛད་ནས། ཞང་ཞུང་རྒྱལ་རབས་ཀྱི་དབང་སྒྱུར་མཇུག་བསྒྲིལ་ཏེ། སླར་ཡང་ཞང་བོད་གཅིག་གྱུར་བྱུང་བར་གྲགས། སྟོན་པ་གཤེན་རབས་འཁྲུངས་ཡུལ་རྟག་གཟིགས་༼འདིའི་དོན་ནི། སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་འགྲོ་དོན་ལ་བྱོན་སྐབས། སྐུ་འཁྲུངས་སའི་ཡུལ་དུས་རྟག་ཏུ་གཟིགས་པའི་ཡུལ་ལ། རྟག་གཟིགས་ཞེས་བྱ་བར་འབོད། ཅེས་བོན་རྣམས་གླེང་༽འོལ་མོ་ལུང་རིང་བྱ་བ་ཡང་ཞང་ཞུང་སྟེ། དེང་མངའ་རིས་ས་ཁུལ་གྱི་གུ་གེར་ཡིན་པར་འདོད་པ་ནི་དོན་ལ་གནས་པར་མངོན། བོན་གྱི་ཡིག་ལམ་ནང་འཁོད་པ་ལྟར། གནའ་བུའི་ཞང་ཞུང་གི་ཡི་གེ་གསར་གཏོད་གནང་མཁན། སྟོན་པ་གཤེན་རབས་མི་བོ་ཆེ་ཡིན་ཟེར་བ་དོན་མདོར་དྲིལ་ན། བོད་ཀྱི་གནའ་རབས་ཡི་གེ་སྟེ། ཞང་ཞུང་གི་ཡི་གེ་ནི། དམའ་མཐར་ལོ་ངོ་ཉིས་སྟོང་དྲུག་བརྒྱའི་གོང་དུ། བོད་ཀྱི་ཞང་ཞུང་རང་དུ་བྱུང་བ་དང་། དེ་ནས་རིམ་གྱིས་བོད་ཀྱི་ས་ཁུལ་གཞན་ལའང་ཁྱབ་གདལ་བྱུང་བ་རེད། ཅེས་བཤད་ན་མི་འགྲིག་པ་མེད་པར་སེམས། །
ལྔ་པ། སྲོང་བཙན་སྒམ་པོ་མ་བྱོན་གོང་བོད་དུ་ཡི་གེའི་སྲོལ་མེད་ཅེས་བྱ་བ་འབྱུང་བའི་རྒྱུ་མཚན་གང་ལ་ཐུག་གམ།
ད་ཕན་ལོ་རྒྱུས་དེབ་ཐེར་རྩོམ་པ་པོ་མང་ཆེ་བ། བསྟན་པ་ཕྱི་དར་རྗེས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཤ་སྟག་ལ་བརྟེན། ཁོང་ཚོས་བོན་པོའི་ཆོས་ལ་དག་སྣང་མི་མཛད་པའི་དབང་གིས། གནའ་བོའི་ཞང་ཞུང་གི་ཡི་གེ་ལ་སོགས་པ་བོད་ཀྱི་རིག་གནས་འབྱུང་ཁུངས་བོན་པོར་བརྟེན་ན། སངས་རྒྱས་ཆོས་ལུགས་པའི་ལར་རྒྱ་ཤོར་དོགས་ལྟ་བུས་སྣང་མེད་མཛད་པས། རང་རེའི་མེས་པོ་ཚོས། གསར་གཏོད་གནང་བའི་ཡི་གེ་ལ་སོགས་པའི་ལོ་རྒྱུས་ཐོག་གི་རླབས་པོ་ཆེའི་བྱ་བ་མང་པོ་བག་ལ་ཉལ་བ་དང་གཅིག །སངས་རྒྱས་ཆོས་ལུགས་དང་། བོན་པོའི་ཆོས་ལུགས་འཐབ་རྩོད་ཐེངས་མང་བྱུང་བའི་ནང་ནས། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་བོན་རྣམས་ཕམ། རྒྱལ་པོས་བོན་པོ་རྣམས་སྟོད་མངའ་རིས་ཞང་ཞུང་གི་ཡུལ་དུ་མཐར་བསྐྲོད་བཏང་ཞིང་། བོན་པོའི་ཆོས་དཔེ་ཡོངས་རྫོགས་བསྡུས་ནས། ཁག་གཅིག་ཆུ་ལ་གཡུགས།ཁག་གཅིག་བསམ་ཡས་སུ་མཆོད་རྟེན་ནག་པོ་གཅིག་བཞེངས་པ་དེའི་འོག་ཏུ་གནན། ཞེས་ལོ་རྒྱུས་དེབ་ཐེར་ནང་གསལ་བ་ལྟར། སྐབས་དེར་བོན་པོའི་ཆོས་ལུགས་མིང་གི་ལྷག་མར་གྱུར་པ་དང་ཆབས་ཅིག གནའ་བོའི་ཞང་ཞུང་གི་ཡི་གེ་སོགས་རིག་གནས་གཙོ་ཆེ་བ་འགའ་ཞིག་ཀྱང་། ཞོར་འདྲུད་སོང་བའི་རང་བཞིན་ཆེན་པོ་ཡོད་པ་མ་ཟད། ཐོན་མིའི་བཀའ་དྲིན་ལས། ད་ལྟའི་བོད་ཡིག་ཡར་ཐོན་ལྡན་པ་འདི་འདྲ་བ་ལེགས་གྲུབ་བྱུང་རྗེས། གནའ་བོའི་ཞང་ཞུང་གི་ཡི་གེ་རྗེས་ལུས་ཅན་ནམ། ཡང་ན། ཡག་པོ་རང་མེད་འདྲ་བ་དེ། རང་བཞིན་དུ་གོ་མི་ཆོད་པར་གྱུར་ཏེ། དེ་དག་འབྲི་རྒྱུན་རིམ་ཉམས་མི་རབས་མང་པོ་ཞིག་སོང་རྗེས། མི་ཚང་མའི་དྲན་ལམ་དུ་མ་གྱུར་པ། གླང་དར་མས་སངས་རྒྱས་ལུགས་སྣུབ་སྐབས། ཐོན་མིས་མཛད་པའི་བརྡ་སྤྲོད་པའི་གཞུང་ལུགས་ཁག་བརྒྱད་ཡོད་པ་ནས། ད་ལྟ་བཞུགས་པ་སུམ་རྟགས་གཉིས་དང་། ཡོད་པར་གྲགས་པ་ཐུ་མི་མདོ་རྫིའི་སྒྲ་མདོ་མིང་ཙམ་ལས། གཞན་མ་ལྔ་ནི། གཞུང་ལུགས་དངོས་སུ་མཇལ་རྒྱུ་ལྟར་བཞག ཐ་ན་མིང་ཙམ་ཡང་དེང་སྐབས་འདྲེན་དུ་མེད་པ་དང་མཚུངས་པར། གནའ་བོའི་ཞང་ཞུང་ཡི་གེའི་གཟུགས་སོགས་ཀྱི་གནས་ལུགས་རྣམས། ཡོངས་ཁྱབ་ཏུ་མ་གནས་པ་དང་། གཉའ་ཁྲི་ནས་སྲོང་བཙན་སྒམ་པོའི་བར། ཞང་ཞུང་དང་བོད་གཉིས་རྒྱལ་པོའི་མངའ་རིས་གཅིག་ཏུ་མི་འཛིན་པར་བརྟེན། སྐབས་དེར་ཞང་ཞུང་གི་ཡི་གེ་དེ་གཙོ་བོར། ཞང་ཞུང་གི་ཡུལ་དུ་ཁྱབ་གདལ་དུ་སྤྱོད་པ་ལས། སྐད་ཀྱི་ཁྱད་པར་ལྟ་བུས། བོད་ཁམས་ཡོངས་ལ། ཅི་བདེར་སྤྱོད་མི་ཐུབ་པ་ཆག་ལོའི་ཡིག་གསར་དང་། འགོས་ལོའི་ཡིག་གསར་ལ་སོགས་པ། བོད་དུ་ཡིག་གསར་ཇི་སྙེད་མཆིས་པ་ཡང་། དེ་དག་ཤེས་པའི་ཁྱབ་ཁོངས་ཆུང་ངུར་སྤྱད་རུང་ཙམ་ལས། ཁ་བའི་ལྗོངས་ཀྱི་འཛིན་མའི་ཁྱོན་ཀུན་ཏུ། སྤྱོད་མི་ཐུབ་པ་དང་མཚུངས་པར། ཞང་ཞུང་གི་ཡི་གེ་དེ་ཡང་། བོད་སྤྱིའི་ཡི་གེར་མི་བརྩི་བའི་རང་བཞིན་ཆེན་པོར་གྱུར། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། ཞང་བོད་རྒྱལ་པོའི་མངའ་རིས་གཉིས་སུ་འཛིན་པ་ཅི་ལ་སྲིད་ཀྱང་། རིག་གནས་འབྱུང་ཁུངས་ཀྱི་གནས་སྐབས་སུ། ད་དུང་ལོ་རྒྱུས་ཀྱི་གནས་ཚུལ་དང་མཐུན་པར། ཞང་བོད་ས་ཁུལ་གཉིས་ཀྱི་ཐ་སྙད་མཛད་པ་འདིས་ཀྱང་། ཞང་ཞུང་གི་ཡི་གེ་གནའ་དུས་བོད་ཀྱི་ཡི་གེར། བརྩི་སྲོལ་མེད་པའི་གསལ་བཤད་ལེགས་པར་ཐུབ་པ་བཅས་ལ་རག་ལུས་སྙམ།
སྲོང་བཙན་གོང་བོད་ལ་ཞང་ཞུང་གི་ཡི་གེ་ཡོད་བཞིན་དུ། ཐོན་མིས་ད་ལྟའི་བོད་ཡིག་གསར་གཏོད་གནང་དགོས་དོན་མེད་པ་འམ། ཡང་ན་དགོས་པ་ཆེར་མེད་པར་མི་འགྱུར་རམ་ཞེ་ན། དེ་ལྟར་རྩ་བ་ནས་གླེང་མི་ཐུབ། སྤྱིར་ན་གནའ་བོའི་བོད་ཀྱི་ཡི་གེ་དེ། བོད་ཀྱི་ས་ཁུལ་བྱེ་བྲག་པ་ཞང་ཞུང་གི་ཡི་གེར་ངོས་འཛིན་པ་ལས། བོད་སྤྱིའི་ཡི་གེར་ངོས་འཛིན་མི་སྲིད་པ་དང་། ལྷག་པར་ཡི་གེའི་མཚན་ཉིད་ལྟར། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས། ཡི་གེའི་མཚོན་བྱེད་རི་མོ་དེ་ཡང་། ཞང་ཞུང་གི་སྐད་ལ་བརྟེན་ནས་བྱུང་བ་དང་། སླར་ཞང་ཞུང་གི་སྐད་ལ་ཞབས་འདེབས་ཞུ་བ་ཞིག་ཡིན་པས། དེའི་དུས་ཀྱི་ཞང་ཞུང་གི་སྐད་དང་། བོད་སྤྱིའི་སྐད་དབར་ཁྱད་པར་ཅུང་མངོན་གསལ་ཆེ་བའི་རྐྱེན་གྱིས། བོན་པོའི་ཆོས་གཞུང་ཡང་། བོད་སྐད་དུ་སྒྱུར་དགོས་པར་ཐུག་པ་མ་ཟད། སྐབས་དེའི་ཞང་ཞུང་གི་ཡི་གེ་དེས་ཞང་ཞུང་ཙམ་དང་། བོན་པོའི་ཆོས་ལུགས་ཀྱི་དགོས་མཁོ་ཙམ་ལས། བོད་སྤྱི་ཡོངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་། ལྷག་པར་སྲོང་བཙན་སྒམ་པོའི་སྐུ་དུས། བོད་ཀྱི་སངས་རྒྱས་ཆོས་ལུགས་དར་བ་དང་། རིག་གནས་ཀྱང་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་ལ། སླེབས་པ་དེའི་དགོས་མཁོ་ནམ་ཡང་སྐོང་མི་ཐུབ་པས། ས་ཁུལ་སྤྱི་བྱེ་བྲག་པའི་ཡི་གེར་ལྟོས་མི་དགོས་པ། བོད་སྤྱིའི་སྐད་དང་མཐུན་པའི་ཡི་གེ་ཞིག་མ་བྱུང་མཐུ་མེད་ལ་ཐུག་པའི་སྐོར་<<མཁས་པའི་དགའ་སྟོན་>>དུ། ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པ། བོད་ལ་རང་གི་ཡི་གེ་དགོས་པར་གཟིགས། བློན་པོ་བློ་གསལ་དུ་མ་རྒྱ་གར་དུ། །བཏང་ཡང་ཡི་གེའི་བཞེད་པ་མ་གྲུབ་ནས། །ཐོན་མི་སམ་བྷོ་ཊ་ཞེས་མཁས་ཤིང་མཛངས། །ཡིད་གཞུང་བློ་རྣོ་དབང་པོ་སྐྱེ་མཆེད་གསལ། །ཡོན་ཏན་དུ་མར་ལྡན་པ་ཞིག་ལ་ནི། །བཀའ་བསྒོས་གསེར་དང་ཡོ་བྱད་བསྐུར་ཏེ་བཏང་། ཞེས་གསལ་བར་གཞིགས་ན། ཡུལ་གྲུ་གཞན་གྱི་ཡི་གེ་ཞེས་པ་དེ་ཡང་། ཞང་ཞུང་གི་ཡི་གེར་དགོངས་ཏེ་གསུངས་པ་ཡིན་བཟོ་ཧ་ཅང་ཆེ་བ་དེས། སྐབས་དེའི་དགོས་མཁོ་སྐོང་མི་ཐུབ་པ་བཅས། དགོས་པ་རྒྱུ་མཚན་དུ་མ་ལྡན་པའི་སྒོ་ནས། ཐོན་མིས་ད་ལྟའི་བོད་ཡིག་གསར་གཏོད་གནང་བ་འདིས། ཁ་བའི་ལྗོངས་འདིའི་སྐྱེ་བོར། མིག་འབྲས་གསར་དུ་ཐོབ་པ་དང་མཚུངས་པའི་དགེ་མཚན་བླ་ན་འབར་བའི་མཛད་རྗེས་རླབས་པོ་ཆེ་ཡོད་པ་སྨོས་ཅི་དགོས། གལ་སྲིད་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཐོན་མི་གཉིས་ཀྱིས་དེ་ལྟའི་རྩོལ་བ་མ་མཛད་པ་ཡིན་ན། ད་ལྟའི་བོད་ཀྱི་རིག་གནས་ཀྱི་ནོར་མཛོད་ཤིན་ཏུ་ཕུན་སུམ་ཚོགས་པོ་འདི་འདྲ་བ་ཡོང་རྒྱུ་རྨི་ལམ་དུ་ཡང་འཆར་དཀའ་བ་རེད། ཅེས་ཚིག་ཐག་གཙང་མ་བཅད་ཆོག །
དྲུག་པ། ཐོན་མིས་གསར་གཏོད་གནང་བའི་ད་ལྟའི་བོད་ཡིག་འདིའི་བྱུང་ཚུལ།
དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོའི་བཀའ་ལྟར། ཐོན་མི་འཁོར་བཅས་རྒྱ་གར་ལ་ཕེབས་ཏེ། པཎྜི་ཏ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་ཀ་ར་སོགས་བཤེན་གཉེན་དུ་མ་བསྟེན་ནས་རྒྱ་གར་གྱི་ཡིག་རིགས་དང་། ཕྱི་ནང་གི་རིག་པའི་གནས་མཐའ་དག་སློབ་གཉེར་མཐར་ཕྱིན་པ་མཛད་དེ། སླར་བོད་དུ་ཕེབས་ནས་སྐུ་མཁར་མ་རུར་རྒྱལ་པོ་བཅད་རྒྱའི་ཚུལ་དུ་བཞུགས་པར། ཐོན་མིས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་བ་རྒྱལ་པོས་ཚེགས་མེད་པར་མཁྱེན་པ་དང་། རྒྱལ་པོས་ཐོན་མི་ལ་བཀའ་ཕབ་པ་ལྟར། ཐོན་མིས་གཙོ་བོར་རྒྱ་གར་གྱི་ཡི་གེར་ཕྱི་མོ་མཛད་ནས། ད་ལྟའི་བོད་ཡིག་འདི་ཉིད་གསར་གཏོད་གནང་བའོ། །
ད་ལྟའི་བོད་ཡིག་འདིའི་ཕྱི་མོ་གང་ལ་མཛད་པའི་སྐོར། །མཁས་པ་རྣམས་ཀྱི་བཞེད་པ་གཅིག་གྱུར་མེད་པ་དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་། དཔའ་བོ་གཙུག་ལག་འཕྲེང་བ། གསེར་ཏོག་བཅས་ཀྱིས་”ལཉྪ་ལ་དཔེ་བྱས་ནས་དབུ་ཆེན་དང་། ཝརྟུ་ལ་དཔེ་བྱས་ནས་བཤར་མ་”གསར་བཟོ་གནང་བར་བཞེད་པ། སི་ཏུས་”ན་ག་རའི་ཡི་གེར་དཔེ་བྱས་ཏེ། བོད་ཡིག་གི་གཟུགས་བརྩམས་”ཞེས་དང་།དགེ་འདུན་ཆོས་འཕེལ་དང་རྗེ་བུ་སྟོན་སོགས་ཀྱིས། ན་ག་རའི་ཡི་གེར་དཔེ་བྱས་ནས་ཐུ་མིས་མཛད་པར་བཞེད། བོན་རྣམས་ཀྱིས་ལྟར་ན། གང་ལྟར་ཡང་ཐུ་མི་དེ། རྒྱ་གར་ན་གུཔྟའི་རྒྱལ་རྒྱུད་དག་གིས་སྲིད་སྐྱོང་བའི་སྐབས་སུ་བྱོན་པ་ཡིན་ཅིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྵ་དང་།ཀུ་མཱར་གུཔྟ་༼གཞོན་ནུ་སྦས་པ་༽སུར་ཡ་ཝརྨ་༼ཉི་མའི་གོ་ཆ་༽སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ། ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེར་བཀོད་པ་བོད་ཡིག་དང་ཧ་ཅང་འདྲ་ཆེ། དེས་ན། བོད་ཡིག་གང་ལ་དཔེར་མཛད་པའི་ཕྱི་མོ་དེ་ཡང་། གུཔྟའི་ཡི་གེ་འདི་ཡིན་སྙམ་”ཞེས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། “ཐོན་མི་སམ་བྷོ་ཊ་འཁོར་བཅུ་དྲུག་དང་བཅས་པ་ཁ་ཆེར་ཡི་གེ་སློབ་ཏུ་བཏང་། ལྷ་སའི་སྐུ་མཁར་མ་རུར། ཁ་ཆེའི་ཡི་གེ་དང་བསྟུན་ནས་བོད་ཀྱི་ཡི་གེ་མཛད། “ཅེས་གསུངས་པ་བསྡོམས་ན། བོད་ཡིག་གི་ཕྱི་མོ་ཡིག་རིགས་ཁག་ལྔར་བཞེད་པ་དེ་ཡང་ཟླ་སྒྲིལ་ན། རྒྱ་གར་གྱི་ཡི་གེ་༼ལཉྪ། ཝརྟུ། ན་ག་ར། གུཏྤ་༽དང་།ཁ་ཆེའི་ཡི་གེ་གཉིས་སུ་བསྡུ་དགོས་པ་ལྟ་བུར་སྣང་ངོ་།། །།
༼ བོད་ལྗོངས་ཞིབ་འཇུག་ ༡༩༨༣ ལོའི་འདོན་ཐེངས་ ༣ པའི་ཤོག་གྲངས་ ༤༢ ནས་ ༥༩ བར་གསལ་བ་ལས་བཏུས།༽

བརྒྱུད་སྐུལ།

མཆན་སྤེལ།