བོད་རྒྱ་ཚིག་མཛོད་ཆེན་མོར་དཔྱད་པའི་གཏམ་ཚ་ཟེར་འོད་སྣང༌།

བོད་རྒྱ་ཚིག་མཛོད་ཆེན་མོར་དཔྱད་པའི་གཏམ་ཚ་ཟེར་འོད་སྣང༌།

བོད་རྒྱ་ཚིག་མཛོད་ཆེན་མོར་དཔྱད་པའི་གཏམ་ཚ་ཟེར་འོད་སྣང༌།

རྩོམ་པ་པོ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་རྒན་པ་སངས་དམ་པ་མཆོག

 

ཕྱི་ལོ་ ༡༩༨༥ ལོར་བཏོན་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་དེབ་ཁག་གསུམ་སྟོད་ཆ། བར་ཆ། སྨད་ཆ། པོ་དེ་ཤེས་བྱ་ཀུན་འདུས་ལྟ་བུའི་བསྔགས་བརྗོད་གནང་མཁན་མཐོང་ཐོས་བྱུང་བ་ལྟར་ང་རང་ཡང་བློ་བསྐྱེད་འབྱུང་རེ་ཁོ་ནས་རང་མེད་གཞན་འཚོལ་གྱིས་གཡར་པོ་ཞུས་ཏེ། དེབ་དང་པོ་སྟོད་ཆ་ནས་བལྟ་ཀློག་བྱས་པ་ཡིན། ཀློག་གིན་ཀློག་གིན་དེབ་འདི་རྩོམ་བསྒྲིགས་བྱེད་པའི་དམིགས་ཡུལ་གཙོ་བོ་གང་ཡིན་གཞི་ནས་རོབ་ཙམ་གོ་བྱུང༌།

གང་ཡིན་ཟེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སྐབས་དེ་ནས་བཟུང་བོད་ལྗོངས་མེས་རྒྱལ་དང་ཁ་བྲལ་དུ་མི་རུང་བའི་མངའ་ཁོངས་གྲས་ལ་དངོས་སུ་གྱུར་ཟེར་བ་དང༌། གོང་མའི་བཀའ་ལྟར་གསེར་བུམ་དཀྲུགས་ཟེར་བ་སོགས་བོད་ཀྱི་བླ་དཔོན་གང་རུང་རེའི་ལོ་རྒྱུས་བཤད་དུས་དེ་དང་འབྲེལ་བ་ཡོད་མེད་ལ་མ་བལྟོས་པའི་སྐབས་དེའི་རྒྱ་ནག་གི་འགོ་གཙོ་མཐོ་ཤོས་དང་མགོ་མཇིང་ལྟ་བུ་སྦྲེལ་ནས་བཤད་པ་སོགས་མཁས་དབང་དུང་དཀར་རིན་པོ་ཆེའི་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་དེབ་ཆུང་དེ་དང་བཀོད་བྱུས་ལམ་སྟོན་བྱེད་མཁན་གཅིག་རང་རེད་འདུག དེར་བརྟེན་ཐོག་མའི་མགོ་བརྗོད་དང༌། མཇུག་ཤོག་གྲངས་ ༣༢༩༢ ནང་བོད་རིགས་ཀྱི་རིག་གནས་སྤེལ་བའི་ལོ་རྒྱུས་ཐོག་གི་བྱ་གཞག་དོན་སྙིང་ཆེ་བ་ཞེས་སོགས་དང༌། དཔར་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང༌། ནོར་བཅོས་མཛད་རོགས་ཞེས་གསལ་བ་ལྟར་དོན་ཚན་ས་བཅད་བཅོ་ལྔ་རུ་བསྡུས་ནས་དཔྱད་གཏམ་ཐུང་ཙམ་སྤེལ་རྒྱུ། ཐུགས་ཞིབ་གནང་མཁན་ཚོས་གཟིགས་བདེའི་སླད་སྐབས་སོ་སོར་དེབ་ཀྱི་ཤོག་གྲངས་ཨང་ཀི་དང་སྦྲགས་མིང་ཚིག་གང་ཡིན་དང༌། དེའི་འགྲེལ་བཤད་བཅས་ཀྱང་ཕྲན་ཙམ་འགོད་རྒྱུ་ཡིན།

 

དོན་ཚན་དང་པོ། དག་ཆ་ནོར་བ་ངོ་སྤྲོད།

དོན་ཚན་གཉིས་པ། རང་ཚིག་སྔ་ཕྱི་འགལ་བ་ངོ་སྤྲོད།

དོན་ཚན་གསུམ་པ། འོལ་ཚོད་ཀྱིས་འགྲེལ་བཤད་ནོར་བ་དགག་པ།

དོན་ཚན་བཞི་པ། བསམ་བཞིན་དུ་ཧམ་བཤད་བདེན་རྫུན་གོ་ལྡོག་ཏུ་བཤད་པ་དགག་པ་དང༌། འཕྲོ་བཤད་པ་བཅས་ལྔ་རུ་བསྡུས་ནས་སྐབས་སོ་སོར་བདེན་རྫུན་ངོ་སྤྲོད་དཔེ་རེ་གཉིས་དང་སྦྲགས་བཀོད་པ།

 

དང་པོ། དག་ཆ་ནོར་བ།

 

ཤོག་གྲངས་ ༣༠༩༤ ནང༌། ལྷག་མ། བེད་བཅད་པའི་འཕྲོ་མ་ལྟ་བུ་པ་ཡིག་ས་མགོ་ཅན་དགོར་རྒྱུར་ཡང་ཅ་ཡིག་བས་འཕུལ་ཅན་བྲིས་པ་དང༌། ཡང་ཤོག་གྲངས་ ༢༠༦༣ ནང༌། མི་རྐང་གླིང་བུ། མིའི་བླ་རུས་ལས་བཟོས་པའི་དུང་ཞེས་པ་ལྟ་བུ་མིང་གཞི་ར་ཡིག་བས་འཕུལ་ཅན་དགོས་རྒྱུར་ཡང་བ་ལ་འདོགས་ཅན་ལ་བཏགས་ཅན་བྲིས་པ་དང༌། ཡང་ཤོག་གྲངས་ ༡༢༧ ནང་སྐུའི་གནས་བདུན་མཐོ་བའི་མཚན་བཟང་སྐབས་ཕྲག་གོང་ལ་ཕྱག་གོང་ཞེས་པ་ལྟ་བུ་དཔེ་མཚོན་ཙམ་དང༌།

      

གཉིས་པ། རང་ཚིག་སྔ་ཕྱི་འགལ་བ།

                            

ཤོག་གྲངས་ ༩༤༧ ནང༌། ཉི་མ་བྱང་བགྲོད། དབྱར་ཉི་ལྡོག་ནས་བཟུང་ཉི་མའི་རྒྱུ་ལམ་བྱང་ཕྱོགས་དང་ཇེ་ཉེར་འགྲོ་ཞེས་པ་ནོར་བ་སྟེ། དབྱར་ཉི་ལྡོག་ནས་ཉི་མའི་རྒྱུ་ལམ་ལྷོ་ཕྱོགས་སུ་ཇེ་ཉེར་གྱུར་ཏེ་ཉིན་ཇེ་ཐུང་དང་མཚན་ཇེ་རིང་དུ་གྱུར་པ་མ་ཟད། ཤོག་གྲངས་ ༡༤༦༨ ནང༌། བྱང་བགྲོད། ཉི་མ་ལ་མཚོན་ན་དགུན་ཉི་ལྡོག་ན་གཞུ་སོགས་ཁྱིམ་དྲུག་ལ་ཉི་མ་བྱང་བགྲོད་ཟིན་ཏེ་ཉིན་ཇེ་རིང་གསལ་བ་ལྟར་རེད། ཤོག་གྲངས་ ༢༧༠༨ ནང༌། མི་ཉག་རུ་ཡོང་བཟའ། གུང་རི་གུང་བཙན་གྱི་སྐྱེད་མ་ཞེས་གསལ་བ་རྒྱལ་རབས་གང་ལས་ཀྱང་དེ་འདྲ་མ་བཤད་པར་མ་ཟད། ཤོག་གྲངས་ ༣༥༩ ནང་གུང་རི་གུང་བཙན་རང་གི་ཡུམ་མོང་བཟའ་ཁྲི་ལྕམ་དང་ལྷན་ཅིག་ཏུ་ཡེར་པའི་ལྷ་ཁང་བཞེངས་ཞེས་བྲིས་པ་ལྟར་སྲོང་བཙན་གྱི་རིགས་སྲས་གུང་རི་གུང་བཙན་གྱི་ཡུམ་ནི་སྟོད་ལུང་མོང་བཟའ་ཁྲི་ལྕམ་ཡིན་པ་རྒྱལ་རབས་དེབ་ཐེར་མང་པོའི་ནང་གཅིག་གྱུར་གསུངས་ཡོད། ཤོག་གྲངས་ ༣༠༣༤ ནང༌། ལྷ་བབ་མཆོད་རྟེན། སྟོན་པ་ཐུབ་པའི་དབང་པོ་སུམ་རྩེན་དུ་དབྱར་གནས་མཛད་དེ་སྔ་དྲོ་དགག་དབྱེ་མཛད། ཕྱི་དྲོ་འཛམ་བུའི་གླིང་དུ་བབ་ཅེས་པ་ལྟར་ན། བོད་ཟླ་དགུ་པའི་ཚེས་བཅོ་ལྔའི་ཕྱི་དྲོ་འཛམ་གླིང་དུ་ཕེབས་དགོས་རྒྱུར་ཡང་དེང་སང་ཡོངས་གྲགས་སུ་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་ལྷ་བབ་དུས་ཆེན་སྲུང་བརྩི་ཞུ་བ་མ་ཟད། ཤོག་གྲངས་ ༡༢༧༡ ནང༌། དུས་ཆེན་བཞི། དགུ་པའི་ཉེར་གཉིས་ལ་ལྷ་ལས་བབས་ཞེས་པ་དང་འགལ།

 

གསུམ་པ། འོལ་ཚོད་ཀྱིས་འགྲེལ་བཤད་ནོར་བ་དགག་པ།

 

ཤོག་གྲངས་ ༣༩ ནང༌། ཀྲི་ཀྲི། སངས་རྒྱས་འོད་སྲུངས་ཀྱི་ཡབ་ཀྱི་མཚན་ཞེས་བྲིས་པ་ནོར་བ་སྟེ། མདོ་སྡེ་བསྐལ་བཟང་ལས་རིགས་ནི་བྲམ་ཟེའོ། །ཡབ་ནི་ཚངས་བྱིན་ཞེས་བྱའོ་ཞེས་རིགས་བྲམ་ཟེ་དང་ཡབ་ཚངས་བྱིན་ཡིན་པར་གསུངས། ཤོག་གྲངས་ ༢༢༨༣ ནང༌། མཐིང་གི་ཞལ་བཟང་མ། མིང་གཞན་ལ་གངས་མཐོན་མཐིང་རྒྱལ་མོ་ཟེར་བ་དེ་ཇོ་མ་གླང་མ་རིར་གནས་ལྷ་མོ་དེ་དག་གི་གཙོ་བོ་ཡིན་པར་གྲགས་སོ་ཞེས་པར་རྣལ་འབྱོར་མི་ལའི་རྣམ་མགུར་དེབ་ཤོག་གྲངས་ ༤༧༤ ནང་གངས་མཐོན་མཐིང་རྒྱལ་མོ་ཞེས་པ་ཚེ་རིང་མཆེད་ལྔའི་ཕོ་བྲང་གི་མིང་ཡིན་པར་གསུངས་པ་དང༌། ༤༧༩ ནང་ལྔའི་ཚོགས་ཀྱི་དབུས་ན་གཙོ་མོར་འོས་པ་གཅིག་ན་རེ། བདག་ནི་འདི་རྣམས་ཀྱི་གཙོ་མོ་ལགས་ཏེ། བདག་གི་མིང་ནི་བཀྲ་ཤིས་ཚེ་རིང་མ་ཞེས་བགྱི་སྲིད་སྲུང་རིགས་རྒྱུད་འཕེལ་བའི་དངོས་གྲུབ་འབུལ་བ་ལགས་ཞེས་ཚེ་རིང་མ་ཉིད་ཀྱིས་ཞུས་འདུག་ན་ཁྱེད་རྣམས་ཀྱིས་གངས་མཐོན་མཐིང་རྒྱལ་མོ་མཐིང་གི་ཞལ་བཟང་མའི་མཚན་ཡིན་པ་དང༌། མཆེད་ལྔའི་གཙོ་མོ་ཡིན་པ་གང་ལས་གསུངས་སམ། ཡང་ཤོག་གྲངས་ ༢༤༥༦ ནང༌། ཟས་ཕྱིས་མི་ལེན་པ།  སྦྱང་པའི་ཡོན་ཏན་བཅུ་གཉིས་ཀྱི་ནང་ཚན་ཏེ། ཕྱི་དྲོ་ཁ་ཟས་མི་ཟའོ་ཞེས་པ་ནོར་བ་སྟེ། ཕྱི་དྲོ་ཁ་ཟས་སྤོང་བ་རབ་བྱུང་ཚང་མ་འདྲ་བས་དེ་ལ་ཕྱིས་མི་ལེན་གྱི་གོ་རྒྱུ་མི་འདུག འོ་ན། གང་ཡིན་ཞེ་ན། བྱིན་ལེན་བྱ་ཚུལ་གྱི་སྒོ་ནས་བཏགས་པ་སྟེ། བྱིན་ལེན་བྱས་པའི་འོག་ཏུ་སླར་ཟས་མི་ལེན་པས་ཡི་དམ་འཆའ་བས་ན་ཟས་ཕྱིས་མི་ལེན་ཞིང༌། དེ་ལ་ནང་གསེས་དུས་གཅིག་པ་དང༌། གསོག་རུམ་པ་གཉིས་ཡོད། ཡང་ཤོག་གྲངས་ ༢༧༩༩ ནང༌། ལེ་ལོ། སྒྱིད་ལུག་གམ་ལས་དོན་ལ་མི་སྤྲོ་བ་ཞེས་པ་ནོར་བ་སྟེ། བརྩོན་འགྲུས་ནི་དགེ་བའི་བྱ་བ་ལ་སྤྲོ་བའི་སེམས་བྱུང་ཞིག་སྟེ། བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་གསུངས་པས་ལུང་མ་བསྟན་དང༌། མི་དགེ་བ་བ་ལ་སྤྲོ་བའམ་དགའ་བ་ནི་བྱ་བ་ངན་ཞེན་ལ་ཆགས་པའི་ལེ་ལོ་སྟེ། མདོ་ལས་འདི་ལས་ཕྱི་རོལ་པ་རྣམས་ཀྱི་བརྩོན་འགྲུས་གང་ཡིན་པ་དེ་ནི་ལེ་ལོ་ཁོ་ནའོ་ཞེས་གསུངས་སོ། །

ཤོག་གྲངས་ ༣༠༨༨ ནང༌། ལྷ་རམས་པའི་དགེ་བཤེས། ཚོགས་དབུས་སུ་དམ་བཅའ་བཞག་ནས་ཨང་གྲངས་སུ་ཚུད་པའི་དགེ་བཤེས་ཞེས་ནོར་བ་སྟེ། ལྷ་རམས་དགེ་བཤེས་ལོ་རེ་བཞིན་འཆར་ཅན་ལྟར་བཅུ་དྲུག་རེ་ཡོད་ཅིང༌། དེའི་ནང་སྤྱིར་བཏང་ཨང་དང་པོ་ནས་བདུན་པ་བར་ཨང་གྲངས་སུ་ཚུད་པ་ཡིན་པས་ཨང་གྲངས་སུ་ཚུད་པ་བདུན་དང༌། ཨང་གྲངས་སུ་མ་ཚུད་པ་དགུ་བཅས་ཡོད། ཤོག་གྲངས་ ༣༠༩༤ ནང༌། ལྷག་མེད་མྱང་འདས། ཉོན་མོངས་པ་ཕུང་པོ་ལྷག་མ་མེད་པ་མྱ་ངན་ལས་འདའ་བ་སྟེ་བར་དོར་འདའ་བའོ་ཞེས་པ་ནི་ཤིན་ཏུ་འཁྲུལ་ཏེ། བར་དོར་འདའ་བ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་སྟེ་བར་སྲིད་ཀྱི་རྟེན་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ངེས་པའི་ཕྱིར་མི་འོང་བར་ཟེར། ནང་གསེས་མྱུར་བར་འདའ་བ་སོགས་གསུམ་ཡོད། ལྷག་མེད་ཅེས་པ་ནི། སྔ་མའི་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་མེད་པར་ཟེར་ཞིང༌། ལྷག་བཅས་དགྲ་བཅོམ་པས་སྐུ་ཚེའི་འདུ་བྱེད་དོར་བའི་ཚེ་ལྷག་མེད་མྱང་འདས་ཐོབ་པ་ཡིན། ཤོག་གྲངས་ ༧༣༣ ནང༌། ཅེ་སྤྱང་རྭ། རྒྱ་གར་དུ་ཅེ་སྤྱང་ཞེས་པའི་གཅན་གཟན་ཞིག་ཡོད་པ་དེས་ཅེ་སྤྱང་ནས་ཅེ་སྤྱང་གཞན་གྱིས་བར་མ་ཆོད་པའི་སྐྱེ་བ་ལྔ་ནས་རྭ་སྐྱེས་པ་དེ་ནོར་བུ་ཡིན་པར་བཤད་ཅེས་པ་དེ་སེམས་རྣལ་དུ་མི་གནས་པའི་གཏམ་སྟེ། སེམས་ཅན་གཅིག་ཅེ་སྤྱང་གི་སྐྱེ་བ་བསྟུད་མར་ལྔ་བླངས་པར་ཟེར་ན་དེ་འདྲ་ཅེ་སྤྱང་དང་པོ་དང་ལྔ་པའི་བར་ཅེ་སྤྱང་གི་སྐྱེ་བ་གཉིས་པ་དང་གསུམ་པ་བཞི་པ་གསུམ་གྱིས་ཆོད་པ་མིན་ནམ་ཡང་ན་འགྲོ་བ་རིགས་མི་མཐུན་པའི་སྐྱེ་བ་གཞན་གྱིས་བར་མ་ཆོད་པ་ལ་བསམ་ན་ནི་བསམ་རྒྱུ་དེ་མ་བྲིས་པས་ནོངས་སོ། །

གཞན་ཡང་ཤོག་གྲངས་ ༡༤༩༧ ནང༌། ནཱ་ལེན་དྲ། སྔར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་ཅེས་པ་དང༌། ཡང་ཤོག་གྲངས་ ༡༦༧༡ ནང༌། སྤྱན་ལྔ། སངས་རྒྱས་ཁོ་ནར་མངའ་བས་སྤྱན་མངའ་ཞེས་དང༌། ཡང༌། ཤོག་གྲངས་ ༢༩༧༥ ནང༌། སོར་མོའི་ཕྲེང་བ་སྔར་རྒྱ་གར་གྱི་རྒྱལ་པོ་གདུག་རྩུབ་ཅན་ཞིག་ཡིན་སོགས་འདི་རིགས་ནོར་འཁྲུལ་མང་ཡང་འདིར་དཔེ་མཚོན་ཙམ་ལས་ཡོད་ཚད་རེ་རེ་བཞིན་དགག་བསྒྲུབ་བྱེད་པ་ཡིག་ཚོགས་ཀྱིས་འཇིགས་ནས་མ་བཀོད་དོ། །

 

བཞི་པ། ཤེས་བཞིན་དུ་ཧམ་བཤད་བདེན་རྫུན་གོ་ལྡོག་ཏུ་བཤད་པ་དགག་པ།

 

ཤོག་གྲངས་ ༡༧༧༦ ནང༌། འཕགས་པ་བློ་གྲོས་རྒྱལ་མཚན། དུས་སྐབས་དེ་ནས་བཟུང་བོད་ལྗོངས་མེས་རྒྱལ་དང་ཁ་བྲལ་མི་རུང་བའི་མངའ་ཁོངས་གྲས་ལ་དངོས་སུ་གྱུར་པ་ཞེས་པ་ནི། གསོན་པོ་ཁྱུར་མིད་གཏོང་བའི་ཧམ་བཤད་དེ་སྐབས་དེར་རྒྱ་ནག་རང་ཉིད་སོག་པོས་དབང་བསྒྱུར་བྱེད་པའི་དུས་ཚོད་ལས་བོད་རྒྱ་ཁོངས་སུ་ཇི་ལྟར་གྱུར། དེའི་སྐོར་ྋགོང་ས་༸སྐྱབས་མགོན་ཆེན་པོས་ལན་གྲངས་མང་པོ་གསུངས་པ་དང༌། ལོ་རྒྱུས་སྨྲ་བ་ཞྭ་སྒབ་པས་སླར་ཡང་འཁྱོག་བཤད་འབྱིན་འབྱེད་བདེན་པའི་གཙགས་བུ་ཞེས་པའི་རྒོལ་གླེང་དེབ་ཆུང་ཤོག་གྲངས་བདུན་པའི་ནང་གནད་ལ་འཁེལ་བའི་དགག་ལན་གསལ་ཐག་ཆོད་བཀོད་འདུག་པས་བསྒྲུབས་ཟིན་སྒྲུབ་དགོས་མེད་པས་བཞག ཕྲན་གྱི་བསམ་ཚུལ་ལྟར་ན། སྐབས་དེར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སེ་ཆེན་རྒྱལ་པོར་དབང་གཉིས་པ་བསྐུར་བའི་ཡོན་དུ་རྒྱའི་མི་ཡུར་ཆེན་པོ་ཞེས་པ་བཅད་དེ་རྒྱ་མི་ཁྲི་ཁྲག་མང་པོའི་སྲོག་བསྐྱབས་པ་དང༌། སེ་ཆེན་སྡིག་པ་ལས་བསྐྱབས་པ། ལོ་བརྒྱ་ཕྲག་བཞི་ལ་ཉེ་བ་བོད་སིལ་བུར་ཐོར་བ་དེ་སླར་ཡང་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རྒྱལ་ཁབ་གསར་འཛུགས་མཛད་པ་བཅས་བོད་སོག་རྒྱ་གསུམ་གས་རྗེས་སུ་ཡི་རང་བྱེད་དགོས་པ་ཞིག་གནང་མི་འདུག་གམ། གཟུ་བོའི་བློས་སོམས་ཤིག

ཡང་ཤོག་གྲངས་ ༣༠༣༢ ནང༌། གསོན་སྦེད། སྔར་ལོག་སྤྱོད་དབང་བསྒྱུར་པས་མི་གསོན་པོར་དོང་དུ་སྦེད་པའི་ཁྲིམས་སྲོལ་ངན་པ་ཞིག་ཅེས་པ་ནི་མངོན་སུམ་འཛེམས་མེད་དུ་བདེན་རྫུན་གོ་ལྡོག་ཏུ་སྨྲས་པ་ཞིག་སྟེ། གསོན་སྦས་གཏོང་མཁན་ནི་རྒྱ་དམར་རང་ཉིད་ཡིན་པ་ལས་སྔར་གྱི་དབང་སྒྱུར་གྲལ་རིམ་པས་གསོན་སྦས་བྱས་པའི་ཡིག་རིགས་དང༌། ངག་རྒྱུན་གང་ཡང་མཐོང་ཐོས་མེད། ཡང་ཤོག་གྲངས་ ༢༠༨༣ ནང༌། མི་སེར་སྤེལ་ཡུལ། ཞེས་པ་དང༌། ཡང་ཤོག་གྲངས་ ༢༡༤༡ ནང༌། དམར་རྗེན་དུ་སྲོག་གཅོད་པ། ཞེས་པ་དང༌། ཤོག་གྲངས་ ༢༡༩༡ ནང༌། བཙན་རྒྱལ་རིང་ལུགས། ཞེས་པ་གསུམ་གྱི་འགྲེལ་བཤད་ཕྱོགས་འདྲ་བར་དེང་དུས་ཀྱི་མ་རྩའི་རིང་ལུགས་ཡིན་ཞིང་སྒེར་སྡོམ་མ་རྩ་རིང་ལུགས་ཀྱང་ཟེར་བ་དེ་ནི་མ་རྩ་རིང་ལུགས་འཕེལ་རྒྱས་ཕྱིན་ནས་ཚད་མཐོ་ཤོས་དང་དུས་རིམ་མཇུག་ཤོས་ལ་སླེབས་པ་ཞིག་དང༌།སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་འབྱུང་ཉེའི་དུས་ཡིན། ཞེས་ཟེར་བ་ནི་མ་བརྟག་གྱ་ཚོམ་གྱི་ལང་ཤོར་འདོད་གཏམ་བཤད་པ་སྟེ། སྤྱི་ཚོགས་དམར་པོའི་རིང་ལུགས་གཞུང་དམངས་གང་ནས་འ་འུབ་མ་འདུས་པར་མགོ་རྟིང་སློག་སྟེ་གཅིག་མཇུག་གཉིས་མཐུད་ཀྱིས་དམངས་གཙོ་མ་རྩའི་རིང་ལུགས་ཕྱོགས་སུ་ཁ་བསྒྱུར་བྱས་དང་བྱེད་བཞིན་པ་མཐོང་ཆོས་འདི་ལ་བསྙོན་དུ་ཅི་ཞིག་ཡོད།

 

 

རྩོམ་འཕྲོར་ལུས།

དབྱངས་ཅན་སྒེག་པའི་རོལ་མཚོའི་གསུང་རྩོམ་ཕྱོགས་སྒྲིག་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།