ཇོ་མོ་གླང་མའི་ཁོར་ཡུག་ཏུ་ཁྲག་དྲི་བྲོ་བའི་དྲག་གནོན་རིམ་པར་བྱུང་བའི་སྡོམ་ཚིག་དྲན་པའི་མེ་ལོང་།

ཇོ་མོ་གླང་མའི་ཁོར་ཡུག་ཏུ་ཁྲག་དྲི་བྲོ་བའི་དྲག་གནོན་རིམ་པར་བྱུང་བའི་སྡོམ་ཚིག་དྲན་པའི་མེ་ལོང་།

གླེང་བརྗོད།

 

ལུས་ཅན་མཐའ་དག་གཏན་བདེ་གོ་འཕང་ལ།།

འགོད་པའི་ཐུགས་བརྩེ་གཡོ་མེད་དཔལ་ཤར་བ།།

འདི་ཕྱི་བསླུ་མེད་གཏན་གྱི་སྐྱབས་གཅིག་པུ།།

ཁམས་གསུམ་འཁོར་སྒྱུར་བསྟན་འཛིན་རྒྱ་མཚོར་འདུད།།

མི་ཟད་བརྩེ་མེད་དཔུང་གིས་རབ་ཁྲོ་སྟེ།།

བསམ་ངན་གཡོ་འཕྲུལ་ངན་གོམས་རྒྱུན་ཆགས་པའི།།

ཉེས་མེད་བཙན་གནོན་བཙན་ཤེད་ཐུབ་ཚོད་ལས།།

བྱུང་རབས་རགས་རིམ་སྡོམ་ལ་གནང་བ་སྩོལ།།

ཇོ་མོ་གླང་མའི་ཁོར་ཡུག་ཏུ་གནས་པའི་དིང་རི་ཤེལ་དཀར་ལྗོངས་སུ་རྒྱ་གཞུང་ནས་གཏུམ་དྲག་བཙན་གྱིས་ཁ་ལོ་བསྒྱུར་རྗེས་སུ་འཇིགས་སུ་རུང་བའི་བྱ་སྤྱོད་དྲི་ངན་དྲོ་བའི་ལས་ངན་སྔ་ཕྱི་ས་སྟེང་དུ་མངོན་སུམ་བྱུང་བའི་རྗེས་ཤུལ། རང་ཉིད་ཀྱིས་རྒྱ་གཞུང་གི་སྡུག་རྩུབ་དངོས་སུ་མྱངས་པ་དང་། མིག་གིས་མཐོང་བའི་སྐྱེས་བུ་འགའི་དཔང་ཡིག་ལོ་རྒྱུས་ཁག་གི་འབྲེལ་ཡོད་ལོ་རྒྱུས་དུམ་བུའི་ཆ་ཤས་རྣམས་གཅིག་ཏུ་གང་བསྡུས་བྱེད་ཁུལ་བྱས་པའི་བརྒྱུད་རིམ་འདིའི་བྱུང་རྐྱེན་ནི། དིང་རི་རྫོང་རྒྱལ་ནོར་ཕུ་སྟེང་འགྲོའི་སྔགས་གྲྭ་རྣམས་ལ། 2019 དང་། 2020 ནང་དོན་མེད་བཙན་ཤུགས་ཀྱིས་བསྙོན་འཛུགས་དང་། མ་ཉེས་ཁག་གཡོགས་ཀྱི་བྱ་སྤྱོད་སྤེལ་ནས་རང་སྲོག་ཤོར་བ་དང་། ལོ་གྲངས་ཉི་ཤུ་སོགས་སུ་བཙོན་བཅུག་གི་ཡ་ང་བའི་སྡུག་རྩུབ་སོགས་ད་ལྟའི་དུས་སྐབས་སུ་ཡང་རྒྱ་གཞུང་གིས་སྲིད་འཇུས་ངན་པ་ལག་བསྟར་མངོན་སུམ་དུ་འཛེམ་བག་མེད་པར་སྤྱོད་སྐབས་འདིར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ལྷན་ཚོགས་འབྲེལ་ཡོད་མི་སྣས་དཔྱད་གཞི་གནང་སྐབས་དིང་རི་ཁུལ་དུ་ལོ་རབས་དྲུག་ཅུའི་ནང་དང་། དེ་རྗེས་སུ་གནས་ཚུལ་ག་རེ་ག་རེ་བྱུང་བའི་རྒྱབ་སྦྱོང་གི་ལོ་རྒྱུས་དྲིས་པ་ལས་འཕྲོས་ནས་འབྲེལ་ཡོད་ལོ་རྒྱུས་དེབ་ཐེར་རྣམས་ལ་བལྟས་རྗེས་སུ་འདིར་གང་བསྡུས་ཤིག་སྡོམ་པ་ནི་དེབ་ཆུང་འདིའི་བྱུང་རྐྱེན་ཡིན།  ཁུངས་འདྲེན་བདེན་དཔང་ཡིག་ཆ་ནི། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་།(14) པ་དང་། ཇོ་མོ་གླང་མའི་བུ་ཕྲུག་ཅེས་དིང་རི་བ་ངག་དབང་གིས་བྲིས་པའི་ལོ་རྒྱུས་དང་། ཤེལ་དཀར་ལྷ་རྗེ་ངག་དབང་ཆོས་འཕེལ་གྱིས་བཙོན་དུ་མྱངས་པའི་ལོ་རྒྱུས་དང་འབྲེལ་བའི་ལ་སྟོད་ཤེལ་དཀར་ཆོས་སྡེ་དཔལ་གྱི་སྡེ་ཆེན་པོ་དགའ་ལྡན་ལེགས་བཤད་གླིང་གི་ལོ་རྒྱུས་དྲན་པའི་གདུང་དབྱངས་ཞེས་བྱ་བ། ལ་སྟོད་ཕ་དྲུག་ཉི་མ་རྒྱལ་པོས་བྲིས་བཏབ་སྤེལ་བ་ཀུན་ཁྱབ་ཉི་མའི་འོད་ཟེར་བོད་ལྗོངས་མང་གཙོ་གཙང་མའི་མེ་ལོང་། དབུས་གཙང་སྤྱི་ཟུར་དིང་སྒང་དྭངས་ཤར་ཡོན་ཏན་རྒྱ་མཚོས་བྲིས་པའི་ལ་སྟོད་ཤེལ་དིང་ཁུལ་གྱི་བྱུང་རིམ་དེབ་ཕྲེང་དང་པོ་བཅས་ཡིན། ཕ་དྲུག་ཉི་མ་རྒྱལ་པོས་བྲིས་པའི་དེབ་གཉིས་པ་དེ་རག་པའི་ཐབས་ཤེས་གང་ཡོད་བྱས་ཀྱང་ནད་ཡམས་ཀྱི་རྐྱེན་པས་ལག་ཏུ་རག་མ་སོང་།

1970 རྗེས་ནས་ད་ལྟ་2021 བར་བོད་བཞུགས་དིང་རི་བ་རྣམས་ཀྱིས་དངོས་སུ་མཐོང་བ་ཤེལ་དཀར་གྲྭ་བློ་བཟང་ཐོགས་མེད་དང་། མཁྱེན་རབ་མཐར་ཕྱིན་གཉིས་བཙོན་གྲོལ་ཐོབ་ཀྱང་ནད་གཅོང་ངང་ཡུན་རིང་བཞུགས་མ་ཐུབ་པར་ཚེ་ལས་འདས་པའི་བྱུང་རྐྱེན་ཡང་། ཁོང་གཉིས་ཀྱི་སྐུ་ཕུང་གི་སྟེང་ནས་རྒྱ་གཞུང་གིས་ཉེས་རྡུང་བཏང་བའི་རྐྱེན་གྱིས་ཡིན་པ་ར་འཕྲོད་མངོན་སུམ་དུ་བྱུང་ཡོད་པ་ཚང་མས་མཁྱེན་མཁྱེན་པ་རེད། 2008 ལོར་བཙོན་བཅུག་བྱས་པའི་ཤེལ་དཀར་གྲྭ་པ་གཉིས་ད་ལྟའང་བཙོན་ཁང་དུ་ཡོད་པ་མ་ཟད། 2018 ལོར་དིང་རི་ཁུལ་གྱི་བཙུན་མ་བདུན་ཅུ་རྒྱ་གཞུང་ནས་མི་ཚེའི་འགྲོ་བཏང་ཤོར་བཅུག་ནས་ད་ལྟ་མཐོང་བཞིན་པ་རྣམས་རེད། རྒྱ་ནོར་སྟེང་འགྲོའི་སྔགས་གྲྭ་ཚེ་འདས་པ་དང་། བཙོན་ཁང་དུ་ཡོད་པ་རྣམས་དངོས་ཡོད་མིག་མཐོང་ལག་ཟིན་ཡིན་པས། དེ་ཚོ་ནི་ད་ལྟའང་མངོན་སུམ་དུ་མཐོང་བཞིན་པ་ཡིན་སྟབས་དངོས་ཡོད་ལོ་རྒྱུས་བཀོད་པ་ཡིན། མདོར་བསྡུས་ན་གནད་དོན་ཚང་མ་དོན་དངོས་བྱུང་བའི་ལོ་རྒྱུས་སྡོམ་ཚིག་ལས། རྒྱ་ནག་གཞུང་ལ་དངོས་ཡོད་མ་ཡིན་པའི་སྒྲོ་གཏགས་གཟུགས་མེད་གྲིབ་བཟོའི་སྐྱོན་འདོགས་རིགས་རྩ་བ་ནས་བྱས་མེད། ཡང་དིང་རི་ཤེལ་དཀར་ལྗོངས་སུ་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་ཤུགས་དབང་སྒྱར་སྐབས་ནས་ད་ལྟ་བར་ཆབ་སྲིད་ཀྱི་བསྙོན་བཙུགས་སྡུག་སྦྱོང་བྱུང་བ་ཆ་ཚང་འདིའི་ནང་བཀོད་ཡོད་དམ་ཞེ་ན། དིང་རིའི་མངའ་ཁོངས་སམ་དིང་རི་རྫོང་ཡོངས་རྫོགས་ཀྱི་གནས་ཚུལ་ཆ་ཚང་རག་ཐབས་མེད་རྐྱེན་འདིར་རགས་རིམ་ཙམ་ཞིག་ལས་ཆ་ཚང་མེད།

 

 

 

དཀར་ཆག

གླེང་བརྗོད།

 1 སྔ་མའི་བྱུང་རབས་ཅུང་ཟད་གླེང་བ།་་་་་་་་་་་་་་་་་་་་་་་་་་་་་༧

2 ༸རྒྱལ་དབང་ལྔ་པའི་དབང་ལུང་སྒྱུར་རྗེས་ཀྱི་སྐོར།་་་་་་་་་་༩

3 དིང་རི་བརྒྱ་སྦྱོང་དམག་སྒར་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་༡༠

4 དིང་རི་ཤེལ་དཀར་ཡུལ་སྡེའི་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་༡༡

5 བཙན་དབང་དོན་ཚན་བཅུ་བདུན་སྐོར།་་་་་་་་་་་་་་་་་་་་་་་་་་་་༡༢

6 ཤེལ་དཀར་མངའ་ཞབས་འཐུས་མའི་སྐོར།་་་་་་་་་་་་་་་་་་་་་་༡༤

7 མེ་མདའ་བཙན་ཕྲོག་དང་རྒྱ་དཔོན་བསད་པའི་སྐོར།་་་་་་་་་༡༤

8 ཧ་ཅང་ཡིད་སྐྱོ་བའི་གདུག་རྩུབ་འོག་གི་འདས་གྲོངས་སྐོར།་་༡༧

9 གནའ་འབྱེད་ལའི་ཁྲག་ལམ་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༡

10 རྒྱལ་ནོར་ཕུ་ཕན་ཐོགས་ནོར་རྒྱས་ཀྱི་སྐོར། ་་་་་་་་་་་་་་་་་་་་་་༢༢

11 ཕ་དྲུག་ཉི་མ་རྒྱལ་པོའི་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༢༧

12 ཕ་དྲུག་གི་དོན་རྐྱེན་སྐོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༣༡

13 དམར་བསད་བཏང་བ་དང་རང་སྲོག་ཤོར་བ།་་་་་་་་་་་་་་་་་་་་༣༦

14 ཟུར་མཚོ་སྨན་ཕུར་གྱི་དོན་རྐྱེན་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་༣༧

15 གངས་བུ་ལེའི་དོན་རྐྱེན་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༤༠

16 མའོ་ཤི་རྗེས་ཀྱི་མྱ་ངན་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༤༣

17 དགོན་པ་བརྒྱ་ཕྲག་མེད་པར་བཟོས་པའི་སྐོར།་་་་་་་་་་་་་་་་་༤༤

18 དུས་ངན་སྐབས་སྐུ་གསུང་ཐུགས་རྟེན་གསང་སྦས་སྐོར།་་་་་༤༥

19 རྒྱལ་ནོར་རས་པའི་ནོར་བུའི་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༤༧

20 ཤེལ་དཀར་དགོན་པའི་གྲྭ་པ་ནས་ངོ་རྒོལ་སྔ་ཕྱིའི་སྐོར།་་་་་་་༤༨

21 ངམ་པ་གྲོང་མི་བཙོན་བཅུག་སྐོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༡

22 རྩ་སྐོར་ཚོང་པ་སྤེན་པ་བཙོན་བཅུག་སྐོར།་་་་་་་་་་་་་་་་་་་་་་་་་་༥༡

23 ཆབ་སྲིད་ནག་ཉེས་ཁག་གཡོགས་ཀྱི་བཙོན་བཅུག་སྐོར།་་་་་༥༢

24 བཙུན་མའི་འགྲོ་སྟངས་མེད་པར་བཟོས་པའི་སྐོར།་་་་་་་་་་་་་་༥༣

25 ཕྱི་སྡོད་དིང་རི་བ་རྣམས་ལ་ཞིབ་བཤེར་སྐོར།་་་་་་་་་་་་་་་་་་་་༥༣

26 དིང་རི་རྒྱལ་ནོར་སྔགས་གྲྭ་བར་བཙན་གནན་སྐོར།་་་་་་་་་་་༥༤

27 ཁྲིམས་བཅད་ནག་ཉེས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༨

28 མཇུག་བསྔོ་སྨོན། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥༩

 

 

༼༡༽ སྔར་མའི་བྱུང་རབས་ཅུང་ཟད་གླེང་བ།

 

བོད་དབུས་གཙང་དམ་པ་ཆོས་ཀྱི་ཞིང་སའི་ནུབ་བརྒྱུད་ཇོ་མོ་གླང་མའི་རི་འདབས་སུ་ཆགས་པའི་ལ་སྟོད་དིང་རི་ཤེལ་དཀར་ལྗོངས་འདི་ཐོག་མར་ཆགས་པ་ནས་བཟུང་སྟེ་སྔ་མོའི་ལོ་རྒྱུས་ཀྱི་དོན་བསྡུ་ཅུང་ཟད་ཅིག་གོ་བདེའི་ཚུལ་དུ་གླེང་བ་ལ། སྔོན་དུས་སུ་ལ་སྟོད་ལྷོའི་ལྗོངས་འདིར་མི་ཁྱིམ་མེད་པར་རི་བོའི་རྩེ་རྣམས་གངས་རི་དང་།  རི་རྐེད་རྣམས་ནགས་དང་སྤང་འདྲེས་པ། རི་འོག་གི་ས་གཞི་ཐམས་ཅད་རྒྱ་མཚོར་འཁྱིལ་བ་ཞིག་ཡིན། རིམ་བཞིན་རྒྱ་མཚོ་མཐིལ་བརྡོལ་ནས་ལྷོ་རྒྱ་མཚོར་སོང་། དེ་སྐབས་སུ་མིའི་རིགས་ཆེར་མེད་ཅིང་། ཤིང་ནགས་དང་རྩྭ་ཆུ་འཛོམས་པའི་ཁར་རི་དྭགས་ཅན་གཟན་མང་པོ་འགྱུ་བའི་གླིང་ཕྲན་ལྟ་བུ་ཞིག་ཡོད་པར་གསུངས།

དེ་ནས་བོད་སྐྱོངས་ཆོས་རྒྱལ་བར་མའི་སྐབས་སུ་མི་རྒྱུད་ཆགས་ཤིང་ཡུལ་དགའ་ཞིག་བྱུང་བ་ནི། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས་སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་སུ་གདན་དྲངས་པའི་ལམ་བར་ལ་སྟོད་ལྷོ་རུ་མཛད་དུས་དིང་རི་ར་ས་དམར་པོ་ན་སྦྲ་ཁྱིམ་ཁ་ཤས་དང་། ལྷ་བཙུན་དར་མ་ཡེ་ཤེས་ཀྱི་ས་ཁང་ཞིག གཞན་ཆུ་དྲུག་དང་། བོང་ཤོད། ཕ་དྲུག  གྲམ་མཚོ་བཅས་སུ་གྲོང་ཁ་ཤས་ལས་ཡུལ་གཞན་རྒྱ་ཆེར་མ་ཆགས་པར་བཤད་ཅིང་། དེ་རྗེས་ཕ་དྲུག་དང་དིང་རིར་གྲོང་ཁྱེར་མང་རབ་ཆགས་པ་འདྲ་བས་ཆོས་རྒྱལ་ཁྲི་སྲོང་གི་དམག་དེབ་ན་ཕ་དིང་གཉིས་ཡོད་པར་གསུངས། དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་བའི་དུས་སྐབས་མངའ་རིས་སྟོད་དུ་གཤེགས་པའི་བཙན་པོའི་གདུང་རྒྱུད་ཁྲི་སྐྱིད་ལྡེ་ཉི་མ་མགོན་གྱི་གདུང་ལས་མཆེད་པའི་རྒྱལ་རྒྱུད་ཀྱིས་དིང་རི་མངའ་ཁུལ་དུ་དབང་ལུང་བསྒྱུར་བར་མངོན་སྟེ། བཙན་པོ་ཁྲི་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ཆུང་བ་ལྡེ་གཙུག་མགོན་གྱི་རྒྱུད་ནི། ཁུམ་བུ་བ། དིང་རི་བ། མོན་ཡུལ་ན་ཅི་རིགས་པ་ཡོད་དོ་ཟེར་བ་རྣམས་ལས་དཔོག་ཤེས།

དེ་རྗེས་ལ་སྟོད་ལྷོའི་ལྗོངས་འདིར་ཡུལ་ལུང་རྣམས་རིམ་གྱིས་འཕེལ་ཅིང་དཔོན་ཡང་། ཕ་དྲུག་ཏུ་དཔོན་ཆུང་བུལ་སྟོད་དཔོན་ཟེར་བ་དང་། ཟུར་མཚོ་ནས་ལུམ་དུ་རྒྱུས་དཀར་བ་ཀུན་དགའ་གཞོན་ནུ་ཞེས་པ་དང་། ཆུ་དྲུག་ཏུ་དཔོན་ཀུན་དགའ་རིན་ཆེན་ཞེས་པ་དང་། གྲམ་མཚོར་སྡེ་པ་རྫོང་པ་སོགས་སྒོས་དཔོན་ཁ་ཤས་ཡོད་ཀྱང་། དེ་དག་རྣམས་ཀྱི་སྤྱི་དཔོན་བསྔགས་པ་དིང་རི་སྒང་དཀར་ཁྲི་ཚང་ཞེས་པའི་རྫོང་གཞིས་སུ་དཔོན་ཆེན་ཤཀྱ་བཟང་པོའི་༼རྒྱལ་བ་་རྒོད་ཚང་པ་ཡབ་སྲས་དང་དུས་མཉམ་ཡིན་པ་རྣམ་ཐར་ནང་གསལ།༽དཔོན་རྒྱུད་དཔོན་ཆེན་རིན་ཆེན་དཔལ་ཞེས་པ་ནས་བཟུང་མི་རབས་ཁ་ཤས་ཀྱི་ལྷོ་རྒྱུད་ཀྱི་ཁྲི་དཔོན་མཛད། ལ་སྟོད་ཚོ་བཞི་ཞེས་པ་ཡང་། སྟོད་ན་འགུ་ཚོ། སྨད་ན་ཙོ་ཚོ། ཡང་སྟོད་ན་སྤུ་ཚོ། སྨད་ན་འདར་ཚོ་ཞེས་ཚོ་བཞི་ཡོད་པའི་རྒན་པ་རེ་མོས་བྱ།

སྒང་དཀར་ཁྲི་ཚང་དཔོན་ཆེན་ཕྱུག་པོ་ཁྲི་དཔལ་ཞེས་པ་བྱུང་། དེ་ཉིད་ལ་སྲས་མ་བྱུང་བར་བརྟེན་ཕྱུག་པོ་ཁྲི་དཔལ་གྱི་སྐུ་གཉེན་ཤེས་ཕྲུག་བུ་ཚབ་མཛད་ནས་སྒང་དཀར་ཁྲི་དཔོན་མཛད། ས་སྐྱ་བས་བོད་ལ་དབང་བསྒྱུར་སྐབས་དིང་རི་སྒང་དཀར་ཁྲི་ཚང་དེ་ལ་སྟོད་ལྷོའི་ཁྲི་དཔོན་དུ་འགྱུར་བར་མངོན། ཁྲི་དཔོན་དོན་ཡོད་དཔལ་བཟང་༼དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་དང་དུས་མཉམ༽པོས་ལྷོ་བརྒྱུད་ཁྲི་སྐོར་སྐྱོང་དུས་རྒྱལ་ནོར་ལུང་པའི་སྤོ་རིན་ཆེན་སྒང་དུ་སྒང་དཀར་ཁྲི་ཚང་གནས་སྤོ་མཛད། དེ་རྗེས་ཁྲི་དཔོན་དོན་ཡོད་དཔལ་བཟང་གི་སྲས་ལྷོ་བདག་སི་ཏུ་ཆོས་རིན་བྱང་དམག་གི་དགྲ་ལག་ཏུ་ཤོར་ཞིང་། མཁར་རྟ་དམ་པ་འཕྲང་ལ་ཆུ་བསྐྱུར་གཏོང་རྒྱུ་ཡིན་འདུག་ཀྱང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་དང་། དིང་རི་ཕོ་ལྷ་སྒང་དམར་བས་བསྐྱབས་པར་མཛད། སྐབས་ཤིག་ཕ་དྲུག་བཀྲ་འཛོམས་སུ་ཡང་བཞུགས་ཤིང་། དེ་ནས་རིམ་བཞིན་རྒྱལ་མོ་རིའི་རྩེར་ཕོ་བྲང་གསར་བཞེངས་མཛད་ཅིང་ཕྱོགས་གང་ནས་བལྟས་ཀྱང་ཤེལ་དཀར་གྱི་དཀར་ཡོལ་ཁ་ཕུབ་ཏུ་བཞག་པ་འདྲ་བ་ཞིག་བྱུང་བས་ཤེལ་དཀར་ཞེས་གྲགས་ཤིང་གནས་གཞི་རྫོང་ཆོས་ཀུན་ལ་དེ་ལྟར་ཐོགས་སོ།།

ཡང་སྤྱི་དཔོན་དུ་བསྔགས་པ་དིང་རི་སྒང་དཀར་ཁྲི་ཚང་ཞེས་པའི་གཞིས་སུ་དཔོན་ཆེན་རིན་ཆེན་དཔལ་ཞེས་པ་ནས་བཟུང་མི་རབས་ཁ་ཤས་ཀྱིས་ལྷོ་རྒྱུད་ཀྱི་ཁྲི་དཔོན་མཛད་པའི་མཐར་དཔོན་ཆེན་ཕྱུག་པོ་ཁྲི་དཔལ་ཞེས་པ་བྱུང་སྟེ་མི་རབས་ཁ་ཤས་ཀྱིས་ཁྲི་དཔོན་མཛད་ཀྱང་ཚང་མའི་མཚན་ཁ་གསལ་མེད་ཅིང་གསལ་བ་རྣམས་ལས། ལ་སྟོད་ལྷོ་ཡི་ཁྲི་དཔོན་དང་པོ་ནི་རིན་ཆེན་དཔལ་དང་། གཉིས་པ་ཕྱུག་པོ་ཁྲི་དཔལ། གསུམ་པ་མ་སངས་ཤྭཀྱ་འབུམ། བཞི་པ་གཞོན་ནུ་དབང་ཕྱུག ལྔ་པ་འོད་ཟེར་སེངྒེ དྲུག་པ་དོན་ཡོད་དཔལ་བཟང་། བདུན་པ་ཀུན་དགའ་ཆོས་སྐྱོང་། བརྒྱད་པ་དཀོན་མཆོག་བཟང་པོ། དགུ་པ་ཆོས་ཀྱི་རིན་ཆེན། ༼ལོ་ཆེན་བྱང་ཆུབ་རྩེ་མོ་དང་། ལོ་ཆེན་གྲགས་པ་དང་དུས་མཉམ༽ བཅུ་པ་ལྷ་བཙན་སྐྱབས་མ། ༼བོ་དོང་ཕྱོགས་ལས་རྣམས་རྒྱལ་དང་དུས་མཉམ༽ བཅུ་གཅིག་པ་ནམ་མཁའ་ཚེ་དབང་བཀྲ་ཤིས།  བཅུ་གཉིས་པ་སྒྲོལ་མ་བསོད་ནམས་དཔལ་བཟང་པོ། བཅུ་གསུམ་པ་ཀུན་དགའ་རྣམ་རྒྱལ། བཅུ་བཞི་པ་སུ་ཏི་འཇམ་དབྱངས། ཡང་ལུང་གིས་བསྐོས་པ་གཞོན་ནུ་དབང་ཕྱུག་ནས་དང་པོ་བྱས་ནས་བཅུ་གཅིག་ཡོད་དོ།།

 

༼༢༽ ༧རྒྱལ་དབང་ལྔ་པ་ཆེན་པོས་དབང་ལུང་བསྒྱུར་རྗེས་ཀྱི་སྐོར།

 

༧རྒྱལ་དབང་སྐུ་ཕྲེང་ལྔ་པས་བོད་ལ་དབང་ལུང་བསྒྱུར་བ་ནས་ཤེལ་དཀར་རྫོང་ནི་རིམ་ལྔའི་རྫོང་ཆེ་གྲས་རྫོང་སྡོད་སེར་སྐྱ་ཟུང་གིས་སྐྱོང་བའི་རྫོང་ཞིག་ཡིན། 1954 ལོར་ལ་སྟོད་སྤྱི་ཁྱབ་བཟོས་ནས་གནས་རིམ་སྤར། རྫོང་དཔོན་རྩེ་ཤོད་སྐྱ་སེར་སྦྲེལ་པོ་གཉིས་ལས་དུས་ཡུན་ལོ་གསུམ་རེར་བསྐོ་གཞག་གནང་ཞིང་ཁྲལ་བསྡུ་ཁྲིམས་གནོན་གྱི་འཛིན་སྐྱོང་གནང་སྲོལ་ཡོད། ཤེལ་དཀར་མངའ་ཞབས་ཞེས་པ་ཡང་ཤེལ་དཀར་རྫོང་གིས་མངའ་ཁོངས་ས་ཁུལ་ཡོངས་རྫོགས་ལ་གོ་ཞིང་མངའ་ཞབས་ཞེས་པའི་མིང་ཡང་དགའ་ལྡན་ཕོ་བྲང་བས་བོད་ལ་དབང་ལུང་བསྒྱུར་བ་ནས་བྱུང་བར་མངོན། ཤེལ་དཀར་རྫོང་དཔོན་སྐྱ་སེར་གཉིས་ཀྱིས་གཙོ་འགན་བཞེས་པའི་མངའ་འོག་ཏུ་གཙོ་དྲག་ཤེལ་དཀར་ཚོ་དཔོན། སྤོང་རོང་ཚོ་དཔོན། མཚོ་འགོ་ཚོ་དཔོན་གསུམ་དང་གཞན་ཚོ་དཔོན་ཁག་བཅས་ནས་རྫོང་གི་ལོ་འཁོར་རྩིས་བཤེར་དང་། གཞུང་གི་ལས་དོན་ཆེ་ཕྲ་ཆུང་གསུམ་མཐའ་དག་ལ་ཁུར་མཉམ་ལེན་ཞུ་སྲོལ་ཡོད།

 

༼༣༽ དིང་རི་བརྒྱ་སྦྱོང་དམག་མིའི་སྐོར།

 

༧རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐབས་རྒྱལ་མཚམས་བརྟན་སྲུང་ཆེད་བོད་རང་ཁུལ་ནས་དམག་དཔུང་རྩ་འཛུགས་བྱེད་དགོས་པའི་དགོངས་དོན་ལྟར། 1790 དིང་རི་བརྒྱ་སྦྱོང་དམག་མི་ལྔ་བརྒྱའི་དམག་དཔུང་གསར་འཛུགས་མཛད་ཅིང་། དམག་ཁྲལ་ཤེལ་དཀར་མངའ་ཞབས་ས་ཁུལ་ནས་བསྡུ་དགོས། དིང་རི་བརྒྱ་སྦྱོང་གི་དམག་མི་རྙིང་པ་ངག་དབང་གི་ལོ་རྒྱུས་<< ཇོ་མོ་གླང་མའི་བུ་ཕྲུག་>> ཅེས་པའི་དེབ་ནང་དྲག་པོ་ནི། དམག་ཁྲལ་ཡིན། དེ་ཡང་བརྒྱ་སྦྱོང་དམག་སྟེ། དིང་རི་དམག་སྒར་ལ་དམག་མི་གཏོང་དགོས། དེ་ལ་རིགས་གཉིས་ནས་གཅིག་ནི་དམག་རྐང་ཞེས་ས་ཞིང་ཡོད་པ་ལ་འཁྲི་རྒྱུ། གཞན་ཞིག་ནི་སྒེར་ཆོས་སོ་སོའི་ཁྱབ་ཁོངས་ནས་གཏོང་དགོས། དེ་མིན་ལྡིང་དཔོན་ཞེས་ཐོབ་ཐང་ཡོད་པའི་མི་ཚང་ཡང་ཡོད། ཕ་དྲུག་ལྡིང་དཔོན་ཚ་བ། ལོ་ལོ་ལྡིང་དཔོན་ཅ་ཕུག་པ། གཞན་ཡང་ཞལ་ངོ་མེ་མོ་ཟེར་བ་སོགས་ཡོད། འདི་ཚོ་ནི་དམིགས་བསལ་ཐོབ་ཐང་ཡོད་པའི་དམག་མི་རེད།  དེ་མིན་བཞི་སྣ། བརྒྱད་སྣ་ཟེར་བ་སོགས་ཀྱི་དམག་ཁྲལ་ཡང་ཡོད། དེ་ཚོ་ནི་༸གོང་ས་མཆོག་གི་སྐུ་སྲུང་བ། གྲོང་ཁྱེར་གྱི་ཉེན་རྟོག་པ་སོགས་རེད་ཅེས་བསལ།  དབུས་གཙང་སྤྱི་ཟུར་དང་ཤར་ཡོན་ཏན་རྒྱ་མཚོས་<< ཤེལ་དིང་ཁུལ་གྱི་བྱུང་རིམ་>>ཞེས་པའི་ནང་། སྤོང་རོང་ཚོ་བརྒྱད་ལ་དམག་ཁྲལ་འབྲོག་དམག་བཅོ་བརྒྱད་འཁྲི་ཡི་ཡོད་པ་རེད་ཅེས་བསལ། ལྷ་རྗེ་ངག་དབང་ཆོས་འཕེལ་གྱིས་<< ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་དྲན་པའི་གདུང་དབྱངས།>> ཞེས་པའི་ནང་། ཤེལ་དཀར་མངའ་ཞབས་ཁོངས་ཚོ་དཔོན་གཅིག་འཛུགས་དགོས་ཤིང་། འདོན་རྐང་བརྒྱད་ཅུ་སྐོར་གྱི་ཕྱི་ཁྲལ་རིགས། རྒྱལ་སྦྱོང་དམག་མི་ཉི་ཤུ་རྩ་བདུན་ཙམ། དེ་འབྲེལ་བཞི་སྣ་བརྒྱད་སྣ་སོགས་ཞི་དྲག་ཞབས་འདེགས་ཤེལ་དཀར་མངའ་ཞབས་སྤྱི་མཚུངས་ཞུ་དགོས་ཞེས་བསལ།

 

༼༤༽ དིང་རི་ཤེལ་དཀར་ཡུལ་སྡེའི་སྐོར།

 

སྔ་དུས་སུ་དིང་རི་ས་ཁུལ་ཡུལ་སྡེ་ཁག་གི་མིང་དིང་རི་དཀར་བཅུ་གསུམ་ཞེས་པ་ཡང་རྒྱ་ཆེ་བ་ཤེལ་དཀར་རྫོང་མངའ་ཞབས་ནང་གི་གང་ཡོད་ལ་གོ་བ་ཞིག་དང་། ཆུང་བ་ལ་?གོ་བ་ཞིག་ཡོད་པར་སྣང་ཞིང་། ཡང་བོང་ཤོད་ལུང་དགུ་དང་། ཆུ་དྲུག་དང་། ཕ་དྲུག སྤོང་རོང་ཚོ་བརྒྱད་ཟེར་བ་དང་། ཡང་བུམ་ཆུའི་བྱང་བརྒྱུད་ཀྱི་ཡུལ་སྡེ་ལ་ཆུའི་བྱང་ཟེར་བ་དང་། དེ་བཞིན་ཆུ་ལྷོ་ཟེར་བ་སོགས་ཡོད། གནས་ཆེན་རྩིབས་རིའི་ཕྱོགས་བཞི་ལ་མཚོན་ན། ནུབ་བརྒྱུད་ཏ། རྩིབས་རི་བྱང་པ་ཟེར་བ་སོགས་སྣ་ཚོགས་ཡོད། སྤྱིར་ཡུལ་སྡེ་ཆེ་ཁག་གམ་ཡང་ན་ལུང་ཤུར་སྡེ་ཁག་ནི་དིང་རི་ཤེལ་དཀར་རྫོང་འོག་གི་ཡུལ་སྡེའི་རྣམ་གྲངས། ཉི་ཤར། གྲམ་མཚོ། མཚོ་འགོ སོས་སྔ་གཡས་གཡོན། ཆུ་ལྷོ་ཁུལ། ཁ་རྟ། ཕ་དྲུག ལོ་ལོ། ཤེལ་དཀར་གཡས་གཡོན། རྒྱ་མཚོ། རྒྱལ་ནོར། སེར་ཁང་སྦུ་སྟོད་སྨད། བོང་ཤོད་རྩ་སྐོར་གཡས་གཡོན། ནམ་འབྲོག། ཕན་སྤྱི། ཕྱག་པ། གད་དམར། དིང་སྒང་གཡས་གཡོན། རོང་ཤར། ཟུར་མཚོ། སྨན་ཕུར། སྤོང་རོང་བཅས་ནི། སྤྱི་ལོ་1959 ལོའི་གོང་ཤེལ་དཀར་མངའ་ཞབས་ཀྱི་ས་ཁུལ་ཡིན་འདུག

སྤྱིར་དིང་རི་ཞེས་པ་ཡང་མངའ་ཁུལ་དེ་ཡོངས་ལ་གོ་བ་ནི། ཤེལ་དཀར་ཆོས་བྱུང་དུ། ལུང་ཕྲན་དེ་དག་རྣམས་ཀྱི་སྤྱི་དཔོན་དུ་བསྔགས་པ་ནི་དིང་རི་སྒང་དཀར་ཁྲི་ཚང་། ཞེས་པ་དང་། མ་ཟད་ཡུལ་སྡེ་དེ་དག་ནི་དིང་རི་བརྒྱ་སྦྱོང་དམག་མིའི་དམག་ཁྲལ་སྡུ་ཡུལ་གྱི་ས་ཁུལ་ཞིག་ཀྱང་ཡིན། ཡུལ་ཕྱོགས་འདི་ནས་ཆོས་ཕྱོགས་ཀྱི་གྲགས་ཅན་མི་སྣ་བརྒྱ་ཕྲག་ལ་ཉེ་བ་བྱུང་ཚུལ་ལ་སྟོད་ལྷོར་འཁྲུངས་པའི་ལོ་པཎ་མཁས་གྲུབ་ཁག་གི་རྣམ་མཐར་ལོགས་སུ་ཡོད། ཆབ་སྲིད་གྲགས་ཅན་མི་སྣ་ཡང་མདོ་ཁམས་ཡངས་པའི་ས་ཆེན་པོ་ལ་སྤྱོད་པའི་མིའི་བདག་པོ་བཀའ་བློན་སྨན་སྟོད་པ་དང་། དམག་དོན་སྡེ་བ་མཚོ་འགོ་བ་སོགས་གཞུང་གི་སྲིད་ཞུ་བ་དང་།  དབུས་གཙང་སྤྱི་ཟུར་ཡོན་ཏན་རྒྱ་མཚོས་མཛད་པའི་<<ཤེལ་དིང་ཁུལ་གྱི་བྱུང་རིམ་>>  ནང་། སྒེར་པ་ནི། གྲམ་མཚོ་བཀྲས་སྡེ་དང་། མཚོ་འགོ་སྡེ་བ། ཕ་དྲུག་སྔོན་ལུང་། སྡེེ་བ་ལྷ་མདུན། སྡེ་བ་གླིང་པ།༼མིང་གཞན་ཤེལ་དཀར་གླིང་པ་ཟེར་བ་ཡིན་མིན་དཔྱད་གཞིར་བཀོད༽སྨན་སྟོད་པ་བཅས་དྲུག་ཡོད་པར་གསལ།

 

༼༥༽ བཙན་དབང་དོན་ཚན་བཅུ་བདུན་སྐོར།

 

སྤྱི་ལོ་1951 ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གྲོ་མོར་བཞུགས་ཡོད་དུས་སུ་༧གོང་ས་མཆོག་གི་རང་རྣམ་གསར་པ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་ཤོག་གྲངས་124 ནང་། ཧང་སང་དགོས་པར་ང་ཕོད་ལ་ངོས་ཀྱི་སྐུ་ཚབ་བྱས་ཏེ་རྒྱ་མིའི་མཉམ་དུ་འགྲིག་མོལ་བྱེད་རྒྱུའི་དབང་ཚད་སྤྲད་ཡོད་པ་ལས་ཆིངས་ཡིག་ལ་ས་རྟགས་འགོད་རྒྱུའི་དབང་ཚད་སྤྲད་མེད། ཁོང་ནས་དེ་འདྲ་མི་བྱེད་པའི་བརྟན་ཆའི་སླད་གཞུང་གི་དམ་ཕྲུག་རྣམས་གྲོ་མོར་ང་རང་མཉམ་དུ་ཉར་ཚགས་བྱས་ཡོད། དེས་ན། རྒྱ་དམར་ནས་ཁོང་ཐོག་བཙན་དབང་བཏང་ཡོད་པ་གསལ་པོ་རེད་གསུངས་པ་བཞིན།  རྒྱ་གཞུང་གིས་བཙན་དབང་བཏང་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མོས་མཐུན་དང་ངོས་ལེན་དུས་ནམ་ཡང་མེད་ཟེར་བའི་འབྱུང་ཁུངས་བཅས། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྲིད་ཚབ་རྣམ་གཉིས་ཟུར་བཞུགས་ཐོག་དབུས་ཀྱི་མིང་མང་འཐུས་ཚོགས་ནང་གི་གཙོ་དྲག་དང་། གཙང་གི་གཞིས་ཀ་རྩེ་སྤྱི་ཁྱབ་ཁུལ་གྱི་མིང་མང་འཐུས་མི།  གཞིས་རྩེ་སྤྱི་རྫོང་ཡན་ལག་ཁོངས། ལ་སྟོད་ཤེལ་དཀར་རྫོང་སྡོད་རྩེ་དྲུང་ལས་ཚན་བློ་གྲོས་ཆོས་འཛིན་མཆོག་དང་། གཞིས་རྩེ་རྫོང་རྩེ་མགྲོན་ཐུབ་བསྟན་ཉི་མ་ལགས། རྫོང་ནུབ་ལས་ཚན་འཆི་མེད་རྒྱལ་པོ། གཙང་སྟོད་རུ་ལག་དིང་རི་ཤེལ་དཀར་མི་མང་འཐུས་མི་ཤེལ་དཀར་ཕ་དྲུག་བློ་བཟང་རྡོ་རྗེ་བཅས་རྒྱལ་གཅེས་ལྷག་བསམ་ཅན་ཚོས་སྣེ་ཁྲིད་པའི་བོད་ཀྱི་མ་འོངས་རྩ་འབྲེལ་འཕྲལ་ཕུགས་བདེན་དོན་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་རང་དབང་རྩོད་ལེན་གྱི་རྒྱབ་སྣོན་བྱས་པའི་མི་མང་གིས་ཕུལ་བའི་ཚིག་ཐོའི་གླེངས་ཡོད། དེ་རྗེས་སྤྱི་ལོ་1955 ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ནས་ཕེབས་བསུར་བཅར་མི་གཙང་སྟོད་མི་མང་གི་སྐུ་ཚབ་ཤེལ་དཀར་ཆོས་སྡེའི་ཕྱག་མཛོད་བློ་བཟང་རྡོ་རྗེ་ལགས་དང་། གཞིས་རྩེ་སྤེ་ཟུར་ཇོ་ལགས་རྡོ་རྗེ་ནོར་བུ་ལགས་གཉིས་དར་རྩེ་མདོ་བར་ཕེབས་པ་རེད། དེ་ནི་བོད་མི་མང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་སུ་མི་མང་གི་སྐུ་ཚབ་དང་པོ་དེ་རེད། སྐབས་དེར་གཙང་སྟོད་མི་མང་ནས་༧གོང་ས་མཆོག་རྒྱ་ནག་ནས་བོད་ལྗོངས་སུ་མྱུར་བྱོན་གསོལ་འདེབས་ཞིག་གསར་རྩོམ་གྱི་འགྲེམས་སྤེལ་གནང་བ་དང་། སྤེ་ཟུར་ཇོ་ལགས་རྡོ་རྗེ་ནོར་བུ། ལྷ་ཕྱུག་པ། ཤེལ་དཀར་ཕྱག་མཛོད་བློ་བཟང་རྡོ་རྗེ་བཅས་གཙང་སྟོད་ནང་རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་མི་སྐད་གྲགས་ཡོད་པའི་གྲས་ཤིག་རེད། མ་ཟད། ཤེལ་དཀར་བློ་བཟང་རྡོ་རྗེ་སྐྱབས་བཅོལ་དུ་སླེབས་རྗེས། སྤྱི་ལོ་1960 ནང་༸གོང་ས་མཆོག་ལ་ཚད་མེད་ཡོན་ཏན་རྩོམ་སྐུལ་ཞུ་མཁན་གྱི་གྲས་སུ་ཡང་ཡོད་འདུག

 

༼༦༽ ཤེལ་དཀར་མངའ་ཞབས་འཐུས་མའི་སྐོར།

 

སྤྱི་ལོ་1950 རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་རྒྱ་དམར་ལ་ངོ་རྒོལ་གནང་སྐབས་ལ་སྟོད་དིང་རི་ཤེལ་དཀར་མངའ་ཞབས་མི་མང་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས། སྤྱི་ལོ་1956 ལོར་སྤྱི་འཐུས་བདུན་ཅུ་དོན་ལྔ་བཙུགས་ཤིང་། འཐུས་མི་ཚོའི་བསམ་འཆར་ཆོས་ལྡན་རྒྱལ་པོའི་ཞིང་དུ་མཐའ་མིའི་ལས་ཁུངས་འཛུགས་མ་དགོས་པ་དང་། ཕ་བུ་ཡ་བྲལ་གྱི་ཕྲུག་གུ་རྣམས་ས་མཐར་སློབ་གྲར་གཏོང་མ་དགོས་པ་བཅས་འཐུས་མི་བདུན་ཅུ་དོན་ལྔས་མིང་རྟགས་བཅས་སྙན་ཞུ་འབུལ་ལམ་ཞུས་པ་དེའི་ངོ་བཤུས་ལྷ་སར་བཅའ་སྡོད་རྒྱ་དམར་དམག་དཔོན༼ཀྲང་ཏེའི་པིའོ༽དང་། ཆུ་འབྲུག་མི་མང་འཐུས་མི་བཅས་ལ་འབུལ་ལམ་ཞུས་པ་རེད། དེ་རྗེས་སྤྱི་ལོ་1958 ལོར་དིང་རི་ཤེལ་དཀར་མངའ་ཞབས་གཙོ་དྲག་མཚོ་སྒོ་མདའ་དཔོན་དང་། སྤོང་རོང་པའི་གཙོ་དྲག་ཟུར་མཚོ་ཁང་གསར་དཀར་པོའི་བྱང་ཆུབ། ཤེལ་དཀར་ཆོས་སྡེའི་གཙོ་དྲག་ཤེལ་གྲྭ་ཕ་དྲུག་སྨན་པ་ངག་དབང་ཆོས་འཕེལ་གསུམ་གྱིས་འགོ་འཁྲིད་འོག་མངའ་ཁུལ་ལྷ་སྡེ་མི་སྡེའི་འཐུས་མི་བརྒྱ་ཕྲག་ལྷག་ཙམ་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཕྱོགས་ཕེབས་མི་མཛད་པའི་སྙན་ཞུ་ཕུལ་བར་མཛད།

 

༼༧༽ མེ་མདའ་བཙན་ཕྲོག་དང་རྒྱ་དཔོན་བསད་པའི་སྐོར།

 

སྤྱི་ལོ་1959 ཟླ་3 ཚེས་17 ཉིན་གྱི་དགོང་དྲོ་༸གོང་ས་མཆོག་སྐུ་ཕྱྭའི་ཉེན་ཡོལ་དུ་ཡུལ་གཞན་དུ་གསང་བྲོས་མ་གནང་མཐུ་མེད་བྱུང་རྗེས་སུ། ལྷ་ས་ནས་གཞིས་རྩེ་ས་ཁུལ་དུ་རྒྱ་དམག་ཧ་ཅང་མང་པོ་འབྱོར་འདུག གཞིས་རྩེ་སྤྱི་རྫོང་ཁྱབ་ཁོངས་དིང་རི་ཤེལ་དཀར་རྫོང་རྒྱ་ཕྱོགས་ནས་ཧ་ཅང་ནག་ཉེས་ཆེན་པོའི་རྫོང་ཞིག་ཏུ་ངོས་འཛིན་པ་ཡིན་འདུག  གང་ཡིན་ཞེ་ན། དིང་རི་བརྒྱ་སྦྱོང་དམག་སྒར་དང་ཤེལ་དཀར་ཆོས་སྡེ་དགོན་དུ་མེ་མདའ་ལྔ་བརྒྱ་བཞག་ཡོད་པར་རྟེན། གཞིས་རྩེ་ནས་རྒྱ་དམག་མང་པོ་མོ་ཌ་དང་བཅས་དིང་རིའི་ཕྱོགས་སུ་ཐོན་འདུག རྒྱ་ཡི་ས་ཞིབ་པས་སྔོན་ཚུད་ནས་གཞིས་རྩེ་ནས་དིང་རི་བར་མོ་ཌ་ཐར་ཐུབ་པ་ཁས་ལེན་བྱས་པ་རེད་ཟེར། གང་ལྟར་རྒྱ་མཚོ་ལ་བརྒྱབས་ནས་ཡོང་ཏེ་ལམ་བར་རྒྱ་མཚོ་འབྲོག་པ་རྣམས་ཀྱི་སྔར་མོ་ཌ་མཐོང་མྱོང་མེད་སྟབས་མི་ཚང་མ་ལྟ་རུ་སྐྱོད་འདུག་ཅིང་། ཐོག་མར་མོ་ཌ་མཐོང་སྐབས་སེམས་ཅན་མིག་ཆེན་པོ་ཞིག་འདུག་ཟེར་མཁན་ཡང་བྱུང་ཚོད་འདུག

ཤེལ་དཀར་དུ་རྒྱ་དམག་གི་མོ་ཌ་ཉིན་དགུང་རྒྱབ་ལ་སླེབས་འདུག དིང་རི་རྒྱ་སྦྱོང་དམག་མིའི་མེ་མདའ་ཤེལ་དཀར་དགོན་དུ་བཞག་ཡོད་ཅིང་། དིང་དམག་གི་བརྒྱ་དཔོན་རྟ་མགྲིན་ཚེ་རིང་ཤེལ་དཀར་རྫོང་ནས་ཁྱིམ་དུ་བཟའ་ཟླ་བུ་ཕྲུག་ཐུག་པར་ར་སམ་དུ་ཕེབས་ནས་བཞུགས་མེད་པ་རེད་ཟེར། རྒྱ་དམག་གི་དཔོན་པོ་དང་སྐད་སྒྱུར་བ་ཤེལ་དཀར་ཆོས་སྡེར་སླེབས་ཏེ་ལས་སྣེ་ལ་མེ་མདའ་ལྔ་བརྒྱ་བཙན་ཤེད་ཀྱིས་སྤྲོད་དགོས་པར་བཤད་ཅིང་། ཤེལ་དགོན་གྱི་ལས་སྣེ་རྣམས་གློ་བུར་ཐོག་བརྫིས་ཀྱི་རྐྱེན་ངན་དེར་འགན་བློས་མ་བཟོད་པར་ལམ་སེང་གྲྭ་མང་ལ་སྙན་སེང་ཞུས། དེ་ཉིན་གྲུ་བཞི་བ་དགེ་སློང་ངག་དབང་དཔལ་ལྡན་ལགས་ཀྱི་གཏོང་སྒོ་ཡིན་ཟེར་བས་གྲྭ་མང་རྣམས་ཚོགས་ཚུགས་ནས་ཡོད་འདུག གྲྭ་པ་ལོ་གཞོན་ཚང་མ་ངར་ནས་མེ་མདའ་ཁྱེར་ནས་རྒྱ་ལ་འཛིང་གི་ཡིན་ཟེར་ནས་འདུ་ཁང་ནང་ཧ་ཅང་ཟང་ཟིང་དུ་འགྱུར་འདུག གྲྭ་པ་རྒན་པ་དང་། ལས་སྣེ་བ་རྣམས་ནས་འདུ་ཁང་གི་སྒོ་བརྒྱབས་ནས་གཞོན་པ་རྣམས་ལ་ཞུ་བ་ཕུལ་ཅིང་། མཐར་རྒན་གྲས་རྣམས་ནས་དགོན་གྱི་སྲུང་མ་ཆོས་སྲུང་བཀྲ་ཤིས་འོད་འབར་ལ་གསོལ་མཆོད་དང་སྦྲེལ་མེ་མདའ་རྒྱ་དམག་ལ་སྤྲད་ན་བཟང་དང་ཡང་ན་མ་སྤྲད་ན་བཟང་སྐོར་བརྟག་པ་བཀའ་ལུང་ཞུས་འབྲས་སུ་མེ་མདའ་སྤྲད་ན་བཟང་བ་བབས་པས་མེ་མདའ་རྣམས་རྒྱ་དམག་ལ་སྤྲད། རྒྱ་དམག་གིས་མེ་མདའ་བླངས་རྗེས་སུ། རྒྱ་དམག་གཅིག་ནས་རྣ་ཅོག་ལ་གྱོན་རྒྱུ་ཞིག་ནས་སྐད་ཆ་བཤད་རྗེས་སུ་ཤེལ་དཀར་ཆོས་སྡེ་དགོན་གྱི་རི་སྐེད་རྫོང་བར་དང་། དགོན་པའི་ཤར་གྱི་རི་ནག་པ་ཟེར་བའི་རི་བོ་བཅས་ཕྱོགས་བཞི་ནས་རྒྱ་དམག་མང་པོ་རྐང་གསུམ་དང་མེ་མདའ་ཁྱེར་ནས་ཐོན་ཡོང་འདུག དེའི་དམིགས་ཡུལ་ནི་གལ་ཏེ་ཤེལ་དགོན་ནས་མེ་མདའ་རྒྱ་དམག་ལ་མ་སྤྲད་ན་ཕྱོགས་བཞི་ནས་དགོན་པར་མེ་སྒྱོགས་རྒྱག་རྒྱུ་ཡིན་འདུག དེ་སྐབས་སུ་དིང་རིའི་ཁུལ་ལ་༧གོང་ས་མཆོག་སྐྱབས་བཅོལ་ལ་ཕེབས་པའི་གནས་ཚུལ་དང་། ལྷ་ས་རྒྱ་འོག་དུ་ཤོར་བའི་གནས་ཚུལ་གང་ཡང་གོ་ཐོས་མེད་པར་ལུས་འདུག

དེ་ནས་རྒྱ་དམག་རྣམས་ཤེལ་དཀར་ནས་ཐོན་ནས་ར་སམ་ཕྱོགས་སུ་སྐྱོད་འདུག དིང་དམག་གི་བརྒྱ་དཔོན་རྟ་མགྲིན་ཚེ་རིང་དང་། བཞི་བཅུ་ལྷག་པ་ར་སམ་དུ་སྡོད་སྐབས་ཞོགས་པ་ནས་བརྒྱ་དཔོན་རྟ་མགྲིན་ཚེ་རིང་གི་བཞོན་རྟས་ཀེ་རེར་ལངས་པ་དང་། རྐང་ལག་ས་ལ་བགྲད་ཅིང་འཚེར་སྐད་ལྷ་ལྷང་འདོན་པ་སོགས་བྱས་པར་བཞི་བཅུ་ལྷག་པས་བརྒྱ་དཔོན་རྟ་མགྲིན་ཚེ་རིང་ལ་རྟ་ཕོས་འཚུབ་ཆ་ཆེ་བའི་ལུང་བསྟན་གྱི་འདུག་པས། ང་ཚོས་གྲ་སྒྲིག་ཅིག་བྱེད་དགོས་ཞེས་བཤད་ཀྱང་བརྒྱ་དཔོན་གྱིས་གང་ཡང་བྱེད་ཀྱི་མ་རེད་ཅེས་སྣང་མེད་བསྡད། མཚན་མོའི་ཚུ་ཚོད་དགུ་པར་ཕྱི་ལོགས་ནས་བརྒྱ་དཔོན་རྟ་མགྲིན་ཚེ་རིང་འབོད་པར་བརྒྱ་དཔོན་སྣང་མེད་ངང་ཕྱིར་ཐོན་སྐབས། ལམ་སེང་རྒྱ་དམག་གིས་ཕྱོགས་གང་ས་ནས་མེ་མདའ་འཕངས་ཏེ་དཔའ་བློ་ཁོག་ལ་སྐད་གྲགས་ཆེ་བའི་དིང་དམག་གི་བརྒྱ་དཔོན་རྟ་མགྲིན་ཚེ་རིང་གིས་ངག་ནས་ཨ་ཁ་ཞེས་བརྗོད་ཅིང་། སྐུ་གཟུགས་ཡོངས་རྫོགས་ཇ་ཚགས་བཞིན་བཟོས་ཏེ་བཀྲོངས། དིང་དམག་གི་རུ་དཔོན་ཀུན་དགས་གཙོས་མཚོན་ཆ་སྲུང་སྐྱོབ་པ་རྣམས་དང་དིང་རི་ངག་དབང་སོགས་མི་ཁྱོན་བརྒྱ་ཕྲག་གཅིག་ཙམ་དང་རྒྱ་དམག་བཅས་ཁྱོན་རླངས་འཁོར་དྲུག་ཅུ་རེ་གྲངས་ཙམ་གཞིས་ཀ་རྩེར་ཁྲིད་དེ། བླ་བྲང་རྙིང་པར་ཅ་དང་དིང་དམག་རྣམས་ཁེ་གཙང་བཅུག་ཅིང་། ཁང་པའི་ནང་གཤོང་མི་གཤོང་མེད་པར་ར་ལུག་བཞིན་བླུགས་ཏེ་རྐང་པ་རྐྱོང་ས་ཡང་ཐོབ་དཀའ་བ་དང་། དུད་འགྲོ་དང་ཁྱད་མེད་ལྟ་བུས་ལས་ཀར་ཁྲིད་ཅིང་ངལ་རྩོལ་སྒྱུར་བཀོད་དང་བསམ་བློ་སྒྱུར་བཀོད་བྱེད་དགོས་པར་བཤད་པ་སོགས་ལུས་སེམས་གཉིས་ཀར་དྲག་གནོན་ཆེན་པོའི་སྡུག་སྦྱོང་མྱོང་དགོས་པ་བྱུང་འདུག

 

༼༨༽ ཧ་ཅང་ཡིད་སྐྱོ་བའི་གདུག་རྩུབ་འོག་འདས་གྲོངས།

 

ཕྱི་ལོ་1959 ཟླ་བ་5 ཚེས་31 ཉིན་རྒྱ་དམག་དམག་དོན་སྐུ་ཚབ་༼ཀྲང་ཧྲུའུ་ཅི༽་དང་རྒྱ་དམག་མང་པོ་ཤེལ་དཀར་ཆོས་སྡེར་ཡོང་སྟེ། ཚང་མ་ཚོགས་འདུར་ཡོང་དགོས་པའི་བརྡ་ཁྱབ་འོག་ཚོགས་འདུ་ཚོགས་ཙམ་ལ་ཤེལ་དཀར་ཆོས་སྡེའི་དབུ་མ་མཁན་ཆུང་གི་གཙོས་གྲྭ་གྲངས་སྡེབས་གཅིག་ལ་དྲུག་ཅུ་སྐོར་བཙོན་བཅུག་བྱས་ཤིང་། གདུག་རྩུབ་དྲག་པོས་རྡུང་བརྡེག་ཚད་མེད་པ་བཏང་འོག་མང་ཚོགས་འདུ་སྐོང་ཚོགས་འདུའི་སར་འཐབ་འཛིང་གཏོང་བཅུག དེའི་རྗེས་ལ་ཁོང་ཚོ་ཚང་མ་གཞིས་རྩེ་བཀར་ཁང་དུ་བཙོན་འཇུག་བྱས་པས་འཚོ་བ་དཀོན་པ་དང་། ངལ་རྩོལ་ལྕི་བས་བཙོན་པ་མང་པོ་ལྟོགས་ཤི་ཐེབས་པའི་ཁོངས་ཤེལ་དཀར་ཆོས་སྡེའི་གྲྭ་དབུ་ཟུར་ལུང་རྟོགས་ཆོས་འཕེལ་དང་། ?ཆོས་སྡེ་ལུང་རྟོགས་ཆོས་འཕེལ། སློབ་དཔོན་སངས་རྒྱས་རྒྱ་མཚོ། བྱང་ཆུབ་ཚུལ་ཁྲིམས་བཅས་ལྟོགས་ཤི་ཐེབས་སོང་ཞེས་བཙོན་ཟུར་ཤེལ་དཀར་གྲྭ་ལུང་རྟོགས་གསུང་རབ་ཀྱི་ཚིག་ཐོ་ནང་གསལ།

ཡང་ཤེལ་དཀར་ཆོས་སྡེའི་གྲྭ་པ་སྡེབས་གཅིག་ལ་གྲྭ་གྲངས་དྲུག་ཅུ་སྐོར་བཙོན་བཅུག་བྱས་པ་ནས་མི་གྲངས་བཅུ་གསུམ་བཙོན་ཁང་ནས་ཐོན་པ་མ་གཏོགས་དེ་བྱིངས་ཚང་མ་བཙོན་ཁང་ནང་འདས་གྲོངས་སུ་གྱུར་པ་བཙོན་ཟུར་ཤེལ་དཀར་ལྷ་རྗེ་ངག་དབང་ཆོས་འཕེལ་གྱི་ཤེལ་དཀར་ཆོས་སྡེའི་ལོ་རྒྱུས་དྲན་པའི་གདུང་དབྱངས་ནང་དུ་གསལ།  མ་ཟད་ཇོ་མོ་གླང་མའི་བུ་ཕྲུག་ཅ་དང་དིང་རིའི་དམག་མི་རྙིང་པ་ཆབ་སྲིད་བཙོན་ཟུར་དིང་རི་ཕ་དྲུག་ངག་དབང་བཙོན་དུ་ཚུད་པའི་ལོ་རྒྱུས་ནང་རྒྱ་གཞུང་གིས་གདུག་རྩུབ་འོག་ཚེ་སྲོག་ཤོར་བའི་མིང་གཞུང་བྲིས་པ་ལས། ༼ཤོག་གྲངས་294་ནང་།༽

༼༡༽སྐྱེས་ཡུལ་དིང་རི། ཁྱིམ་མིང་གྲུ་བཞི་ཁྲལ་པ་གསར་པ། མིང་ཕུན་ཚོགས། མི་ཚང་དྲག་གྲས་ཡིན་པས་སྤྱི་ལོ་1960 ལོར་འཛིན་བཟུང་བྱས་ཏེ་གཞིས་རྩེ་བཀར་ཁང་དུ་བཅུག་སྐབས་སྤྱི་ལོ་1961 ལོར་ཐོན་སྤེལ་གྲོན་ཆུང་ཞེས་པའི་ལས་འགུལ་སྤེལ་བར་བརྟེན་ལྟོགས་ཤི་ཐེབས། དེ་དུས་ཁོང་ལོ་སུམ་ཅུ་སོ་གཅིག་ཙམ་ཡིན།

༼༢༽ སྐྱེལ་ཡུལ་དིང་རི། ཁྱི་མིང་གྲུ་བཞི་ཕུ་ཤར་པ། མིང་འཇམ་དབྱངས། འཛིན་བཟུང་བྱེད་པའི་རྒྱུ་མཚན་དང་། ལོ་དུས། བཙོན་ཁང་། འདས་དུས། ན་ཚོད་བཅས་གོང་འཁོད་དང་མཚུངས།

༼༣༽ སྐྱེས་ཡུལ་དིང་རི། ཁྱིམ་མིང་གྲུ་བཞི་ཁྱོ་སྐྱ། ༼མ་ཡིག་ནང་ཁྱོ་སྐྱ་ཞེས་གསལ་ཡང་དེང་སང་ཁོ་སྐྱ་ཞེས་པར་འབོད་ཀྱི་ཡོད།༽མིང་སྤེན་པ། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་གོང་དང་མཚུངས་ལ། གཤེགས་དུས་ལོ་སོ་བདུན་ཙམ་ཡིན།

༼༤༽སྐྱེས་ཡུལ་དིང་རི། ཁྱིམ་མིང་རྩ་སྐོར། མིང་དོན་གྲུབ། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་གོང་དང་མཚུངས་ལ། གཤེགས་དུས་ལོ་བཞི་བཅུ་ཙམ་ཡིན།

༼༥ ༽སྐྱེས་ཡུལ་དིང་རི་ཤེལ་དཀར་རྡོ་བརྒྱད། ཁྱིམ་མིང་འབའ་རོ་འོག་དཀར། མིང་བློ་བཟང་། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་གོང་དང་མཚུངས་ལ། གཤེགས་དུས་ལོ་སུམ་ཅུ་སོ་གྲངས་ཙམ་ཡིན།

༼༦༽ སྐྱེས་ཡུལ་དིང་རི་རྒྱལ་ནོར། ཁྱིམ་མིང་དགོན་གསར། མིང་བུ་ཆུང་། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་གོང་དང་མཚུངས་ལ། བཀར་ཁང་ནས་ཉ་རི་བཙོན་ཁང་དུ་བཏང་སྟེ་ལྟོགས་བཀྲེས་ངང་འདས། དེ་དུས་ན་ཚོད་ལོ་ཉེར་བརྒྱད་ཙམ་ཡིན།

༼༧༽ སྐྱེས་ཡུལ་དིང་རི་རྒྱལ་ནོར། ཁྱིམ་མིང་ཁ་ཅུང་། མིང་བུ་ཕུན་ཚོགས། འཛིན་བཟུང་བྱས་པའི་རྒྱུ་མཚན་གོང་དང་མཚུངས་ལ། སྤྱི་ལོ་1959 ལོར་ནས་བཀར་ཁང་བཙོན་ཁང་སོགས་སུ་བཅུག་ནས་མཐར་སྤྱི་ལོ1961 ལོར་གཞིས་རྩེ་སྣར་ཐང་ཞིང་རར་ལྟོགས་རིད་ངང་འདས། དེ་དུས་ལོ་སུམ་ཅུ་སོ་བདུན་ཙམ་ཡིན།

༼༨༽ སྐྱེས་ཡུལ་དིང་རི་རྒྱལ་ནོར་། ཁྱིམ་མིང་ན་ཤར། མིང་བུ་རིན་ཆེན། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་བུ་ཕུན་ཚོགས་དང་མཚུངས་ལ། གཤེགས་དུས་ལོ་སུམ་བཅུ་སོ་བརྒྱད་ཙམ་ཡིན།

༼༩༽ སྐྱེས་ཡུལ་དིང་རི་རྩིབས་རི་བྱང་། ཁྱིམ་མིང་སྔོན་པོ། མིང་བུ་ཀུན་དགའ། འཛིན་བཟུང་བྱས་པའི་རྒྱུ་མཚན་སོགས་བུ་རིན་ཆེན་དང་མཚུངས་ལ། གཤེགས་དུས་ལོ་སུམ་ཅུ་སོ་བཞི་ཙམ་ཡིན།

༼༡༠༽ སྐྱེལ་ཡུལ་དིང་རི་ཕ་དྲུག ཤེལ་དཀར་ཆོས་སྡེའི་གྲ་པ་ལུང་རྟོགས་ཆོས་འཕེལ། རྒྱང་ཕུག་གཞིས་དཔོན་ཡིན་པས་སྤྱི་ལོ་1959 ལོར་འཛིན་བཟུང་བྱས་ཏེ། གཞིས་རྩེ་བཀར་ཁང་དུ་བཅུག་ནས་སྤྱི་ལོ་1960 ཙམ་ལ་མུག་ཤི་ཐེབས།

༼༡༡༽ སྐྱེས་ཡུལ་དིང་རི་ལོ་ལོ། ཁྱིམ་མིང་དབྱེར་ར། མིང་རྒན་ཆེན། སྤྱི་ལོ་1959་ལོར་ཉིང་ཁྲི་བཙོན་ཁང་དུ་མུག་ཤི་ཐེབས། དེ་དུས་ལོ་བཞི་བཅུ་ཞེ་ལྔ་ཙམ་ཡིན།

༼༡༢༽ སྐྱེས་ཡུལ་དིང་རི་ཕ་དྲུག མིང་བློ་བཟང་རྡོ་རྗེ། གྲྭ་པ་ཡིན་པ་དང་། ཁར་རྟའི་གཞིས་དཔོན་ཡིན་པས་འཛིན་བཟུང་གིས་བཀར་ཁང་དུ་བཅུག་པ་དང་། སྤྱི་ལོ་1961  ལོར་བཙོན་ཁང་དེ་གར་ལྟོགས་ཤི་ཐེབས། དེ་དུས་ལོ་དྲུག་ཅུ་ཙམ་ཡིན།

༼༡༣༽ སྐྱེས་ཡུལ་དིང་རི་གནས་གསེར་མོ། མིང་བག་གྲོ། ཤེལ་དཀར་ཆོས་སྡེའི་གྲྭ་པ་ཡིན་པ་དང་ལས་སྣེ་ཡིན་པར་བརྟེན་སྤྱི་ལོ་1959་ལོར་འཛིན་བཟུང་བྱས་ཏེ། བཀར་ཁང་དུ་བཅུག་ནས་སྤྱི་ལོར་1961 ལོར་བཙོན་་ཁང་དེ་གར་ལྟོགས་ཤི་ཐེབས། དེ་དུས་ལོ་བཞི་བཅུ་ཙམ་ཡིན།

༼ ༡༤༽ སྐྱེས་ཡུལ་དིང་རི་ཕ་དྲུག ཁྱིམ་མིང་ཚིས་རོད་སྨད། མིང་བློ་བཟང་རིག་གྲོལ། ཤེལ་དཀར་ཆོས་སྡེའི་གྲྭ་པ་དང་ལས་སྣེ་ཡིན་པར་བརྟེན་སྤྱི་ལོ་1959 ལོར་འཛིན་བཟུང་བྱས་ཏེ་བཀར་ཁང་བཙོན་ཁང་དུ་བཅུག སྤྱི་ལོ་1961 ལོར་བཙོན་ཁང་དེ་གར་ལྟོགས་ཤི་ཐེབས། དེ་དུས་ལོ་ལྔ་བཅུ་ང་གཅིག་ཙམ་ཡིན།

༼༡༥ ༽སྐྱེས་ཡུལ་དིང་རི་ཤེལ་དཀར། མིང་ཚོང་པ་སྤེན་པ་ཚེ་རིང་། འཛིན་བཟུང་བྱེད་དགོས་ཀྱི་རྒྱུ་མཚན་གསལ་ཤེས་མ་བྱུང་ཡང་། སྤྱི་ལོ་1959་ལོར་བཛིན་བཟུང་བྱས་ཏེ་བཀར་ཁང་དུ་བཅུག་པ་དང་དེ་རྗེས་ཨེ་མ་སྒང་ཞིང་རར་ཁྲིད། ས་གནས་དེ་གར་སྤྱི་ལོ་1961ལོར་ལྟོགས་ཤི་ཐེབས། དེ་དུས་ལོ་བཞི་བཅུ་ཞེ་གྲངས་ཙམ་ཡིན།

༼༡༦༽སྐྱེས་ཡུལ་དིང་རི་ཤ་རྡོར། ཁྱིམ་མིང་ཆོ་ལོ། མིང་ལྷག་པ། ཅ་དང་དིང་དམག་གི་ཞལ་ངོ་ཡིན་པས་སྤྱི་ལོ་1959 ལོར་འཛིན་བཟུང་བྱས་ཏེ། བཀར་ཁང་དང་། ལྷ་སར་ཁྲིད་དེ་མཐར་ནོར་གླིང་དུ་ལྟོགས་ཤི་ཐེབས། དེ་དུས་ལོ་དྲུག་ཅུ་རེ་བཞི་ཙམ་ཡིན།

༼༡༧༽ སྐྱེས་ཡུལ་དིང་རི་ཕ་དྲུག། ཁྱིམ་མིང་བ་ལས། མིང་བློ་བཟང་ཆོས་འཕེལ། ཤེལ་དཀར་ཆོས་སྡེའི་གྲྭ་པ་ཡིན་པ་དང་། མཚོ་དཀར་གཞིས་ཀའི་དཔོན་ཡིན་པས་སྤྱི་ལོ་1959 ལོར་བཙོན་ཁང་དེ་གར་ལྟོགས་ཤི་ཐེབས།

༼༡༨༽ ༼ཡང་ཤོག་གྲངས་204༽ ནང་སྨན་པ་གསར་པས་གཤག་བཅོས་ཀྱི་ལག་རྩལ་སྦྱོང་ཆེད་བོད་རིགས་ནད་པ་བེད་སྤྱད་རྐྱེན། བོད་རིགས་མང་པོ་དུས་མིན་འཆི་རྐྱེན་དུ་གྱུར་ཡོད། དཔེར་ན། སྤྱི་ལོ་1967 ལོར། དེ་སྔོན་<< ཅ་དང་དིང་དམག་>> སྨན་ཁབ་སྟོད་པ་ངག་དབང་ཚེ་རིང་སྦྲ་མོ་?སྨན་ཁང་དུ་ལག་རྩལ་སྦྱོང་ཆེད་གཤག་བཅོས་བྱས་ནས་ཉིན་གཉིས་ཀྱི་རྗེས་སུ་གྲོངས། དེ་དུས་ཁོ་རང་ལོ་ཉེར་གསུམ་ཙམ་ཡིན། གོང་གསལ་འདི་རྣམས་ལས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཚང་མ་གཅིག་གྱུར་ཡིན་མིན་གསལ་པོར་རྟོགས་ཐུབ་ཅེས་གསལ།

 

༼༩༽ གནའ་འབྱེད་ལའི་ཁྲག་ལམ་སྐོར།

 

༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་བཞུགས་མ་ཐུབ་པ་དེ་ནས་བོད་ཀྱི་སྣོད་བཅུད་ཚང་མ་ཉམས་ཆག་ཏུ་གྱུར་ཅིང་། བོད་མི་རྣམས་བསོད་ནམས་ཟད་པའི་ལྟས་མཐོང་སྟེ་བོད་ཀྱི་ཡུལ་གྲུ་ཚང་མ་ཟང་ཟིང་དུ་གྱུར། དིང་རི་ཤེལ་དཀར་མངའ་ཞབས་ཀྱི་ས་ཁུལ་ནས་བྲོས་བྱོལ་འགྲོ་མི་རྣམས་ཕལ་ཆེར་ཤར་ཁུམ་བུ་མནའ་འབྱེད་ལ་ལ་འགྲོ་བ་མང་བས་ཁུམ་བུ་མནའ་འབྱེད་ལ་གཤིན་རྗེའི་ཁྲག་ལམ་ལྟ་བུར་གྱུར། དེ་སྐབས་སུ་གནའ་འབྱེད་ལའི་ལམ་ཚང་མ་ཁྲག་གི་ལམ་རྗེས་ཆགས་ཤིང་། འབྲི་གཡག་ར་ལུག་ཤི་བའི་རོ་དང་། གངས་རླུང་བརྒྱབས་ནས་མི་འགྲོ་བཞིན་དུ་གྲང་རེག་གིས་ལུས་པོ་རེངས་པར་གྱུར་ཏེ་རྐང་འོག་གངས་ལ་སྦྱར་ནས་མི་ཤི་བའི་ཕུང་པོ་ལངས་ལངས་པ་དེ་འདྲ་ཡང་བྱུང་།

ཤར་ཁུམ་བུ་ལུང་པར་བོད་མི་སྤྱི་དང་ལྷག་པར་དིང་རི་ཤེལ་དཀར་ཡུལ་ཕྱོགས་ཀྱི་མི་ཧ་ཅང་མང་པོ་ཡུལ་གྱར་ཏེ་སྐྱབས་བཅོལ་ལ་སླེབས། ཤར་ཁུམ་སྟོད་དུ་ཤེལ་དཀར་དགོན་གྱི་གྲྭ་པས་གཙོས་དབུ་བླ་མཁའ་རི་རིན་པོ་ཆེས་བླ་མ་གནང་ནས་གྲྭ་བཙུན་རྣམས་གུར་ཕུབ་ནས་དབྱར་གནས་ཚོགས་པ་བྱུང་། དེ་སྐབས་རྒྱ་གཞུང་གིས་དིང་རི་ཤེལ་དཀར་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཏེ་ཤེལ་དཀར་ཆོས་སྡེ་དགོན་པ་ལ་རྒྱ་གཞུང་ནས་དམིགས་བསལ་གྱི་གུ་ཡངས་དང་དགོན་པར་སྡད་ཆོག་པ་ཡོད་ཚུལ་སོགས་རྫུན་གཏམ་སླུ་ཁྲིད་སྣ་ཚོགས་སྤེལ་འདུག་ཅིང་། མ་ཟད་བོད་ནང་རྒྱ་མིས་ནང་མི་ཉེ་འབྲེལ་ལ་ངན་སྐུལ་ཡི་གེ་བྲིས་བཅུག་ནས་ལོགས་ཤོག་ཟེར་བའི་ཡི་གེ་ཡང་བསྐུར་བཅུག་འདུག རྒན་རབས་འགས་བཤད་རྒྱུན་དུ་མི་ཚང་དེ་དྲའི་མིང་བོས་ནས་རྒྱ་མིས་ངན་ལབ་ཡི་གེ་བསྐུར་སྐབས་ཡི་གེའི་མཉམ་དུ་ཤ་སྐམ་པོ་ཉུང་ཉུང་བསྐུར་མཁན་བྱུང་འདུག་པས། རྒྱ་མིས་ཤ་ཉུང་ཉུང་དེ་གང་ཡིན་ཞེས་འདྲི་དུས། ཚུར་ལོག་དུས་གངས་ལ་གངས་རླུང་བསྡམ་ཡས་ལ་ཕན་པར་བཤད་མོད་དོན་དངོས་སུ་ཤ་སྐམ་ཉུང་ཉུང་གི་གོ་དོན་རྒྱ་མིར་བཤད་པ་ལྟར་མ་ཡིན་པར་ཁྱེད་རང་རྒྱ་གར་ལ་ཤར་བསྐྱོད་གྱིས་ཞེས་པར་གོ་ཡི་ཡོད་ཟེར་ཞིང་། མི་དེ་ཚོར་ཡོན་ཏན་ཡོད་ཅེས་བསྔགས་བརྗོད་བྱེད་ཟེར། གང་ལྟར་ཡང་ཕྱིས་སུ་ཤེལ་དཀར་དགོན་གྱི་གྲྭ་པ་དང་དིང་རི་ཁུལ་གྱི་མི་མང་པོ་ཞིག་བོད་ལ་ཕྱིར་ལོག་བྱས་འདུག་ཅིང་། ད་ལྟའང་བོད་ལ་ང་སྐྱེས་ས་ཤར་ཁུམ་བུ་རེད་ཟེར་བ་སོགས། སྤྱི་ལོ་1960་ནང་ཤར་ཁུམ་བུར་སྐྱེས་ནས་ཕ་མས་བོད་ལ་ཁྲིད་པ་དེ་འདྲ་ཡང་ཡོད།

 

༼༡༠༽ རྒྱལ་ནོར་ཕུའི་ཕན་ཐོགས་ནོར་རྒྱས་ཀྱི་སྐོར།

 

རྒྱལ་ནོར་ཕུ་ལ་མ་འགྲོ །ཕན་ཐོགས་ནོར་རྒྱས་ཐུག་ཡོང་། །འུར་རྡོ་ཁྲ་ཆུང་ཁུར་ནས། །ཕུར་བུ་པོ་ཤོར་དེད་སོང་། །ཞེས་དིང་རི་སྤྱི་ཡོངས་སུ་གྲགས་པའི་རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཕན་ཐོགས་ནོར་རྒྱས་རྒྱ་གཞུང་གིས་ཐེངས་གསུམ་ཙམ་ཟིན་ཀྱང་ལག་ནས་ཤོར་འདུག ཕན་ཐོགས་ནོར་རྒྱས་ཐོག་མ་ཤར་ཁུམ་བུ་ལ་བྲོས་བྱོལ་དུ་ཕྱིན་འདུག ཤར་ཁུམ་བུ་ནས་རྒྱལ་ནོར་བྲག་ནག་ཏུ་རྒྱལ་བ་རྒོད་ཚང་པའི་སྐུ་དང་། ནང་མི་ཉེ་འབྲེལ་བཅས་ལེན་དུ་སླེབས་འདུག བྲག་ནག་ཏུ་སླེབས་རྗེས་རྒྱ་གཞུང་གིས་ཧ་གོ་ནས་བཟུང་འདུག དེ་ནས་རྒྱ་ནོར་?སྒོས་གསར་རེ་ཁང་པའི་ནང་ལ་རྒྱ་དམག་བསྡད་ཡོད་པར་བརྟེན་དེ་གར་བཙོན་བཅུག་བྱས། བཙོན་ལ་བཅུག་སའི་ཁང་པ་ས་ཕག་གི་བརྩེགས་པ་ཡིན་སྟབས་མཚན་མོར་ས་ཕག་རྣམས་རིམ་བཞིན་བྲུས་ནས་རྒྱ་དམག་གི་ལག་ཏུ་མ་ཐེབས་པར་ཐེངས་དང་པོར་བྲོལ་བྱོལ་ལ་ཤོར་འདུག  དེ་ནས་ཉིན་མོ་རྒྱལ་ནོར་ཕུའི་རི་རྩེ་ལ་གབ་ཅིང་མཚན་ལ་རིམ་བཞིན་བྲག་ནག་ལུང་སྡེ་དང་རྒྱལ་ཕུ་བཅས་ལ་འབྲེལ་བ་བཟོས་ནས་ནང་མི་དང་ཡུལ་མི་རྣམས་ཤར་ཁུམ་བུར་བྲོས་བྱོལ་ལ་འགྲོ་རྒྱུའི་འཆར་བཀོད་བྱས་ཀྱང་། སླར་ཡང་རྒྱ་དམག་གིས་ཧ་གོ་ནས་མཚན་ལ་དམག་མིས་འཇུ་བཟུང་བྱས་ཏེ་ཤེལ་དཀར་དུ་བཙོན་བཅུག་བྱས་ཤིང་། ལོག་སྤྱོད་པ་རེད་ཟེར་ནས་ཧ་ཅང་དམ་བསྒྲགས་བྱས་ཀྱང་གསང་ཐབས་ཞིག་ལ་བྲོས་བྱོལ་ཐུབ་ཏེ་མཚན་མོར་ཤེལ་དཀར་ཟམ་པའི་འོག་གི་གདུང་མའི་སྒང་ལ་གབ་ནས་བྲོས་བྱོལ་ཐེངས་གཉིས་པ་དེ་བྲོས་ཐུབ་འདུག

དེ་ནས་ཕན་ཐོགས་ནོར་རྒྱས་ཀྱིས་དཔའ་སྙིང་ཞུམ་མེད་ངང་རིམ་པས་སླར་ཡང་རང་གི་ཡུལ་སྡེ་དང་འབྲེལ་བ་བཟོས་ནས་ཤར་ཁུམ་བུར་ཐོན་རྒྱུའི་གྲ་སྒྲིག་བཟོས་ཤིང་། དེ་སྐབས་བྲག་ནག་བྱང་མའི་བརྒྱུད་པ་དང་། ཨ་ཁུ་བློ་བཟང་རྒྱལ་མཚན། ཆུ་འཁོར་ར། རྒྱལ་ཕུ་ནག་ཚང་སོགས་ཕན་ཐོགས་ནོར་རྒྱས་ལ་དཔུང་རོགས་མི་ཕལ་ཆེར་བཅོ་ལྔ་ཙམ་བྱུང་བ་ཚང་མས་རྒྱལ་བ་རྒོད་ཚང་པའི་གདན་ས་རང་དགོན་ནས་མཚོན་སྲུང་གཏགས་ཤིང་། རྒྱ་མི་ལ་འཛིང་རྒྱུ་བྱས་ནས་འུར་རྡོ་དང་གྲི་ཁྱེར་ཏེ། རྒྱ་དམག་ལ་སོ་ལྟ་བྱས། རྒྱ་མིས་ཨ་ཁུ་ནོར་རྒྱས་འཛིན་པར་ཡོང་ཡང་བྲག་ནག་ནས་མ་རྙེད་པར་རྒྱལ་ཕུ་འབྲོག་པའི་ཡུལ་སྡེ་གང་སར་་ཚོལ་བར་ཕྱིན་པའི་མར་ཡོང་ལམ་དུ། ཨ་ཁུ་ནོར་རྒྱས་ཁོ་ཚོས་ཐབས་ཇུས་ཀྱིས་འཛམ་འཕྲང་འབུམ་པ་ཞེས་པའི་ཤར་ཕྱོགས་སུ་གཙང་པོར་དར་སྒྲིག་པ་དང་། ནུབ་ཏུ་རི་ཧ་ཅང་གཟར་པོ་ཡོད་ས་དེར་རྒྱ་དམག་ལ་འཛིང་རྒྱུར་སྒུག་ནས་བསྡད། ས་ཆ་དེ་གནད་འགག་ཆེན་པོ་ཞིག་ཡིན་པས་དེར་བརྟེན་དེར་རྒྱ་དམག་དང་འཛིང་རྒྱུའི་འཆར་གཞི་བཟོས་པ་ཡིན་ཞེས་ཕན་ཐོགས་ནོར་རྒྱས་ངོ་མས་བཤད་བྱུང་།

ཉིན་མ་གཅིག་ས་དེར་སྒུག་ཀྱང་རྒྱ་དམག་མ་སླེབས། སྒུག་པའི་ཉིན་དེར་སླེབས་ན་འཛིང་ནས་རྒྱ་དམག་ཚོ་གསད་ནས་དར་འོག་ནང་བཅུག་རྒྱུ་ཡིན་གསུངས། དེ་ཉིན་རྒྱ་དམག་མ་སླེབས་རྐྱེན་ཨ་ཁུ་ནོར་རྒྱས་ཚོགས་པས་མཚན་ལ་བྲག་ནག་ཏུ་ལོག སང་ཉིན་ཡང་བསྐྱར་རྒྱ་དམག་སྒུག་ཏུ་འགྲོ་དུས་འཛམ་འཕྲང་འབུམ་པའི་ས་ཆ་ནས་རྒྱ་དམག་ཐོན་ཟིན་ཏེ་སྟེང་འགྲོ་གསོ་ཁང་མར་རྒྱ་དམག་རྟ་གྲལ་སྒྲིག་ནས་ཡོང་། ཨ་ཁུ་ནོར་རྒྱས་ཁོ་ཚོ་སྣེ་འདོང་དམར་པོའི་ཟུར་ལ་ཡར་ཐོན་པ་དང་ཕན་ཚུན་གློ་བུར་དུ་ཐུག་སྐབས་རྒྱ་དམག་ནས་མེ་མདའ་གཅིག་མཐུད་གཉིས་མཐུད་རྒྱག་ཅིང་། ཨ་ཁུ་ནོར་རྒྱས་ཁོང་ཚོས་འུར་རྡོས་མེ་མདའི་ཁ་གཏད་བྱས་ནས་རྒྱ་དམག་ལ་འཇིགས་ཞུམ་མེད་པར་ཞུས། དེ་ཡང་ཨ་ཁུ་ནོར་རྒྱས་ཁོ་ཚོས་སྣེ་འདོང་དམར་པོའི་རི་ཟུར་གྱི་གྱེན་ཕྱོགས་ནས་འུར་རྡོ་ཐུར་ལ་མར་ཞུས། རྒྱ་དམག་གིས་རི་གཤམ་ཕྱོགས་ནས་རྟ་སྒང་ནས་མེ་མདའ་ཡར་ཞུ། ཨ་ཁུ་ནོར་རྒྱས་ཁོ་ཚོ་ལ་མཚོན་སྲུང་ཡོད་སྟབས་སྲོག་སྐྱོན་མ་བྱུང་རུང་མེ་མདའི་སྐམ་པ་ཕོག་ནས་སྨས་སྐྱོན་ཅུང་ཕོག་ཀྱང་། ད་དུང་མུ་མཐུད་ནས་འུར་རྡོ་ཞུས། གང་འཚམ་ནས་མེ་མདའ་རྒྱག་ཡས་ཉུང་དུ་སོང་བས་རྒྱ་དམག་གི་མེ་མདའི་ལྡེའུ་རྫོགས། ཨ་ཁུ་ནོར་རྒྱས་ཁོ་ཚོས་ལམ་སེང་མདུན་མཆོངས་བྱས་ནས་ལམ་འགོག་ཏུ་ཕྱིན། རྒྱ་དམག་ལ་རྟ་ཡོད་པས་ལམ་སེང་དངངས་སྐྲག་དང་ཇིགས་སྣང་གི་ངང་ཤར་ཕྱོགས་སུ་བྲོས། གཙང་པོར་དར་ཁ་སྒྲིག་སྟབས་ཁོ་ཚོ་ཚང་མ་ཆུ་ཟུར་ནས་རྟ་བཞག་ཏེ་དར་གྱི་སྒང་ལ་བྲོས་ནས་ཁ་ཐོར། ཁོ་ཚོ་ལ་འུར་རྡོ་ཕོག་པའི་རྟགས་སུ་དར་གྱི་སྒང་དང་རྟ་སྒ་ལ་ཁྲག་གོས་འདུག ཨ་ཁུ་ནོར་རྒྱས་ཁོ་ཚོས་ལམ་སེང་རྟ་དང་ཁོ་ལག་ཁྱེར་ནས་བྲག་ནག་དང་། སྟེང་འགྲོ་སོགས་སུ་ཕྱིན་ནས་གྲ་སྒྲིག་བྱས་ཏེ་མཚན་ལ་ཤར་ཁུམ་བུ་ཕྱོགས་སུ་མ་ཡིན་པར་རྒྱལ་ཕུའི་ཤར་བརྒྱུད་ཀྱི་སྒོ་ར་སྤུན་བདུན་ནང་མཚན་གྱི་རིའི་སྒང་ལ་གབ་སྡད་འདུག རྒྱ་དམག་ནས་ཧ་ཅང་ཛ་དྲག་ཐོག་རྒྱ་དམག་1000 ཐམ་པ་འཆར་བཀོད་བྱས་ནས་500 ཤར་ཁུ་བུ་ལའི་འགྲམ་ཕྱོགས་སུ་བསྐྱོད་ཅིང་། 500 རྒྱལ་ནོར་ཕུ་ལ་བསྐྱོད་འདུག རྒྱལ་ཕུའི་སྒོ་ར་སྤུན་བདུན་རི་ནི་ཚོགས་རིལ་སྒྲིག་པ་ལྟར་ཡོད་སྟབས་ལས་སླ་པོར་རྙེད་དོགས་མེད་ཅིང་། མ་ཟད་དམག་མི་རྣམས་ཤར་ཁུམ་བུའི་ཕྱོགས་སུ་ཕྱིན་པ་ཨ་ཁུ་ནོར་རྒྱས་ཁོ་ཚོས་མཐོང་བས་རི་རྩེ་ནས་བྱ་ར་བྱེད་ཀྱིན་བསྡད། དེ་སྐབས་སུ་དིང་རི་མ་ཟད་གཉའ་ནང་ཕྱོགས་སུ་ཡང་ཕན་ཐོགས་ནོར་རྒྱས་ཀྱིས་དམག་མི་ལ་འཛིང་པས་འཇུ་བཟུང་བྱེད་ཀྱི་རེད་ཟེར་ནས་ཉིན་མཚན་མེད་པར་དམག་མིས་དམ་དྲག་ཆེན་པོ་བྱས་སོང་ཟེར། དེ་སྐབས་ཨ་ཁུ་སྐལ་རྣམ་གཉའ་ནང་ལ་བཞུགས་འདུག

དེ་ནས་ཨ་ཁུ་ནོར་རྒྱས་ཁོ་ཚོས་ཐོག་མའི་ཟིང་དེ་འཇགས་ནས་ལུང་པ་རྒྱུས་ཡོད་ཀྱི་རི་མཐོ་བོ་བརྒྱུད་ནས་མཐར་ཤར་ཁུམ་བུར་འབྱོར་འདུག དེ་ནས་ཡང་གང་འཚམ་ཞིག་ནས་ཨ་ཁུ་ནོར་རྒྱས་སླར་ཡང་ཁུམ་བུ་ནས་བོད་ལ་ཡོང་འདུག དེ་ཡང་མཚན་མོར་རི་བརྒྱུད་ནས་བྲག་ནག་ཏུ་སླེབས་འདུག ཞག་པོ་གཉིས་ནས་རྒྱ་དམག་གིས་རྫི་རིག་སྟེ་མཚན་ལ་རྒྱ་དམག་མང་པོས་བྲག་ནག་ལུང་པ་མཐའ་བསྐོར་ནས་ཨ་ཁུ་ནོར་རྒྱས་ཆུ་འཁོར་ར་གྲོང་པའི་དང་རྭ་ན་གཉིད་ཉལ་ཡོད་པ་དང་གོ་སྐབས་བཟུང་ནས་དམག་མིས་འཇབས་ནས་རྐང་ལག་བཞི་པོ་རེ་རེ་དམག་མི་སྟོབས་ཆེན་རེ་དང་འཇུ་རོགས་ཁ་ཤས་རེ་བཅས་འཆར་གཞི་སྒྲིག་བཀོད་ལྟར་ཨ་ཁུ་ནོར་རྒྱས་འཇུ་བཟུང་བྱས། དེ་སྐབས་ཤང་ཀྲང་བེའུ་ཆུང་ཡང་ཕན་ཐོགས་ནོར་རྒྱས་འཇུ་རུ་ཡོད་ཟེར་ཞིང་ཁོ་པས་ཕན་འདོགས་ནོར་རྒྱས་ཀྱི་ལག་པ་འཇུ་བཟུང་ཡག་པོ་ཐུབ་སོང་མ་གཏོགས་ཁོས་ལག་ཏུ་གྲི་དེ་ཐེབས་ན་སྲོག་མང་པོ་ཤོར་སོང་ཟེར།

སང་ཉིན་དེར་རྒྱ་དམག་གིས་ཨ་ཁུ་ནོར་རྒྱས་ཀྱི་ལག་པ་བསྡམ་བཀྱིག་བྱས་ནས་མཐའ་དམག་མིས་བསྐོར་ནས་རྒྱལ་ནོར་ལུང་པའི་མི་ཚོགས་ཁྲོད་དུ་ཁྲིད་ཅིང་། དེ་ནས་ཤེལ་དཀར་མི་མང་བརྒྱ་ཕྲག་མང་པོ་ཆུ་འདྲེན་ཡུལ་རྐ་བཟོ་སར་ཁྲིད་ནས་ཕན་འདོགས་ནོར་རྒྱས་ང་ཚོས་གླགས་མ་ཁེལ་བར་བཤད་པ་དེ་བདེན་པ་རེད་འདུག་གམ་ཟེར་བ་སོགས་ཁོ་ཚོས་འཇིགས་རྔམས་མྱོང་ཚོར་ཆེན་པོས་གང་བཤད་བྱས། ཨ་ཁུ་ནོར་རྒྱས་ནི་དཔའ་ཞུམ་མེད་པར་མི་མང་ཚང་མས་མཐོང་། དེ་ནས་ཤེལ་དཀར་གླིང་ག་གསར་པའི་ཁང་པ་གཅིག་གི་ནང་བསྡམ་བཀྱིག་བྱས་པ་རང་འཇགས་ཐོག་བཙོན་དུ་བཅུག་ཅིང་། རྡུང་རྡེག་མང་པོ་བཏང་རྐྱེན་གཟུགས་པོ་སྐྲངས་སྦོས་ཐེབས་ཅིང་ཧ་ཅང་སྡུག་ཐང་ཆད་རྐྱེན་གཉིད་ལ་ཤོར་འདུག གང་འཚམ་ཞིག་ནས་གཉིད་སད་རྗེས་སྣང་བ་ལ་སྟེང་འགྲོ་བྱང་མན་མཇལ་བ་ཞིག་བྱུང་། གཟུགས་པོ་སྐྲངས་སྦོས་རྣམས་ཞིག་ནས་ལག་པ་བསྡམས་པ་ལྷོད་དུ་ཡང་ཕྱིན་འདུག

དེ་ནས་ལག་པ་རྒྱབ་ལ་བསྡམས་པའི་ཟུར་གཅིག་སྒོའི་རྩིག་ཟུར་གྱི་རྡོ་ལ་ཡུན་རིང་རྡར་རྗེས་གང་འཚམ་ནས་ཐག་པ་ཆད་སོང་། དེ་ནས་མཚན་ལ་སྐད་རྒྱབས་ནས་ང་གཅིན་པ་ཤོར་གྱི་འདུག་བྱས་པས་བཙོན་སྲུང་བ་ཉི་མ་དབང་འདུས་༼སྐུ་ཞབས་ཉི་མ་དབང་འདུས་ཡང་ཟེར༽ ཀྱིས་སྒོ་ཕྱེ་སོང་བས་ང་གཅིན་པ་དྲོ་བ་དང་། གྲོད་ཁོག་ན་གི་འདུག་ཅེས་ན་ཟུག་གི་སྐད་ངན་རྒྱག་གིན་གཅིན་པ་གཏོང་དུ་བཅུག་ལབ་འདུག ཨ་ཁུ་ནོར་རྒྱས་ནས་ལག་པ་རྒྱབ་ལ་ཐག་པས་བསྡམ་ཁུལ་བྱས། ཉི་མ་དབང་འདུས་ཀྱིས་ཕྱི་ལོགས་སུ་ཁྲིད་དེ་མདུན་ནས་སྐེད་རགས་བཀྲོལ་ཏེ་གཅིན་པ་གཏོང་ཟེར། ཨ་ཁུས་གཅིན་པ་གཏོང་ཁུལ་བྱས། ཨ་ཁུས་འདིར་གཅིན་པ་འབབ་ཀྱི་མིན་འདུག་རྩིག་འགྲམ་ཕ་གིར་གཏོང་གི་ཡིན་ལབ་སྟེ་ཨ་ཁུ་ནོར་རྒྱས་ཀྱིས་རྩིག་འགྲམ་ནས་མཆོངས་ཏེ་བྲོས། ཉི་མ་དབང་འདུས་ནས་ལོག་སྤྱོད་པ་ཤོར་སོང་ཞེས་སྐད་རྒྱབས་སོང་། ཨ་ཁུས་རྩིག་པ་མཆོང་ས་ནས་སྲང་ལམ་ཞིག་ལ་བྲོས་པས། གློག་ཞུའི་འོད་ཅིག་ཉེ་འགྲམ་ལ་སླེབས་སོང་། ལམ་སེང་ས་ནས་རྡོ་ཞིག་བླངས་ཏེ་ཞུས་པས་འོད་ཤར་ས་དེ་རང་ལ་ཕོག་ཏེ་དེ་སྐད་སྒྲ་དང་རྡིག་སྒྲས་འཁངས་སོང་། ཨ་ཁུས་སྲང་ལམ་ནས་ཡང་རྩིག་པ་ཞིག་ལ་མཆོངས་ཏེ་གླིང་གའི་རྒྱབ་ཀྱི་ཤ་རྭ་གྲོག་པོའི་ནང་ལ་གབ་ནས་བསྡད།

རྒྱ་དམག་རྣམས་ཕྱོགས་བཞིར་རྒྱུགས་ཀྱང་ཉེ་འགྲམ་གྲོག་པོའི་ནང་ཡོད་པ་ག་ལ་བསམ། ཤ་རྭ་གྲོག་པོའི་ནང་ཉིན་མཚན་གཅིག་བསྡད། དེ་ནས་ཤེལ་དཀར་གཙང་པོའི་འགྲམ་བརྒྱུད་ནས་རྒྱ་ནོར་སྨད་ཁ་ཆུང་བའི་འོད་ཟེར་གྱི་ནང་ནས་རྩམ་པ་སོགས་ཁྱེར། ལུང་པ་རྒྱུས་ཡོད་ཀྱི་མི་ཡིན་པས་རྩིབས་རིའི་ཁོག་བརྒྱུད་དེ་རིམ་པས་སྐྱབས་རག་ལ་མཚན་ལ་ཡོང་ནས་ཁུམ་བུ་ལ་མོ་བརྒྱབས་པ་ཡིན་གསུངས། ངས་ཨ་ཁུ་ནོར་རྒྱས་ལ་ཕུར་བུ་པོ་ཤོར་ར་ནས། ནོར་རྒྱས་ཨུ་ཤི་ཨུ་ཤི་ཞེས་ཞུ་བ་འཐེན་པ་རེད་ཟེར་སྲོལ་འདུག་པས་བདེན་པ་ཡིན་ནམ་ཞེས་དྲིས་པ་ཡིན། དེར་ཨ་ཁུས་སྐད་ཆ་དེ་མ་རེད། ཨུ་ཤི་ཞེས་ངའི་འགྲམ་དུ་ཞུ་བ་ཕུལ་ན་ངས་ག་པར་ཞོག་གི་རེད་ཅེས་གསུངས། བྲག་ནག་བྱང་མའི་པ་ལགས་བསྟན་འཛིན་རྡོ་རྗེའི་རྐང་པ་ལ་རྒྱ་དམག་དང་འཛིང་སྐབས་མེ་མདའ་ཕོག་སྟེ་ལྡེའུའི་རྗེས་ཡོད་པ་ང་རང་རང་གིས་མཐོང་མྱོང་ཡོད། མདོར་ན་ཕན་ཐོགས་ནོར་རྒྱས་ནི་དུས་སྐབས་དེ་སྐབས་སུ་དཔའ་བོ་ངོ་མ་རེད་ལ་སྐད་གྲགས་ཀྱང་ཡོངས་སུ་གྲགས་པ་ཞིག་ཡིན།

 

༼༡༡༽ ཕ་དྲུག་ཉི་མ་རྒྱལ་པོའི་སྐོར།

 

ཉི་མ་རྒྱལ་པོ་ནི། ལ་སྟོད་ཤེལ་དཀར་རྫོང་ཁོངས། ཕ་དྲུག་སྟོད་ཀྱི་ཆུ་ཀླུང་གཙང་པོའི་འགོ། བོད་ལྗོངས་ཡུལ་སྐྱོང་ཚེ་རིང་མཆེད་ལྔའི་ཡ་གྱལ་མི་གཡོ་གླང་མའི་གནས་གངས་རི་མཐོ་ལ་བརྗིད་པ་རི་རྒྱལ་ཇོ་མོ་གླང་མ་ཞེས་འཛམ་གླིང་ན་སྙན་པར་ཡོང་སུ་གྲགས་པའི་མདུན་ནས་འབབ་པའི་སྨན་ཆུ་རྫ་དཀར་གཙང་པོའི་བྱང་བརྒྱུད་བརྟན་མའི་སྒོ་སྲུང་གི་རྟེན་གནས་བྲག་རི་དཀར་པོ་སེང་གེའི་གདོང་དབྱིབས་ཅན། གྲུབ་དབང་ཆེན་པོའི་གནས་ཀྱི་མདུན་བྲག་ཆུའི་འདབས་ཀྱི་ཆོས་ཕུག་སེར་ཁྱིམ་རྙིང་མའི་ཆོས་དགོན་ཞེས་ཡོངས་སུ་གྲགས་པའི་ཡུལ་དུ་སྤྱི་ལོ་1940 ལོའི་བོད་ཟླ་དང་པོའི་ཚེས་བཅུ་བདུན་ཉིན། མ་པ་སངས་མཆོག་སྐྱིད་ཀྱི་བུ་རུ་སྐྱེས། རང་ལོ་ལྔ་པ་ནས་བོད་ཡིག་འབྲི་ཀློག་སྦྱངས། རང་ལོ་བརྒྱད་པར་ཆོས་ཕུག་དགོན་པར་སྒྲིག་བཞུགས་མཛད། རྫ་སྤྲུལ་ངག་དབང་བསྟན་འཛིན་ནོར་བུ་ཞེས་ཡོངས་སུ་གྲགས་པའི་བླ་མ་ལས་ཆོས་འབྲེལ་ཐོབ་ཅིང་། ལོ་བཅོ་ལྔའི་ཐོག་༧སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་མདུན་ནས་བྱང་གཏེར་སོགས་སྔོན་འགྲོའི་ཁྲིད་ནས་བཟུང་དབང་ལུང་ཐོབ་པའི་སྐལ་བ་ཅན་དུ་གྱུར།  1959 ལོར་བོད་ས་རྒྱ་ལག་ཏུ་ཤོར་རྗེས་རང་ཡུལ་ཕ་དྲུག་ཏུ་རྒྱ་གཞུང་ནས་གཞི་རིམ་གསར་བརྗེའི་ལྷན་ཁང་བཙུགས། ཉི་མ་རྒྱལ་པོས་ཡི་གེ་ཤེས་རྐྱེན་འཐུས་མིར་འོས་འདེམས་བྱུང་། དེ་ནས་བདེ་འཇགས་ཨུ་ཡོན་གྱི་གོ་གནས་སྤྲད་པས་ཙུའུ་ཀྲང་དང་བདེ་འཇགས་ཨུ་ཡོན་གཅིག་ལྕོགས་བྱས། 1960 ལོའི་ཟླ་བ་བཞི་པར། དིང་རི་རྫོང་ཁོངས་འཐུས་མི་བཀོང་ཚོགས་མི་ཉིས་བརྒྱ་བརྒྱད་ཅུ་སྐོར་དང་། དིང་རི་རྫོང་གཞི་རིམ་ལས་བྱེད་བརྒྱད་ཅུ། དིང་རི་རྫོང་དུ་བཅའ་སྡོད་བཅིངས་དགྲོལ་དམག་མི་ཟུར་ཉན་ཡོད་པ་བཅས་ཉིན་གྲངས་ཉི་ཤུ་རྩ་བརྒྱད་རིང་ཤེལ་དཀར་དུ་ཚོགས་ཆེན་ཚུགས་པར་ཉི་མ་རྒྱལ་པོ་ཡང་བཞུགས། དེ་རྗེས་ཆོས་རྫོང་ཨུ་ཡོན་རྡོ་རྗེ་ཟེར་བ་གླེན་པས་བཙན་ཤེད་ཀྱིས་ཉི་མ་རྒྱལ་པོ་ལ་ནག་མེད་སྐྱོན་འཛུགས་བྱས་ཏེ་ཁོ་གཉིས་ལག་འཛིང་ཐུག མཐར་ཉི་མ་རྒྱལ་པོ་མ་བྲོས་མཐུ་མེད་བྱུང་། 1960 ལོའི་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་བལ་ཡུལ་རྒྱལ་ཁོངས་ཤར་ཁུམ་བུའི་འཇའ་སག་ཅེས་པའི་ཡུལ་དུ་བཙན་བྱོལ་ལ་འབྱོར། བཙན་བྱོལ་བོད་གཞུང་ཤེས་རིག་སློབ་གྲྭར་ཚུད་ཅིང་སློབ་ཕྲུག་གི་རྒན་བདག་ཀྱང་བྱས། 1963 ལོར་ཉི་མ་རྒྱལ་པོ་རྡོ་རྗེ་གླིང་དུ་བྱོར། བོད་འབྲེལ་སྒྲིག་འཛུགས་ནང་བཞུགས། མ་ཟད་བོད་འབྲེལ་རང་དབང་འཐབ་རྩོད་ལ་རང་ཁྲག་གི་ཞབས་འདེགས་འབུལ་མིའི་ཁོངས་ཉི་མ་རྒྱལ་པོས་ཀྱང་བཞུགས།

 

བོད་ལ་སྐྱོད་ཐེངས་དང་པོ།

 

1963 ལོར་རྡོ་གླིང་ནས་ཤར་ཁུམ་བུ་བརྒྱུད་རང་ཡུལ་བོད་དིང་རི་ཤེལ་དཀར་གྱི་ཁྱབ་ཁོངས་ཕ་དྲུག་གཙོས་དིང་རི་རྫོང་ཁོངས་དང་། ངམ་རིང་རྫོང་ཁོངས། ས་དགའ་རྫོང་ཁོངས། ལྷ་རྩེ་རྫོང་ཁུལ་བཅས་ལ་ཉི་མ་རྒྱལ་པོ་རང་ཉིད་དངོས་སུ་བསྐྱོད་དེ་གནས་ཚུལ་ཁུངས་ལྡན་ཇི་ཡོད་ཐབས་འཚོལ་ཕྱོགས་འདུས་ཀྱིས་རྒྱ་གར་རྡོ་གླིང་དུ་ཕྱིར་ལོག་ཏེ་བོད་འབྲེལ་འགན་འཛིན་བརྒྱུད་གོང་ཕུལ་ཞུས།

 

བོད་ལ་སྐྱོད་ཐེངས་གཉིས་པ།

 

1963 ལོ་འདིར་སླར་ཡང་བོད་དུ་བསྐྱོད་ཅིང་དིང་རི་རྫོང་ཁོངས་སུ་ཐོག་མར་རང་ཡུལ་ཕ་དྲུག་ནས་ལྷག་བསམ་ཅན་ཡོད་རྒུ་འདེམས་སྒྲུག་བྱས་པ་མི་གྲངས་ཉིས་བརྒྱ་ཉི་ཤུ་རྩ་གཅིག་དང་། མཁར་རྟ་ནས་ཉི་ཤུ་རྩ་བཞི། འབྲེལ་གཏུགས་བྱེད་ཡུལ་གྱི་ཁྱིམ། འགན་འཛིན་བཅས་དང་། དིང་རི་རྙིང་པའི་ཕྱོགས་སུ་ཉི་མ་རྒྱལ་པོ་བསྐྱོད་དེ་དེ་ཁུལ་བོད་འབྲེལ་དྭང་བླངས་སྒྲིག་ཞུགས་མི་གྲངས་བཅུ་བཞི། ཟུར་མཚོ་སྨན་ཕུར་སྤོང་རོང་བཅས་ནས་དྭང་བླངས་མི་གྲངས་ཉི་ཤུ་སྐོར་གྱིས་སྒྲིག་ཞུགས། བུམ་ཤོད་བརྒྱུད་ཆུའི་བྱང་རྩིབ་རི་གནས་ནང་གི་ཁོར་ཡུག་ཡུལ་སྡེ། མཚོ་སྒོ་གྲམ་མཚོ། ཤེལ་དཀར་རྒྱལ་ས་སོགས་སྒྲིག་འཛུགས་ནང་ཞུགས་ཡོད་པ་ཚོར་སྐུལ་སློང་བྱས་ཤིང་མཐའ་མཚམས་ཕོ་ཉའི་ཡིག་སྐྱེལ་འབྲེལ་ལམ། སྒྲིག་འཛུགས་སྒོ་འབྱེད་སྔ་ཕྱི་རིམ་པ་དང་གཉིས་འགོ་བརྩམས། དེ་ནས་རྒྱ་གར་རྡོ་རྗེ་གླིང་དུ་འབྱོར་དེ་འབྲེལ་ཡོད་ལྷན་ཁང་ལ་སྙན་སེང་ཕུལ།

 

བོད་ལ་སྐྱོད་ཐེངས་གསུམ་པ།

 

རྡོ་རྗེ་གླིང་ནས་བལ་ཡུལ་བརྒྱུད་བོད་དིང་རི་རུ་ལག་རོང་ཤར་བརྒྱུད་ཕ་དྲུག་ཏུ་འབྱོར། སེར་སྐྱ་མི་གྲངས་ཉི་ཤུ་རྩ་གྲངས་ཤིག་ཆོས་ཕུག་དགོན་གྱི་གྱང་ཧྲུལ་ནང་དུ་མགྲོན་འབོད་ལྐོག་ཚོགས་ཉིན་མཚན་གཅིག་བྱས། དྭང་བླངས་རྗེས་གནོན་ཁྱིམ་དུད་བརྒྱ་དང་སུམ་ཅུ་མཉམ་འཛུལ་བྱུང་། དགའ་འབྲོག་ཁུལ་གྱི་དྭང་བླངས་ཁྱིམ་དུད་ལྔ་བཅུ་ངོ་འཕྲད་བྱས། ལྷ་ངམ་ཕུན་གསུམ། གཞིས་རྩེ། ལྷ་ས་སོགས་ལ་འབྲེལ་གཏུགས་བྱེད་མི་ཕ་དྲུག་མི་དྲག་འཛིན་བཟུང་ཚུད་པ་ལྷ་ས་སོགས་བཙོན་ཁང་ཁག་ལ་དབྱར་དགུན་གཉིས་སུ་གཉེན་ཐུག་འགྲོ་ཚུལ་གྱིས་འབྲེལ་གཏུགས་བྱས། དིང་སྒང་ཕྱོགས་ཀྱི་ཁྱིམ་དུད་གྲངས་བརྒྱད་ཅུ། དགོན་ཕུག་ཁྱིམ་དུད་ཉི་ཤུ་རྩ་གྲངས། དིང་རི་སྒང་དཀར་ཆུའི་བྱང་ཁུལ་ཁྱིམ་དུད་བཅུ་གྲངས་ཞིག  བུམ་ཤོད་ཁུལ་དྭང་བླངས་སྒྲིག་འཛུགས། ཤེལ་དཀར་ཁུལ་ནས་ཁྱིམ་དུད་ཉི་ཤུ་རྩ་གྲངས། སྨན་ཕུར་ཟུར་མཚོ་སྤོང་རོང་ཁོངས་སུ་ཁྱིམ་དུད་ལྔ་བཅུ་ང་གྲངས་མཉམ་ཡོད་ཁོངས་ནས་གཉའ་ནང་། ས་དགའ་གཙང་སོ་བཅས་སུ་འབྲེལ་མཐུད་བཅས་ཡོད། སླར་ཡང་ཤར་ཁུམ་ལ་མོ་བརྒྱབས་ཏེ་ནགས་པོ་ཆེ་རུ་མ་བུ་མཉམ་འཛོམས་བྱུང་། དེ་ནས་རྡོ་གླིང་དུ་བདེ་འབྱོར་བྱུང་། 1963 ནས་1967 བར་གྱི་མི་ལོ་ལྔའི་རིང་བོད་ཀྱི་ས་མཚམས་དིང་རི་ཤེལ་དཀར་རྫོང་དང་། སྐྱིད་རོང་། ས་དགའ། ངམ་རིང་། ལྷ་རྩེ་རྫོང་བཅས་རྫོང་ཁག་ལྔའི་ས་ཁུལ་གཙང་སྟོད་ཕྱོགས་དང་། གཙང་སྨད་ཀྱི་གྲོང་ཁྱེར་གཞིས་ཀ་རྩེར་འགྲིམས་ཞུད་ཐོག་བོད་ཀྱི་རྒྱལ་ས་ལྷ་ས་བར་དུ། རིམ་པ་གོང་མའི་བཀའ་འབྲེལ་ལྟར་བོད་ལྗོངས་ས་ཁུལ་གྱི་དྭང་བླངས་སྲི་ཞུའི་ལས་འགུལ་ནང་ལྕགས་ཐག་ལག་སྤྲེལ་གྱི་སྒྲིག་འཛུགས་ཁོངས་ལོ་རྒྱུས་དང་མིང་ཐོ་ཕུལ་འབྱོར་བྱུང་བ་ཁྱིམ་ཚང་བཞི་བརྒྱ་ཉི་ཤུ་རྩ་ལྔའི་ནང་དུ། མི་གྲངས་ཉིས་སྟོང་ཆིག་བརྒྱ་ཉེར་ལྔ་འཁོད་པའི་ཆབ་སྲིད་ཀྱི་མ་དེབ་ཤོག་གྲངས་བརྒྱ་དང་ལྔ་བཅུ་ང་བཞི་ཡོད་པ་ཞིག  བོད་དོན་སུམ་འབྲེལ་འགན་འཛིན་དྲུང་ཆེ་ལྷ་མོ་ཚེ་རིང་ཅན་གྱི་ལྷན་ཁང་གིས་བཟོ་སྐྲུན་གནང་བའི་ནང་གསལ།

 

བོད་ལ་སྐྱོད་ཐེངས་བཞི་པ།

 

རྡོ་རྗེ་གླིང་ནས་ཐོན་ཏེ་བལ་ཡུལ་བརྒྱུད་གནའ་བྱེད་གངས་ལ་བརྒལ་ཏེ་ཞག་བཞི་བཅུའི་ནང་ས་ཆ་འདེམས་སྒྲུག་གནས་སྟངས་གཤམ་གསལ། ཕ་དྲུག་རྫ་རོང་ཕུའི་རི་རྒྱུད་གངས་ཁྲོད། མཁར་རྟ་རོང་གི་ཕུ་ཤིང་ནགས་སྤང་ལྗོངས་ཁྲོད། ཟུར་མཚོ་གཙང་ལྷ་གངས་ཀྱི་ས་ཁུག་བཙན་པོ། ས་དགའ་རྫོང་སྟག་སྡེ་རྒྱལ་ཐང་རི་ཁུག ངམ་རིང་རྫོང་ཁོངས་ཟང་ཟང་གི་རི་གཤོང་འབྲོག་སྡེར། དིང་རི་ལྷོ་ནུབ་སྒང་དམར་ཞུགས་ཁང་འཁོར་ཡུག ཤྲིའི་ས་གནས་བཙན་ལ་མཐོང་ཡེར་བཅས་མཁོ་སྒྲུབ་ཀྱིས་མཐུན་འགྱུར་དྭང་བླངས་འབུལ་འཇོག་བྱེད་པའི་འབྲེལ་ཡོད་པར་གྲོས་མོལ་གང་ལེགས་བྱུང་། རྒྱ་ནག་དམག་དོན་སྤྱི་ཁྱབ་ཁང་གིས་བཀའ་ལྟར། བོད་ལྗོངས་ལྷ་ས་དམག་དཔུང་བཀོད་ཁྱབ་འོག རྒྱ་མིའི་ཁྲི་དམག་ཨང་52 དང་53 གྱི་དཔུང་སྡེ་ཆེན་པོ་གཉིས་རྒྱ་མཚོ་ལ་བརྒལ་ཏེ་དིང་རི་རྫོང་གནས་ཡུལ་ཤེལ་དཀར་དུ་དམག་དཔུང་འབྱོར། དིང་རི་རྫོང་། ཕ་དྲུག་སྟོད་སྨད། མཁར་རྟ། མཚོ་འགོ གྲམ་མཚོ། དིང་རི་མཐའ་མཚམས་ཀྱི་རི་བརྒྱུད་ཁག་གི་ས་མཚམས་རོང་ཤར་ཁུལ་དང་། ཤར་ཁུམ་བུ་རྣ་འབྱེད་ལ་གངས་ལའི་འཁོར་ཡུག་ནས་ས་སྲུང་དམག་དཔུང་གིས་འགེབས་གཡོགས་བྱས་ཏེ། ཡུལ་མི་ནང་ཁུལ་ཕན་ཚུན་འབྲེལ་གཏུགས་འགྲུལ་བཞུད་བཀག་འགོག་ལྟ་སྲུང་བཙུགས། ཡུལ་དམག་དང་། རིག་གནས་གསར་བརྗེའི་མདུན་མཆོངས་གཞོན་ནུའི་སྡེ་ཚོགས་ལ། ཁྱབ་བསྒྲགས་རྫོགས་མེད་སྤེལ་བའི་བྱ་སྤྱོད་དངོས་བདེན་ཐོག

 

༼༡༢༽ ཕ་དྲུག་གི་དོན་རྐྱེན་སྐོར།

 

ཕ་དྲུག་ཁུལ་ན་གྲོང་སྡེ་ཆེ་ཆུང་བརྒྱད་ཅུ་གྱ་ལྔ་ལྷག་ཙམ་ཡོད་པའི་ཡུལ་དུ་དཔུང་དམག་ཆིག་སྟོང་ཐམ་པ་ཛ་དྲག་གིས་བཀྲམས་ཏེ། གླང་འཁོར་བཅུ་གྲངས་ནང་དམག་མི་གྲངས་འབོར་ཉིས་བརྒྱ་སྐོར་ཞིག་གིས་སྤྱི་ལོ་1966 ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཆོས་རྫོང་གྲོང་སྡེའི་མཐའ་སྐོར་ཏེ། བོད་ནང་འཛུལ་ཞུགས་བྱས་པའི་འཇབ་དམག་དྲག་ཆས་སྤྲས་པའི་གོ་ལག་དང་གློག་འཕྲིན་ཉན་གཏོང་ཚང་མ། བཅིངས་བཀྲོལ་དམག་མིར་མགོ་བཏགས་རྩིས་སྤྲོད་མ་བྱས་ན། ཉེས་པ་སྲོག་ཐོག་ལས་གཞན་འགྲོ་ལམ་མེད་ལུགས་བཤད་ཅིང་བཙན་གནོན་དང་། མི་རེ་རེ་བཞིན་སྐད་བཏང་བ་དང་། དམག་མིས་བསྡམས་བཀྱིགས་དྲག་པོའི་ཐོག་ཉེས་བརྡུང་མནར་གཅོད་ཚད་མེད་བཏང་།

ཆོས་རྫོང་འགྱུར་མེད་རང་སྐེ་རང་གིས་ཐག་པས་བསྡམས་བཀྱིག་བྱས་ནས་ཤི་བ་དང་།  ནག་ཉེས་ཆེ་བ་རྣམས་གྱོན་ཆས་སྤུད་ནས་ཧྲེང་པོར་རྟ་རྗེས་སུ་བཙན་འཁྲིད་བྱས། མང་ཚོགས་སྐོང་ཚོགས་སར་གྲོང་དཀར་ཁྲལ་གསར་བའི་བུ་རྒན་ཤོས་ཟླ་བ་ཚེ་རིང་གིས་ཁྱེད་ཚོ་བོད་ས་བཙན་འཛིན་བྱེད་པོ་ལག་དམར་པ་བོད་ནས་ཕྱིར་ལོག་འགྲོ་དགོས། བོད་མི་མང་ལ་རང་དབང་རང་བཙན་ཐོབ་ཐང་ཡོད་ཅེས་སྐད་འབོད་བྱས་པ་མ་ཚད། ངའི་གཅུང་པོ་གཏེ་དཔོན་ཡིན་ཞེས་བརྗོད། རྒྱ་དམག་ནས་ལམ་སེང་མེ་མདའ་བརྒྱབས་ཏེ་དམར་བསད་བཏང་སྐབས། ང་བསྟན་དགྲ་རྒྱ་དམར་གྱིས་བསད་སོང་། ༧རྒྱལ་བ་རིན་པོ་ཆེ་མཁྱེན་ནོ་ཡང་ཡང་བརྗོད་པས། མཐར་ཕུང་པོའི་ཁ་ནང་དུ་ས་བཤོས་ཏེ་བདག་མེད་དུ་བཞག ནག་ཉེས་ཆེ་བ་རྣམས་ལ་ལོག་སྤྱོད་རྒྱུག་ཁྱི་བོད་ནང་འདུག་རྩུབ་ཅན་གྱི་གསང་ཉུལ་ཁྱི་སྨྱོན་ལྟ་བུ་ལག་བཏང་དཔུང་སྒྲིལ་ལྐོག་ངན་སྤེལ་མི་ཉི་མ་རྒྱལ་པོ་ནང་འཁོར་རྗེས་འབྲང་མང་ཚོགས་ནང་ཁུལ་གྱི་ཁ་བྲལ་ལོག་སྤྱོད་སྲིད་གཞུང་གི་དུག་ངད་བསམ་བློ་ཡོད་ཚུལ་བཤད་དེ་མི་མང་པོར་འཐབ་རྩོད་རྫོགས་མེད་བཏང་བ་དང་། ཕ་དྲུག་བཀྲ་འཛོམ་ལྟ་སྲུང་ཁང་དུ་བཙོན་བཅུག་བྱས།

ཕ་དྲུག་ཆོས་རྫོང་གཞོན་པའི་ངག་དབང་སྨོན་ལམ་གྱི་ཁྱིམ་དུ་དྲག་ཆས་གློག་འཕྲིན་ཐོན་པ་སོགས་དང་རྒྱང་ཤེལ། དཔར་ཆས། བོད་ཀྱི་ས་ཁྲ། དེབ་ཡིག་ཁག སྨན་བཅོས་དགོས་མཁོ་སོགས་ཡོ་བྱད་ཆ་ཚང་མི་དམངས་ལ་མིག་སྟོན་གསལ་བཤད་བྱས། ངོ་ལོག་གྱེན་ལངས་བྱེད་པའི་དགྲ་བོ་ལུག་པགས་གྱོན་པའི་སྤྱང་ཀིའི་སྤྱང་ཕྲུག་ཀྲུང་གོ་གུང་ཁྲན་ཏང་གིས་འཐབ་རྩོད་ཀྱི་ཐལ་བའི་རྡུལ་ཕྲན་བཞིན་དུ་སློག་ཚུལ་དང་། ལོག་སྤྱོད་པའི་འགོ་ཁྲིད་རྒྱལ་ལོ་དོན་གྲུབ་ནང་མི། དྲུང་ཡིག་དཔོན་འཁོར་གྱི་འབར་རྩ་བཀོག་པ་ཡིན་ཞེས་དྲིལ་བསྒྲགས་བྱས། བོད་གཞུང་རྙིང་པ་རོ་ལངས་རྒྱག་པའི་དྲག་ཆས་མི་ངན་ཤོག་ཁག་ཕམ་ཉེས་བཏང་ནས་བཅིང་བཀྲོལ་དམག་མིར་རྒྱལ་ཁའི་གཟི་བརྗིད་ཐོབ་ལུགས་བརྗོད། དམར་པོའི་རིག་གནས་གསར་བརྗེའི་མངོན་འཐོན་གཞོན་ནུའི་འདུས་ཚོགས་སྣེ་འཁྲིད་མདུན་མཆོང་པ་ཡར་ལངས་ཏེ་ཧ་ལས་འར་འུར་གྱིས་མུར་མཛོག་གནམ་ལ་ཕྱར་ཏེ། བོད་ཀྱི་མངའ་བདག་ལོག་སྤྱོད་ཏཱ་ལ་ཁ་བྲལ་རིང་ལུགས་པའི་རྒྱུག་ཁྱི། ལོག་སྤྱོད་ཉི་མ་རྒྱལ་པོའི་ཤོག་ཁག་ལ་འཐབ་འཛིངས་བྱས་ནས་རྩ་མེད་བཟོས་པ་ཡིན་ཞེས་ལག་པ་བརྐྱངས་ཏེ་སྐད་ཅོར་རྒྱག་བཅུག་པའི་སྐབས་སུ་ཚིགས་བཅད་ཀྱི་གླུ་འདྲ་མིན་བརྩམས་ནས་གསལ་བསྒྲགས་སྤེལ་བའི་གྲས་སུ།

དཀར་པོའི་ལམ་དུ་འཁྲིད་མཁན། །ཏང་དང་མའོ་ཀྲུའུ་ཞི། །

ནག་པོའི་ལམ་དུ་འཁྲིད་མཁན། །ལོག་སྤྱོད་ཉི་མ་རྒྱལ་པོ། །

རྒྱག་རྒྱུ་མེད་པའི་མེ་མདའ། །བཅིང་བཀྲོལ་དམག་གིས་བརྒྱབས་སོང་། གཏོང་རྒྱུ་མེད་པའི་རླུང་འཕྲིན། །ལས་བྱེད་རུ་ཁག་བཏང་སོང་། །

མངའ་བདག་བཙོན་ཁང་གང་ལ། །བདག་མེད་ལོག་སྤྱོད་སྲིད་གཞུང་། །ཞེས་དམའ་འབེབས་ཀྱི་གཞས་ཚིག་བརྩམས་ཏེ་རིག་གནས་གསར་བརྗེ་མཇུག་སྒྲིལ་མ་བྱས་བར་གནས་ཁུལ་བྱས་ཤིང་། སྤྱི་ལོ་1967 ཟླ་བ་དང་པོའི་ཚེས་བཅུ་གསུམ་ཉིན་དིང་རི་རྫོང་སྤྱི་བདེ་དཔོན་རིགས་ཁག་ཅིག་ཕ་དྲུག་ཏུ་ལྟ་སྐོར་ལ་སླེབས། ཕ་དྲུག་ཡུལ་སྡེ་གྲངས་བརྒྱད་ཅུ་གྱ་གྲངས་ཡོད་པ་ཡོངས་རྫོགས་ཛ་དྲག་གིས་བསྐོངས་པའི་མི་མང་ཚོགས་ཆེན་ནང་། རྒྱ་དཔོན་ཚོས་ལོག་སྤྱོད་ཤོག་ཁག་གི་རྒྱུག་ཁྱི་གཙོ་བོའི་གྲས་ལ། ཆོས་ཕུག་སྐལ་བཟང་། ཆོས་ཕུག་དགྲ་འདུལ། སྨན་འབྲོག་མཁྱེན་རབ། སྨན་འབྲོག་བསྟན་འཛིན་ལྷུན་གྲུབ། རས་ཕུད་བློ་བཟང་དཔལ་རྒྱས། དཔལ་གསུམ་དོན་ཆུང་། དགའ་འབྲོག་གྲོང་དཀར་གྲྭ་བྱམས་པ། ཁྲལ་གསར་དཔལ་འབྱོར། གཤོངས་དཀར་ཕུར་བུ། དགའ་རྭ་ལྷ་ཆོས་ཚུལ་ཁྲིམས་བཅས་ཀྱི་སྒྲིག་འཛུགས་ནང་འཛུལ་ཞུགས་བྱས་པ་སུ་ཞིག་ཡིན་ཀྱང་རྒྱ་བོད་ཁ་བྲལ་བཏང་བའི་ནག་ཉེས་ཡོངས་རྫོགས་ཕ་དྲུག་ཏུ་འཛིན་བཟུང་ཡོད་པའི་ཁ་བྲལ་ཤོག་ཁག་ཏཱ་ལའི་བླ་མའི་རྒྱུག་ཁྱི་བཅུ་གཉིས་ཀྱི་འཁུར་དགོས་ཞེས་བཀའ་བཅད་ཁྲིམས་བསྒྲགས་བྱས་ནས། ཁོང་ཚོ་མི་བཅུ་གཉིས་ལ་ནག་ཉེས་བཀལ་ཏེ་རིམ་པ་གོང་མ་དིང་རི་སྤྱི་བདེའི་བཙོན་ཁང་ནང་རྩིས་སྤྲོད་དགོས་པའི་ཁྱབ་བསྒྲགས་སྤེལ། ༼ཕ་དྲུག་གི་དོན་རྐྱེན་འདིའི་གསང་བ་གང་ནས་ཤོར་ཚུལ་གླེང་གཞི་ཁ་གསལ་མི་སྣང་།༽

ཡང་དིང་རི་སྒང་དཀར་ཁོངས་སུ་རྒྱ་དམག་མཚན་མོ་ནང་ཁྱིམ་དུ་བཙན་འགེབས་ཀྱིས་སླེབས་ཐོག་ཁྱིམ་ཚང་སྔོག་གཤེར་ལོག་སྤྱོད་ཉི་མ་རྒྱལ་པོ་སྣེ་ལེན་དང་ལྐོག་ཉར་ལོ་ལྔའི་རིང་སྤེལ་བའི་བྱ་ངན་བྱས་ཚུལ་གྱི་དིང་རི་དགོན་ཕུག་གྲྭ་ཨོ་རྒྱན་ཚེ་རིང་དང་། དགོན་ཕུག་གྲྭ་ཀུན་བཟང་བདེ་ཆེན། སྒང་དཀར་སྤྱི་བདེའི་བཙོན་ཁང་དུ་བཅུག ཕ་དྲུག་ནས་བཙོན་པ་བཅུ་གཉིས་དང་ཁོ་གཉིས་བཅས་བསྡོམས་མི་བཅུ་བཞི་དིང་རི་རྫོང་ནས་གཞིས་རྩེ་སྤྱི་ཁྱབ་ཁང་ལ་རྩིས་སྤྲོད་བྱས།

གཞིས་རྩེ་སྤྱི་ཁྱབ་ནས་ཞིབ་དཔྱད་ལོ་གསུམ་རྗེས་བཀའ་ཁྱབ་བཏང་བ།1963 ལོར་ཉི་མ་རྒྱལ་པོའི་རྩ་འབྲེལ་འོག གྲོང་དཀར་ཁྲལ་གསར་ཐུབ་བསྟན་གྱི་བྱ་སྤྱོད་སྒྲུབ་མཁན་ཉེས་མིང་འོག 1969 ཟླ་བ་བཅུ་པའི་ཚེས་བཅུ་ཉིན་དིང་རི་རྫོང་མཁར་རྟ་ནས་ཤེལ་དཀར་གྲྭ་ངག་དབང་ལྷུན་གྲུབ་འཛིན་བཟུང་བྱས་དིང་རི་བཙོན་ཁང་དང་རིམ་གོང་གཞིས་རྩེར་རྩིས་སྤྲོད་བྱས། 1974 ལོར་ཟླ་བ་བཅུ་པའི་ནང་དིང་རི་ཤར་བསེའི་ཇོ་ལགས་ཚེ་དབང་རིག་འཛིན་བཙོན་ཐེངས་གཉིས་པ་འཛོིན་བཟུང་བྱས་ཏེ་དིང་རི་སྤྱི་བདེ་ཁང་བརྒྱུད་བཀར་ཁང་ནང་མ་ཉེས་ཁ་གཡོགས་འོག་བཙོན་བཅུག་བྱས།

བཙོན་པ་མི་གྲངས་བཅུ་བདུན་སྐྱེས་ཡུལ་དང་། མིང་། ཕྱི་ལོ། བཙོན་ཁྲིམས་བཏང་བའི་དུས་ཡུན་ལོ་གྲངས། བཙོན་བཅུག་ས་གནས་བཅས་ནི།

༼༡༽ མིང་། གྲྭ་ཨོ་རྒྱན་ཚེ་རིང་། སྐྱེས་ཡུལ་དིང་རི་རྫོང་དིང་རི་དགོན་ཕུག ཉེས་ཆད་ལོ། 15 ཕྱི་ལོ་1966 / 10/25 ནས 81/ 2/ 25 བར། བཙོན་ཁང་གྲ་བཞི།

༼༢༽མིང་། གྲྭ་སྐལ་བཟང་། སྐྱེས་ཡུལ། དིང་རི་རྫོང་ཕ་དྲུག་ཆོས་ཕུག ཉེས་ཆད་ལོ 15  ཕྱི་ལོ་1966 / 10/ 18 ནས 80 /1/25/བར། བཙོན་ཁང་ཨེ་མ་སྒང་།

༼༣༽ མིང་། གྲྭ་དགྲ་འདུལ། སྐྱེས་ཡུལ། དིང་རི་རྫོང་ཕ་དྲུག་ཆོས་ཕུག ཉེས་ཆད་ལོ། 15  ཕྱི་ལོ།1966/ 10/18/ནས80/1/25/ བར། བཙོན་ཁང་ཨེ་མ་སྒང་།

༼༤༽ མིང་། ཕོ་ལྷའི་མཁྱེན་རབ། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་རྫ་སྦུག ཉེས་ཆད་ལོ།15  ཕྱི་ལོ།1966/10/19/ ནས80/1/25/ བར། བཙོན་ཁང་ཨེ་མ་སྒང་།

༼༥༽ ༽མིང་། བསོད་དར་བསྟན་འཛིན་ལྷུན་གྲུབ། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་རྫ་སྤུག ཉེས་ཆད་ལོ་7 ཕྱི་ལོ། 1966/12/30ནས།73/1/25/ བར། བཙོན་ཁང་ཨེ་མ་སྒང་།

༼༦༽ མིང་། བདེ་ལེགས་བློ་བཟང་དཔལ་རྒྱས། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་རས་ཕུད། ཉེས་ཆད་ལོ། 15 ཕྱི་ལོ།1966/10/19ནས 80/1/25/ བར། བཙོན་ཁང་ཨེ་མ་སྒང་།

༼༧༽ མིང་། དོན་ཆུང་། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་དཔལ་གསུམ། ཉེས་ཆད་ལོ། 5 སྤྱི་ལོ། 1966/10/19ནས་71/2/1/ བར། བཙོན་ཁང་ཨེ་མ་སྒང་།

༼༨༽ མིང་། ཁྲལ་གསར་ཐུབ་བསྟན། སྐྱེས་ཡུ་དིང་རི་རྫོང་ཕ་དྲུག་གྲོང་དཀར། ཉེས་ཆད་ལོ། 3 ཕྱི་ལོ།1966 /10/18/ ནས།68/9/25/བར། བཙོན་ཁང་ལྷ་ས་གསང་ཡིབས།

༼༩༽ མིང་། ལྷོ་མ་ངག་དབང་གྲགས་པ། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་གྲོང་དཀར། ཉེས་ཆད་ལོ། 15 སྤྱི་ལོ། 1966/10/18ནས། 80/12/25/ བར། བཙོན་ཁང་ཨེ་མ་སྒང་།

༼༡༠༽ མིང་། གྲྭ་བྱམས་པ། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་གྲོང་དཀར། ཉེས་ཆད་ལོ། 15  སྤྱི་ལོ་1966/10/18/ ནས། 80/12/25/ བར། བཙོན་ཁང་ཨེ་མ་སྒང་། ༼༡༡༽ མིང་། ཁྲལ་གསར་དཔལ་འབྱོར། སྐྱེས་ཡུལ་ཕ་དྲུག་གྲོང་དཀར། ཉེས་ཆད་ལོ། 4  སྤྱི་ལོ་1966/10/18ནས། 69/4/3/ བར། བཙོན་ཁང་ཨེ་མ་སྒང་།

༼༡༢༽ མིང་། ཕུར་བུ། སྐྱེས་ཡུལ་ཕ་དྲུག་གཤོངས་དཀར། ཉེས་ཆད་ལོ། 15 སྤྱི་ལོ། 1966/10/18/ ནས 80/12/25་བར། བཙོན་ཁང་ཨེ་མ་སྒང་།

༼༡༣༽ མིང་། ལྷ་ཆོས་ཚུལ་ཁྲིམས། སྐྱེས་ཡུལ་དིང་རི་རྫོངས་ཕ་དྲུག་དགའ་རྭ། ཉེས་ཆད་ལོ།1 སྤྱི་ལོ་1966/10/18/ ནས། 67/9/25/ བར། བཙོན་ཁང་དིང་རི་རྫོང་ཤེལ་དཀར་གླིང་གསར།

༼༡༤༽ མིང་། སྐྱ་བྲག་གཡུལ་རྒྱལ། སྐྱེས་ཡུལ་དིང་རི་རྫོང་ཕ་དྲུག་རྫ་སྦུ། སྤྱི་ལོ་1966 / 10/19/ ནས67/1/3 བར། བཙོན་ཁང་བཀྲིས་འཛོམས།

༼༡༥༽ མིང་། གྲྭ་ཀུན་བཟང་བདེ་ཆེན། སྐྱེས་ཡུལ་དིང་རི་རྫོང་དིང་རི་དགོན་པ་ཕུག ཉེས་ཆད་ལོ།1 སྤྱི་ལོ་1966/10/30/ནས67/3/30བར། དིང་རི་རྫོང་ཤེལ་དཀར་གླིང་གསར།

༼༡༦༽ མིང་། ལྷོ་ཆུང་ངག་དབང་ལྷུན་གྲུབ། སྐྱེས་ཡུལ་དིང་རི་རྫོང་མཁར་རྟ། ཉེས་ཆད་ལོ། 13 སྤྱི་ལོ་1969 /3/13/ནས་81/2/27/ བར། བཙོན་ཁང་ལྷ་ས་གྲ་བཞི། ༼༡༧༽ མིང་། ཤར་བསེ་ཚེ་དབང་རིག་འཛིན། སྐྱེས་ཡུལ་དིང་རི་རྫོང་དིང་རི་ཤར་ལུང་། སྤྱི་ལོ་1974/ 10/8ནས 82/512བར། བཙོན་ཁང་ལྷ་ས་གྲ་བཞི།

 

༼༡༣༽ དམར་བསད་བཏང་བ་དང་རང་སྲོག་ཤོར་བ།

 

1༽འགྱུར་མེད་རང་སྐེ་རང་གིས་ཐག་པས་བསྡམས་ནས་ཤི། ས་གནས་ཕ་དྲུག ༡༽ཕ་དྲུག་གྲོང་དཀར་ཁྲལ་གསར་ཟླ་བ་ཚེ་རིང་དམར་བསད་བཏང་བ། ས་གནས་ཕ་དྲུག  3 ༽གྲོང་དཀར་ཁྲལ་གསར་ཐུབ་བསྟན་རྒྱ་གཞུང་གིས་གསལ་བསྒྲགས་བྱས་ཐོག་དམར་བསད་བཏང་བ། ས་གནས་ལྷ་ས། 4༽གྲོང་དཀར་ཁྲལ་གསར་དཔལ་འབྱོར། བཀྲེས་སྐོམ་གྱིས་མནར་ནས་མཐར་རང་སྐེ་རང་གིས་བསྡམས་ནས་རང་སྲོག་རང་གིས་བཅད་ནས་ཤི། ས་གནས་ཨེ་མ་སྒང་། 5༽དཔལ་གསུམ་དོན་ཆུང་། མཚོན་ཁབ་ཁ་ནང་དུ་བཟས་པའམ་བཅུག་སྟེ་མགྲིན་པའི་སྒང་ལ་བཙུགས་ནས་རང་སྐེ་རང་གིས་བསྡམས་ནས་ཤི། ས་གནས་ཨེ་མ་སྒང་། ཕ་དྲུག་ཉི་མ་རྒྱལ་པོས་བྲིས་སྤེལ་དེབ་ཀྱི་ཤོག་གྲངས། 352 ནས 483 བར་གྱི་གནད་དོན་སྙིང་བསྡུས་སུ་སྡོམ་པའོ།།

 

༼༡༤༽ ཟུར་མཚོ་སྨན་ཕུར་གྱི་དོན་རྐྱེན་སྐོར།

 

ཟུར་མཚོ་སྨན་ཕུར་ཁུལ་དུ་བོད་མིའི་དྭང་བླངས་དྲག་དཔུང་ཁོངས་གསང་འཇབ་པ་བོད་ནང་བཅའ་སྡོད་པ་ཚོའི་སྡོད་ཡུལ་ས་གནས་བརྗེ་ལེན་གྱིས་རི་ཁུག་ནང་ཉིན་མོ་ཇ་དང་ཁ་ལག་སྐོལ་གྱིན་ཡོད་པའི་སྐབས། གློ་བུར་དུ་རྒྱ་དམར་གྱི་ལྟ་སྲུང་ཡུལ་དམག་ལས་བྱེད་གཉིས་ཀྱིས་ཤེས་ཚོར་གྱིས་ངོ་ཐུག་བྱུང་སྟེ། གློ་བུར་དུ་གསང་བ་ཤོར་ནས་གནས་སྟངས་གཞན་གྱར་ལ་ཕྱིན་ཏེ། སྤྱི་ལོ་1966 ཟླ་བ་དགུ་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུ་ཞི་སྤྱི་ཁྱབ་རན་རོང་དང་། བོད་སྡོད་དཔུང་སྡེའི་ལྷ་ས་སི་ལིང་པུའུའི་སྤྱི་ཁྱབ་ལྷན་ཁང་ནས་ཛ་དྲག་གིས་ཆོག་མཆན་འོག མགུ་ཚོ་རྒྱལ་སྲུང་དམག་མི་ཉིས་བརྒྱ་སྐོར་བཅས་ཀྱི་ཐོག རྒྱལ་སྲུང་བཅིངས་བཀྲོལ་དམག་མི་ལྔ་བརྒྱ་ཐམ་པས་གཉའ་ནང་ལ་ཁྲོད་ནས། ཏོག་མདོ་འཕྲང་། ན་བཀྲ་རི་ཁྲོད། སྤྱད་ཕུ་རི་མཐའ་བསྐོར་ཞིང་། ས་གནས་ཡུལ་དམག་མཉམ་འབྲེལ་གྱིས་གྲོང་སྡེ་ཚོ་ཁག་ཉི་ཤུ་རྩ་གྲངས་ཐོག་བཙན་འགེབས་ཀྱིས་ལྐོག་འཛུལ་འཇབ་དམག་དྲག་ཆས་སྤྲས་པ་ཚོར་འབྲེལ་ལམ་རྒྱབ་སྐྱོར་བྱས་པའི་ཡུལ་མི་གཏེ་པོ་སུ་ཡིན་ཡང་། རྒྱལ་སྲུང་དམག་མིར་མགོ་བཏགས་ངོས་ལེན་ཐོག་དྲག་ཆས་བཅོལ་བཞག་ཡོད་པ་རྩིས་འབུལ་གཙང་མ་མ་ཞུས་ན།  ཉེས་པ་སྲོག་ཐོག་ཏུ་འགྲོ་བ་ལས་མེད་ཚུལ་གསལ་བསྒྲགས་བྱས།

ཟུར་མཚོ་ཕྲུ་འདུལ་ཀོང་པོའི་ནང་དུ། ཐུབ་བསྟན་ཐོགས་མེད་དང་། དིང་རི་ར་ཆུ་སྟེང་བྱང་དབང་འདུས། ལྷོ་ཁ་དཔལ་ལྡན། ལྷོ་ཁ་བྱམས་པ་བཅས་མི་བཞི་ལ། སྣེ་ལེན་བྱེད་མི་འབྲོག་ལས་ཁང་གསར་ཤེལ་གྲྭ་ཐུབ་བསྟན་དམ་ཆོས། འབྲེལ་ཡོད་ཟུར་མཚོ་ཀོང་པོ་རྟ་མགྲིན་བཅས་མི་དྲུག་གིས་རྒྱ་དམག་ལ་མགོ་བཏགས་མ་ཞུས་པར་ཅ་དངོས་ཡིག་རིག་ཚང་མ་མེར་བསྲེགས་བཏང་གྲུབ་མཚམས་བྲོས་ཐག་བཅད་པ་བཞིན་བྱས་ནས་བྲོས་བྱོལ་སྐབས་རྒྱ་དམག་གིས་མེ་མདའ་ཟམ་མ་ཆད་པར་བརྒྱབས། ལྷོ་ཁ་དཔལ་ལྡན་དང་། འབྲོོག་ལས་ཐུབ་བསྟན་གཉིས་མཚོན་ཆའི་འོག་དམར་བསད་བཏང་། དྭང་དམག་ལྷོ་ཁ་བྱམས་པར་མགུ་མཚོ་ཐང་དུ་རྨས་སྐྱོན་ཕོག བྱམས་པས་བོད་རང་བཙན་ཡིན་ཚུལ་དང་རང་དབང་རྩོད་ལེན་གྱི་དམིགས་ཡུལ་བསྒྲུབ་ཕྱིར་བོད་ནང་ཡོང་ཚུལ་དང་རྒྱ་མི་བོད་ནས་ཕྱིར་ལོག་བྱེད་དགོས་ཞེས་སྐད་ཤུགས་ཆེར་བརྒྱབས་པས་དྲན་པ་ཐོར་ནས། ཕུང་པོ་ལ་རྒྱ་དམག་གིས་རྡོག་རྒྱག་ཞུས་ཞིང་ཤི་སོང་བའི་རྗེས་ལོག་སྤྱོད་པ་ཁྱི་རོ་ཡིན་ཚུལ་བཤད་དེ། བདག་མེད་ཐང་ལ་གཡུགས།

དིང་རི་སྟེང་བྱང་དབང་འདུས་དང་། ཟུར་མཚོ་ཀོང་པོའི་པ་སངས་བཀྲ་ཤིས་གཉིས་བྲོས་ཐར་བྱུང་། སྨན་ཁབ་ཕྱུག་པོའི་ཚེ་རིང་རྒྱལ་པོ། སྨན་ཁབ་བློ་བཟང་བཟོད་པ། འབྲོག་ལས་ཤར་སྒོའི་རྟ་མགྲིན། འབྲོག་ལས་མུག་ཆུང་བསོད་ནམས། ན་ཟླུམ་སྨད་ཁྲལ་གསར་པདྨ་བསམ་འཕེལ། བེའུག་ཆོས་དབང་། མཁར་ཁྱུ་ཁང་སྐྱིད་བསྟན་འཛིན་འགྱུར་མེད། བུམ་ཁང་སྤྱད་ཕུ་གྲྭ་ཨོ་རྒྱན་བཅས་ལ་འཐབ་འཛིངས་མནར་གཅོད་རིམ་པ་མང་པོ་བཏོང་བཞིན་སྤྱི་བདེའི་ཞིབ་འཇུག་འོག་ཟླ་བ་བཞི་ལྔའི་རྗེས། 1967 ལོའི་ཟླ་བ་དགུ་པའི་ཚེས་བདུན་ཉིན་གཞིས་རྩེ་བཀར་ཁང་ནང་དུ་བཏང་།

བཙོན་འོག་ཏུ་ཤོར་བའི་མིང་དང་། སྐྱེས་ཡུལ། ལོ་དུས། ཉེས་ཆད་ལོ། བཙོན་ཁང་ས་གནས།

༼༡༽ མིང་། ཀོང་པོའི་རྟ་མགྲིན་དབང་རྒྱལ། སྐྱེས་ཡུལ་གཉའ་ནང་རྫོང་ཟུར་མཚོ་ཕྲུ་འདུལ། ཉེས་ཆད་ལོ་12 ཕྱི་ལོ་1966/8/17ནས79/4/2བར། བཙོན་ཁང་ལྷ་ས་གསང་ཡིབ།

༼༢༽ མིང་། ཕྱུག་པོའི་ཚེ་རིང་རྒྱལ་པོ། སྐྱེས་ཡུལ་སྨན་ཁབ་སྨད། ཉེས་ཆད་ལོ་14 ཕྱི་ལོ1966/10/11/ ནས་80/10/1བར། བཙོན་ཁང་ཨེ་མ་སྒང་།

༼༣༽ མིང་། གྲྭ་བློ་བཟང་བཟོད་པ། སྐྱེས་ཡུལ་སྨན་ཁབ་ཕུ་རི། ཉེས་ཆད་ལོ་7 ཕྱི་ལོ1967/1/4/ ནས 80/2/20བར། བཙོན་ཁང་ཨེ་མ་སྒང་།

༼༤༽ མིང་། ཤར་སྒོའི་རྟ་མགྲིན། སྐྱེས་ཡུལ་འབྲོག་ལྷས། ཉེས་ཆད་ལོ་14 ཕྱི་ལོ། 1966/10/11ནས80/11/1བར། བཙོན་ཁང་ཨེ་མ་སྒང་།

༼༥༽ མིང་། མུག་ཆུང་བསོད་ནམས། སྐྱེས་ཡུལ་ཟུར་མཚོ་འབྲོག་ལྷས། ཉེས་ཆད་ལོ་14  ཕྱི་ལོ།1966/10/11 ནས80/11/1བར། བཙོན་ཁང་ཨེ་མ་སྒང་།

༼༦༽ མིང་། ཁྲལ་གསར་པད་མ་བསམ་འཕེལ། སྐྱེས་ཡུལ་ཟུར་མཚོ་ན་ཟླུམ། ཉེས་ཆད་ལོ་14 ཕྱི་ལོ་1966/10/11/ ནས 80/10/1བར། བཙོན་ཁང་ཨེ་མ་སྒང་།

༼༧༽ མིང་། བྱ་མང་ཆོས་དབང་། སྐྱེས་ཡུལ་ཟུར་མཚོ་ཤར་གཞུང་བེ་འུག། ཉེས་ཆད་ལོ་14 ཕྱི་ལོ་1966/10/11ནས 80/11/1བར། བཙོན་ཁང་ཨེ་མ་སྒང་།

༼༨༽ མིང་། བདེ་སྐྱིད་པའི་སྟོབས་ཆུང་། སྐྱེས་ཡུལ་ཟུར་མཚོ་མདའ་ཆོད། 1966/10/14/ ནས67/1/15བར། བཙོན་ཁང་ཟུར་མཚོ་ཅོང་མོ་ལྟ་སྲུང་ཁང་།

༼༩ ༽ མིང་། ཁང་སྐྱིད་བསྟན་འཛིན། སྐྱེས་ཡུལ་ཟུར་མཚོ་མཁར་ཁྱུ། ཉེས་ཆད་ལོ་14  ཕྱི་ལོ་1966/10/12/ ནས80/11/1བར། བཙོན་ཁང་ཨེ་མ་སྒང་།

༼༡༠༽ མིང་། སྤྱད་ཕུ་གྲྭ་ཨོ་རྒྱན། སྐྱེས་ཡུལ་ཟུར་མཚོ་བུམ་ཁང་སྤྱད་ཕུ། ཉེས་ཆད་ལོ་14  ཕྱི་ལོ་1966/10/11/ ནས 80/11/1བར། བཙོན་ཁང་ཨེ་མ་སྒང་།། དམར་བསད་བཏང་གནས་སྲོག་ཤོར་བ། ལྷོ་ཁ་དཔལ་ལྡན། འབྲོག་ལས་ཤེལ་གྲྭ་ཐུབ་བསྟན། ལྷོ་ཁ་བྱམས་པ་བཅས་ཀྱི་སྲོག་ཤོར་འདུག ཟུར་མཚོ་དང་། སྨན་ཁབ། སྤོང་རོང་རྣམས། ཕྱི་ལོ་1959 ལོའི་གོང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གིས་འཛིན་སྐྱོང་སྐབས་དིང་རི་ཤེལ་དཀར་རྫོང་ས་ཁུལ་གྱི་ཁྱབ་ཁོངས་དང་། ཕྱི་ལོ་1959 ལོའི་རྗེས་ནས་རྒྱ་གཞུང་གིས་གཉའ་ནང་རྫོང་ཁོངས་སུ་བཅུག་འདུག །ཕ་དྲུག་ཉི་མ་རྒྱལ་པོས་བྲིས་སྤེལ་གྱི་དེབ་ཤོག་གྲངས་484 ནས 588 བར་གྱིས་གནད་དོན་ཅུང་ཟད་བསྡུས་ཏེ་བསྒྲིགས་པའོ།།

 

༼༡༥༽ གངས་བུ་ལེའི་དོན་རྐྱེན་སྐོར།

 

དྭངས་བླངས་པ་ཐང་དཀར་དཔལ་གླིང་བསྟན་འཛིན་རྡོར་ལགས། རྩ་སྐོར་བཟང་པོ་སོགས་ལས་བྱེད་ཁག་དིང་རི་རྫོང་ཁོངས་མང་ཁྱུང་དང་། བུམ་ཤོད་རྩ་སྐོར་བརྒྱུད། ཀླུང་བྱང་ཡུལ་སྡེ་སོགས་ལ་མཚན་མོར་ནང་འབྲེལ་བྱེད་སྐབས། དིང་རིའི་ས་སྲུང་བཅིངས་བཀྲོལ་དམག་གིས་ཤེས་རྟོགས་བྱུང་ནས་རྗེས་དེད་བྱུང་སྟེ། འབྲེལ་ལས་པ་རྩ་སྐོར་པ་སངས་ཚེ་རིང་ལ་མེ་མདའ་འཕངས་ཏེ་དམར་བསད་བཏང་བའི་ཕུང་རོ་ཡུལ་དམག་གིས་གཙང་མ་བཟོས་ཤིང་། རྩ་སྐོར་བཟང་པོ་ཡུལ་དམག་དང་བཅིངས་དམག་མཉམ་འབྲེལ་གྱིས་འཛིན་བཟུང་གིས་ཉེས་རྡུང་དྲག་པོ་བཏང་སྟེ། ཉེན་རྟོག་དམག་མི་ཉིས་བརྒྱ་ཡས་མས་མཉམ་དུ་ས་གནས་ལམ་སྟོན་བྱེད་པར་ཁྲིད། གངས་བུ་ལེ་རོང་གི་ཤར་ཕྱོགས་ནས་ལྷ་རྩེ་རྫོང་གི་དམག་དཔུང་གྲངས་ལྔ་བརྒྱ་སྐོར་ཞིག་ཐོག་མར་འབྱོར་འདུག གངས་བུ་ལེའི་ལྷོ་ནས་དིང་རི་རྫོང་གི་དྲག་དཔུང་འབྱོར། དེའི་མཇུག་བྱང་ནས་ངམ་རིང་རྫོང་གི་དྲག་དཔུང་དང་། བོད་རིགས་ཡུལ་དམག་ཚོ་ཁག་མང་པོ་མཉམ་དུ་ལམ་སྣེ་ས་རྒྱུས་ལ་སླེབས།

སྤྱི་ལོ་1966 ཟླ་བ་བཅུ་གཉིས་པའི་ཚེས་ཤར་ལ་ལྷ་རྩེ་རྫོང་ནས་དཔུང་དམག་ལྔ་བརྒྱ་ཐོག་མར་གངས་བུ་ལེ་རི་བརྒྱུད་བྲག་ཕུག་བཙན་ཁང་ཕྱོགས་སུ་སླེབས་ནས་དྭང་བླངས་སྒྲ་འཛིན་གློག་འཕྲིན་ཉན་གཏོང་ལས་མི་ཚོ་ཁག་གི་སྒར་བབ་ས་གནས་མཐའ་བསྐོར་ཏེ།  དཔུང་དམག་གིས་མེ་མདའ་གནམ་ལ་བརྒྱབས་ནས་སྔོན་བརྡ་བཏང་སྟེ། ཁྱེད་ཚོ་བོད་གཞུང་ཁ་བྲལ་བའི་དབུ་ཁྲིད་ཏཱ་ལའི་བླ་མའི་ཕྱོགས་གཏོགས་འཇབ་རྐུན་དྲག་ཆས་སྤྲས་པའི་ངོ་ལོག་པ་རྒྱལ་སྲུང་བཅིངས་བཀྲོལ་དམག་དཔུང་ལ་མགོ་བཏགས་བྱེད་དགོས་པའི་བརྡ་བསྟན་ནས་ཞི་འཇམ་གྱི་ལག་འཛིན་ཐུབ་ཐབས་ཡུན་རིང་བྱས་འདུག བྲག་ཕུག་བཙན་ཁང་ནས་གློག་འཕྲིན་ཉན་གཏོང་དྭང་བླངས་པས། ཁྱེད་རང་ཚོ་ཡང་རྒྱ་དམར་གྱི་འགོ་ཁྲིད་ཅིག་བྱས་ཏེ་འདི་གར་ཡོང་བ་རེད། ང་ཚོ་ཡང་བོད་ཀྱི་དབུ་ཁྲིད་ཆེན་པོ་༧སྐྱབས་མགོན་ཏཱ་ལའི་བླ་མའི་ཕྱོགས་གཏོགས་མི་མང་གི་འགོ་འཁྲིད་ཅིག་བྱས་ནས་འོངས་པ་ཡིན་ཞེས་སྐད་ཤུགས་ཆེན་པོས་བརྡ་ལེན་སྤྲད་ནས་བྲག་ཕུག་ནང་ཕྱིར་ལོག

ཡང་རྒྱ་དམག་དཔོན་རིགས་མཉམ་དུ་ཡོད་པའི་ལྷ་རྩེ་རྫོང་གི་གཞི་རིམ་དཔོན་པོ་ཚོས་བོད་ཁ་བྲལ་ཏཱ་ལའི་གཞུང་གིས་བཙན་དབང་གིས་འདི་གར་བཏང་ན་ཡང་། རྒྱ་དམར་དྲག་དཔུང་ལ་མགོ་བཏགས་བྱས་ན་གུ་ཡངས་སྲིད་བྱུས་ཡིན་པའི་སྐད་ཤུགས་ཆེན་པོ་བརྒྱབས་ཏེ། བརྡ་སྟན་ནས་ཞི་བའི་ཐབས་ཤེས་བྱས་ཏེ་མེ་མདའ་མ་བརྒྱབས་པར་ཡུན་རིང་བསྒུགས་ནས་བསྡད་སྐབས། རྒྱ་གར་ནས་ཡོང་བ་ཚོས་སྐད་ཤུགས་ཆེན་པོས་རྒྱ་དམར་གཞུང་ནི་བོད་ས་བཙན་འཕྲོག་བྱེད་མཁན་བོད་མིའི་དགྲ་བོ་ངོ་མ་ཡིན་ན། ང་ཚོ་སུས་སུ་ལ་མགོ་བཏགས་བྱེད་དགོས་ཀྱི་རེད་ཅེས་ལབ་འདུག་པའི་སྐབས་དེར་ལམ་གསེང་བྲག་ཕུག་ནང་འཇབ་འཛུལ་པ་ཚོས། མེ་བཏང་སྟེ་ཡིག་རིགས་དང་། གློག་འཕྲིན་གྱི་ཡོ་བྱད་ཚང་མ་མེར་བསྲེགས་བཏང་སྟེ་དུ་བ་སྔོ་བུང་བུང་ཐིོན་ཏེ་ཆུ་ཚོད་གཉིས་ཙམ་ནས་སླར་ཡང་ཁོ་ཚོས་ཁྱེད་ཚོ་སུ་ཡིན་ཞེས་སྐད་བརྡ་བཏང་ལུགས་བརྗོད་འདུག་པར། དྲག་དཔུང་དང་། ལྷ་རྩེེ་རྫོང་གི་ལས་བྱེད་ཡིན་། ཁྱེད་ངོ་ལོག་དྲག་ཆས་སྤྲས་པ་རྣམས་མགོ་བཏགས་བྱས་ན་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་བྱུས་གུ་ཡངས་ཡིན་ལུགས་སྐད་བརྡ་བཏང་བར། ཁོས་ཚོས་ཁྱེད་ཡར་ལངས་ནས་སྐད་ཤུགས་ཆེན་པོ་བརྒྱབས་ན་མ་གཏོགས་སྐད་ཆ་ཧ་གོ་ཡི་མིན་འདུག་ཅེས་ལབ་མ་ཐག ཤན་གྱི་ལས་བྱེད་པ་ཞིག་ཡར་ལངས་ཏེ་སྐད་བཏང་མ་ཐག་ཏུ་བྲག་ཕུག་ནས་མེ་མདའ་བརྒྱབས་ཏེ་མགོ་བོའི་ཞྭ་མོ་གནམ་ལ་ཁྱེར་བའི་རྗེས་སུ་རྨས་སྐྱོན་བཏང་།

བོད་ཀྱི་འཇབ་འཛུལ་པས་མགོ་བཏགས་མ་བྱས་པར་ཕྱོགས་ཕན་ཚུན་མེ་མདའ་རྒྱག་རེས་བྱས་པའི་སྐབས་བྲག་ཕུག་དེར་རྒྱ་མིའི་དཔུང་དམག་གིས་མེ་མདའ་སྦག་སྦག་དང་། མི་ཤིན་ཀན་གང་བརྒྱབས་ཀྱང་བྲག་ཕུག་ནང་ལ་མེ་མདའ་མི་འགྲོ་བར་བརྟེན་ལག་འབམ་འབར་རྫས་གཡུགས་པས་ཁོ་ཚོའི་སྡོད་ཁང་དང་བཅས་པ་རྩ་གཏོར་བཏང་གྲུབ་སྐབས། ས་གནས་བྲག་ཕུག་དེའི་ནང་ཁོ་པ་ཚོའི་ཕུང་པོ་དང་། ལག་ཏུ་མེ་མདའི་རྡེའུ་ཤུབས་སྟོང་པ་ཡོད་པ་ལས་གཞན་གནད་འགག་ཡོད་པའི་གློག་འཕྲིན་ཡོ་བྱད་དང་། ཡིག་རིགས་སོགས་སྣེ་གཅིག་མེད་པའི་ཐོག་ཉལ་ཆས་ཐབ་སྡིག་རྣམས་ཀྱང་མེར་བསྲེགས་བཏང་སྟེ་གང་ཡང་མཐོང་རྒྱུ་མེད་པར། རྒྱ་དམར་ཞི་དྲག་དཔོན་རིགས་ཚོ་ཧ་ལས་ཏེ་བོད་ཀྱི་ངོ་ལོག་པ་འདི་ཚོའི་བྱ་སྤྱོད་ལ་ལྟོས་དང་ཟེར་ཞིང་། ཁོ་པ་ཚོ་མགོ་སྦྲེལ་ཏེ་མཉམ་དུ་ཤི་འདུག་པའི་ཕུང་རོ་དེ་རྣམས་ངོ་རྟགས་དཔྱོད་མཁན་དིང་རི་རྫོང་ནས་དྲག་དམག་བརྒྱ་ཤོག་གཅིག་མཉམ་དུ་ཁྲིད་པའི་དེ་གའི་འབྲེལ་ལས་པ་རྩ་སྐོར་བཟང་པོ་འཛིན་བཟུང་ཐུབ་པས་ཁོ་པར་ཕུང་རོ་མིག་སྟོན་གྱིན་སུ་ཡིན་མིང་ཐོ་འགོད་སྐབས།  ངམ་རིང་རྫོང་ནས་དྲག་དཔུང་ལྔ་བརྒྱ་སྐོར་འཁྲིད་པའི་རྒྱ་མི་ཤང་ཀྲང་ཅང་གཡུ་དྲུང་དཔོན་འཁོར་མཉམ་འཛོམས་ཀྱིས་ཞི་འཇམ་ལག་འཛིན་གྱིས་གསོན་པོར་འཁྲིད་རྒྱུ་རྒྱ་ནག་དམག་སྲིད་བོད་ལྷ་ས་སྤྱི་ཁྱབ་ཁང་གིས་བཀའ་འབྲེལ་ཐབས་ལམ་སྟོན་པར་ལམ་ལྷོངས་མ་བྱུང་སོང་ཞེས་ལབ་འདུག བྲག་ཕུག་ནང་འདས་གྲོངས་སོང་བ་རྣམས་ཀྱི་ལོ་རྒྱུས་མི་གསལ།  དམར་བསད་བཏང་བ། ཆོས་འབྲོག་བསྟན་འཛིན། རྐྱེན་དེ་འབྲེལ་ལ་བརྟེན་ནས་བཙོན་དུ་བཅུག་པ། མིང་། རྩ་སྐོར་བཟང་པོ། སྐྱེས་ཡུལ་དིང་རི་རྫོང་རྩ་སྐོར། བཙོན་བཅུག་ལོ་ཅུ་གཉིས། མིང་། ཀྲན་འབྱོར་ཚེ་དབང་རྡོ་རྗེ། སྐྱེས་ཡུལ་ངམ་རིང་རྫོང་གཅུང་ནང་།  བཙོན་བཅུག་ལོ་ཉི་ཤུ། མིང་། སྨན་རྗེ་དོན་གྲུབ་འཕྲིན་ལས། སྐྱེས་ཡུལ་ངམ་རིང་རྫོང་།  བཙོན་བཅུག་ལོ་བཅོ་ལྔ། མིང་། གནག་པ་སྤེན་པ། བཙོན་བཅུག་ལོ་ཅུ་གཉིས མིང་འབྲོག་པ་བསོད་ནམས་ཕུན་ཚོགས། སྐྱེས་ཡུལ་ལྷ་རྩེ་རྫོང་སྤྱན་གསར། མིང་། སྒོ་མོ་པདྨ། སྐྱེས་ཡུལ་ལྷ་རྩེ་རྫོང་སྤྱན་གསར། མིང་ཟླ་བ་བཀྲ་ཤིས། སྐྱེས་ཡུལ་ལྷ་རྩེ་རྫོང་སྤྱན་གསར། མིང་། རྡོར་ཆུང་། སྐྱེས་ཡུལ་ལྷ་རྩེ་རྫོང་སྤྱན་གསར། གོང་ཞུས་མི་བཞི་བཙོན་བཅུག་བཀའ་ཆད་ལོ་བཅུ་གྲངས་ཤིག་བཟོས་པར་གསལ། ཕ་དྲུག་ཉི་མ་རྒྱལ་པོས་བྲིས་སྤེལ་གྱི་དེབ་ཤོག་གྲངས། 590 ནས 634 བར་གྱི་བརྗོད་བྱ་ཉུང་ངུ་བསྡུས་པའོ།།

 

༼༡༦༽ མའོ་ཤི་རྗེས་ཀྱི་མྱ་ངན་སྐོར།

 

1976 ལོར་མའོ་རྩེ་ཏུང་ན་ཚོད་83་ལོར་ཚེ་ལས་འདས་རྗེས། རྒྱ་མིས་ཕྱོགས་གང་སར་མྱང་ངན་ཚོགས་འདུ་བསྐོངས་ཤིང་། གདུང་སེམས་སྐྱོ་སྣང་མཚོན་བྱེད་དུ་ཚང་མ་ངུ་དགོས་པའི་ལས་འགུལ་སྤེལ། དིང་རིའི་ཁུལ་ལ་མཚོན་ན། ལ་ལ་ནི་ངོ་མ་ངུ་མཁན་འདྲ་པོ་ཡང་བྱུང་ཚོད་འདུག ཕལ་ཆེར་ནི་རྫུན་ངུའི་ངོ་གདོང་བསྟན་འདུག མང་པོ་ཞིག་ནི་མགོ་ལ་སྟོད་གོས་བཏུམས་ནས་གད་མོ་ཤོར་མཁན་དང་། ཡང་ཕུ་ཐུང་གདོང་ལ་བཀབ་ནས་གད་མོ་ཤོར་མཁན་བྱུང་འདུག ཕ་དྲུག་ནས་མི་འགའ་ཤས་ཤིག་གིས་མའོ་ཤི་བ་གོ་ནས་མྱ་ངན་ཚོགས་འདུ་ཚར་རྗེས། ཁོ་ཚོས་མའོ་ཤི་ནས་དགའ་སྐྱིད་ཀྱི་ངང་ལྷ་མཆོད་བྱས་པ་དེ་རྒྱ་གཞུང་གིས་ཧ་གོ་ནས་དིང་རི་རྫོང་བཙོན་ཁང་དུ་བཙོན་བཅུག་བྱས་འདུག ཁོ་ཚོའི་མིང་དང་། ཕ་དྲུག་ལུང་སྡེ་གང་ནས་ཡིན་ཧ་གོ་མ་སོང་། མའོ་ཤི་བའི་སྔ་རྗེས་སུ་རྒྱ་དཔོན་ཁ་ཤས་ཞིག་ཀྱང་ཤི་བ་འདྲ་སྟེ། དིང་རི་རྫོང་གི་ལས་བྱེད་པ་གཅིག་གིས་གུང་ཁྲན་ཏང་གི་བུམ་སྟོང་ཤོར་བ་རེད་ཅེས་ལབ་འདུག རྗེས་སུ་ཁོང་ཡང་བཙོན་བཅུག་བྱས་འདུག ཁོང་གི་སྐྱེས་ཡུལ་མཚོ་སྒོ་གྲམ་མཚོ་ཕྱོགས་ནས་རེད་ཟེར། ཁོང་ཚོ་བཙོན་ཁང་ནང་རྒྱུན་རིང་ལོད་བཅུག་མིན་གྱི་ལོ་དུས་སོགས་ཤེས་མ་སོང་།

 

༼༡༧༽ དགོན་པ་བརྒྱ་ཕྲག་མེད་པར་བཟོས་པའི་སྐོར།

 

1960 རྗེས་སུ། དམངས་གཙོའི་བཅོས་སྒྱུར་ཟེར་བ་དང་། གསུམ་སྐོར་གཉིས་ཆག་ཟེར་བ་དང་། རིག་གནས་གསར་བརྗེ་ཟེར་བ་སོགས་མིང་འདོགས་སྣ་ཚོགས་ཤིག་གི་འོག་བོད་མི་རྣམས་ཀྱིས་སྡུག་སྦྱོང་སྣ་ཚོགས་ཤིག་མྱངས་ཡོད། རིག་གནས་གསར་བརྗེའི་སྐབས་རྙིང་གཏོར་གསར་བརྗེ་ཞེས་དགོན་པ་ཚང་མ་གཏོར་ཡོད། དེ་ཡང་། 1966 ནས་1976  བར་བོད་ནང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་སྐབས་བོད་ཀྱི་རྒྱལ་རབས་མང་པོའི་ནོར་རྫས་དང་ཅ་དངོས། རྒྱལ་ཁང་། ལོ་རབས་མང་པོའི་དགོན་པ་དང་། སྐུ་གསུང་ཐུགས་རྟེན། བླ་རབས་མང་པོའི་བླ་བྲང་། མི་རབས་མང་པོའི་ཁྱིམ་རྒྱུད་ཀྱི་ཅ་དངོས་སོགས་བོད་ཀྱི་སྣོད་བཅུད་ཚང་མ་རྒྱ་ནག་གཞུང་ནས་བཙན་ཤུགས་ཀྱིས་ཤུལ་མེད་བཟོས་ཞིང་། བོད་སྲིད་པ་ཆགས་པ་ནས་ལོ་རྒྱུས་ཀྱི་ནང་བྱུང་མྱོང་མེད་པའི་ལྟས་ངན་བཀྲ་མི་ཤིས་པའི་བྲག་ཆར་རླུང་ཚུབ་ནི་འགྲོ་བ་མི་མ་སྟོང་གི་བར་དང་། བསྐལ་པ་མ་འཇིག་གི་བར་དུ་ཡང་རྒྱ་གཞུང་གི་སྡིག་ཉེས་ཚབས་ཆེན་ནམ་མཁར་མི་ཤོང་བ་བསགས་པ་འདི་སུབ་ཐབས་དང་། ཟློག་ཐབས་མེད་ཅིང་། མ་འོ་གཙོས་པའི་རྒྱ་གཞུང་གི་དཔོན་ངན་ཚོའི་བྱ་ངན་སྤྱོད་ངན་གྱི་འབྲས་བུ་ཡིན་སྟབས། མི་འདོད་བཞིན་དུ་མཇུག་འབྲས་ངན་པ་དང་། གཏམ་ངན་མི་ཁ་ས་སྟེང་དུ་མི་ཤོང་བ་ཞིག་ཀྱང་རེད།

དིང་རི་ཤེལ་དཀར་མངའ་ཞབས་ཁུལ་ལ་མཚོན་ན་དགོན་པ་གྲངས། 111 ཡོད་པ་དབུས་གཙང་སྤྱི་ཟུར་དིང་རི་སྒང་དཀར་བ་དང་ཤར་ཡོན་ཏན་རྒྱ་མཚོའི་ལོ་རྒྱུས་དེབ་ཕྲེང་དང་པོ་ཤེལ་དིང་ཁུལ་གྱི་བྱུང་རིམ་ཞེས་པའི་ནང་གསལ། དེབ་དེའི་ནང་ཁོང་གིས་གུས་ནས་གང་ཤེས་ཀྱི་དགོན་པ་མ་ལུས་པ་དེབ་འདིའི་ནང་བཀོད་ཁུལ་ཞུས་ཀྱང་། ཤེལ་དཀར་རྫོང་མངའ་ཞབས་ས་རྒྱ་ཆེ་བས་གུས་ནས་མ་ཤེས་པར་དགོན་པ་འགའ་ལུས་སྲིད་པས་དགོངས་དག་ལན་བརྒྱར་ཞུ་ཞེས་གསུངས་འདུག་པ་བཞིན། དེབ་དེར་མ་ཁོད་པ་རྒྱལ་ནོར་སྒོས་གསར་ཉེ་འགྲམ་གྱི་ཟེར་ཕུག་དགོན་དང་། ཡང་སྤོ་རིན་ཆེན་སྒང་གི་མཁྲིས་སུ་ཡོད་པའི་བཙུན་དགོན་དགོན་ཏ་གསར་པ་དང་། དེ་བཞིན་ལོ་ལོ་གྲྭ་ཚང་དང་། ལོ་ལོ་བཙུན་དགོན་སོགས་འཁོད་མིན་འདུག མདོར་ན་ཤེལ་དཀར་མངའ་ཞབས་ཡོངས་སུ་དགོན་པ་བརྒྱ་དང་བཞི་བཅུ་ལྔ་བཅུ་ལྷག་ཡོད་ཚོད་འདུག་པ་ཚང་མ་རྒྱ་གཞུང་གིས་གཡོ་སྒྱུ་ངན་ཇུས་ཀྱིས་འོག་ནས་རྩ་གཏོར་བཏང་ཞིང་། གསུང་རབ་མེར་བསྲེགས་པ་དང་། སྐུ་འདྲ་བཅག་པ་དང་ཁྱེར་བ་སོགས་བྱས་ཡོད། དགོན་པའི་ཤིང་ཆ་རྣམས་ཡུལ་སྡེ་ཆེ་བ་ཆུས་དང་། ཤང། རུ་ཁག་ཟེར་བ་སོགས་སུ་རིག་གནས་ཟེར་བའི་རྒྱ་གཞུང་གི་ལས་ཁུངས་གསར་བཟོའི་ཆེད་དུ་བེད་སྤྱད་དེ། དགོན་པ་བརྒྱ་ཕྲག་ནས་ལ་ལ་གྱང་རོ་དང་། ལ་ལ་རྗེས་ཤུལ་ཙམ་ཡང་མེད་པར་བཟོས་པ་རེད།

 

༼༡༨༽ དུས་ངན་དེའི་རིང་སྐུ་གསུང་ཐུགས་རྟེན་གསང་སྦས་ཀྱི་སྐོར།

 

དིང་རི་ཤེལ་དཀར་མངའ་ཞབས་སུ་རིག་གནས་གསར་བརྗེའི་རྙིང་གཏོར་བྱེད་པའི་དུས་ངན་དཀའ་ལས་ཁག་པོ་དེ་འདྲའི་སྐབས་སུ་ཡང་རང་གི་ཚེ་སྲོག་ལ་མ་འཛེམས་པར་བྱས་རྗེས་ཅན་པ་རྣམས་ཀྱིས་ལོ་རྒྱུས་ཐོག་བཞག་པའི་ལྷ་སྐུ་རྟེན་གསུམ་ངོ་མཚར་ཅན་གསང་སྦས་ཀྱི་བདག་གཉེར་མང་དག་བྱུང་ཡོད་ཅིང་། མི་ཚང་མང་པོའི་ནང་དཔེ་ཆ་རྙིང་པ་དང་སྐུ་རྙིང་པ་མང་པོ་ད་ལྟ་ཡང་འཇལ་རྒྱུ་ཡོད།

གཙོ་གནད་གལ་ཆེ་བ་ལ་མཚོན་ན། གླང་འཁོར་ཕ་དམ་པ་སངས་རྒྱས་ཀྱི་སྐུ་བྱིན་ཅན། ཕ་དྲུག་སྒྲོལ་མ་གསུང་བྱོན། ལྷ་གདོང་རྒྱལ་བ་ཡང་དགོན་པའི་སྣང་སྙན་བྱིན་ཅན། བློན་མཚོ་བླ་མའི་སྐུ་དམར་གདུང་། སྤོང་རོང་ནམ་མཁའ་དཀར་པོའི་སྐུ་དམར་གདུང་། རྒྱལ་ནོར་སྟེང་འགྲོ་རྒྱལ་བ་རྒོད་ཚང་པའི་སྣང་སྙན་བྱིན་ཅན་སོགས་མང་དག་ཅིག་དུས་ངན་རླུང་ནག་ཁྲོད་དུ་གཅེས་སྦས་བྱས་ནས་སྲུང་སྐྱོབ་བྱས་པ་ནི་ལོ་རྒྱུས་ཐོག་བཞག་པའི་བྱས་རྗེས་ཡིན། གོང་བཞུས་རྣམས་ང་རང་གིས་ཧ་གོ་བ་དེ་དག་བཀོད་པ་ལས། སྤྱིར་དིང་རི་ལུང་པ་རྒྱ་ཆེ་བས་ད་དུང་མང་དག་ཅིག་ལྷག་ཡོད་པ་གོར་མ་ཆག་པས་འདིར་བཀོད་མ་ཐུབ་པར་དགོངས་སེལ་ཞུ།

སྔ་དུས་གཙང་སྟོད་དུ་ཤེལ་དཀར་ཆོས་སྡེ་ནོར་བུའི་བང་མཛོད་རེད་ཟེར་བའི་གཏམ་རྒྱུན་ཡོད་པ་བཞིན་དིང་རི་སྒང་དཀར་ཁྲི་ཚང་ལྷོ་བདག་རྒྱལ་པོ་དང་པོས་བཞེངས་པ་ནས་བཟུང་ལོ་ངོ་བརྒྱ་ཕྲག་མང་པོའི་མི་རབས་ནས་བསགས་བསྐྲུན་མཛད་པའི་ནོར་བུ་རིན་ཐང་བྲལ་བ་མང་པོ་ཞིག་ཡོད། རྩོམ་པ་པོ་ཤེལ་དཀར་ལྷ་རྗེ་ངག་དབང་ཆོས་འཕེལ་གྱིས་བརྩམས་པའི་ཤེལ་དཀར་ཆོས་སྡེའི་ལོ་རྒྱུས་དྲན་པའི་གདུང་དབྱངས་ཤོག་གྲང་26 ནང་། ནུབ་ཏུ་སྲུང་མ་ཁང་ནང་སྐུ་རྒྱུ་ཕ་ལམ་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཁྲུ་གང་མ་ལོང་ཙམ་ཡོད་པ་དེ་བཅོས་བསྒྱུར་སྐབས་རྒྱ་དམར་གྱིས་འགྲེམ་སྟོན་དུ་ཁྱེར་འདུག སྐུ་རྒྱུ་ཕ་ལམ་ལས་གྲུབ་པའི་སྐུ་དེ་མཇལ་སྐབས་ཤེལ་གྱི་ཁ་མདོག་ལྟ་བུ་ཞིག་ཡོད་པར་གསུངས། རྒན་རབས་པའི་ཁ་རྒྱུན་ལ་ཤེལ་དཀར་ཞེས་མིང་ཐོགས་ཚུལ་ཡང་ཕ་ལམ་ལས་གྲུབ་པའི་སྐུའི་ཁ་མདོག་ཤེལ་དཀར་པོ་འདྲ་བ་ཡོད་སྟབས་ཤེལ་དཀར་ཞེས་པའི་མིང་ཐོག་མ་ཐོགས་པ་རེད་ཟེར། འོན་ཀྱང་ཆོས་བྱུང་དུ་མིང་ཐོགས་ཚུལ་དང་བྲིས་པ་དང་མི་འདྲ། ད་དུང་བྱུ་རུའི་སྡོང་པོ། གཡུའི་སྦལ་པ། ནོར་བུ་དབྱིག་གི་རྡར་རྡོ། གསེར་སྐོང་བཅོ་བརྒྱད་སོགས་ཚང་མ་རྒྱ་ནག་ལ་ཁྱེར་བ་རེད་ཅེས་བོད་ཀྱི་ཤེལ་དཀར་གྲྭ་པ་རྒན་པས་ཡང་ཡང་གླེང་།

གསུང་རྟེན་ལ་མཚོན་ན། གོང་ཞུས་ལོ་རྒྱུས་དྲན་པའི་གདུང་དབྱངས་ལས། སྟེང་དུ་ཞལ་རས་ལྷ་ཁང་གི་ཐུབ་པ་རིན་པོ་ཆེའི་དབུའི་རྒྱབ་ཏུ་བཀའ་འགྱུར་ཤི་སྤེ་དཔོན་ན་ཞེས་པའི་གསེར་ཆོས་དབུ་ཤོག་གི་རྒྱ་གར་སྐད་དུ་གཡུ་མུ་ཏིག་བསྒྲིགས་པ་ཡོད་པར་གསུངས་གང་ལྟར་ཚང་མ་རྒྱ་ནག་གཞུང་ནས་མེད་པར་བཟོས་པ་རེད།

 

༼༡༩༽ རྒྱལ་ནོར་རས་པའི་ནོར་བུའི་སྐོར།

 

རྒྱལ་ནོར་སྨད་ནས་ཡིན་པའི་རས་པའི་ནོར་བུའི་སྔོན་གྱི་ལོ་རྒྱུས་ཞིབ་པ་མི་ཤེས། 1980  ཡས་མས་སུ་ཁོང་རྒྱ་གར་ལ་ཕེབས་ཡོད་འདུག དེ་ནས་བོད་དུ་ཕེབས་རྗེས་རྒྱ་གར་ནས་༧རྒྱལ་བ་རིན་པོ་ཆེའི་མཛད་རྣམ་སོགས་མང་པོ་ཞིག་ཁྱེར་ཡོད་འདུག མ་ཟད་མཛད་རྣམ་ཕྱོགས་མང་པོར་ཁྱབ་སྤེལ་བྱུང་འདུག རྗེས་སུ་རྒྱ་མིས་ཧ་གོ་ནས་རས་པའི་ནོར་བུ་འཇུ་བཟུང་བཙོན་འཇུག་བྱས་ཤིང་། མཛད་རྣམ་སྤྲོད་ཡུལ་རྣམས་ལ་རྒྱ་གཞུང་ནས་དྲི་རྩད་དང་། མཛད་རྣམ་ཚང་མ་དིང་རི་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་བསྡུས་འདུག རྗེས་སུ་ཁོང་ལ་དིང་རི་རྫོང་དུ་ཁྲིམས་ཐག་གཅོད་པའི་ཉིན། མི་མང་འདུ་འཛོམས་སར་རས་པའི་ནོར་བུའི་ནག་ཉེས་ཁྱབ་བསྒྲགས་དང་བཅས་མི་མང་འདུ་འཛོམས་སར་མཛད་རྣམ་ཏོག་ཙམ་ཀློག་དུ་བཅུག་འདུག་ཅིང་། མཛད་རྣམ་གྱི་དཔེ་ཆ་ཚང་མ་རས་པའི་ནོར་བུའི་མདུན་་དུ་བཀྲམས་འདུག ཁྲིམས་ཐག་བཅད་ནས་ལོ་ག་ཚོད་བཙོན་དུ་བཅུག་པ་དང་། དིང་རི་ལས་གཞན་པའི་བཙོན་ཁང་ག་པར་བཅུག་མིན་སོགས་ཤེས་མ་སོང་། རྗེས་སུ་བཙོན་གྲོལ་ཐོབ་ཏེ་རྒྱལ་ནོར་སྨད་དུ་མ་བཞུགསཔར་ཤེལ་དཀར་དུ་བཞུགས་འདུག་ཅིང་། དེ་རྗེས་ཤེལ་དཀར་གྱི་གྲྭ་རྒན་ངག་དབང་དཔལ་ལྡན་དང་མཉམ་དུ་ལྷ་ས་ལ་གནས་འཇལ་ལ་ཕེབས་སྐབས་བར་སྐོར་གྱི་སྐོར་ལམ་ཐོག་གློ་བུར་དུ་གྲོངས་པ་རེད། རས་པའི་ནོར་བུའི་ཅ་དངོས་རྣམས་ཤེལ་དཀར་ཆོས་སྡེའི་དགོན་པར་བསྔོ་རྟེན་དུ་ཕུལ་སོང་།

 

༼༢༠༽དིང་རི་ཤེལ་དཀར་དགོན་པའི་གྲྭ་པ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་སྔ་ཕྱིའི་སྐོར།

 

1989 ལོར་དིང་རི་ཤེལ་དཀར་ཆོས་སྡེའི་གྲྭ་བློ་བཟང་ཐོགས་མེད་སོགས་མི་གསུམ་ནས་བོད་རང་བཙན་ཡིན་པའི་སྐད་འབོད་དང་། དིང་རི་རྫོང་གི་སྒོ་ཆེན་ལ་བོད་རང་བཙན་ཡིན་པའི་ཡི་གེ་སྦྱར་བ་དང་། ཤེལ་དཀར་ཆུས་ཀྱི་ཧྲུའུ་ཅི་ཕུན་ཚོགས་ལ་ཤེལ་དཀར་མི་མང་གི་འགོ་ཁྲིད་ནས་བོད་རང་བཙན་ཡིན་པའི་སྐད་འབོད་བྱེད་དགོས་པའི་འབོད་བསྐུལ་ཡི་གེ་བྲིས་ནས་ཕུན་ཚོགས་ཧྲུའུ་ཅིའི་སྒོ་འགྲམ་དུ་སྦྱར་བ་སོགས་ལ་བརྟེན་ནས་བཙོན་བཅུག་བྱས།

བློ་བཟང་ཐོགས་མེད་སྐྱེས་ཡུལ། དིང་རི་རྫོང་སྤེལ་འབར་གྲོང་ཚོ།

བློ་བཟང་ཀླུ་སྒྲུབ་སྐྱེས་ཡུལ། དིང་རི་རྫོང་གྲུ་བཞི་གྲོང་ཚོ།

བློ་བཟང་ངག་དབང་སྐྱེས་ཡུལ། དིང་རི་རྫོང་ཆུ་ལྷོ་ཤང་། གཙོ་མཚོ་གྲོང་ཚོ་ནས་ཡིན། དེ་སྐབས་དིང་རི་རྫོང་གི་རྫོང་དཔོན་ཟླ་བ་ཧྲུའུ་ཅི་དང་། དིང་རི་རྫོང་སྤྱི་བདེ་བཅུས་འགོ་ཁྲིད་བསོད་རྡོར་ལགས་ཟེར་བ་རེད།

བློ་བཟང་ཐོགས་མེད་དིང་རི་བཙོན་ཁང་དང་། གཞིས་རྩེ་ཉག་རི་བཙོན་ཁང་དུ་ལོ་མང་བཙོན་བཅུག་བྱས། རྡུང་རྡེག་ཚད་མེད་མྱངས་པའི་རྐྱེན་གྱིས་བཙོན་གྲོལ་ཐོབ་ནས་ཀྱང་རྒྱུན་དུ་ནད་གཅོང་ངང་དུ་ལུས་ཤིང་། 1998 ལོར་ཚེ་ལས་འདས། སྐུ་ཕུང་ནས་ནད་གཞིའི་གནས་ཚུལ་ངོ་མ་མཐོང་རྗེས་བཙོན་ཁང་དུ་རྡུང་རྡེག་ཕོག་པའི་རྐྱེན་གྱིས་ཡུན་རིང་གསོན་ཐབས་བྲལ་བ་ནང་མི་སྤུན་ཉེ་སོགས་མི་མང་པོས་ཤེས་ཡོད།

1991 ལོའི་ནང་ཤེལ་དཀར་ཆོས་སྡེའི་གྲྭ་མཁྱེན་རབ་བསྟན་འཛིན་ནས་བོད་རང་བཙན་ཡིན་པའི་ཡི་གེ་ཤེལ་དཀར་ཞོལ་གྱི་བསྐལ་བཟང་མན་ཐང་ཁུལ་དང་། ཤེལ་དཀར་ཟམ་པའི་ཟུར་སོགས་གང་སར་བཀྲམས་པ་སོགས་ལ་བརྟེན་ནས་དིང་རི་བཙོན་ཁང་དུ་བཅུག  མཁྱེན་རབ་བསྟན་འཛིན་སྐྱེས་ཡུལ། དིང་རི་རྫོང་མཚོ་བར་གྲོང་ཚོ་ཡིན། དེ་དུས་ཁོང་རང་ལོ་18 མ་ལོན་ཀྱང་བཙོན་བཅུག་བྱས་པ་རེད།

དེ་ནས། 1992ལོར་ཤེལ་དཀར་ཆོས་སྡེའི་གྲྭ་པ་བརྒྱད་ཀྱིས་བོད་རང་བཙན་ཡིན་པའི་སྐད་འབོད་དང་། རྩིག་པའི་སྒང་ལ་རང་བཙན་གྱི་ཡི་གེ་བྲིས་པ། དེ་བཞིན་རྫོང་དུ་གནས་སྡོད་རྒྱ་རིགས་ཚོང་པ་འགའ་ཞིག་ལ་བོད་རང་བཙན་དང་རྒྱ་ཡུལ་ལ་ལོག་དགོས་པ་སོགས་ཀྱི་རྣམ་འགྱུར་བསྟན་པ་སོགས་ལ་བརྟེན་ནས་འགའ་ཞིག་རྫོང་གི་བཙོན་ཁང་དུ་བཅུག་པ་དང་། འགའ་ཤས་དགོན་པའི་ནང་བཟང་བཙོན་འོག་སྡོད་བཅུག་པ་རེད།

གོང་སྨོས་དགེ་འདུན་པ་བརྒྱད་ཀྱི་མིང་དང་སྐྱེས་ཡུལ་སོགས་གཤམ་གསལ། བསྟན་འཛིན་རབ་བརྟན། སྐྱེས་ཡུལ། དིང་རི་རྫོང་རི་བསྐོར་གྲོང་ཚོ།

བློ་བཟང་དཔལ་ལྡན། སྐྱེས་ཡུལ། དིང་རི་རྫོང་མ་ཞག་གྲོང་ཚོ།

སངས་རྒྱས་བསྟན་འཛིན་ནམ་མཁྱེན་རབ་སངས་རྒྱས། སྐྱེས་ཡུལ། དིང་རི་རྫོང་གྲུ་བཞི་གྲོང་ཚོ།

བློ་བཟང་རྒྱལ་བསྟན། སྐྱེས་ཡུལ། དིང་རི་རྫོང་རྒྱལ་ནོར་བྲག་ནག།

མཁྱེན་རབ་འཇམ་དབྱངས། སྐྱེས་ཡུལ། དིང་རི་རྫོང་མེ་མོ་གྲོང་ཚོ།

མཁྱེན་རབ་ཆོས་འཕེལ། སྐྱེས་ཡུལ། དིང་རི་རྫོང་རྒྱལ་ནོར་བྲག་ནག།  མཁྱེན་རབ་དར་རྒྱས། སྐྱེས་ཡུལ། དིང་རི་རྫོང་སྐྱིད་ཤོང་།

མཁྱེན་རབ་བསྟན་དར། སྐྱེས་ཡུལ། དིང་རི་རྫོང་རྒྱལ་ནོར་སྤོ།

དེ་ནས། 2008 ལོའི་སྤྱི་ཟླ་5 ཚེས་19 ཤེལ་དཀར་ཆོས་སྡེའི་གྲྭ་༼དགོན་པའི་དོ་དམ་ཨུ་ཡོན༽ མཁྱེན་རབ་མཐར་ཕྱིན་ལགས་ཀྱིས་སྣེ་འཁྲིད་འོག་དགེ་འདུན་པ་བཅུ་གཉིས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་ངོས་ལེན་མ་བྱས་པ་དང་། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་སློབ་གསོའི་ལས་རིམ་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་སྐད་འབོད་བྱས་པ་དང་། ལོ་དེར་རྒྱ་ནག་ཏུ་ཚུགས་རྒྱུའི་ཨོ་ལིམ་པིག་རྩེ་འགྲན་དཔལ་འབར་དིང་རིར་ཡོད་པའི་ཇོ་མོ་གླང་མར་ཁྱེར་སྐབས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་པ་སོགས་ལ་བརྟེན་ནས་དགེ་འདུན་པ་བཅུ་གཉིས་བཙོན་བཅུག་བྱས་པའི་མཚན་གཤམ་གསལ།

མཁྱེན་རབ་མཐར་ཕྱིན། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་གྲུ་བཞི་གྲོང་ཚོ།  ཆོས་དབང་བསྟན་འཛིན། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་སྤེལ་བར་གྲོང་ཚོ། བསྟན་འཛིན་དགེ་འཕེལ། སྐྱེས་ཡུལ། གད་དམར་ཤངས་ཁོངས་གླིང་ཤར་གྲོང་ཚོ། མཁྱེན་རབ་བཀྲ་ཤིས། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་མ་ཞག་གྲོང་ཚོ།

སྟོབས་རྒྱས། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་གྲུ་བཞི་གྲོང་ཚོ།

བསྟན་འཛིན་ཚེ་རིང་། སྐྱེས་ཡུལ། རྒྱ་མཚོ་ཤངས་ཁོངས་བི་ཆུ་གྲོ་ཚོ།  བློ་བཟང་འཇིགས་མེད། སྐྱེས་ཡུལ། རྒྱ་མཚོ་ཤངས་ཁོངས་རྒྱལ་ཕུ་གྲོང་ཚོ།  མཁྱེན་རབ་ཉི་མ། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་ཆུ་འཁོར་བར་མ།  དོན་གྲུབ། སྐྱེས་ཡུལ། རྩ་སྐོར་ཤངས་ཁོང་ཆེ་གྲོང་ཚོ།

བསྟན་པ། སྐྱེས་ཡུལ། ཤེལ་དཀར་གྲོང་རྡལ་ལོ་ལོ་གླང་ག

བསམ་གཏན། སྐྱེས་ཡུལ། ཤེལ་དཀར་ཞོལ་གླིང་ག་གསར་པ་སྦོ་ཁ།

ཆོས་ལྡན། སྐྱེས་ཡུལ། ཤེལ་དཀར་ཞོལ་གླིང་ག་གསར་པ།

གོང་སྨོས་དགེ་འདུན་པ་བཅུ་གཉིས་ཀྱི་ཁོངས་ནས་མཁྱེན་རབ་མཐར་ཕྱིན། དིང་རི་བཙོན་ཁང་དང། གཞིས་རྩེ་ཉག་རི་བཙོན་ཁང་། ལྷ་སའི་བཙོན་ཁང་བཅས་སུ་ལོ་མང་རིང་རྡུང་རྡེག་དང་མནར་གཅོད་ཚད་མེད་མྱངས་ཤིང་། རྗེས་སུ་བཙོན་གྲོལ་ཐོབ་ཀྱང་བཙོན་ཁང་ནང་གཟུགས་གཞིའི་བདེ་ཐང་མེད་པ་བཟོས་རྐྱེན་ནད་མནར་ངང་ལུས་ཏེ་མཐར་སྤྱི་ལོ། 2016 བོད་ཟླ།8 ཚེས 8 ཉིན་དགོངས་པ་རྫོགས།  བསྟན་འཛིན་དགེ་འཕེལ་དང་། མཁྱེན་རབ་ཉི་མ་གཉིས་2008 ལོརབཙོན་བཅུག་བྱས་པ་ནས་བཟུང་ད་ལྟ་ཡང་བཙོན་ཁང་ནང་ཡོད་མུས་རེད། མཁྱེན་རབ་ཉི་མ་ཐོག་མར་བཙོན་ཅུག་སྐབས་རང་ལོ། 18 ལོན་མེད་ཀྱང་རྒྱ་གཞུང་ལ་ངོ་ཚ་མེད་རྐྱེན་བཙོན་བཅུག་བྱས་པ་རེད། ཤེལ་དཀར་ཆོས་སྡེའི་གྲྭ་པ་བཙོན་གྲོལ་ཐོབ་པ་རྣམས་ད་ལྟའང་དིང་རིའི་ནང་དུ་བཟང་བཙོན་ལྟ་བུ་ལས་ལྷ་ས་དང་། གཞིས་རྩེ་སོགས་ལ་འགྲོ་སྐྱོད་མི་ཆོག་ཅིང་ཁོང་རྣམས་ཀྱི་ལག་ཁྱེར་དེ་དག་ས་ཚིགས་ཁག་ཏུ་སླེབས་དུས་སྐད་རྒྱག་མཁན་ཞིག་བཟོས་ནས་དམིགས་བསལ་ལྟ་རྟོག་བྱེད་བཞིན་ཡོད།

 

༼༢༡༽ ངམ་པ་གྲོང་མི་བཙོན་བཅུག་གི་སྐོར།

 

་དིང་རི་ངམ་པ་ལུང་པའི་གྲོང་མི་ཡིན་པ་ཞིག་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཉན་པ་དང་། གཞན་ལ་སྤེལ་བ་སོགས་བྱས་རྐྱེན་དིང་རི་རྫོང་སྤྱི་བདེ་མི་སྣ་ནས་འཇུ་བཟུང་བྱས་ཏེ་རྫོང་དུ་བཙོན་བཅུག་བྱས།

 

༼༢༢༽ རྩ་སྐོར་ཚོང་པ་སྤེན་པ་བཙོན་བཅུག་གི་སྐོར།

 

2007 ལོར་གཞིསརྩེ་ས་གནས་ཀྱི་རྒྱ་གཞུང་ལས་བྱེད་ནས་མཚན་ལ་གློ་བུར་དུ་དིང་རི་རྩ་སྐོར་ཚོང་པ་སྤེན་པའི་ཁང་པར་སྔོག་གཤེར་བྱས་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་སོགས་མང་པོ་ཞིག་ཐོན་པ་དང་། ཚོང་པ་སྤེན་པས་རྒྱ་གར་ལ་གནས་མཇལ་དུ་ཕྱིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་ཆེད་དུ་ར་ལུག་མང་པོ་ཚེ་ཐར་བཏང་བ་སོགས་ལ་ནག་ཉེས་རྩིས་ཏེ་ཚོང་པ་སྤེན་པ་རྒྱ་གཞུང་ནས་དིང་རི་དང་གཞིས་རྩེའི་ཉ་རི་བཙོན་ཁང་དུ་ཡུན་རིང་བཅུག་ཡོད།

 

༼༢༣༽ ཆབ་སྲིད་ནག་ཉེས་ཁག་གཡོགས་ཀྱི་བཙོན་བཅུག་སྐོར།

 

དིང་རིའི་ཡུལ་ལུང་ནས་ཡིན་པའི་མི་མང་པོར་རྒྱ་གར་དང་བལ་ཡུལ་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་མང་པོར་གཉེན་ཉེ་ཡོད་སྟབས་དོགས་ཡོད་མང་པོ་ལ་སྐད་འཕྲིན་ནང་ལ་བརྟག་དཔྱད་བྱས་ཏེ་ཆབ་སྲིད་དང་འབྲེལ་བའི་དཔར་རིགས་དང་། ཡིག་རིགས་སོགས་སྣ་ཚོགས་མཐོང་རྐྱེན་ཁ་ཤས་ལོ་གཅིག་བཙོན་བཅུག་དང་། ཁ་ཤས་ཟླ་བ་བརྒྱད་དགུ་དང་། ཁ་ཤས་ཟླ་བ་ལྔ་དྲུག་སོགས་བཙོན་བཅུག་བྱས་འདུག དེ་བཞིན་དིང་རི་ནས་ཡིན་པ་ཧྲི་དར། རང་ལོ་21 དང་། དིང་རི་བྲག་རྩེ་གྲོང་ཚོ་ནས་ཡིན་པའི་གྲྭ་ལྷུན་གྲུབ། རང་ལོ་27 ལ་སོན་པ་ཁོང་གཉིས་ལྷ་ས་གྲོང་ཁྱེར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད།  ཡང་དིང་རི་བྲག་རྩེ་གྲོང་ཚོའི་ཕ་ཚེ་དབང་བསྟན་འཛིན་དང་། མ་ངག་དབང་གཉིས་ཀྱི་བུ་སྟོབས་རྒྱལ་ཕྱི་ལོ། 2014 ཟླ་བ་12 ཚེས་26 ཉིན་བོད་དོན་དང་འབྲེལ་བའི་གསར་འགྱུར་བསྐུར་བར་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཡོད་པའི་ཚོད་དཔག་བྱེད་བཞིན་པའི་ཐོག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད། 2020 ལོའི་ཕྱི་ཟླ་2 ཚེས་20 ཉིན་དིང་རི་རྫོང་བཀྲ་ཤིས་འཛོམས་ཡུལ་ཚོའི་དཔེ་ལེབ་གྲོང་སྡེ་ནས་ཡིན་པའི་ཚེ་རིང་རྡོ་རྗེ་འཛིན་བཟུང་བྱས་རྗེས་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་འདུག

 

༼༢༤༽ བཙུན་མའི་འགྲོ་སྟངས་མེད་པར་བཟོས་པ།

 

དིང་རི་རྫོང་ནི་ཧ་ཅང་ས་ཁྱོན་ཆེ་བའི་རྫོང་ཞིག་ཡིན་ཅིང་། དེ་བཞིན་དགོན་པ་ཡང་མང་པོ་ཡོད། འོན་ཀྱང་དིང་རིའི་དགོན་པ་རྣམས་ལ་རྒྱ་གཞུང་གིས་གྲྭ་པ་དང་བཙུན་མ་གྲངས་ཚད་ཉུང་ཉུང་བཟོས་རྐྱེན་དིང་རིའི་ཡུལ་མི་རྣམས་ལ་རང་ཡུལ་དུ་གྲྭ་བཙུན་བཅུག་ས་མེད་སྟབས་ས་ཁུལ་གཞན་ས་སྐྱ་གའུ་བཙུན་དགོན་དང་། ཧའོ་དགོན་སོགས་བོད་ཀྱི་ཡུལ་གྲུ་གཞན་གྱི་དགོན་པར་ཆོས་ཞུགས་བྱེད་པར་འགྲོ་བ་མང་ཞིང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་གཞུང་ནས་2018 མཚམས་ལ་བོད་ཀྱི་ས་ཁུལ་གང་སར་དགོན་པའི་ནང་གྲྭ་བཙུན་རྣམས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་མེད་པ་རྣམས་ཚང་མ་རང་ཡུལ་དུ་རྩིས་སྤྲོད་བྱས་ནས་དིང་རི་རྫོང་ཁོང་སུ་བཙུན་མ་བདུན་བཅུ་ལྷག་ཙམ་ཕྱིར་སློག་བྱས། མ་ཟད་དགོན་པ་གཞན་གང་ལ་ཡང་འགྲོ་མ་ཆོག་པ་བཟོས་ཤིང་ཧ་ཅང་དཀའ་ངལ་གྱི་གནས་སུ་ལྷུང་ཡོད། རྒྱ་ནག་གཞུང་གིས་ངོ་མ་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་བཟོ་བའི་བསམ་ངན་སྦྱོར་རྩུབ་ལག་ལྟར་བྱས་པ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་འདི་ཚོ་རེད།

 

༼༢༥༽ རྒྱ་གར་དང་ཕྱི་རྒྱལ་ཁུལ་དུ་གནས་སྡོད་དིང་རི་བ་རྣམས་ལ་ཞིབ་བཤེར་བྱས་སྐོར།

 

རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་དིང་རི་རྫོང་ཁུལ་དུ་རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་བོད་མི་ཚོར་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཉེ་ལམ་སྤྱི་ཟླ་4 པའི་འགོ་སྟོད་དུ། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཁུལ་དུ། རྒྱ་གར་ལ་སོགས་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་ཡོད་མེད་ཞིབ་བཤེར་བྱས་ནས། རྫོང་དེའི་ཁྱབ་ཁོངས་ཀྱི་ཡུལ་མི་བཞི་སྟོང་ལྷག་གི་མིང་ཐོ་བསྡུས་ཡོད་འདུག་ལ། གོང་ཞུས་རྫོང་དེ་ནས་ཡིན་པའི་རྒྱ་གར་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཉིན་འགའ་ཤས་གོང་དིང་རི་རྫོང་གི་རྒྱ་ནག་གི་ལས་བྱེད་ཁག་ཅིག་ང་ཚོའི་གྲོང་ཚོར་ཡོང་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ས་གནས་ཡུལ་མིའི་སྤུན་མཆེད་ཚོའི་མིང་དང་སྐད་འཕྲིན་ཁ་བྱང་སོགས་ཐོ་འགོད་བྱས་ཡོད་པ་དང་། གཞུང་ཕྱོགས་ནས་འབྲེལ་ཡོད་ཕྱི་རྒྱལ་དུ་ཡོད་པའི་གཞུང་ཚབ་ཁང་ཚོར་འབྲེལ་བ་བྱས་ཏེ་མགྱོགས་མྱུར་གཉེན་ཉེ་ཐུག་འཕྲད་ཡོང་ཐབས་བྱེད་རྒྱུ་ཡིན་པ་བཤད་ཡོད་འདུག་ལ། ས་གནས་ཡུལ་མི་ཚོས་དེ་དངོས་གནས་ཡིན་པར་སྙམ་ནས་དགའ་ཚོར་བྱེད་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག

ཡང་གོང་ཞུས་བོད་མི་ཁོང་གིས། ངོས་ཀྱིས་རྒྱུན་དུ་སྐད་འཕྲིན་བེད་སྤྱོད་བྱེད་ཀྱི་མེད་པར་བརྟེན། ཕ་ཡུལ་ནས་ཨ་ཕ་ཡིས་རེ་བ་ཆེན་པོས་ཁ་པར་བརྒྱུད་རྒྱ་ནག་གཞུང་གི་མི་སྣ་ཞིག་གི་ཁ་པར་ཨང་གྲངས་བསྐུར་ནས། དེར་འབྲེལ་བ་བྱོས་ཞེས་བརྗོད་བྱུང་བས་མི་དེར་འབྲེལ་བྱས་སྐབས། མི་དེས་ཡང་ནས་ཡང་དུ་སྐད་འཕྲིན་བེད་སྤྱོད་བྱེད་ཀྱི་ཡོད་མེད་སྐོར་སྐད་ཆ་དྲིས་བྱུང་ཅེས་འགྲེལ་བརྗོད་གནང་འདུག ཁོང་གིས་ཚོད་དཔག་བྱས་ན། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་ལྟར་སྤེལ་དགོས་པ་ནི་གཙོ་བོ་ནད་དུག་དེའི་རྐྱེན་གྱིས་ད་ཆ་འཛམ་གླིང་ས་ཕྱོགས་གང་ས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པར་བརྟེན། གནས་ཚུལ་དེ་དག་བོད་ནང་དུ་ཁྱབ་སྤེལ་མི་ཡོང་བའི་ཆེད་དུ་ཡིན་སྲིད་པ་བརྗོད་འདུག

 

༼༢༦༽ དིང་རི་རྒྱལ་ནོར་སྔགས་གྲྭ་བར་བཙན་གནོན་སྐོར།

༼༡༽ དབུ་འཛིན་ཆོས་རྒྱལ་དབང་པོ་འཛིན་བཟུང་སྐོར།

 

དིང་རི་རྫོང་ཤེལ་དཀར་གྲོང་རྡལ་རྒྱལ་ནོར་བྲག་ནག་སྟེང་འགྲོ་དགོན་པའི་དབུ་འཛིན་ཆོས་རྒྱལ་དབང་པོ། 2019 སྤྱི་ཟླ་9 པའི་ནང་དིང་རི་ནས་ལྷ་སར་སྐྱོད་སྐབས་ཁ་པར་བོར་རླག་བྱུང་རྐྱེན་ཁ་པར་དེ་ཉེན་རྟོག་པའི་ལག་ཏུ་སླེབས་ནས་ཁ་པར་ནང་དུ་ཆབ་སྲིད་ཀྱི་དོགས་གཞིའི་གནས་ཚུལ་མཐོང་བས། ལྷ་སའི་རྒྱ་གཞུང་གི་ཉེན་རྟོག་པས་ཆོས་རྒྱལ་དབང་པོ་ལྷ་སར་འཛིན་བཟུང་བྱས་འདུག གནས་ཚུལ་དེས་རྐྱེན་པས་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ལྷ་ས་ནས་དིང་རི་རྫོང་རྒྱལ་ནོར་བྲག་ནག་གྲོང་ཚོར་མཚན་མོའི་ཆུ་ཚོད་དང་པོའི་ནང་སླེབས་ནས་བཙན་ཤུགས་ཀྱིས་བྲག་ནག་གྲོང་ཚོའི་སྔགས་གྲྭའི་ཁྱིམ་ཚང་མའི་ནང་དུ་འཛུལ་ཏེ། ཁྱིམ་ཚང་སྔོག་གཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་དང་། མཛད་རྣམ། ༧གོང་ས་མཆོག་གི་བཀའ་སློབ་དཔེ་དེབ་སོགས་ཚང་མ་བཙན་ཁྱེར་་བྱས་ནས་མཚན་མོ་དེར་ཟང་ཟིང་བཟོས་འདུག

 

༼༢༽ རང་སྲོག་བློས་བཏང་བ།

 

ལོ་དེའི་སྤྱི་ཟླ་9 ཚེས། 4/ 5/ 6/ བཅས་ལ་རྒྱ་གཞུང་ནས་བྲག་ནག་གྲོང་ཚོར་སྟེང་འགྲོ་དགོན་གྱི་སྔགས་གྲྭ་རྣམས་ལ་དྲང་བདེན་མིན་པའི་ཐོག་ནས་ཉིན་མཚན་མེད་པར་བཙན་དབང་གི་ཚོགས་འདུ་བསྐོངས་ནས་འདྲི་རྩད་དང་། མི་ལ་དུད་འགྲོ་ལྟར་བཀོལ་སྤྱོད་ཀྱི་སྡུག་སྦྱོང་སྣ་ཚོགས་འོག་ཉེས་བརྡུང་ཚད་མེད་པར་བཏང་བ་སོགས་ཀྱི་རྐྱེན་པས་2019 ཕྱི་ཟླ་9 ཚེས་7 ཉིན་རེ་གཟའ་སྤེན་པའི་ཆུ་ཚོད་8 པའི་ཐོག་སྟེང་འགྲོ་དགོན་པའི་སྔགས་གྲྭ་བློ་བཟང་བཟོད་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་དྲག་པོ་སྟོན་བཞིན་རང་སྲོག་བཏང་འདུག་ཅིང་དེ་ཀའི་ཉེན་རྟོག་མི་སྣ་ཚོས་ལམ་སེང་སྨན་པ་སྐད་བཏང་ནས་རྟག་དཔྱད་བྱས་འདུག་ཀྱང་བློ་བཟང་བཟོད་པ་གྲོངས་ཚར་འདུག

 

༼༣༽སྟེང་འགྲོ་དགོན་པར་སྔོག་གཤེར་བྱས་པ།

 

སྟེང་འགྲོ་དགོན་གྱི་སྔགས་གྲྭ་ཚང་མ་རྒྱ་གཞུང་གིས་དམ་དྲགས་བཙན་གནོན་འོག་བྲག་ནག་གྲོང་ཚོ་རུ་ཟླ་གཅིག་ཙམ་དྲི་རྩད་དང་། བསམ་བློའི་སློབ་གསོ་བྱས། སྟེང་འགྲོ་རི་ཁྲོད་དགོན་ནི་བྲག་ནག་གྲོང་ཚོ་ནས་ཆུ་ཚོད་གཅིག་གི་རིང་གོམ་པ་བརྒྱབས་ན་སླེབས་པའི་སར་རི་རྩེ་ན་དགོན་པ་དེ་ཡོད་ཅིང་། དགོན་པར་རྒྱུན་དུ་སྐུ་གཉེར་སྡོད་པ་ལས་སྔགས་གྲྭ་བ་གཞན་རྣམས་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་ལ་ཚང་འཛོམས་བྱེད་པ་མ་གཏོགས་དུས་རྒྱུན་བྲག་ནག་གྲོང་ཚོ་དང་རྒྱལ་ནོར་ཡུལ་སྡེའི་ཞབས་རིམ་ཁག་ལ་ཕེབས་ནས་དགོན་པར་གཏན་སྡོད་བྱེད་ཀྱི་མེད། དེ་སྐབས་ནོར་བུ་དོན་གྲུབ་སྐུ་གཉེར་བྱས་ནས་སྡོད་དུས། རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་མི་སྣ་འགའ་ཞིག་གདོང་འབག་གྱོན་ནས་སྟེང་འགྲོ་དགོན་པའི་ལྷ་ཁང་དང་། རུང་ཁང་། ཤག་སོགས་ཚང་མ་སྔོག་གཤེར་ནན་པོ་བྱས་རྗེས། དེ་ནས་ཐོན་པའི་༧གོང་ས་མཆོག་གི་བཀའ་སློབ་དཔེ་དེབ་དང་། རྒྱ་གར་དང་བལ་ཡུལ་ནས་བླུ་ཡོན་ཞུས་པའི་དཔེ་ཆ་ཚང་མ་རྒྱ་གཞུང་མི་སྣས་མཐོང་ཏེ་བཙན་ཁྱེར་བྱས་པ་མ་ཟད། སྐུ་གཉེར་ནོར་བུ་དོན་གྲུབ་ལ་ཡང་ཉེས་བརྡུང་ཚད་མེད་བཏང་འདུག

 

༼༤༽ དངོས་སུ་འཛིན་བཟུང་བྱས་པ།

 

སྟེང་འགྲོ་དགོན་གྱི་སྔགས་གྲྭ་རྣམས་ལ་ཟླ་གཅིག་རིང་དྲི་རྩད་དང་། ཉམས་ཞིབ་བྱས་རྐྱེན། ངག་དབང་བསམ་གཏན། བློ་བཟང་། ཉི་མ་བསྟན་འཛིན། བསྟན་འཛིན་ཡེ་ཤེས། ཚེ་དབང་ལྷ་མོ། གཞན་ཡང་མིང་ཧ་མ་གོ་བ་ཁ་ཤས་ཟླ་བ་གཅིག་ཙམ་དང་བདུན་ཕྲག་གཉིས་དང་ཞག་ཉི་ཤུ་སོགས་སྣ་ཚོགས་ཀྱི་རིང་དིང་རི་རྫོང་དུ་བཙོན་བཅུག་བྱས་ནས་རྗེས་སུ་བཙོན་གྲོལ་ཐོབ་འདུག བློ་བཟང་སྦྱིན་པ། ངག་དབང་ཡེ་ཤེས། ནོར་བུ་དོན་གྲུབ་གསུམ་རིམ་བཞིན་དིང་རི་བཙོན་ཁང་དང་། དེ་ནས་གཞིས་རྩེ་ཉ་རི་བཙོན་ཁང་དུ་ལོ་གཅིག་ལྷག་ཙམ་རིང་འདྲི་རྩད་དང་བརྡུང་རྡེག་མྱངས།

གང་ལྟར་ཡང་རྒྱལ་ནོར་བྲག་ནག་གྲོང་ཚོ་རུ་སྔགས་གྲྭ་རྣམས་2019 ཕྱི་ཟླ་9 པ་ནས།  2020 ལོ་མཇུག་གི་བར་ལོ་གཅིག་ལྷག་ཙམ་རིང་ཉིན་ལྟར་ཚོགས་འདུ་བསྐོངས་ནས་རྒྱལ་གཅེས་ཆོས་གཅེས་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་སློབ་སྦྱོང་སྤྲད་ནས་སུན་སྣང་ཚད་མེད་པར་བཟོས་འདུག་པ་མ་ཟད། སྟེང་འགྲོ་དགོན་དུ་སྔར་གྲྭ་གྲངས་ཉི་ཤུ་རྩ་གྲངས་ཡོད་པ་ལས་བཙོན་བཅུག་དང་། རང་སྲོག་དོར་བ་བཅས་སྔགས་གྲྭ་པ་ལྔ་མེད་པར་གྱུར་པ་དང་། རྒྱ་གཞུང་ནས་སྡགས་གྲྭ་བ་ཆུང་བ་རྣམས་ཕྱིར་འབུད་བཏང་འདུག་ཅིང་། ད་ལྟ་ཡོད་པ་གྲྭ་གྲངས་བཅུ་སྐོར་ཞིག་མ་གཏོགས་མི་འདུག

 

༼༥༽ ཧ་ཅང་ལོ་གྲངས་མང་བའི་བཙོན་བཅུག་ཁྲིམས་ཐག

 

2019 ཕྱི་ཟླ་9 པ་ནས། 2020 ལོ་མཇུག་བར་ལོ་གཅིག་ལྷག་ཙམ་རྒྱ་གཞུང་ནས་དིང་རི་རྒྱལ་ནོར་བྲག་ནག་སྟེང་འགྲོ་དགོན་གྱི་སྔགས་གྲྭ་ཉི་ཤུ་རྩ་གྲང་སྐོར་ལ་དྲི་རྩད་དབྱེ་ཞིབ་ཡུན་རིང་བྱས་རྗེས་ཐ་མའི་ཐག་གཅོད་གཞིས་རྩེ་འབྲིང་རིམས་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་འདུག སྟེང་འགྲོ་དགོན་གྱི་འགོ་འཛིན་ཆོས་རྒྱལ་དབང་པོ་ཐོག་མ་ལྷ་ས་ནས་འཇུ་བཟུང་བྱས་རྗེས་ལྷ་ས་དང་། གཞིས་རྩེ་བཙོན་ཁང་གང་དུ་བཅུག་མིན་མི་ཤེས་ཞིང་། ཐ་མའི་ཐག་གཅོད་སྐབས་སུ་སྔགས་གྲྭ་བཞི་ཀ་ཉ་རི་བཙོན་ཁང་དུ་བྱུང་འདུག

ཐོག་མར་ངག་དབང་ཡེ་ཤེས་ལ་ལོ་ལྔའི་ཁྲིམས་ཐག་བཅད་ཅིང་གསལ་བཤད་བྱས་འདུག  དེའི་རྗེས་སུ་ཆོས་རྒྱལ་དབང་པོ་ལ་ལོ་ཉི་ཤུའི་བཙོན་བཅུག་ཁྲིམས་ཐག་བཅད་པ་དང་། བློ་བཟང་སྦྱིན་པ་ལ་ལོ་བཅུ་དགུའི་བཙོན་བཅུག་ཁྲིམས་ཐག་བཅད་པ་དང་། ནོར་བུ་དོན་གྲུབ་ལ་ལོ་བཅུ་བདུན་བཙོན་བཅུག་ཁྲིམས་ཐག་བཅད་འདུག རྒྱ་གཞུང་གི་ཁྲིམས་སྲོལ་བཞིན་ལོ་གཅིག་དང་གཉིས་ཙམ་བཙོན་བཅུག་ཡིན་ན་རང་ཁུངས་དིང་རི་བཙོན་ཁང་དུ་བཙོན་བཅུག་བྱས་ནས་འཇོག་པ་དང་། ལོ་གསུམ་དང་བཞིའི་རིང་གི་བཙོན་བཅུག་ཡིན་ན་གཞིས་རྩེ་ཉ་རིར་གཏོང་གི་ཡོད་ཅིང་། ལོ་ལྔ་ཡན་གྱི་བཙོན་པ་རྣམས་ལྷ་ས་ཕྱོགས་སུ་བཙོན་བཅུག་དུ་གཏོང་གི་ཡོད། གོང་ཞུས་ཁོང་ཚོ་བཞི་ལོ་དུས་ཉི་ཤུ་དང་། བཅུ་དགུ། བཅོ་བརྒྱད། ལྔ་ཡིན་སྟབས་ལྷ་ས་བཙོན་ཁང་དུ་བཏང་བ་རེད། འོན་ཀྱང་རྒྱ་གཞུང་གི་ངག་དབང་ཡེ་ཤེས་ཁྲིམས་ཐག་ཁ་གསལ་ལས། གཞན་བཞི་ལ་ནང་མི་ལ་ལབ་པ་མ་གཏོག་ཡོངས་གྲགས་བྱས་མེད་པ་དེ་ནི་ངན་འཇུས་ཀྱི་བསམ་ངན་བཅངས་པ་ཞིག་ཡིན། ཁོང་ཚོ་མ་འོངས་པ་བཙོན་གྲོལ་ཐོབ་ཀྱང་སྟེང་འགྲོ་དགོན་པའི་གྲྭ་པའི་སྒྲིག་ཁོངས་ནས་ཕྱིར་ཕུད་བྱས་ལུགས་བརྗོད་འདུག

 

༼༢༧༽ ཁྲིམས་ཆད་ནག་ཉེས།

 

ནག་ཉེས་གཙོ་བོ་ནི། 2015 ལོར་བལ་ཡུལ་རྒྱལ་ཁོངས་ས་མཚམས་སུ་ས་ཡོམ་ཆེན་པོ་བྱུང་སྐབས་སེང་བྲག་རིན་པོ་ཆེའི་དགོན་པ་ལ་ཡང་ས་ཡོམ་གྱི་གནོད་སྐྱོན་ཧ་ཅང་ཆེན་པོ་བྱུང་བས་དིང་རི་རྒྱལ་ནོར་སྟེང་འགྲོ་དགོན་ནས་ཞལ་འདེབས་རྒྱ་སྒོར་ལྔ་སྟོང་ཞིག་ཕུལ་བ་དེ་རྒྱ་གཞུང་ནས་ནག་ཉེས་ཆེན་པོ་ཞིག་ལ་བརྩིས་པ་དང་། ཡང་། 2018 ལོར་སྟེང་འགྲོ་དགོན་པ་རྒྱ་སྐྱེད་གསར་བཞེངས་སྐབས་སུ། རྒྱལ་ནོར་ལུང་པར་ཁྱོན་གྲོང་སྡེ་དགུ་ཙམ་ཡོད་པ་རྣམས་ནས་རེས་མོས་ཀྱི་དགོན་པར་ཞལ་དེབས་ལས་ཀ་ལས་འདུག་ཅིང་། གྲོང་མི་ལས་ཀར་སླེབས་མ་ཐུབ་པ་རྣམས་ནས་ལས་ཚབ་ཏུ་ཞལ་འདེབས་དངུལ་ཕུལ་མཁན་བྱུང་བའི་དངུལ་གྲངས་སྒོར་ཁྲི་ལོང་ཡོད་འདུག་ཅིང་། རྒྱ་གཞུང་ནས་གནས་ཚུལ་དེ་ནི་མི་མང་ལ་བཤུ་གཞོག་དབང་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་དང་། རྒྱ་གཞུང་གོང་རིམ་ལས་ཁོ་ཚོས་དབང་ཆ་བེད་སྤྱོད་ཆེ་བ་སྤྱད་པའི་ནག་ཉེས་སུ་བགྲངས་འདུག

ཆོས་རྒྱལ་དབང་པོ་སྟེང་འགྲོ་དགོན་པའི་ཀྲུའུ་རིན་དང་། བློ་བཟང་བཟོད་པ་དང་། བློ་བཟང་སྦྱིན་པ། ནོར་བུ་དོན་གྲུབ་བཅས་ཨུ་ཡོན་ནམ་དགོན་པའི་ལས་སྣེ་རེད་འདུག  ངག་དབང་ཡེ་ཤེས་མ་གཏོགས་གཞན་རྣམས་རྒྱ་གཞུང་རང་ནས་བཙུགས་པའི་སྟེང་འགྲོ་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ལས་འགན་སྒྲུབ་པར་བསྐོས་པའི་མི་སྣ་ཡིན་འདུག

1992 ལོར་སྟེང་འགྲོ་དགོན་པར་སེང་བྲག་རིན་པོ་ཆེ་ཕེབས་ཅིང་། མ་ཟད་སེང་བྲག་རིན་པོ་ཆེ་བླ་རབས་རིམ་བྱོན་རྣམས་སྟེང་འགྲོ་དགོན་གྱི་རྩ་བའི་བླ་མ་ཡིན། ཁོང་གི་གདན་སར་ཞལ་འདེབས་ཕུལ་བ་དེས་ཆབ་སྲིད་ཀྱི་ནག་ཉེས་ཆེན་པོ་ཞིག་བཟོས་པ་དང་། རྒྱལ་ནོར་ཡུལ་སྡེ་དང་སྟེང་འགྲོ་དགོན་གྱི་འབྲེལ་བ་ནི། སའི་སྟེང་འཛམ་བུའི་གླིང་ན་གྲུབ་ཐོབ་ཆེན་པོ་སྙན་པ་དང་གྲགས་པས་ཁྱབ་པའི་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པ་ཆེན་པོ་རྒྱལ་གྱི་ཤྲཱིར་བཞུགས་དུས་ནས་རྒྱལ་ཁྲོམ་༼རྒྱལ་ནོར་ཀྱི་སྔ་དུས་མིང་།༽ གྱི་ཡོན་བདག་རྣམས་ཀྱིས་རྒྱལ་ཕུ་སྟེང་འགྲོ་རི་ཁྲོད་དུ་གདན་འདྲེན་ཞུས་ཡོད། དེ་ཡང་། རྒྱལ་བ་རྒོད་ཚང་པ་མཆོག་ཕྱི་ལོ། 1234 ལོར་སྟེང་འགྲོ་རི་ཁྲོད་དུ་ཕེབས་ཅིང་ལོ་བཅུ་གསུམ་རིང་དེར་བཞུགས། དུས་དེ་ནས་ད་བར་ལོ་ངོ་སྟོང་ལ་ཉེ་བར་ཡང་རྒྱལ་ནོར་ཡུལ་དང་སྟེང་འགྲོ་དགོན་པ་གཉིས་བར་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཡོད། ད་དུང་རྒྱལ་ནོར་ལུང་པའི་སྤྱི་སྒེར་ཞབས་རིམ་སོགས་སྟེང་འགྲོ་དགོན་པའི་གྲྭ་པས་སྒྲུབ་ཀྱི་ཡོད་སྟབས། སྟེང་འགྲོ་དགོན་པའི་ལས་ཀ་སོགས་རྒྱལ་ནོར་ལུང་པའི་མི་མང་ནས་དགའ་སྤྲོའི་ངང་བྱེད་པ་ལས་རྙོག་དྲ་རྩ་བ་ནས་མེད།  རྒྱ་གཞུང་མངོན་སུམ་ལ་བསྙོན་ནས་དབང་ཤེད་ཀྱིས་ལག་པ་འཛིན་ས་ཞིག་ཏུ་སྒྲོ་འདོགས་བྱས་ཏེ་ནག་ཉེས་བཙན་འགེལ་བྱས་པ་ལས་དྲང་བདེན་རྩ་བ་ནས་མིན།།

 

༼༢༨༽ མཇུག་བསྔོ་བ།

 

བླང་དོར་རྨོངས་པའི་མི་བསྲུན་དཔུང་གི་ཚོགས།།

ཆོས་ལྡན་ཞིང་དུ་ཆོས་མིན་བྱ་ངན་ཚོགས།།

དུས་གསུམ་དངོས་བརྒྱུད་བར་གསུམ་ཟད་མེད་དུ།།

སྤེལ་བའི་བསམ་སྦྱོར་མ་ལུས་ཞི་བར་ཤོག།

འདིར་བཀོད་དཔའ་བོ་སྐུ་སྲོག་ཤོར་བ་རྣམས།།

གཙོ་བྱས་བསྟན་སྲིད་དོན་དུ་བཏང་བ་ཡི།།

ཁ་བ་ཅན་ལྗོངས་དཔའ་བོ་ཐམས་ཅད་ཀུན།།

སྤྱན་རས་གཟིགས་ཀྱི་ཞབས་སྣེ་ཟིན་པར་ཤོག།

གུང་ཁྲན་རིང་ལུགས་བཙན་འཛུལ་བཙན་ཤུགས་སྟོབས།།

ཉམ་ཆུང་ཉེས་མེད་ཁུངས་མེད་ཁྲིམས་བཙོན་འོག།

སྡུག་སྦྱོང་མནར་གཅོད་དྲག་ལས་མྱུར་གྲོལ་སྟེ།།

རང་ཡུལ་ནང་མི་མཉམ་འཛོམས་བདེ་འཆར་ཤོག།

དམངས་གཙོ་རིང་ལུགས་སྤྱི་ལྟར་བོད་རྒྱ་ནག།

ཁྲེལ་མེད་ངན་ཐབས་གཞན་དབང་སྒེར་སྤྱོད་ཀྱིས།།

བཅིངས་པ་ལས་གྲོལ་འགྲོ་བ་མའི་ཐོབ་ཐང་།།

རང་དབང་བདེ་སྐྱིད་མྱུར་དུ་འཆར་བར་ཤོག།

 

བརྒྱུད་སྐུལ།

མཆན་སྤེལ།