དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བསྟོད་ཆེན།

དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བསྟོད་ཆེན།
དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བསྟོད་ཆེན།
མཁྱེན་རབ་མཁྱེན་རབ་དབང་ཕྱུག་འཇམ་དཔལ་བཞིན། །
ཐུགས་རྗེ་ཐུགས་རྗེ་ཆེན་པོ་ཉིད་དང་མཚུངས།།
མཐུ་སྟོབས་མཐུ་སྟོབས་དབང་ཕྱུག་གསང་བདག་གི། །
དཔལ་ལྡན་དཔལ་ལྡན་བླ་མའི་ཞབས་ལ་འདུད། །
སྟོན་མཁའི་མཁའ་ལ་ཉ་བའི་ཟླ་བ་ལྟར། །
སྟོན་གཞན་རྒྱུ་སྐར་ཚོགས་རྣམས་ཟིལ་མནོན་ནས། །
སྟོན་པའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །
སྟོན་པ་ཉིད་བཞིན་སྟོན་པར་མཛད་ལ་འདུད། །
ས་སྐྱོང་སོགས་ཀྱི་གཙུག་གི་རྒྱན་གྱུར་པ།།
ས་སྟེང་འདི་ན་འགྲན་ཟླ་མ་མཆིས་ཀྱང་། །
ས་གཞི་ལྟ་བུར་ཐམས་ཅད་བཀུར་མཛད་པ། །
ས་གསུམ་བླ་མ་ཆོས་རྗེའི་ཞབས་ལ་འདུད།།

མི་དབང་རྒྱལ་པོའི་བཀུར་སྟིས་མ་བཅིངས་ཤིང་། །
མི་གནས་མྱ་ངན་འདས་པའི་ལམ་བསྒྲུབས་པས། །
མི་མཆོག་རྒྱལ་བའི་གོ་འཕང་རབ་བརྙེས་ནས། །
མི་འཇིགས་སེང་གེའི་ཆོས་སྒྲ་སྒྲོགས་ལ་འདུད།།
ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་ལ། །
ནམ་ཡང་ཁྲོ་མིན་བྱམས་པའི་ཐུགས་མངའ་བས། །
ནམ་ཞིག་འཁོར་བ་ཇི་སྲིད་གནས་ཀྱི་བར། །
ནམ་མཁའ་དང་མཉམ་འགྲོ་དོན་མཛད་ལ་འདུད། །
ཅེས་པ་འདི་ནི། རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བསྟོད་ཆེན་གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྤྱོད་དུ་བཞུགས་པ་ལས་ཅུང་ཟད་བཏུས་ཏེ། ཆོས་རྗེ་ཆོས་རྗེ་བླ་མ་དམ་པ་མྱ་ངན་ལས་འདས་ནས་ལོ་ ༦༤༦ འཁོར་བའི་བཀའ་དྲིན་རྗེས་དྲན་དང་མཆོད་འབུལ་ཆེད་བཀོད་པའོ།།
དེ་རིང་ཕྱི་ལོ་༢༠༢༡ བོད་ཟླ་ ༦ ཚེས་ ༢༥ ཉིན་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ (༡༣༡༢ – ༡༣༧༥) དགོངས་རྫོགས་དུས་ཆེན་རྗེས་དྲན་མཆོད་འབུལ་དུ་བཀོད་པའོ།།

བརྒྱུད་སྐུལ།

མཆན་སྤེལ།