ཀུན་གཟིགས་ལྔ་པ་ཆེན་པོའི་རྣམ་པར་ཐར་པ་ཚངས་སྲས་བཞད་པའི་སྒྲ་དབྱངས།

ཀུན་གཟིགས་ལྔ་པ་ཆེན་པོའི་རྣམ་པར་ཐར་པ་ཚངས་སྲས་བཞད་པའི་སྒྲ་དབྱངས།

༄༅། །ཀུན་གཟིགས་ལྔ་པ་ཆེན་པོའི་རྣམ་པར་ཐར་པ་ཚངས་སྲས་བཞད་པའི་སྒྲ་དབྱངས།

མཛད་པ་པོ། ནོར་བྲང་ཨོ་རྒྱན།

སྔོན་ཚེ་ཟ་ཧོར་ཡངས་པའི་ས། །སྟོབས་འབྱོར་དཔུང་པས་དབང་སྒྱུར་བ། །གཙུག་ལག་འཛིན་ཞེས་གྲགས་པའི་རྔ། །སྲིད་པའི་བླ་ནས་བརྡུང་བ་བྱུང་། །དེ་རིགས་མ་དྲོས་མཚོ་ཆེན་ལས། །གྱེས་པ་ཟ་ཧོར་རྒྱལ་པོའི་རྒྱུད། །ལེགས་བྱས་གསེར་གྱི་ཡུར་བ་ལས། །སྐྱེ་རྒུའི་ཞིང་སར་རིམ་པར་དྲངས། །མཐར་ནི་བདུད་འདུལ་རབ་བརྟན་ཞེས། །འཕྱོངས་རྒྱས་ཕྱིང་བར་སྟག་རྩེའི་བདག །གང་དེས་སྐྱེ་བོ་ཀུན་དགའ་ཞིང་། །ལྷ་ལས་མཛེས་པའི་དཔལ་མོར་རྩེན། །

ཡབ་ཡུམ་བསོད་ནམས་འབུམ་ཕྲག་གིས། །བསྐྲུན་པ་སྐྱེ་རྒུའི་འདྲེན་པ་མཆོག །ངག་དབང་བློ་བཟང་རྒྱ་མཚོའི་ཞབས། །མེ་མོ་སྦྲུལ་(༡༦༡༧)ལོར་མཚན་དཔེ་བཞད། །འཁྲུངས་ཙམ་ཉིད་ནས་ཆོས་སྟོན་གྱི། །ཕྱག་རྒྱ་ལ་སོགས་ཆེན་པོའི་ཚུལ། །འགྲོ་བའི་འདྲེན་བྱེད་དགའ་སྟོན་དུ། །མངོན་པར་ཐོབ་ལ་ཅིས་མི་དད། །ཡོན་ཏན་རྒྱ་མཚོའི་མཆོག་སྤྲུལ་དུ། །སྣང་མཐའི་མགོན་པོས་ (བློ་བཟང་ཆོས་རྒྱན།) དབང་བསྐུར་ཚེ། །ཇོ་བོ་རྗེ་སོགས་ལྷ་བླ་མ། །དགྱེས་པའི་འཛུམ་ཞལ་ལྷུག་པོར་གྲོལ། །དེ་ཚེ་དབུས་གཙང་འཐབ་མོའི་མེ། །སྐུ་ཡི་ཉེར་འཚེར་གྱུར་དོགས་ནས། །སྣང་མཐའི་མགོན་པོའི་བཀའི་དབྱུ་གུས། །གཙང་པའི་རྔ་ཆེན་བསྐུལ་བྱས་ནས། །དགུང་གྲངས་དྲུག་པ་ཆུ་ཕོ་ཁྱིར། །དཔལ་ལྡན་འབྲས་དཀར་སྤུངས་པ་ཡི། །དགའ་བ་བརྒྱ་ལྡན་ཕོ་བྲང་གི །གསེར་ཁྲིར་ཞབས་སེན་རེ་ཁ་བཀོད། །

སྔོན་གྱི་དམ་བཅའ་མི་འགྱུར་རྡོ་བ་ཡི། །རི་མོའི་མཛེས་པ་སླར་ཡང་གསལ་བའི་སླད། །སྣང་མཐའི་མགོན་པོ་རིགས་ཀྱི་ཅོད་པན་དུ། །བཀུར་ནས་རབ་བྱུང་དངོས་པོ་ལྷུར་བཞེས་མཛད། །དེ་ནས་མཁས་གྲུབ་དུ་མ་ཡི། །ཞབས་རྡུལ་སྤྱི་བོར་བཀོད་མཛད་ནས། །མདོ་སྔགས་ཆོས་ཚུལ་དལ་འགྲོའི་རྒྱུན། །ཐུགས་མཆོག་རྒྱ་མཚོའི་ཀློང་དུ་བསྐྱིལ། །གཉིས་ལྷག་ཉི་ཤུའི་བགྲང་གཞིའི་ལོར། །རྒྱལ་བ་ཉི་མའི་མདུན་ས་ཆེར། །བསྙེན་པར་རྫོགས་པའི་མཛད་པ་ཡིས། །ཡོངས་རྫོགས་བསྟན་པ་བདག་གིར་བཟུང་། །རེ་ཞིག་ས་གཞི་སྐྱོང་བ་ཡི། །དྲེགས་པ་ལྷུན་པོའི་རྩེར་འཛེག་པ། །གཙང་སྟོད་རྒྱལ་པོའི་མངའ་ཐང་ཀུན། །ཡུད་ཀྱིས་སྟོང་པའི་དབྱིངས་སུ་ཐིམ། །དེ་ཚེ་གུ་ཤྲཱིའི་དར་དཀར་གྱིས། །བོད་ཁམས་གནམ་ས་ཀུན་བཅིངས་པའི། །གཟི་བརྗིད་མ་བཟོད་བརྒྱ་བྱིན་ཡང་། །ས་བླར་བྲོས་སམ་འཕྱང་མོ་ཉུག །

མང་མང་དཔུང་གིས་ཕས་རྒོལ་འཇོམས་ཡང་ཉུང་ཉུང་གཙོ་བོ་ཁོ་ན་ཚར་གཅོད་ལས་ལ་བརྩོན། །ཆེམ་ཆེམ་འོད་འཕྲོ་རྣོ་དབལ་མཚོན་གྱིས་ནག་ནག་མགོ་བོ་དུམ་བུར་བཅད་པས་ཕས་རྒོལ་འགེམས། །བརྗིད་བརྗིད་ཆེ་རྒུའི་ཕྱག་གི་ཡུལ་ཡང་གུས་གུས་དང་བས་ཞབས་པད་སྤྱི་བོར་བཀོད་དང་ལྷན། །དཀར་དཀར་གངས་རིས་བསྐོར་བའི་ཞིང་བཅས་སྣུམ་སྣུམ་སྙིམ་པས་རྣམ་འདྲེན་མཆོག་གི་ཕྱག་ཆར་ཕུལ། །དེ་ཚེ་ཕོ་བྲང་བསམ་གྲུབ་རྩེར། །མཉན་ཡོད་གྲོང་དུ་གསལ་རྒྱལ་གྱིས། །ཐུབ་མཆོག་བསྙེན་པའི་ཚེམས་ཤིང་འབྲས། །ཕན་བདེའི་ཉེར་འཚོར་ཐོབ་བཞིན་གྱུར། །རིང་ནས་ཐུགས་བསྐྱེད་ནོར་བུའི་ཡུ་བ་ཅན། །འཕྲིན་ལས་གསེར་གདུགས་བླ་ན་འཁོར་བ་ཡི། །གྲིབ་བསིལ་སྣུམ་པོར་སྤྱོད་པའི་སྐྱེ་འགྲོ་རྣམས། །ལྷ་བས་ལྷག་ཅེས་སྐབས་གསུམ་པ་རྣམས་གླེང་། །དེ་ནས་དུས་ཀྱི་འཁོར་ལོ་ཆེས། །ཟླ་བའི་ཕྲེང་བ་བཅུ་བསྐོར་རྗེས། །དལ་འགྲོའི་བུ་མོས་ཡིད་འོང་འབྲུག །ཁབ་ཏུ་བསུ་བའི་ལོ་དེ་ལ། །གནམ་བསྐོས་གོང་མ་ཧྲུན་ཀྲི་ཡི། །སྤྱན་འདྲེན་རྟ་བདུན་གྱིས་བསྐུལ་བས། །པེ་ཅིན་གསེར་གྱི་རྒྱལ་ཁབ་ཆེར། །མགོན་པོའི་ཞབས་སེན་མངོན་པར་བཀོད། །དེ་ཚེ་གོང་མའི་ཉི་མ་དང་། །ལྔ་པའི་ཟླ་བ་གདན་འཛོམས་པ། །གཅིག་ལ་གཅིག་འཕྲོའི་འོད་ཟེར་ནི། །ཕན་ཚུན་དགྱེས་པའི་འཛུམ་བཞིན་གསལ། །གོང་ནས་ནུབ་ཀྱི་ལྷ་གནས་ཆེས་དགེ་བ། །བདེ་བར་གནས་པའི་སངས་རྒྱས་བཀའ་ཡི་ལུང་། །གནམ་འོག་སྐྱེ་འགྲོའི་བསྟན་པ་གཅིག་ཏུ་གྱུར། །འགྱུར་མེད་རྡོ་རྗེ་འཆང་དབང་རྒྱ་མཚོའི་བླ། །ཞེས་པ་རྒྱ་བོད་ཧོར་གསུམ་གྱི། །ཡི་གེར་བྲིས་པའི་གསེར་ཐམ་བཅས། །འཇམ་དབྱངས་གོང་མས་ནུབ་ཕྱོགས་ཀྱི། །འདྲེན་པ་ཆེན་པོར་མངའ་གསོལ་ཏེ། །དགའ་བ་བརྒྱ་ལྡན་ཕོ་བྲང་པའི། །སྲིད་འབྱོར་ཕུན་སུམ་ཚོགས་པ་དང་། །རིས་མེད་བསྟན་འགྲོའི་དོན་ཆེན་གྱི། །མཛད་པ་ནམ་མཁའི་མཐའ་ལ་བཅས། །བཅུ་ཕྲག་རིག་པའི་ས་ཆེན་པོ། །གཞལ་ལ་ཁྱབ་འཇུག་གོམ་ཆེན་ཡང་། །འཕྱེ་བོའི་འགྲོས་ལྟར་གཟིགས་པ་དེས། །བསྟན་བཅོས་གངྒཱའི་རྡུལ་ལྟར་མཛད། །ལྷག་པར་གསེར་མདོག་ཅོད་པན་གྱི། །རིང་ལུགས་བླ་མཐོར་འདེགས་པའི་སླད། །གླིང་ཆེན་བཅུ་གསུམ་ཆོས་ཀྱི་གྲྭ། །བསྟོད་པས་ཁྱད་པར་འཕགས་པ་མཛད། །དེ་ལྟར་བསྟན་འགྲོའི་དོན་ཆེན་གྱི། །མཛད་པས་སྐུ་ནི་ངལ་གྱུར་པ། །རེ་ཞིག་ཞི་བའི་དབྱིངས་ཉིད་དུ། །མནལ་བའི་དགོངས་པ་ལ་ཞུགས་ཏེ། །སྲས་ཀྱི་ཐུ་བོ་སངས་རྒྱས་རྒྱ་མཚོ་གང་དང་དབྱེར་མེད་ལུགས་ཟུང་བྱེད་པོར་དབང་བསྐུར་བའི། །འོད་འབར་ཕྱག་རྒྱ་བཀའ་ཡི་གླེགས་བུ་ཡོངས་ལ་དྲིལ་བསྒྲགས་དེ་ཡི་གྲགས་པ་གསལ་བ་དང་། །རེ་ཞིག་ཞིང་གཞན་གཤེགས་པའི་དོན་གང་ཅི་ལྟར་གསང་རྒྱུའི་བླང་དོར་མ་ལུས་ཉེར་བསྟན་ནས། །དྲུག་ལྷག་དྲུག་ཅུའི་དགུང་ལྡན་ཆུ་ཁྱིར་ (༡༦༨༢) འདྲེན་པ་མཆོག་དེའི་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས། །དེ་ཡི་ཚུལ་མཐོང་ལྷ་མི་གདུང་བའི་ཁུར། །རབ་རྩིས་འཛིན་མ་རྒྱ་མཚོར་བྱིང་དོགས་ནས། །རེ་ཞིག་གསང་རྒྱས་མི་དབང་མཐོན་པོའི་ལྷ། །ཡན་ལག་ལྔ་པར་གྱུར་པ་གཅིག་པུས་བླངས། །མགོན་པོ་མཆོག་ཀྱང་སྔར་གྱི་དམ་བཅའི་དོན། །སླར་ཡང་དྲན་ནས་མཆོག་སྤྲུལ་སྲིད་པའི་མིག །མཚན་དཔེའི་དཔལ་འབར་ཚངས་དབྱངས་རྒྱ་མཚོའི་ཞབས། །སྐལ་བཟང་ཤར་རིའི་སྤོ་ལ་མངོན་པར་འཕགས། །དེ་ཚེ་སྐྱེས་བུས་མ་བགྲོས་མགྲིན་གཅིག་གིས། །ཉིན་བྱེད་ཆུ་ལྷར་མནལ་བ་མ་མཐོང་བར། །སླར་ཡང་ཤར་རིའི་རྩེ་ལ་རབ་ཤར་བ། །མངོན་པར་མཐོང་ཞེས་མི་དབང་དེ་ལ་བསྟོད། །འཛམ་གླིང་མཛེས་པའི་རྒྱན་གཅིག་མཆོད་སྡོང་ཆེ། །འཛམ་གླིང་མཛེས་པའི་རྒྱན་དུ་བསྐྲུན་པ་དང་། །འཛམ་གླིང་མཛེས་པའི་རྒྱན་གྱུར་པོ་ཏ་ལ། །འཛམ་གླིང་མཛེས་པའི་རྒྱུན་དུ་རྫོགས་པར་བསྐྲུན། །ལེགས་པར་སྨྲས་སོ་གངས་ཅན་མགོན། །ལྔ་པ་ཆེན་པོའི་རླབས་ཆེན་གྱི། །མཛད་པའི་ནང་ནས་ཆ་ཤས་ཙམ། །གང་གི་བཀའ་དྲིན་གསོ་ཕྱིར་རོ། །ཞེས་པ་ཡང་གུས་པ་ཆེན་པོས་སྦྱར་བའོ།།

སྨྲས་པ། རབ་དཀར་གངས་རིས་བསྐོར་བའི་ཞིང་མཆོག་འདིའི། །རབ་མང་བགྲང་བྱའི་ལོ་རྒྱུས་ངོ་མཚར་ཅན། །རབ་གསལ་ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན། །རབ་འབྱམས་ཅིག་ཅར་སྟོན་པའི་དེབ་ཐེར་ཆེ། །རྣམ་ཀུན་མཆོག་ལྡན་བློ་བཟང་རྒྱ་མཚོའི་ཞབས། །རྣམ་འདྲེན་དགོངས་པའི་འོ་མཚོར་འཁྲུངས་པ་ཡི། །རྣམ་བཀྲའི་ལང་ཚོར་དབང་འབྱོར་དཔལ་མོ་འདི། །རྣམ་ཀུན་དགའ་མར་ཐོབ་པའི་ངོ་མཚར་རྨད། །དེ་ཕྱིར་བགྲང་བྱའི་ཁུར་གྱིས་ལྕི་ཡང་བློ་གྲོས་ཤེས་བྱའི་ལང་ཚོ་ཕྲ། །ནོར་བུའི་ཁང་པ་གསར་པར་གནས་ཀྱང་རིག་པའི་ནོར་གྱིས་མ་ཕྱུག་པ། །ཨོ་རྒྱན་ཆོས་འཕེལ་མིང་གིས་མཚན་ཡང་འཇིག་རྟེན་སྲོག་ལས་གཅེས་འཛིན་པས། །ཡང་ཡང་དཔྱད་པ་སྔོན་དུ་བཏང་ནས་རྒྱ་ཆེར་འགྲེལ་ལ་གཅིག་ཏུ་བརྩོན། །དེ་ལྟར་འབད་པའི་ངོ་མཚར་སྣང་བའི་ཟླ་བ་འདི་ལ་ར་རིའི་ཆ། །གལ་ཏེ་འདི་ནི་ཉི་མ་ཡིན་ན་འདྲེན་པའི་ཤིང་རྟ་མི་མཉམ་སྐྱོན། །གལ་ཏེ་འདི་ནི་པདྨ་ཡིན་ན་འདམ་ལས་སྐྱེས་པའི་འབྱུང་ཁུངས་དམན། །གལ་ཏེ་འདི་ནི་ས་སྙིང་ཡིན་ན་བཙོ་ཡིས་མ་སྦྱངས་གཡའ་ཡི་དྲི། །མ་རྟོགས་པ་དང་ལོག་པར་རྟོག་པ་ཡི། །ཉེས་པ་གང་མཆིས་མཁས་རྣམས་སྤྱན་སྔར་བཤགས། །ཅུང་ཟད་འབད་ལས་ཐོབ་པའི་དགེ་བ་འདི། །གངས་ཅན་རིག་པའི་གསོས་སུ་སྨིན་གྱུར་ཅིག །ཅེས་པ་འདི་ཡང་ནོར་བྲང་ཨོ་རྒྱན་ཞེས་བགྱི་བས་དད་པའི་སྤུ་ལོང་གཡོ་བཞིན་དུ་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱིས་དགའ་སྟོན་བརྩམས་པའི་མཇུག་བྱང་སྨོན་ཚིག་ཏུ་བྲིས་པ་དགེ་ལེགས་འཕེལ།།  །།

བརྒྱུད་སྐུལ།

མཆན་སྤེལ།