དུང་དཀར་ཚིག་མཛོད་ཀྱི་སྔགས་གསར་མའི་གོ་དོན་འགྲེལ་ཚུལ་གླེང་བ།

དུང་དཀར་ཚིག་མཛོད་ཀྱི་སྔགས་གསར་མའི་གོ་དོན་འགྲེལ་ཚུལ་གླེང་བ།

དུང་དཀར་ཚིག་མཛོད་ཀྱི་སྔགས་གསར་མའི་གོ་དོན་འགྲེལ་ཚུལ་གླེང་བ།

 

ར་སེ་དཀོན་རྒྱམ། ཉེ་རབས་ཀྱི་བོད་རིག་པའི་མཁས་པ་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྐུ་ངལ་ཚད་མེད་ལས་གྲུབ་པའི་དུང་དཀར་ཚིག་མཛོད་ཅེས་པའི་སྔར་མེད་གླེགས་བམ་ཆེན་པོ་དེ་ཉིད་ལས། བོད་དུ་དར་བའི་སྔགས་གསར་རྙིང་གི་སྐོར་ལས། སྔགས་གསར་མ་ཞེས་པའི་གོ་དོན་ལ་འགྲེལ་བཤད་གནང་ཚུལ་དམིགས་བསལ་ཅན་མཛད་འདུག་པས། ཁོ་བོར་དྲྭ་གྲོགས་འགའ་ཡིས་དྲི་བ་འོང་གི་འདུག་པ་དང་། རང་ཉིད་ཀྱིས་ཀྱང་གསུང་དེར་དམིགས་བསལ་གྱི་དགོངས་པ་ཡོད་ངེས་པར་མཐོང་བས་ན།

དེ་ཉིད་ཀྱི་དགོངས་པ་ཅི་ཡིན་འཚོལ་དགོས་པར་གྱུར་ཅིང་། དཔེ་ཀློག་དང་སྦྲེལ་བའི་དེ་དོན་བསམ་གཞིགས་ཀྱི་འབྲས་བུ་ཅི་རིགས་པ་ཡི་གེར་འགོད་པར་འདོད་དོ།།དེ་ལ་དུང་དཀར་ཚིག་མཛོད་དེབ་ངོས་ ༢༡༢༡ ལས། གསང་སྔགས་གསར་མ། མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས། གསང་སྔགས་ཀྱི་སྒོ་ནས་བཤད་པ་ཡིན། དེ་ལ་ཡང་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་མཁས་པ་མང་ཆེ་བའི་གསུང་རྒྱུན་ལ། པཎྜི་ཏ་སྨྲི་ཏི་ཛྙཱ་ན་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་རྒྱུད་རྣམས་ལ་རྙིང་མ་དང་། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཚུན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་ལ་གསང་སྔགས་གསར་མ་ཡིན་ཞེས་གསུངས་ཤིང་། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ལས་ངེས་བཟུང་ནི་མིན་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་གོང་དུ་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་སོགས་རྙིང་རྒྱུད་མ་ཡིན་པ་ཡང་ཡོད་ལ། དེ་བཞིན་དུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་གསང་སྔགས་གསར་མའི་འགྱུར་མགོ་ཚུགས་ཞེས་པ་ཡང་དཔེ་མཚོན་ཙམ་ཡིན་གྱི་ངེས་བཟུང་མིན་ཏེ། སྐབས་དེར་དུས་ཐོག་ཕལ་ཆེར་མཉམ་པའི་འབྲོག་མི་དང་། རྟ་ནག་འགོས་ལོ་ཙཱ་བ་དང་། ལྷོ་བྲག་མར་པ་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ཅིང་བཤད་པའི་ཆོས་བརྒྱུད་རྣམས་ཀྱང་རྙིང་མ་ཡིན། ཞེས་བཀོད་པར་མཛད་འདུག་པ་འདི་ཡིན་ནོ།།དེ་ལྟར་ན་གསར་རྙིང་གི་རྣམ་གཞག་ཀྱང་མི་དགོས་པར་ཐལ་བ་ལྟར་སྣང་བས། དེ་ལ་གོ་བ་ཇི་ལྟར་ལེན་དགོས་སམ། གསར་རྙིང་གི་ལོ་རྒྱུས་ལ་ཕྱིར་རྟོག་བྱ་རྒྱུ་ནི་འགག་གྲོལ་གྱི་ལྡེ་མིག་ཡིན་པས་ན། དེ་ལ་གསང་བ་འདུས་པ། བདེ་མཆོག་སངས་རྒྱས་མཉམ་སྦྱོར། སྒྱུ་འཕྲུལ་དྲྭ་བ། རྣམ་སྣང་མངོན་བྱང་། ཟླ་གསང་ཐིག་ལེ། ངན་སོང་སྦྱོང་རྒྱུད། གཤིན་རྗེ་གཤེད་སོགས་ནི་སྔ་དར་སྐབས་འགྱུར་སྤེལ་མཛད་པར་རྩོད་མེད་ཡིན་འདུག་པ་དང་། དེའི་དབང་གིས་ན། གོང་ས་ལྔ་པའི་གསན་ཡིག་གང་གཱ་པོད་བཞི་པ་ངོས་༣༠༣ལས། གསང་སྔགས་ནང་རྒྱུད་ནི་གསང་འདུས་རྩ་རྒྱུད་དང་སངས་རྒྱས་མཉམ་སྦྱོར་སོགས་ཐོར་བུ་མ་གཏོགས་གསར་མ་རྒྱུད་འབུམ་ན་བཞུགས་པ་ཕལ་ཆེར་པན་ཆེན་སྨྲི་ཏི་དང་ལོ་ཆེན་རིན་བཟང་མན་བསྒྱུར་བ་ཤ་སྟག་ཡིན་པས་ཞེས་བཀོད་འདུག་པ་དང་། དེ་བཞིན་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དཱུ་ཀུ་ལའི་གོས་བཟང་པོད་གསུམ་པའི་ཁ་སྐོང་པོད་བཞི་པའི་དེབ་ངོས་༣༩༡ལས། རྒྱུད་སྡེ་བླ་མེད་ནས་གསང་འདུས་རྩ་རྒྱུད་སངས་རྒྱས་མཉམ་སྦྱོར་ཟླ་གསང་ཐིག་ལེ་སོགས་ལས་ཡོངས་གྲགས་མ་བསྒྱུར་ཞིང་། ཞེས་བཀོད་འདུག་པས་ཀྱང་ཤེས་སོ།།སྔ་དར་དུས་སུ་གསང་འདུས་དར་ཚུལ་ཡང་། ཆོས་དང་ཆོས་མིན་རྣམ་པར་འབྱེད་པའི་རབ་བྱེད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ཡང་།།གསང་འདུས་སངས་རྒྱས་མཉམ་སྦྱོར་དང་།།གསང་བ་ཟླ་བའི་ཐིག་ལེ་དང་།།རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་།།རྩ་བའི་རྒྱུད་ཀྱི་དུམ་བུ་ནི།།ཕུར་བུའི་སྐབས་ཏེ་རྣམ་ལྔ་འགྱུར།།ཚིག་དང་དོན་ལ་སྐྱོན་མེད་ཅིང་།།མཁས་རྣམས་ཡིད་ཆེས་གནས་སུ་གྲགས།།སློབ་དཔོན་པདྨ་སམྦྷ་ཝས།།རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་།།བཻ་རོ་ཙ་ན་མཁའ་སྙིང་པོ།།ཉང་བན་ཏིང་འཛིན་ལ་སོགས་ཏེ།།རྗེ་བློན་ཉི་ཤུ་རྩ་ལྔ་ལ།།གསང་བ་འདུས་པའི་རིམ་ལྔ་མཛད།།རྒྱུད་རྒྱལ་འདུས་པའི་ཉམས་ལེན་དུ།།མན་ངག་ལྟ་བའི་ཕྲེང་བ་བཤད།།ཅེས་བཀོད་འདུག་པ་དང་། རྙིང་མའི་མཁས་གྲུབ་ཆེན་པོ་སོག་ཟློག་པའི་ཞལ་ནས་ཀྱང་། གསང་བ་འདུས་པའི་རིམ་ལྔ་ནི་ཉམས་སུ་ལེན་པའི་ལམ་མཆོག་ཡིན་པས། གསང་སྔགས་རྙིང་མ་བཀའ་གཏེར་གཉིས་ཀ་ལ་གྲགས་ཏེ། བཀའ་མ་ལ་སློབ་དཔོན་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་གཉིས་ཀ་ལ་ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་གཏུགས་ནས། གསང་བ་འདུས་པའི་རྒྱུད། རྒྱུད་ཕྱི་མ་དང་བཅས་པ་བསྒྱུར། མན་ངག་རིམ་ལྔ་ཡང་གསན། ཞེས་སོགས་སངས་རྒྱས་གསང་བས་ཀྱང་སྒྱུ་འཕྲུལ་སྐོར་ཆ་ལག་དང་བཅས་པ་སྤེལ་གནང་ཚུལ་བཀོད་འདུག་གོ།།དེ་ཡང་དུས་ཡུན་རིང་ཙམ་དར་བའི་ཚུལ་ཡང་། འགོས་ཀྱི་དེབ་སྔོན་ངོས་༡༣༥ལས། དེ་ལ་རྙིང་མ་བ་དག་གི་ལུགས་ལ། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ཅེས་བཤད་པའི་ཐོག་མ་གསུམ་ནི། དཔལ་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ལ་ཐུགས་གསུང་སྐུའི་རྒྱུད་ཅེས་བྱས་ནས། དེ་དག་གི་བཤད་པ་ཡང་རིང་དུ་བྱུང་སྣང་སྟེ། བུ་སྟོན་རིན་པོ་ཆེས་བསྟན་འགྱུར་དཀར་ཆག་ཏུ། རྡོ་རྗེ་བཞད་པའི་སྐོར་གྱི་ལེའུ་ཞེས་ཚན་པ་གཅིག་ཏུ་མཛད་པའི་རྡོ་རྗེ་བཞད་པའི་གསང་བ་འདུས་པའི་འགྲེལ་པ་ན། གསང་བ་སྙིང་པོའི་རྒྱུད་ལུང་མང་དུ་དྲངས་ཤིང་། བཤད་པའི་ཚུལ་ཡང་དེ་དང་མཐུན་ལ། འདུས་པ་ཕྱི་མའི་འགྲེལ་བ་བི་ཤྭ་མི་ཏྲས་པ་མཛད་པ་བུའི་བསྟན་འགྱུར་ན་བཞུགས་པ་ཡང་རྙིང་མ་ཁོ་ནར་སྣང་ལ། མཉམ་སྦྱོར་གྱི་འགྲེལ་བ་བརྒྱ་བྱིན་སྡོང་པོས་མཛད་པར་ཡང་གསང་བ་སྙིང་པོའི་ལུང་མང་དུ་དྲངས་པ་ཤིང་། འགྲེལ་བ་དེ་ལ་བུ་སྟོན་རིན་པོ་ཆེ་ཡང་དགྱེས་ཤིང་། དེ ནས་ལུང་ཅི་འདྲོངས་མཛད་པ་ཡིན་ནོ།།ཞེས་འདུག་པས་ཀྱང་ཤེས་པར་ནུས་སོ།།དེང་རབས་ཞིབ་འཇུག་པས་ཀྱང་དེ་བཞིན་ཡིན་ལུགས་ཟབ་མོ་བསྟན་ཡོད་དེ། ཁང་དཀར་ཞབས་ཀྱི་རྒྱ་གར་ནང་པའི་གསང་སྔགས་ཆོས་འབྱུང་ངོས་༣༢༩ལས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་ལོ་ཆེན་བཻ་རོ་ཙ་ནས་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྲོལ་ཕྱེ་བའི་གསང་འདུས་ཡེ་ཤེས་ཞབས་ལུགས་བོད་དུ་གདན་དྲངས་ཡོད་པར་མ་ཟད། རྡོ་རྗེ་བཞད་པའི་གསང་འདུས་རྣམ་བཤད་ཀྱང་བསྒྱུར་ཡོད། ཕྱི་ལོ་༨༢༤ལོར་ཕྱོགས་བསྒྲིགས་བྱས་པའི་དཀར་ཆག་ལྡན་དཀར་མར་ཡེ་ཤེས་ཞབས་ཀྱི་གཞུང་གི་མཚན་ཡོད། ཅེས་དང་། ཡང་བསམ་དགོས་པ་ཞིག་ནི་གསང་འདུས་འགྲེལ་བ་རྙིང་ཤོས་རྡོ་རྗེ་བཞད་པའི་གསང་འདུས་རྣམ་བཤད་ལས། ལུང་ལས་ཀྱང་། ཤིན་ཏུ་ཕྲ་ལ་སྦྱངས་པ་ཡིས།།བསམ་ཡས་དག་ལའང་དེ་བཞིན་བྱ།།རིག་པས་དཔག་པ་ཙམ་དུའོ།།ཞེས་ལུང་དྲངས་པའི་ཚིགས་བཅད་འདི་རྙིང་མའི་རྒྱུད་གལ་ཆེ་ཤོས་གསང་བ་སྙིང་པོའི་ནང་བཞུགས་ཤིང་། གསང་བ་སྙིང་པོ་ནི་སྒྱུ་འཕྲུལ་དྲྭ་བ་རྩ་བར་བྱས་ཏེ་བརྩམས་པ་ནི་རྒྱུད་གཉིས་བསྡུར་ནས་བརྟག་དཔྱད་བྱས་ན་ཤེས། རྒྱུ་མཚན་དེ་ལ་བརྟེན་ནའང་གསང་འདུས་དང་སྒྱུ་འཕྲུལ་དྲྭ་བ་འབྲེལ་བ་དམ་པོ་ཡོད་པ་མཚོན་ཡོད།ཅེས་བཀོད་འདུག་པས་སོ།།དེས་ན་གསང་འདུས་ནི་ལོ་ཆེན་རིན་བཟང་དང་མར་འགོས་གཉིས་ཀྱིས་སྤེལ་བ་དང་སྒྱུ་འཕྲུལ་ཡང་ལོ་ཆེན་དང་མར་པས་སྤེལ་བ་དང་། ཀྱེ་རྡོར་ཡང་སྔ་འགྱུར་ཡོད་པར་གྲགས་ལ་འབྲོག་མི་དང་མར་པས་སྤེལ་བ་དང་། ཟླ་གསང་ཐིག་ལེ་ལོ་ཆེན་གྱིས་གསར་འགྱུར་དང་བདེ་མཆོག་སྐོར་ཡང་དེ་བཞིན་སྤེལ་བས་ན་སངས་རྒྱས་མཉམ་སྦྱོར་དེ་དང་འབྲེལ་བ་སོགས་ལ་དགོངས་པ་ཡིན་ནམ་སྙམ་མོ། །འོན་ཏེ་འདི་ནི་རང་གི་གོ་བ་ལེན་ཚུལ་ཙམ་ཡིན་པ་ལས། མཁས་མཆོག་དུང་དཀར་ཞབས་ཀྱི་དགོངས་པ་དངོས་ནི་འདིའོ་ཞེས་བདག་གིས་ཁ་ཚོན་གཏན་ནས་མི་ཆོད་པས། དམ་པ་གང་གི་ཞལ་སློབ་འཚོ་གཞེས་པ་དག་ལ་ཞལ་རྒྱུན་ཅི་རིགས་པ་བཞུགས་ཡོད་ངེས་པ་དང་། སྔ་འགྱུར་ཕྱི་འགྱུར་ལ་ཞིབ་འཇུག་མཛད་དང་མཛད་བཞིན་པའི་མཁས་པ་གཟུ་བོ་དག་གིས་གསུང་གི་གནད་འདི་ཉིད་ཅི་བཞིན་པར་གསལ་འགྲེལ་གནང་བར་རིགས་སོ།།༢༠༢༡/༣/༡༠

 

རྩོམ་ཁུངས།  ལུག་ཚང་དཔལ་ཡོན་འཕྲིན་སྟེགས།

 

 

བརྒྱུད་སྐུལ།

མཆན་སྤེལ།