པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས།

པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་སྙིང་བསྡུས།

༡༽ ༸པཎ་ཆེན་སྐུ་ཕྲེང་དང་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དང་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་། འཁྲུངས་ཡུལ། གཙང་ལ་སྟོད་ཆུ་འོག །འཁྲུངས་ལོ། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོ་ཕྱི་ལོ་ ༡༣༨༥ ལོ། ཡབ། ཀུན་དགའ་བཀྲ་ཤིས་དཔལ་བཟང་། ཡུམ། བུ་འདྲེན་རྒྱལ་མོ། རིགས། སེའི་རིགས། ཆུང་མཚན། མཁས་གྲུབ། རབ་བྱུང་གི་མཁན་པོ། འདུལ་འཛིན་མཁས་གྲུབ་སེངྒེ་རྒྱལ་མཚན། བསྙེན་རྫོགས་ཀྱི་མཁན་པོ། རྗེ་བཙུན་རེད་མདའ་གཞོན་ནུ་བློ་གྲོས་རྒྱལ་མཚན། བསྙེན་པར་རྫོགས་ལོ།

དགུང་ལོ་ ༢༡ ། བླ་མའི་གཙོ་བོ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་སོགས། མཛད་རྗེས་གཙོ་བོ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། རི་བོ་མདངས་ཆེན་སོགས་ཕྱག་བཏབ། དགུང་ལོ་ ༤༧ པར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་གཉིས་ཀྱི་བསྟན་པའི་གཞི་མ་བརྟན་པོར་ཚུགས་ཤིང་རྒྱས་པར་མཛད་པ་སོགས། ཞལ་གཟིགས། རྗེ་གཟིགས་པ་ལྔ་ལྡན། མཛད་པ་སྐྱོང་ཡུལ། ངམ་རིང་ཆོས་སྡེ། ས་སྐྱ། ལྕང་ར་དགོན། དགའ་ལྡན་སོགས་དང་དབུས་གཙང་གཉིས། སློབ་མའི་གཙོ་བོ། མཁན་ཆེན་བསོད་ནམས་མཆོག་གྲུབ་དང་། ཀུན་མཁྱེན་འཕགས་པ་འོད། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་སོགས། གསུང་རྩོམ། རྗེ་བླ་མའི་རྣམ་ཐར་དང་། མདོ་ཕྱོགས་ལ་ཕར་ཕྱིན་རྣམ་བཤད། རྣམ་འགྲེལ་ཊཱིཀ་ཆེན། སྔགས་ཕྱོགས་ལ་དུས་འཁོར་རྒྱུད་འགྲེལ་དང་། གསང་འདུས་བསྐྱེད་རིམ། གཞན་ཡང་སྒྲུབ་ཐབས་དང་། བསྟོད་ཚོགས་བཅས་པོ་ཏི་བཅུ་གཉིས་བཞུགས། གཤེགས་ལོ། དགུང་གྲངས་ ༥༤ ལ་ཕེབས་པ་ཕྱི་ལོ་ ༡༤༣༨ ལོར་སྐུ་གཤེགས་པ་བཅས་སོ།།

༢༽ ༸པཎ་ཆེན་སྐུ་ཕྲེང་གཉིས་པ། བསོད་ནམས་ཕྱོགས་གླང་གི་མཛད་རྣམ་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་གཉིས་པ། བསོད་ནམས་ཕྱོགས་གླང་། མིང་འདོགས། བེའུ་དང་། མཚན་གཞན། དབེན་དགོན་སྤྲུལ་སྐུ། འཁྲུངས་ཡུལ། གཙང་ལྗོངས་ལྷོ་ཁུད། འཁྲུངས་ལོ། རབ་བྱུང་བདུན་པའི་ས་ལུག་ཕྱི་ལོ་ ༡༤༣༩ ལོའི་ཟླ་བ་ ༡ ཚེས་ ༡༢། ཡབ་ཡུམ་གྱི་མཚན། མཚན་མི་གསལ་ཡང་ལྷོ་ཁུད་བླ་མ་རྣམ་རྒྱལ་དབང་ཕྱུག་གི་ཚ་བོར་སྐུ་འཁྲུངས། བླ་མའི་གཙོ་བོ། སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་དང་། བ་སོ་ཆོས་ཀྱི་རྒྱལ་མཚན་སོགས། སློབ་མའི་གཙོ་བོ། འཆད་ཉན་གྱི་སློབ་མ་གྲགས་ཆེ་བ་བཅུ་དྲུག་ཙམ་བྱུང་། མཛད་པ་སྐྱོང་ཡུལ། དགའ་ལྡན་དང་། དབེན་དགོན། བཞད་མཐོང་སྨོན། དབུས་གཙང་གི་ཁུལ། མཛད་རྗེས་གཙོ་བོ། དབེན་རྩ་ཕུར་ཆོས་འཁོར་སྡིངས་ཞེས་པའི་དགོན་པ་ཕྱག་བཏབ། དབེན་སའི་དགོན་པ་ཞོལ་གྱི་གདན་ས་མཛད་ཅིང་། ཁྲི་པའི་ཐུགས་འགན་ཡང་བཞེས། དགའ་ལྡན་དུ་སློབ་གཉེར་གྱིས་རྩོད་པའི་མཆོག་ཏུ་གྱུར། གསང་ཕུ་སོགས་སུ་གྲྭ་སྐོར་སོགས་མཛད་དེ་མཚན་སྙན་རྒྱས། དབེན་ས་སྙན་བརྒྱུད་ཀྱི་སྲོལ་གཏོད། གསུང་རྩོམ། འདབ་ཆགས་ལ་གླེང་མོལ་མཛད་ཚུལ་གྱི་མགུར་སོགས་བསྟན་བཅོས་མང་དུ་བརྩམས། གཤེགས་ལོ། དགུང་ལོ་ ༦༦ པ་རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་ ༡༥༠༤ ལོའི་ཟླ་བ་ ༣ ཚེས་ ༢༥ ཉིན་དབེན་དགོན་དུ་སྐུ་གཤེགས་པ་བཅས་སོ།།

༣༽ ༸པཎ་ཆེན་སྐུ་ཕྲེང་གསུམ་པ། དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་གསུམ་པ། དབེན་ས་པ་བློ་བཟང་དོན་གྲུབ། ཆུང་མཚན། མགོན་པོ་སྐྱབས། འཁྲུངས་ཡུལ། གཙང་ལྗོངས་ལྷོ་ཁུད་ཀྱི་ཕུ་དབེན་སའི་ཡུལ། འཁྲུངས་ལོ། རབ་བྱུང་བརྒྱད་པའི་ཤིང་གླང་ལོ་སྟེ་ཕྱི་ལོ་ ༡༥༠༥ ལོའི་ཟླ་བ་ ༡ ཚེས་ ༤ ཉིན། ཡབ། བསོད་ནམས་རྡོ་རྗེ། ཡུམ། དཔལ་འཛོམས་སྐྱིད། རབ་བྱུང་གི་མཁན་པོ། ལྷ་རི་རྩེ་བ་གྲགས་པ་དོན་གྲུབ། བསྙེན་རྫོགས་ཀྱི་མཁན་པོ། ༸རྒྱལ་བ་དགེ་འདུན་རྒྱ་མཚོ། བསྙེན་པར་རྫོགས་ལོ། དགུང་ལོ་ ༣༣ ། བླ་མའི་གཙོ་བོ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོ། རྗེ་བཙུན་སྐྱབས་མཆོག །འཇམ་དབྱངས་བློ་བཟང་བཤེས་གཉེན། མཛད་རྗེས་གཙོ་བོ། དབེན་ས་ཆོས་ཀྱི་ཕོ་བྲང་ཕྱག་བཏབ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེས་སྙན་བརྒྱུད་ཀྱི་བེའུ་བུམ་ཕྱག་ཏུ་གཏད་པ་ལས་སྙན་རྒྱུད་མན་ངག་གི་བསྟན་པའི་བདག་པོར་གྱུར་ཅིང་། དབེན་ས་སྙན་བརྒྱུད་ཅེས་པའི་གདམས་པ་གྲགས་ཆེ་བ་ཁོང་ནས་བྱུང་བས། ད་ལྟའི་བར་དབེན་ས་སྙན་བརྒྱུད་ཅེས་པའི་མཚན་ཐོགས། མཛད་པ་སྐྱོང་ཡུལ། དབུས་གཙང་གཉིས་དང་། དབེན་དགོན། དགེ་འཕེལ་གླིང་། བཀྲས་ལྷུན། རྒྱ་བོ་རྡོ་རྗེའི་ཕོ་བྲང་སོགས། ཞལ་གཟིགས། རྗེ་བཙུན་ཙོང་ཁ་པ་དང་ལྷག་པའི་ལྷ་དུ་མ། སློབ་མའི་གཙོ་བོ། མཁས་གྲུབ་སངས་རྒྱས་ཡེ་ཤེས་དང་། ཀུན་མཁྱེན་ལེགས་པ་དོན་གྲུབ། བྱང་སྟོན་སྨྲ་བའི་དབང་པོ། རྗེ་བློ་གྲོས་རྣམ་རྒྱལ་སོགས། གསུང་རྩོམ། གསོལ་འདེབས་དང་། ཟིན་བྲིས་དང་སྒྲུབ་ཐབས་སྣ་ཚོགས་བཅས་པོད་གཉིས་བཞུགས། གཤེགས་ལོ། རབ་བྱུང་དགུ་པའི་མེ་སྟག་ལོ་སྟེ་ཕྱི་ལོ་ ༡༥༦༦ ལོའི་ཟླ་བ་ ༢ ཚེས་ ༡༣ ཉིན་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་སྐབས་ཞི་བར་གཤེགས་པ་བཅས་སོ།།

༤༽ ༸པཎ་ཆེན་སྐུ་ཕྲེང་བཞི་པ། པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཞི་པ། ༸པཎ་ཆེན་བློ་བཟང་ཆོས་རྒྱལ། འཁྲུངས་ཡུལ། གཙང་ལྷན་དྲུག་བརྒྱ་པའི་སྤེའུ། འཁྲུངས་ལོ། རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ་ ༡༥༧༠ ལོའི་ཟླ་བ་ ༤ ཚེས་ ༡༥། རིགས། སྦའི་རིགས། ཡབ། ཀུན་དགའ་འོད་ཟེར། ཡུམ། མཚོ་རྒྱལ། ཆུང་མཚན། ཆོས་རྒྱལ་དཔལ་ལྡན། རབ་བྱུང་གི་མཁན་པོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། བསྙེན་རྫོགས་ཀྱི་མཁན་པོ། བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་བཅུ་བཞི་པ་༸པཎ་ཆེན་དམ་ཆོས་ཡར་འཕེལ། བསྙེན་པར་རྫོགས་ལོ། དགུང་ལོ་ ༢༢ པ། བླ་མའི་གཙོ་བོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་། ༸པཎ་ཆེན་དམ་ཆོས་ཡར་འཕེལ། མཛད་པ་སྐྱོང་ཡུལ། དབེན་དགོན། བཀྲས་ལྷུན། གངས་ཅན་ཆོས་འཕེལ། རི་བོ་དགེ་འཕེལ། གདན་ས་གསུམ། ཞྭ་ལུ་སོགས་དབུས་གཙང་། མཛད་རྗེས་གཙོ་བོ། བཀྲ་ཤིས་ལྷུན་པོའི་ཁྲི་པ་དང་། ༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡོངས་འཛིན་མཛད་ཅིང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངོས་འཛིན་དང་། དགེ་ཚུལ་སློང་གི་མཁན་པོ་ཡང་མཛད། ཁོང་གིས་དགའ་ལྡན་ཁྲི་ཚབ་གནང་རིང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པ་གཏོང་སྲོལ་བཙུགས། དམག་གི་བར་འདུམ་མང་དུ་མཛད། ༸པཎ་ཆེན་རིན་པོ་ཆེའི་མཚན་ཡང་སྐུ་ཕྲེང་བཞི་པ་ནས་ཡོངས་གྲགས་སུ་གྱུར། ཕྱག་འདེབས། བཀྲས་ལྷུན་སྔགས་གྲྭ་དང་། དབེན་དོན་གཙུག་ལག་ཁང་གསར་དུ་བཞེངས། སློབ་མའི་གཙོ་བོ། ཛ་ཡ་བློ་བཟང་འཕྲིན་ལས། བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་སོགས། གསུང་རྩོམ། གསང་འདུས་བསྐྱེད་རྫོགས་དང་། བླ་མ་མཆོད་པ། ཕྱག་ཆེན་རྩ་འགྲེལ་སོགས་རྨད་དུ་བྱུང་བའི་ལེགས་བཤད་པོད་ལྔ་བཞུགས། གཤེགས་ལོ། དགུང་ལོ་གོ་གཉིས་ལ་ཕེབས་པ་རབ་བྱུང་བཅུ་ཅིག་པའི་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་ཞི་བར་གཤེགས་པའོ།།

༥༽ ༸པཎ་ཆེན་སྐུ་ཕྲེང་ལྔ་པ། བློ་བཟང་ཡེ་ཤེས་ཀྱི་མཛད་རྣམ་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ལྔ་པ། ༸པཎ་ཆེན་བློ་བཟང་ཡེ་ཤེས། འཁྲུངས་ཡུལ། གཙང་ཐོབ་རྒྱལ་བྲུལ་ཚང་། འཁྲུངས་ལོ། རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ཕྱི་ལོ་ ༡༦༦༣ ལོའི་ཟླ་བ་  ༧  ཚེས་ ༡༥། ཡབ། ཞབས་དྲུང་བསོད་ནམས་གྲགས་པ། ཡུམ། ཚེ་བརྟན་བུ་ཁྲིད། རིགས། བྲུལ་ཚང་པའི་གདུང་རྒྱུད། ངོས་འཛིན་མཛད་པ་པོ། ༸རྒྱལ་དབང་ལྔ་པ་ཆེན་པོ། རབ་བྱུང་གི་མཁན་པོ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། བསྙེན་རྫོགས་ཀྱི་མཁན་པོ། སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། བསྙེན་པར་རྫོགས་ལོ། དགུང་ལོ་ ༢༢ པ། བླ་མའི་གཙོ་བོ། ༸རྒྱལ་དབང་ལྔ་པ་ཆེན་པོ་མཆོག་དང་། སྔགས་ཆེན་དཀོན་མཆོག་རྒྱལ་མཚན། མཛད་པ་སྐྱོང་ཡུལ། བཀྲས་ལྷུན། དབེན་དགོན་སོགས་དབུས་གཙང་ཁུལ། མཛད་རྗེས་གཙོ་བོ། བཀྲ་ཤིས་ལྷུན་པོའི་གདན་ས་ལོ་མང་རིང་བསྐྱངས་ཤིང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་དང་། སྐུ་ཕྲེང་བདུན་པ་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱི་དགེ་ཚུལ་སློང་གི་མཁན་པོ་མཛད། ལམ་རིམ་བློ་སྦྱོང་གི་སྐོར་ནས་ཕུལ་དུ་བྱུང་བའི་གསུང་རྩོམ་དང་ཉམས་བཞེས་མཛད་པ་སོགས་རྗེ་བླ་མའི་བསྟན་པ་ཡུན་རིང་དུ་བསྐྱངས། དམག་གི་བར་འདུམ་མང་དུ་མཛད། སློབ་མའི་གཙོ་བོ། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་དང་། སྐུ་ཕྲེང་བདུན་པ་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སོགས། གསུང་རྩོམ། ལམ་རིམ་དམར་ཁྲིད་སོགས་བསྟན་པའི་རྒྱན་དུ་གྱུར་པའི་གསུང་འབུམ་པོད་བཞི་བཞུགས། གཤེགས་ལོ། དགུང་ལོ་དོན་ལྔར་ཕེབས་པ་རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་སྐུ་ཞི་བར་གཤེགས་པ་བཅས་སོ།།

༦༽ ༸པཎ་ཆེན་སྐུ་ཕྲེང་དྲུག་པ། དཔལ་ལྡན་ཡེ་ཤེས་ཀྱི་མཛད་རྣམ་གྱི་སྙིང་པོ།

 

         མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དྲུག་པ། ༸པཎ་ཆེན་དཔལ་ལྡན་ཡེ་ཤེས། འཁྲུངས་ཡུལ། ཤངས་རྣམ་གླིང་གྲམ་བཀྲ་ཤིས་རྩེ། འཁྲུངས་ལོ། རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོའི་ཟླ་བ་ ༡༡ ཚེས་ ༡༡། ཡབ། ཐང་ལྷ། ཡུམ། ཉི་ཟླ་དབང་མོ། ངོས་འཛིན་གནང་མཁན། ༸རྒྱལ་བ་སྐུ་ཕྲེང་བདུན་པ་ཆེན་པོ་བསྐལ་བཟང་རྒྱ་མཚོ། རབ་བྱུང་གི་མཁན་པོ། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། བསྙེན་རྫོགས་ཀྱི་མཁན་པོ། ཡོངས་འཛིན་བློ་བཟང་ཆོས་འཕེལ། བསྙེན་པར་རྫོགས་ལོ། དགུང་ལོ་ ༢༠ པ། བླ་མའི་གཙོ་བོ། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་། ཡོངས་འཛིན་བློ་བཟང་བཟོད་པ། དཀྱིལ་ཁང་པ་བློ་བཟང་ཆོས་འཕེལ་སོགས། མཛད་རྗེས་གཙོ་བོ། དབུས་སུ་ཕེབས་ཏེ་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་ལ་དགེ་ཚུལ་སློང་གི་སྡོམ་པ་འབུལ་བཞེས་དང་། བཀའ་ཆོས་དང་དབང་ལུང་མན་ངག་མང་དུ་སྩལ། རྒྱ་ནག་གོང་མ་ཆན་ལུང་གིས་གདན་དྲངས་པ་ལྟར་ཕེབས་ཏེ་རྒྱ་དང་ཧོར་སོག་གི་རིགས་ཁྲི་ཕྲག་མང་པོར་དམ་ཆོས་ཀྱི་བགོ་སྐལ་དཔག་མེད་གནང་། དུས་ད་ལྟ་ཡང་པེ་ཅིང་གྲོང་ཁྱེར་གྱི་དབུས་སུ་དགའ་ལྡན་བྱིན་ཆགས་གླིང་ཞེས་ཁོང་གི་བཞུགས་གནས་དེ་མཇལ་རྒྱུ་ཡོད། སློབ་མའི་གཙོ་བོ། ༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་དང་། ལྕང་སྐྱ་རིན་པོ་ཆེ། རྒྱལ་སྲས་སྐལ་བཟང་ཐུབ་བསྟན། འཕགས་པ་ལྷ། རྒྱ་ནག་གི་ཆིང་གོང་མ་སོགས། གསུང་རྩོམ། ཤམ་བྷ་ལའི་སྨོམ་ལམ་དང་ལམ་ཡིག །ལྷ་མོའི་མོ་དཔེ་སོགས་པོད་འབྲིང་དགུ་ཙམ་བཞུགས། གཤེགས་ལོ། དགུང་ལོ་ ༤༣ ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༧༨༠ ལོར་པེ་ཅིན་དུ་ཞི་བར་གཤེགས་པ་བཅས་སོ།།

༧༽ ༸པཎ་ཆེན་སྐུ་ཕྲེང་བདུན་པ། བསྟན་པའི་ཉི་མ་མཆོག་གི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བདུན་པ། བློ་བཟང་བསྟན་པའི་ཉི་མ། འཁྲུངས་ཡུལ། གཙང་ཉང་སྨད་པ་རྣམ། འཁྲུངས་ལོ། རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ཕྱི་ལོ་ ༡༧༨༢ ལོའི་བོད་ཟླ་ ༤ ཚེས་ ༨ ། ཡབ། དཔལ་ལྡན་དོན་གྲུབ། ཡུམ། འཆི་མེད་རྒྱལ་མོ། ངོས་འཛིན་གནང་མཁན། ༸རྒྱལ་བ་འཇམ་དཔལ་རྒྱ་མཚོ། རབ་བྱུང་གི་མཁན་པོ། ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ། བསྙེན་རྫོགས་ཀྱི་མཁན་པོ། ༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག །བསྙེན་པར་རྫོགས་ལོ། དགུང་ལོ་ ༢༠། བླ་མའི་གཙོ་བོ། ༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་དང་། སྔགས་ཆེན་ཡོན་ཏན་རྒྱ་མཚོ། སྔགས་ཆེན་བློ་བཟང་བསྟན་འཛིན། མཛད་རྗེས་གཙོ་བོ། ༸རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། ༸རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་རྣམ་གསུམ་ངོས་འཛིན་མཛད་དེ་མཚན་གསོལ་དགེ་ཚུལ་སློང་གི་བསླབ་སྡོམ་ཡང་ཕུལ། ཀུན་སྐྱོབ་གླིང་གཙུག་ལག་ཁང་དང་། བདེ་ཆེན་ཀུན་བཟང་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད། ཟླ་བ་བརྒྱད་ཙམ་རིང་བོད་ཀྱི་ཆབ་སྲིད་བསྐྱངས། གཡུལ་འགྱེད་ཀྱི་བར་འདུམ་མཛད་པ་སོགས། སློབ་མའི་གཙོ་བོ། ༸རྒྱལ་བ་སྐུ་ཕྲེང་དགུ་པ། བཅུ་པ། བཅུ་གཅིག་པ། ཁལ་ཁ་རྗེ་བཙུན་དམ་པ། ལྕང་སྐྱ་རིན་པོ་ཆེ། རྒྱལ་ཚབ་རྭ་སྒྲེང་རྡོ་རྗེ་འཆང་། ཕུར་ལྕོག་བྱམས་པ་རིན་པོ་ཆེ། སེང་ཆེན་བློ་བཟང་བསྟན་འཛིན། སྔགས་ཆེན་དཔལ་ལྡན་གྲགས་པ་སོགས། གསུང་རྩོམ། ༸པཎ་ཆེན་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་སོགས་ལེགས་བཤད་ཀྱི་གསུང་པོད་དགུ་བཞུགས། གཤེགས་ལོ། དགུང་གྲངས་བདུན་ཅུ་དོན་གཅིག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་གླང་ཕྱི་ལོ་ ༡༨༥༣ ལོར་གཤེགས་པ་བཅས་སོ།།

༨༽ ༸པཎ་ཆེན་སྐུ་ཕྲེང་བརྒྱད་པ། བསྟན་པའི་དབང་ཕྱུག་གི་རྣམ་ཐར་གྱི་སྙིང་པོ།

 

མཚན། ༸པཎ་ཆེན་སྐུ་ཕྲེང་བརྒྱད་པ། ༸པཎ་ཆེན་བསྟན་པའི་དབང་ཕྱུག །འཁྲུངས་ཡུལ། གཙང་ཐོབ་རྒྱལ་བྲུལ་ཚང་། འཁྲུངས་ལོ། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༤ ལོའི་ཟླ་བ་ ༨ ཚེས་ ༨ ཉིན། རིགས། བོན་རིགས། ཡབ། བསྟན་འཛིན་དབང་རྒྱལ། ཡུམ། བཀྲ་ཤིས་ལྷ་མོ། ངོས་འཛིན་གནང་མཁན། རྭ་སྒྲེང་ཧོ་ཐོག་ཐུ། རབ་བྱུང་གི་མཁན་པོ། རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག །བསྙེན་རྫོགས་ཀྱི་མཁན་པོ། འདུལ་འཛིན་ཆེན་པོ་མཻ་ཏྲི་མངྒ་ལ་དྷརྨ་དཔལ་བཟང་པོ་ལས་༸པཎ་ཆེན་སྡོམ་རྒྱུན་དང་། ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོའི་དྲུང་ནས་བླ་ཆེན་གྱི་སྡོམ་རྒྱུན་བཞེས། བླ་མ་གཙོ་བོ། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་དང་། ཡོངས་འཛིན་བསྟན་པ་རྒྱལ་མཚན། རྗེ་བཙུན་ཡེ་ཤེས་ཆོས་འཕེལ། ཕུར་ལྕོག་ཡོངས་འཛིན་བྱམས་པ་སོགས། མཛད་པ་སྐྱོང་ཡུལ། གདན་ས་བཀྲ་ཤིས་ལྷུན་པོ་དང་། ངམ་རིང་ཆོས་སྡེ། དབུས་གཙང་ཁུལ། མཛད་པ་གཙོ་བོ། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོར་གསན་བསམ་མཐར་ཕྱིན་མཛད། ངམ་རིང་ཆོས་སྡེ་ཉམས་དམས་སུ་གྱུར་པ་དར་རྒྱས་སུ་མཛད་དེ། བྱམས་ཁང་སྟེང་ཤོད་དང་། བླ་བྲང་། ཆོས་ར། གྲྭ་ཤག་སོགས་རྒྱ་ཆེ་གསར་བསྐྲུན་ཐོག་དགེ་འདུན་གསར་བུ་བ་བརྒྱ་དང་བཞི་བཅུ་ཞེ་བརྒྱད་གསར་འཛུགས་ཀྱིས་མཐུན་རྐྱེན་སོགས་སྦྱོར་འཇགས་མཛད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ངོས་འཛིན་མཛད། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཆོག་དང་ལྡན་པ། སློབ་མའི་གཙོ་བོ། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་དང་། ལྕང་སྐྱ་རིན་པོ་ཆེ། ཆབ་མདོ་འཕགས་པ་ལྷ། འཇམ་དབྱངས་བཞད་པ། རྡོ་རྗེ་འཛིན་པ་བློ་བཟང་ཚུལ་ཁྲིམས། ལུང་རིགས་སྨྲ་བ་བློ་བཟང་བསྟན་འཛིན། དཀྱིལ་ཟུར་བློ་བཟང་སྦྱིན་པ་སོགས། གསུང་རྩོམ། རྣམ་ཐར་སོགས་པོད་གསུམ་བཞུགས། གཤེགས་ལོ། དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོའི་བོད་ཟླ་ ༦ པའི་ཚེས་ ༡༦ ཉིན་སྐུ་མྱ་ངན་ལས་འདས་པ་བཅས་སོ།།

༩༽ ༸པཎ་ཆེན་སྐུ་ཕྲེང་དགུ་པ། ཆོས་ཀྱི་ཉི་མ་མཆོག་གི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་དགུ་པ། ༸པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ། འཁྲུངས་ཡུལ། དྭགས་པོ་ཀ་ཤ །འཁྲུངས་ལོ། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོའི་བོད་ཟླ་ ༡ ཚེས་ ༡༢། ཡབ། རྟ་མགྲིན། ཡུམ། དམ་ཆོས་མཚོ་མོ། ཆུང་མཚན། བསམ་གྲུབ་རྒྱ་མཚོ། རབ་བྱུང་གི་མཁན་པོ། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག །བསྙེན་རྫོགས་ཀྱི་མཁན་པོ། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག །བསྙེན་པར་རྫོགས་ལོ། དགུང་ལོ་ ༢༠ པ། བླ་མའི་གཙོ་བོ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་དང་། རྡོ་རྗེ་འཆང་ལྷོ་པ་བསྟན་འཛིན་དབང་རྒྱལ། ལོ་ཆེན་ཕན་ཁང་བློ་བཟང་བསྟན་འཛིན་རྣམ་རྒྱལ། རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས། མཛད་པ་སྐྱོང་ཡུལ། དབུས་གཙང་རུ་བཞི། རྒྱ་གར། རྒྱ་ནག །སོག་ཡུལ། མདོ་སྟོད་སྨད། མཛད་རྗེས་གཙོ་བོ། བཀྲས་ལྷུན་དུ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་བརྙན་བོད་ཡུལ་ན་སྐུ་ཚད་ཆེ་ཤོས་འཛམ་གླིང་ཟངས་སྐུའི་རྒྱལ་པོར་གྲགས་པ་གསར་བཞེངས་དང་། གསུང་རབ་པར་སྐྲུན། རྒྱ་ཡུལ་དང་ཧོར་སོག་གི་ཡུལ་གྲུར་ཕེབས་ནས་བསྟན་འགྲོའི་མཛད་བཟང་རྒྱ་ཆེར་བསྐྱངས། སློབ་མའི་གཙོ་བོ། རྒྱ་སོག་དང་མདོ་སྨད་སོགས་ཡུལ་གྲུ་དུ་མར་བླ་སྤྲུལ་དཔོན་རིགས་མང་དུ་ཡོད། གསུང་རྩོམ། ལམ་གྱི་རིམ་པའི་རྒྱུན་འཁྱེར་དང་། ལམ་སྒྲོན་གྱི་འགྲེལ་པ། ལེགས་བཤད་ས་ཤིང་གི་བསྟན་བཅོས་སོགས་པོད་ཆེན་བཞི་བཞུགས། གཤེགས་ལོ། དགུང་ལོ་ལྔ་བཅུ་ང་བཞིར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཕྱི་ལོ་ ༡༩༣༧ ལོའི་ཟླ་བ་ ༡༠ ཚེས་ ༢༨ ཉིན་སྐྱེ་དགུ་མདོར་གཤེགས་པ་བཅས་སོ།།

༡༠༽ ༸པཎ་ཆེན་སྐུ་ཕྲེང་བཅུ་པ། ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་གྱི་སྙིང་པོ།

 

མཚན། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ། བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན། འཁྲུངས་ཡུལ། མདོ་སྨད་བིས་མདོ། འཁྲུངས་ལོ། རབ་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ་ ༡༩༣༨ ཟླ་བ་ ༡ ཚེས་ ༣ ། ཡབ། སྟོང་དཔོན་གུར་མགོན་པོ་ཚེ་བརྟན། ཡུམ། བསོད་ནམས་སྒྲོལ་མ། ཆུང་མཚན། མགོན་པོ་ཚེ་བརྟན། རབ་བྱུང་གི་མཁན་པོ། ཡོངས་འཛིན་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། བླ་མའི་གཙོ་བོ། ཡོངས་འཛིན་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་དང་། དངུལ་ཆུ་རིན་པོ་ཆེ། དཀའ་ཆེན་ཨང་ཉི་མ་སོགས། མཛད་རྗེས་གཙོ་བོ། མི་རིགས་ཀྱི་རིག་གཞུང་གི་སྲོག་རྩ་སྐད་ཡིག་བདག་སྐྱོང་དང་། དཔལ་འབྱོར་གོང་འཕེལ། ཆོས་ལུགས་རྒྱུན་འཛིན་དར་སྤེལ་སོགས་ཀྱི་སྐོར་ནས་བླ་ན་མ་མཆིས་པའི་མཛད་པ་བསྐྱངས། སློབ་མའི་གཙོ་བོ། དེང་སྐབས་བཞུགས་པའི་དཀའ་ཆེན་སྐུ་བགྲེས་ཁག་དང་། མདོ་ཁམས་སྟོད་སྨད་ཀྱི་བླ་སྤྲུལ་དང་། ཆོས་དད་ཅན་གྱི་དཔོན་རིགས་མང་དུ་ཡོད། གསུང་རྩོམ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་པ་དང་། ཀྱཻ་རྡོར་གྱི་ཆོ་ག་གསུམ་བསྐྱེད་སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༡ ལོར་དཔར་སྐྲུན་ཞུས་པའི་གསུང་འབུམ་ཀ་ནས་ག་བར་པོད་གསུམ་དང་། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། གཞན་ཡང་བཀའ་སློབ་ཕྱག་དེབ་གསུམ་བཅས་བཞུགས། གཤེགས་ལོ། དགུང་གྲངས་ལྔ་བཅུ་ང་གཅིག་ལ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ་ ༡༩༨༩ ཟླ་བ་ ༡ ཚེས་ ༢༨ ཉིན་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་ཞི་བར་གཤེགས་པ་བཅས་སོ།།

 

༡༡༽ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། དགེ་འདུན་ཆོས་ཀྱི་ཉི་མའི་རྣམ་ཐར་གྱི་སྙིང་པོ།

 

མཚན། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། དགེ་འདུན་ཆོས་ཀྱི་ཉི་མ་མཆོག །འཁྲུངས་ཡུལ། ནག་ཆུ་ལྷ་རི་རྫོང་། འཁྲུངས་ལོ། རབ་བྱུང་ ༡༧ པའི་ས་སྦྲུལ་བོད་ཟླ་ ༣ ཚེས་ ༡༩ དང་། ཕྱི་ལོ་ ༡༩༨༩ ཟླ་བ་ ༤ ཚེས་ ༢༥ ཉིན། ཡབ། དཀོན་མཆོག་ཕུན་ཚོགས། ཡུམ། བདེ་ཆེན་ཆོས་སྒྲོན། ངོས་འཛིན་མཛད་མཁན། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག །ཡོངས་ཁྱབ་གསལ་བསྒྲགས། བོད་ཤིང་ཕག་བོད་ཟླ་ ༣ ཚེས་ ༡༥ དང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༤ ཉིན་ཁྱབ་བསྒྲགས་མཛད། འཛིན་བཟུང་བཙོན་འཇུག །ཕྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་གཞུང་གིས་ཡབ་ཡུམ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་པ་བཅས་སོ།།  །།

རྩོམ་པ་པོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། ༸རྒྱལ་བ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་གསེར་གྱི་ཕྲེང་བ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།