དུས་ཆེན་ངོས་འཛིན་དང་ཕྱག་མཆོད་བྱས་པའི་ཕན་ཡོན།

དུས་ཆེན་ངོས་འཛིན་དང་ཕྱག་མཆོད་བྱས་པའི་ཕན་ཡོན།

དུས་ཆེན་ངོས་འཛིན་དང་ཕྱག་མཆོད་བྱས་པའི་ཕན་ཡོན།

འགོས་པདྨ་རྒྱལ་མཚན།

 

 ༄༅ ། །སྟོན་པ་ཐུགས་རྗེ་ཅན་གྱི་དུས་ཆེན་ངོས་འཛིན་དང་འབྲེལ་བའི་དུས་ཆེན་ཁག་དང་བསོད་ནམས་གསོག་དུས་ཀྱི་ཚེས་གྲངས་ངོས་འཛིན་གཞུང་ཀུན་སྙིང་བསྡུས་ཕན་བདེའི་ལམ་བཟང་བཞུགས་སོ། །

 

མ་འདྲིས་འགྲོ་བའི་བླ་མ་ཐུབ་དབང་ཆེས། །བསྟན་འགྲོར་སྨན་པའི་མཛད་བརྒྱ་བསྟན་པ་དང་། །འབྲེལ་བའི་དུས་ཆེན་བསོད་ནམས་གསོག་དུས་ཀྱི། །ངོས་འཛིན་གཞུང་ཀུན་སྙིང་བསྡུས་འདི་ན་གསལ། །དེ་ལ་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གསུངས་པ་ལྟར།

སྐྱེས་བུ་དམ་པའི་མཛད་པ་ལས་དད་ལྡན་རྣམས་ཆོས་ལ་འཇུག་པ་དང་། དགེ་སྡིག་བླང་ཇི་ལྟར་བྱེད་དགོས་པ་ཤེས་པ་དང་། ཚོགས་བསགས་སྒྲིབ་སྤྱོང་ཐབས་ཚུལ་དང་། དུས་ཤེས་པ་གལ་ཆེ་བ་ཡིན་པས་ན། དེ་ཡང་བསོད་ནམས་བསགས་པ་ལ་ཐབས་ཚུལ་རྟེན་འབྲེལ་ལེགས་འགྲིགས་བྱུང་ན། ཚེགས་ཆུང་ངུས་ཀྱང་རླབས་ཆེན་གྱི་བསོད་ནམས་བསག་ཚུལ་མང་དུ་ཡོད་པར་གསུངས་ཤིང་། དེ་ཡང་ཞིང་དང་། བསམ་པ་དང་། སྦྱོར་བ་དང་། དུས་སོགས་ཀྱི་སྒོ་ནས་ཁྱད་པར་འགྱུར་བ་ཡིན། མདོ་ལས། ཞིང་དང་བསམ་པ་དང་། རྟེན་དང་དངོས་པོ་དང་དུས་ཀྱི་སྒོ་ནས་ཆེས་ཕུལ་དུ་ཕྱིན་པའོ། །ཞེས་གསུངས་པ་ལྟར། དེས་ན་སངས་རྒྱས་བྱང་སེམས་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དམིགས་བསལ་གྱི་མཛད་པ་རླབས་པོ་ཆེ་མཛད་ཅིང་བྱིན་གྱིས་བརླབས་པའི་དུས་ཆེན་སྐོར་ཅུང་ཟད་ཞུ་ན།

 

དུས་ཆེན་ངོས་འཛིན།

 

བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་དང་ཁྲེལ་བའི་དུས་ཆེན་རྣམ་བཞི་དང་། དེ་བཞིན་དུས་བཅུ་དང། དུས་དྲུག་དང་། དུས་གསུམ་དང་། དུས་གཉིས་དང་། གཟའ་འཛིན་རྣམས་ལ། ཕྱག་མཆོད་སོགས་བྱས་ན་དགེ་བ་ཁྱད་འགྱུར་གྱི་བསོད་ནམས་དཔག་མེད་འབྱུང་བ་མ་ཟད་བླ་མ་འདས་པའི་ལོ་ཟླའི་ཚེས་གྲངས་ལ་ཡང་དེ་ལྟར་འབྱུང་བ་ཡིན་ཞིང་། དུས་ལ་ཆེ་ཆུང་མ་གྲུབ་ཀྱང་དུས་འདི་རྣམས་ལ་མཛད་པ་དང་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་དབང་གིས་དགེ་བ་འགྱུར་ཆེ་བར་བརྟེན་དུས་ཆེན་ཞེས་བཏགས་པ་ཡིན།[1] བུ་སྟོན་ལྟར་ན་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པར་གླང་པོ་ཆེའི་རྣམ་པར་ལྷུམས་སུ་ཞུགས་ཞེས་དང་། [2]རྒྱལ་བ་ལྔ་པ་ལྟར་ན་དཔྱིད་ཟླ་ས་གས་ཉ་བ་སྐར་མ་རྒྱལ་ལ་སྐུ་བལྟམས་པར་བཞེད་པ་ནས་ལྷུམས་སུ་ཞུགས་པ་ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་བཞེད་པ་དང་། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས་པ་དང་། མདོ་མྱང་འདས་ཆེན་པོ་ལྟར་ན་ས་ག་ཟླ་བའི་ཚེས་བཅོ་ལྔ་མཚན་གུང་སྐུ་མྱ་ངན་ལས་འདས་པའམ། [3]ལུང་ཕྲན་ཚེགས་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལྟར་ན་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་ཡའི་དཀར་ཕྱོགས་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་གསུངས་པ་ལྟར། ཁ་ཆེ་པཎ་ཆེན་གྱིས་ཀྱང་། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་ལ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། ཞེས་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ལ་བཞེད། སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་ཡའི་དཀར་ཕྱོགས་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་གསུངས་པ་ལྟར། ཁ་ཆེ་པཎ་ཆེན་གྱིས་ཀྱང་། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་ལ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། ཞེས་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ལ་བཞེད་པ་དང་། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བདུད་བཏུལ་ཡང་བརྩིས་ན་དེས་ས་ག་ཟླ་བའི་ཚེས་བཅོ་ལྔ་ནི། སྟོན་པ་ཐུགས་རྗེ་ཅན་གྱི་དུས་ཆེན་བཞི་འཛོམས་དང་། གསུམ་འཛོམས་དང་། གཉིས་འཛོམས་སོགས་བཞེད་པ་ཐ་དད་འབྱུང་། ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཚེས་ལ་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དང་། མཉན་ཡོད་དུ་ཧོར་ཟླ་དང་པོ་མཆུ་ཟླའི་ཚེས་གཅིག་ནས་བཅོ་ལྔ་བར་རམ་ཡང་ན་ཚེས་བཅོ་ལྔ་ལ་མུ་སྟེགས་པའི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་དང་། ཧོར་ཟླ་དགུ་པ་དབྱུག་གུ་ཟླ་བའམ་ཐ་སྐར་ཟླ་བའི་ཚེས་ཉི་ཤུ་གཉིས་ལ་གསལ་ལྡན་དུ་ལྷ་ལས་བབས་པ་སྟེ་སྟོན་པའི་དུས་ཆེན་བཞི་དང་། དེ་ལ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་དུས་ཆེན་ལ་གྲགས་ཆེ་བ་ལྷུམས་སུ་ཞུགས་པའི་དུས་ཆེན་དང་། སྐུ་བལྟམས་པའི་དུས་ཆེན། རབ་ཏུ་བྱུང་བའི་དུས་ཆེན། སངས་རྒྱས་པའི་དུས་ཆེན། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན། ལྷ་ལས་བབས་པའི་དུས་ཆེན། ཆོ་འཕྲུལ་ཆེན་པོའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་བཅས་བརྒྱད་ཡོད་པ་ལས་ཡོངས་སུ་གྲགས་པའི་དུས་ཆེན་བཞི་ནི། མངོན་པར་རྫོགས་པ་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལྷ་ལས་བབས་པ་དང་། ཆོ་འཕྲུལ་ཆེན་པོའི་དུས་ཆེན་བཅས་ཡིན་ལ། ལོ་ཟླ་ཚེས་གྲངས་ངོས་འཛིན་ཚུལ་འགའ་ཞིག་ལྟར་ན་དུས་ཆེན་གཞན་བཞི་ནི་གྲགས་ཆེན་བཞིའི་ནང་དུ་འདུས་པའི་དབང་དུ་བྱས་པར་མངོན་ཏེ། དེ་ལ་སྐུ་བལྟམས་པ་ནི་ཆོ་འཕྲུལ་གྱི་དུས་ཆེན་ནང་དུ་འདུ་བ་དང་། ལྷུམས་སུ་ཞུགས་པ་དང་།མྱ་ངན་ལས་འདས་པའི་དུས་ཆེན་གཉིས་ནི་སངས་རྒྱས་པའི་དུས་ཆེན་ནང་དུ་འདུས་ལ། རབ་ཏུ་བྱུང་བའི་དུས་ཆེན་ཡང་སངས་རྒྱས་པའི་དུས་ཆེན་དང་ཉེ་བས་དེར་བསྡུས་པ་ཡིན།

ཡང་ན་ས་ག་ཟླ་བ་དང་། ཆུ་སྟོད་ཟླ་བ་དང་ཐ་སྐར་ཟླ་བ་དང་། ཆོ་འཕྲུའ་ཟླ་བའི་ཟླ་བ་རིལ་པོ་དུས་ཆེན་དུ་བརྩི་བར་གསུངས་པ་དང་། དེ་བཞིན་ཧོར་ཟླ་གསུམ་པ་ནག་པ་ཟླ་བའི་ཚེས་གསུམ་མམ་འགའ་ཞིག་ཚེས་བཅོ་ལྔ་སོགས་མི་འདྲ་བ་གསུངས་ཀྱང་ཚེས་བཅོ་ལྔ་གྲགས་ཆེ་བས་དཔལ་དུས་ཀྱི་འཁོར་ལོ་གསུངས་པའི་དུས་དང་། ནག་ཟླ་ཚེས་བཅོ་ལྔ་ལ་ཤེར་ཕྱིན་གསུངས་པར་འདོད་པ་སོགས་ཡོད། དེ་ལ་འདུལ་བའི་གཞུང་དུ་ནི་ཟླ་བ་ཡར་ངོའི་ཚེས་བརྒྱད་དང་། བཅུ་བཞི། བཅོ་ལྔ་བཅས་གསུམ་དང་། ཟླ་བ་མར་ངོའི་ཚེས་བརྒྱད་དང་། བཅུ་བཞི། བཅོ་ལྔ་སྟེ། ཡོངས་གྲགས་ཀྱི་ཚེས་ཉེར་གསུམ་དང་། ཉེར་དགུ། གནམ་སྟོང་བཅས་ཀྱི་དུས་སུ་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་འཛམ་གླིང་འདིར་སྐྱེ་བོ་རྣམས་དགེ་སྡི་གང་བྱེད་གཟིགས་པར་བྱོན་པའི་དུས་ཆེན་དང་། དེ་ཡང་ཡར་ངོའི་ཚེས་བརྒྱད་ལ་ལྷའི་འཁོར་རྣམས་དང་། ཚེས་བཅུ་བཞི་ལ་ལྷའི་བུ་དང་བུ་མོ་རྣམས་དང་། ཚེས་བཅོ་ལྔ་ལ་ལྷའི་གཙོ་བོ་རྣམས་གཟིགས་སྐོར་ལ་བྱོན་པའི་དུས་ཡིན་ཚུལ་ཡང་གསུངས་སོ། གཞན་ཡང་ཟླ་བ་ཉ་གང་བའམ་སྟོང་་པའི་དུས་དང་། ལྷག་པར་ཉི་འཛིན་ཟླ་འཛིན་བཅས་ཀྱི་དུས་ནི་ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་དང་། ཉི་ཟླ་གཉིས་སྒྲ་གཅན་གྱིས་ཟིན་པར་སངས་རྒྱས་ཀྱིས་གྲོལ་ཐབས་མཛད་པའི་དུས་ཡིན་པ་དང་། དེ་བཞིན་དུ་ཚེས་བརྒྱད་གང་ཡིན་ལ་ཆུ་སྲིན་རྣམས་ཀྱིས་རྒྱ་མཚོའི་ནང་གི་སྲོག་ཆགས་ཆེས་མང་པོ་བསད་པའི་དུས་ཡིན་ཚུལ་གསུངས་སོ། དེ་ཡང་བཤད་ཚུལ་འདི་དག་ནི་སྔོན་གྱི་གཏམ་རྒྱུད་ལ་གྲགས་པ་དང་། གདུལ་བྱ་ཐུན་མོང་པ་རྣམས་ཀྱི་གོ་བདེ་བའི་དབང་དུ་བྱས་པ་ཡིན་ལ། ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཀྱི་ལུགས་ལྟར་ན་ཕྱིའི་ཟླ་བའི་དཀར་ཆ་ཡར་མར་དུ་འཕེལ་འགྲིབ་དང་། ནང་གི་ཐིག་ལེ་ཡར་མར་དུ་བགྲོད་ཚུལ་གྱི་རྟེན་འབྲེལ་དང་། ཁྱད་པར་དུ་ཉི་ཟླ་གཟའ་འཛིན་ཀྱང་ནང་གི་ལས་རླུང་རྩ་ཁམས་སུ་རྒྱུ་ཚུལ་གྱི་རྟེན་འབྲེལ་ལྟོས་གྲུབ་ལས་དགེ་སྡིག་གང་བྱས་འགྱུར་ཆེ་བ་ཡོང་བའི་གནད་ཅིག་ཀྱང་ཡོད་ཚུལ་སྣང་བས།

ཐུན་མོང་བར་བཤད་པ་ཐམས་ཅད་ཀྱང་མཐར་ཚུལ་འདི་ལ་གཞོལ་བའི་ཐབས་སུ་གོ་དགོས་པར་སེམས་[4]དུས་བཅུ་ནི་སའི་སྙིང་པོས་ཞུས་པའི་མདོ་ལས་བཤད་པ་གྲགས་པ་ནི། ཚེས་གཅིག་དང་། བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ཉེར་གཅིག་དང་། ཉེར་གསུམ་དང་། ཉེར་བཞི་དང་། ཉེར་བརྒྱད་དང་། ཉེར་དགུ་དང་གནམ་སྟོག་བཅས་དུས་བཅུ་པོ་ལ་ལྷ་དང་གཤིན་རྗེ་འཁོར་བཅས་འཇིག་རྟེན་ན་མྱུལ་དུ་མཆི་བས་གོང་གི་ཚེས་དང་མཐུན་པར་རིམ་བཞིན་སངས་རྒྱས་ཏིང་འཛིན་འོད་ཀྱི་རྒྱལ་པོ་དང་། སྨན་བླ་དང་། སངས་རྒྱས་སྟོང་རྩ་གཉིས་དང་། སྣང་བ་མཐའ་ཡས་དང་། སྤྱན་རས་གཟིགས་དང་། རྣམ་པར་སྣང་མཛད་དང་། སའི་སྙིང་པོ་དང་། ཡང་སྣང་བ་མཐའ་ཡས་དང་། སྨན་བླ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་བཅས་ཀྱི་དུས་ཆེན་ཡིན་པས་དེའི་ཉིན་སངས་རྒྱས་སོ་སོའི་མཚན་ནས་བརྗོད་པ་དང་། ཕྱག་འཚལ་བ་སོགས་བྱས་ན་སྡིག་པ་བྱང་ཞིང་དགེ་བ་གང་བྱས་འགྱུར་ཁྱད་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས། དུས་དྲུག་ཅེས་པ། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། ཉི་ཤུ་གསུམ་དང་། ཉེར་དགུ་དང་། གནམ་སྟོང་བཅས་པ་སྟེ་ཡར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དང་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ཡིན། ཡང་ན་དུས་དྲུག་ནི་ཡར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དང་མར་ངོའི་ཚེས་ཉེར་ལྔ་དང་ཉེར་དགུ་གནམ་སྟོང་བཅས་དྲུག་ཡིན་པར་ཀུན་མཁྱེན་ཀློང་ཆེན་པའི་སེམས་ཉིད་ངལ་བསོའི་རྩ་བ་ལས། ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ། །ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །ཞེས་དང་། དུས་གསུམ་ཞེས་པ་ཉ་སྟོང་བརྒྱད་གསུམ་སྟེ་ཉ་ནི་ཚེས་བཅོ་ལྔ་དང་། སྟོང་ནི་གནམ་སྟོང་དང་། བརྒྱད་ནི་ཚེས་བརྒྱད་གསུམ་ཡིན།

དེ་ལ་སངས་རྒྱས་སྣང་བ་མཐའ་ཡས་དང་། ཤཱཀྱ་ཐུབ་པ་དང་། སྨན་བླ་རྣམས་ཀྱི་དུས་ཆེན་ཞེས་ཀྱང་གསུངས། ཡང་སྔགས་ལྟར་ན་དུས་གསུམ་ནི་ཡར་ངོའི་ཚེས་བཅུ་དཔའ་བོའི་དུས་དང་མར་ངོའི་ཚེས་བཅུ་དཔའ་མོའི་དུས་དང་གསུམ་ཡིན། ཡང་ཟློག་པ་བྱས་ཚེ་དུས་གསུམ་ནི་དགུ་གསུམ་ཟློག་པའི་ཉིན་མོ་ཞེས་པ་ཚེས་དགུ་དང་། བཅུ་དགུ་དང་། ཉི་ཤུ་དགུ་དང་གསུམ་ཡིན། དུས་གཉིས་ནི་ཉ་སྟོང་གཉིས་སྟེ་ཚེས་བཅོ་ལྔ་གནམ་སྟོང་ཡིན། དེར་བརྟེན་སྟོན་པས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལ་གསོ་སྦྱོང་བྱེད་པར་གསུངས་པ་ནི། ཉིན་ཞག་གི་དབང་དུ་བྱས་ན་གསོ་སྦྱོང་བཅོ་པ་བཅོ་བརྒྱད་དང་བཅུ་བཞི་པ་དྲུག་ལས་མེད་ཀྱང་ཚེ་ཞག་གི་དབང་གིས་གསོ་སྦྱོང་ཉི་ཤུ་རྩ་པོ་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན། ཡར་ངོའི་བཅོ་ལྔ་ནི་ཉ་གང་བ་དང་མར་ངོའི་བཅོ་ལྔ་ནི་གནམ་སྟོང་ཡིན། མདོ་མང་པོར་ཚེས་བཅོ་ལྔ་ཐེག་ཆེན་གསོ་སྦྱོང་དང་སྨྱུང་གནས་བྱེད་པར་གསུངས་པསོགས་ཡོད། སྔགས་ལྟར་ན་དུས་གཉིས་ནི་ཡར་ངོ་ཚེས་བཅུ་དཔའ་བོའི་དུས་དང་། མར་ངོ་ཚེས་བཅུ་དཔའ་མོའི་དུས་དང་གཉིས་ཡིན། དེ་བཞིན་ཚེས་བཅུ་གང་ཡིན་ལ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་མཛད་པ་རྣམས་བྱུང་ཞིང་། ཡར་མར་གྱི་ཚེས་བཅུའམ་ཡར་ངོའི་ཚེས་བཅུར་བོད་ཡུལ་དུ་དངོས་སུ་སློབ་དཔོན་རིན་པོ་ཆེ་བྱོན་པར་ཆོས་རྒྱལ་ལ་ཞལ་བཞེས་གནང་སྟེ། སྤྲུལ་སྐུ་བཟང་པོ་གྲགས་པའི་གཏེར་ཆོས་བསམ་པ་ལྷུན་གྲུབ་ལས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ་ལྕནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཞེས་གསུངས་པ་ལྟར་ཡིན། ཡང་བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་གང་ཡིན་ལ་མཆོད་པ་བྱས་ན་ཕན་ཡོན་ཆེ་ཚུལ་དུས་འཁོར་ལས་གསུངས་པས་ན། མར་པ་མི་ལ་དྭགས་པོ་དང་ས་པཎ་དང་ཀློང་ཆེན་འདས་མཆོད་དགའ་ལྡན་ལྔ་མཆོད་སོགས་བྱེད་པའི་རྒྱུ་མཚན་ཡང་འདི་ཡིན་པ་དང་། དེ་བཞིན་སྐུ་འཁྲུངས་པ་སོགས་ཀྱང་སྟོན་པའི་རྣམ་ཐར་ལྟར་དུས་ཆེན་བརྩི་སྲུང་ཆོག་པ་དང་། དུས་ཆེན་མ་ཡིན་ཡང་དགེ་བ་འགྱུར་ཁྱད་ཆེ་བ། ཉི་ཟླ་གཟའ་འཛིན་དུས་ཀྱང་། དགེ་བ་འགྱུར་ཆེ་བར་གསུངས་པ་ཡིན། དེ་བཞིན་དུས་ཆེན་མིན་ཡང་དམིགས་བསལ་བའི་དུས་ཚོད་ལ་བླང་དོར་བྱེད་ཆོག་མི་ཆོག་སྐོར་འཕྲོད་སྦྱོར་དང་ས་བདག་བ་དན་ཁྲ་བོ་ཡོད་མེད་དང་གནམ་སྒོ་བཅུ་སོགས་ཀྱི་རྣམ་གཞག་ལ་ཡང་གོམས་པར་བྱས་ནས་ཕྱིའི་རྟེན་འབྲེལ་སྒྲིག་པ་ལ་གཟབ་དགོས་པ་སོགས་ཡོད་ཀྱང་སྐབས་སུ་མ་བབ་པས་འདི་སྐབས་བཤད་བྱ་མ་ཡིན་ནོ། འདི་སྐབས་ངེས་པར་མཁོ་བ་ནི་གོང་དུ་བཤད་པ་རྣམས་ཡིན་པས་རྒྱས་བཤད་སྤངས་ནས་དགོས་དོན་གྱི་སྙིང་པོ་བསྡུས་ནས་བཀོད་པའི་ཕན་ཡོན་ནི།

ཡང་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱི་གསུང་ལྟར། སྨན་གླིང་ལོ་ཆེན་དྷརྨ་ཤྲིས་བསྡུས་པ་བཞིན་ཀུན་མཁྱེན་བསྟན་པའི་ཉི་མས་མཛད་པའི་བསྐྱེད་རིམ་མན་ངག་[5]ཀུན་བསྡུས་ནང་བཀོད་པ་ནི། ཕྱི་ལྟར་ན། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དང་། གནམ་སྟོང་རྣམས་ལ་རྒྱལ་ཆེན་བཞི་དང་། སུམ་ཅུ་གསུམ་པའི་ལྷ་རྣམས་འཛམ་གླིང་དུ་མྱུལ་བའི་དུས་བཟང་པོ་དང་། ནང་ལྟར་ན་སྔགས་གཞུང་ལས་ཡར་ངོའི་ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་གསུམ། མར་ངོའི་ཉི་ཤུ་ལྔ་དང་། ཉེར་དགུ་དང་། གནམ་སྟོག་གསུམ་སྟེ། དེ་དག་གི་ཚེས་ལ་ཕྱི་ཡི་གནས་སུ་མཁའ་འགྲོ་མ་རྣམས་རྒྱུ་ཞིང་། ནང་དུ་རྩ་རླུང་གི་རྒྱུ་བ་ཁྱད་པར་ཅན་གྱི་དུས་དང་ཁྱད་པར་ཚེས་བཅུའི་ཉིན་མོ་དང་ཉེར་ལྔའི་མཚན་མོ་སྒྲུབ་པ་པོའི་གནས་སུ་མཁའ་འགྲོ་གྲུབ་པ་ཅན་རྣམས་འདུས་པས་ལས་གང་བརྩམས་ཀྱང་འགྲུབ་པའི་ཕྱིར་དུས་དེ་རྣམས་སུ་འབད་དོ་ཞེས་དང་། ཡང་ཀུན་མཁྱེན་ཀློང་ཆེན་པོའི་སེམས་ཉིད་ངལ་བསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས་བསྐང་བའི་དུས་ཁྱད་པར་ཅན་ངོས་བཟུང་བ་ནི། གཞན་ཡང་ཚོགས་གཉིས་རྫོགས་ཤིང་བར་ཆད་ཐམས་ཅད་ཞི་བ་དང་དངོས་གྲུབ་བསྒྲུབས་ཤིང་ཉམས་ཆག་ཐམས་ཅད་བསྐང་བའི་ཕྱིར་ཟླ་བ་བྱུང་ངོ་[6]ཅོག་གི་ཉ་དང་གནམ་སྟོང་ཚེས་བརྒྱད་ཉི་ཤུ་དགུ། །ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་དེའང་དངོས་གྲུབ་བསྒྲུབ་པ་དང་བསྐང་བཤགས་བྱ་བའི་དུས་དྲུག་སྟེ་ཚེས་བཅོ་ལྔ་དང་། ཚེས་བརྒྱད་དང་། ཚེས་ཉི་ཤུ་ལྔ་དང་། ཚེས་བཅུ་དང་། ཉི་ཤུ་དགུ་སྟེ། འདི་དག་ལ་ཕྱིར་མཁའ་འགྲོ་རྒྱུ་ཞིང་ནང་དུ་རྩ་རླུང་ཁྱད་པར་ཅན་འདུ་བས་ཉེ་བའི་འདུ་བ་ཞེས་བྱ་བ་ཡིན་ནོ། །ཁྱད་པར་ཡར་ངོའི་ཚེས་བཅུའི་ཉིན་མོ་དང་། མར་ངོའི་ཚེས་བཅུ་སྟེ་ཉི་ཤུ་ལྔའི་མཚན་མོ་སྒྲུབ་པ་པོའིགནས་སུ་མཁའ་འགྲོ་གྲུབ་པ་ཅན་འདུ་བས་ལས་གང་ཡང་འགྲུབ་པའི་ཕྱིར་བསྙེན་སྒྲུབ་རྣམ་པ་བཞི་ལ་བརྩོན་པ་དང་ཚོགས་མཆོད་དང་བསྐང་བཤགས་བྱ་བ་ལ་འབད་པར་བྱའོ། །དེས་ནི་ཟླ་བ་དེའི་རིང་ལ་ཉམས་པ་ཐམས་ཅད་གསོས་པ་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པའོ། དེའང་ཤིང་གཅིག་དང་བྲག་རི་དང་མཚོ་གླིང་ལ་སོགས་པ་ནི་མཁའ་འགྲོ་རྣམས་ཀྱི་འདུ་བ་དང་། དུས་བཟང་པོ་གང་ལ་འདུ་བའི་ས་དེ་ནི་ཉེ་བའི་འདུ་བ་ཞེས་ཕྱིར་བཤད་ལ། ནང་གི་འཁོར་ལོ་བཞི་ནི་རྟག་ཏུ་ཁམས་དང་ཡེ་ཤེས་གནས་པས་གནས་དང་འདུ་བ། དུས་བཟང་པོ་ལ་ཉེ་བའི་གནས་དང་འདུ་བ་ཞེས་བྱ་བར་འགྱུར་རོ། །ཕྱིའི་གནས་ནི་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའོ། །ཉེ་བའི་གནས་ནི་མཁའ་འགྲོ་མ་གཅིག་གནས་པ་ལ་འདོད་དོ། །ནང་དུ་སྤྱི་བོ་ལ་སོགས་པའི་རྩ་འདབ་ཀྱི་གནས་ཉི་ཤུ་རྩ་བཞིའོ། །གསང་བ་བདེ་ཆེན་གྱི་མཆོད་པའི་གནས་ནི་ཉེ་བའི་གནས་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་ཡིན། སྟོན་པའི་དུས་ཆེན་རྣམ་བཞིར་བསོད་ནམས་བྱས་པའི་འགྱུར་ཁྱད་[7]ནི་འབྲས་ཡུལ་སྐྱེད་ཚལ་པ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད་པའི་འདུལ་བ་ལུང་རིགས་གཏེར་མཛོད་ལས་གསུངས་པ་ནི། དེ་ལྟར་དུས་ཆེན་རྣམ་བཞི་ལ། །དགེ་བ་ཅུང་ཟད་བགྱིས་པ་རྣམས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །དེ་དག་ཞིབ་ཏུ་བརྩིས་པ་ན། །ལྷག་བསམ་དག་པས་ནས་ཕུལ་གང་སྦྱིན་པ་བཏང་ན་ནས་ཕུལ་དེ། །ས་ཡ་ཕྲག་བརྒྱར་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གསུམ། །བྱེ་དྲུག་ཕུལ་བཞིའི་འབྲས་བུ་ནི། འབྱུང་བ་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་དང་། ཡང་ཉི་ཟླ་གཟའ་འཛིན་སྐབས་དགེ་སྡིག་གང་བྱས་ཀྱི་འགྱུར་ཁྱད་ནི། ལུང་ལས་གསུངས་པར་གྲགས་པ་ནི། ཉི་མ་གཟའ་ཡིས་ཟིན་པའི་དུས། །བྱེ་བ་ཕྲག་ནི་འབུམ་འགྱུར་དུ། །ཟླ་བ་བྱེ་བ་བདུན་འགྱུར་ཏེ། །དུས་ཆེན་བཞི་དང་གཟའ་ཛིན་འཛོམས། །དེ་དུས་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པ་དང་། [8]ཡང་རྩིས་གཞུང་རིགས་ལྡན་སྙིང་ཐིག་ལས་ཀྱང་། ཟླ་འཛིན་དང་ཉི་འཛིན་སྐབས་སུ་དགེ་བའི་འགྱུར་ཆེ་ཚུལ་ཡང་། །ས་འདིར་བཟུང་བ་མ་མཐོང་ཡང་གླིང་གཞན་བཟུང་ཡང་དགེ་སྡིག་འགྱུར། །ཟླ་འཛིན་བྱེ་བ་བདུན་འགྱུར་དང་ཉི་འཛིན་བྱེ་བ་འབུམ་འགྱུར་ཞེས། །རྒྱལ་བས་མདོ་རྒྱུད་དུ་མར་གསུངས། །དེ་ཕྱིར་བློ་གྲོས་ལྡན་རྣམས་ཀུན། །བསྐྱེད་རྫོགས་བདག་འཇུག་བསྒོམ་བཟླས་དང་། །ཕྱག་སྐོར་སྦྱིན་གཏོང་སྲོག་བསླུ་སོགས། །རྣམ་དཀར་དགེ་ལ་འབད་པར་འཚལ། །གཞན་ཡང་དགེ་སྡིག་འགྱུར་བསྐྱེད་ནི། འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་། །གང་ཚེ་ཟླ་ཉིའི་དཀྱིལ་འཁོར་ལ། །སྒྲ་གཅན་གྱིས་ནི་ཟིན་པའི་ཚེ། །སྐྱེ་བོས་དགེ་སྡིག་བྱ་བ་གང་། །འབུམ་འགྱུར་གསུངས་ཤིང་ཉི་ཟླའི་མདོར། །ཉི་མར་བྱེ་འགྱུར་ཟླ་བ་ལ། །འབུམ་དུ་འགྱུར་ཞེས་གསུངས་པ་དང་། །ཉི་འཛིན་བྱེ་བ་ཕྲག་བརྒྱ་དང་། ཟླ་འཛིན་བྱེ་བ་རུ་འགྱུར་ཞེས། །།ཆོས་རྒྱལ་ཟླ་བ་བཟང་པོས་གསུངས། །གཟའ་འཛིན་དུས་ཆེན་རྣམ་བཞི་ལ། །དགེ་སྡིག་བྱེ་བ་ཕྲག་བརྒྱ་རུ། །འགྱུར་ཕྱིར་ཕྱག་མཆོད་ལ་བརྩོན་ན། ཐོག་མེད་དུས་ནས་ད་ལྟའི་བར། །བཅུ་དང་ལྔ་ཡི་་ལས་བྱས་ཀྱང་། །བྱང་ཞིང་བདེ་འགྲོ་ཐོབ་ཅེས་གསུངས། །གསང་སྔགས་རྒྱུད་སྡེ་ཕལ་ཆེ་ལས། །གཡས་གཡོན་ཉི་ཟླའི་ལས་རླུང་དང་ཡེ་ཤེས་དབུ་མ་རོ་གཅིག་ཏུ། །འགྱུར་ཚེ་རྣལ་འབྱོར་རྣམས་ཀྱིས་ལས། །རྫོགས་རིམ་ཟབ་མོའང་འགྲུབ་ཅེས་གསུངས། །

༈ བཅུ་པ་འབྲས་བུ་བཟང་ངན་ནི། །རྒྱས་པར་བརྗོད་ཀྱིས་མི་ལང་ཞིང་། །འཇམ་དཔལ་རྩབའི་རྒྱུད་སོགས་ནས། །གཟའ་འཛིན་ཕལ་ཆེར་ངན་པར་གསུངས། །འོན་ཀྱང་ལྟས་ཀྱི་གཙུག་ལག་རྣམས། །བསྟུན་པའི་འབྲས་བུ་ཅུང་ཟད་བརྗོད། །ཅེས་སོགས་གཟའ་འཛིན་ཟླ་བ་གང་དང་གཟའ་གང་དང་དུས་སྔ་ཕྱི་གང་ལ་འབྱུང་བའི་ཁྱད་པར་ལས་བཟང་ངན་གྱི་འབྲས་བུ་འཛམ་གླིང་ཡུལ་གྲུ་དང་མི་རིགས་དང་སེམས་ཅན་ལོ་ཏོག་སོགས་གང་ལ་འབྱུང་བ་རྣམས་བེ་དཀར་ཉིད་དུ་གཟིགས་པར་ཞུ། ཡང་འཕགས་བོད་ཤིང་རྟ་ཆེན་པོ་རྣམས་སྐུ་འཁྲུངས་པ་དང་མཛད་ཆེན་བསྐྱངས་པ་དང་སྐུ་འདས་པའི་དུས་སམ་ལྷག་པར་སྐུ་འདས་པའི་དུས་ཕྱག་མཆོད་སོགས་བྱས་ན་དགེ་བ་འགྱུར་ཁྱད་ནི་དུས་འཁོར་ལས་གསུངས་པར་གྲགས་པ་ནི། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ནས། །ངེས་པར་བཟུང་སྟེ་མཆོད་པ་བྱས་འགྱུར་ན། །བསྐལ་པ་བྱེ་བར་བསགས་པའི་སྡིག་བཅོམ་བྱས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །ཞེས་སོགས་གསུངས་པ་ལྟར། དེ་ལྟར་རྒྱུན་ཏུ་བསོད་ནམས་བསགས་པའི་འབྲས་བུ་ནི་འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། །བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །

མྱ་ངན་འདས་པའི་ཞི་བ་བསིལ་བའི་དངོས་པོ་ཐོབ། །དེ་བས་བསོད་ནམས་བྱ་བས་ཆོག་པར་སུ་ཞིག་འཛིན། །ཞེས་སངས་རྒྱས་མ་ཐག་གསུངས་པ་ལྟར་རོ། དེ་ལྟར་དུས་ཆེན་དག་བསོད་ནམས་གསོག་དུས་རྣམ་གཞག་བརྩམས་པའི་དགེ་བ་བསྔོ་བ་ནི། བར་ཆད་ཀུན་ཞི་བསམ་དོན་ལྷུན་གྱིས་འགྲུབ། །འཕྲལ་ཀུན་ཕན་བདེའི་དཔལ་ལ་རོལ་པའི་གཞི། བསོད་ནམས་གསོག་པའི་དུས་ཆེན་ངོས་འཛིན་གྱི། རྣམ་གཞག་བརྩམས་དེས་དགེ་མཚན་ས་གསུམ་བཞད། །དེ་ལྟར་རྩོམ་ཐུག་འདིའི་བརྩམ་གཞི་དང་དཔྱད་གཞིའི་ཡིག་ཆ་རྣམས་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་ངལ་བསོ་སྐོར་གསུམ་ལས་སེམས་ཉིད་ངལ་བསོའི་རྩ་བ་དང་འགྲེལ་པ་ཤིང་རྟ་ཆེན་པོ་དང་ཀུན་མཁྱེན་བསྟན་པའི་ཉི་མས་མཛད་པའི་བསྐྱེད་རིམ་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས་དང་། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་མཛད་པའི་དུས་ཆེན་ཁག་གི་སྐོར་དང་། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་བཟང་པོས་མཛད་པའི་དུས་ཆེན་ངོས་འཛིན་དང་ཆོ་འཕྲུལ་བསྟོད་པ་དང་། འབྲས་ཡུལ་སྐྱེད་ཚལ་པ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གིས་མཛད་པའི་འདུལ་བ་ལུང་རིགས་གཏེར་མཛོད་དང་། རིག་འཛིན་འཇིགས་མེད་གླིང་པ་དང་། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི་ཚེས་བཅུའི་ཕན་ཡོན་དང་བསྟོད་པ་རྣམས་དང་། ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་མཛད་པའི་དུས་ཆེན་བཤད་པ་ངོ་མཚར་དགའ་སྐྱེད་དང་། དགའ་ལྡན་དགེ་བཤེས་དཀོན་མཆོག་ཤེས་རབ་ཀྱིས་མཛད་པའི་ནང་པའི་ཆོས་ཀྱི་དུས་ཆེན་ཆེ་ཁག་བཞི་ལ་དཔྱད་པ་དང་། དཀོན་མཆོག་ཤེས་རབ་ཀྱིས་བརྩམས་པའི་དཀར་ཕྱོགས་དགེ་བའི་དུས་ཀྱི་ངོ་སྤྲོད་དང་དེར་འཇུག་ཚུལ་ཞེས་བྱ་བ་དང་། གཞན་ཡང་དུས་ཆེན་གྱི་ལོ་དང་ཟླ་ཚེས་ངོས་འཛིན་ནི་བུ་སྟོན་ཆོས་འབྱུང་ངམ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་དང་མང་ཐོས་ཀླུ་གྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་དང་། རྒྱལ་བ་ལྔ་པའི་རྒྱལ་རབས་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བེ་དཀར་དང་། ཚེ་ཏན་ཞབས་དྲུང་བསྟན་རྩིས་ཀུན་བཏུས་དང་། བློ་གླིང་དགེ་བཤེས་དཔལ་ལྡན་གྲགས་པས་མཛད་པའི་དམ་ཆོས་སྣང་བའི་སྒྲོན་མེ་དང་། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་རྩིས་གཞུང་རིགས་ལྡན་སྙིག་ཐིག་དང་གོ་ཇོ་ཚེ་དབང་རྣམ་རྒྱལ་གྱིས་མཛད་པའི་རྩིས་ཀྱི་ལག་ལེན་ཟ་མ་ཏོག་དང་གོང་གསལ་བསྟན་བཅོས་རྣམས་ཀྱི་ལུང་ཁུངས་སུ་གྲགས་པ་འཇམ་དཔལ་རྩ་རྒྱུད་དང་སའི་སྙིང་པོས་ཞུས་པའི་མདོ་དང་ཉི་ཟླའི་མདོ་སོགས་རྩིས་གཞུང་ནས་བཤད་པའི་གཟའ་འཛིན་དང་འབྲེལ་བའི་དགེ་བ་བསགས་པའི་ཕན་ཡོན་འདི་རྣམས་ལ་གཞི་བཅོལ་ཞིང་བསྟན་བཅོས་གཞན་ལ་ཡང་དཔྱད་པ་བགྱིས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་དུས་ཆེན་དང་དུས་ཆེན་གཞན་དང་། བསོད་ནམས་གསོག་པའི་དུས་བཟང་གི་ངོས་འཛིན་འདི་བཞིན་ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གྲྭའི་སློབ་སྤྱི་མཁས་དབང་དགེ་བསྙེན་པཎ་ཊི་ཏ་ཆེན་པོ་སྐུ་ངོ་བཀྲ་ཤིས་དཔལ་འབྱོར་མཆོག་གིས་དུས་ཆེན་ངོས་འཛིན་སྐོར་ཤིག་རྩོམ་དགོས་གསུངས་པའི་བཀའ་གསུང་དྭང་ལེན་ཞུས་ཏེ། སྙིགས་དུས་ལོ་རྒྱུས་སྨྲ་བའི་སྤོབས་པ་དགེ་བ་ཅན་མང་དུ་ཐོས་པའི་བཙུན་པ་འགོས་པདྨ་རྒྱལ་མཚན་ནམ་འགོས་རིག་གནས་སྨྲ་བའི་དབང་ཕྱུག་གིས་ཕྱི་ལོ་ཉིས་སྟོང་ལྕགས་འབྲུག་ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཉིན་བྲིས་པ་དགེ་ལེགས་འཕེལ་བའི་གཞི་བསོད་ནམས་གསོག་པའི་ཞེན་སྐུལ་དུ་གྱུར་ཅིག།

 

 

[1] བུ་སྟོན་ཆོས་འབྱུང་འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་པར་མ་དེབ་གཟུགས་ཤོག་གྲངས་ ༨༤

[2] རྒྱལ་རབས་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དེབ་གཟུགས་ཤོག་གྲངས་ ༨ རྡ་ས་པར་མ།

[3] བུ་སྟོན་ཆོས་འབྱུང་བློ་གླིང་དཔེར་མཛོད་པར་མ་ལྡེབ་མ་ ༡༡༦

[4] ༤ ཆོས་ཀྱི་༤དུས་སྟོན་བྱ་ཚུལ་ཞེས་པ་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་མཛད་པའི་པ་ཕྱི་ལོ་ ༡༩༧༡ ལོར་དིལླི་པར་མ་དེབ་གཟུགས་ལྡེབ་མ་ ༡༡༢

[5] བསྐྱེད་རིམ་མན་ངག་གཅེས་བཏུས་ཤིང་པར་ལྡེབ་མ་ ༡༠༠ བ༡།

[6] སེམས་ཉེད་ངལ་བསོའི་འགྲེལ་པ་ཤིང་རྟ་ཆེན་པོ་མདའ་ཚད་ལྡེབ་མ་ ༢༤༩ ན ༡

[7] ལུང་རིགས་གཏེར་མཛོད་ཀྱི་ལྡེབ་མ་༨༠ བ༤ ས་སྐྱའི་པར་མ།

[8] རིགས་ལྡན་སྙིང་ཐིག་དེབ་གཟུགས་ཤོག་གྲངས་ ༤༤ དྷ་ས་པར་མ།

འགོས་པདྨ་རྒྱལ་མཚན་མཆོག་གི་ངོ་སྤྲོད་མདོར་བསྡུས།

 

མཁས་དབང་ཆེན་པོ་འགོས་པདྨ་རྒྱལ་མཚན་ནི། གཙང་གམ་པ་རྫོང་གི་གཞིས་ཀ་འགོས་ཀྱི་ཁྱིམ་ཚང་དུ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཧོར་ཟླ་བརྒྱད་པའི་ཡར་ངོའི་ཚེས་བཟང་ཉིན་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཚན་བསོད་ནམས་དབང་ཆེན་ཞེས་གནང། ཆུང་ངུའི་དུས་སུ་ཡབ་བསོད་ནམས་སྟོབས་རྒྱལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་བསླབས་ཤིང་གམ་པ་རྫོང་ནང་རྒྱ་ཡིས་བཙུགས་པའི་སློབ་གྲྭར་ལོ་འགའ་སློབ་སྦྱོང་གནང་། བོད་དུ་རྒྱ་དམར་གྱི་བཙན་གནོན་བྱས་པར་བརྟེན་ཕྱི་ལོ་ ༡༩༦༩ ལོར་འབྲས་ལྗོངས་སུ་བྲོས་ནས་ཡབ་ཡུམ་བུ་ཕྲུག་རྣམས་ལྷན་འཛོམས་བྱུང་། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བརྟན་མཁས་འདུལ་འཛིན་རྒྱལ་པོ་མཁན་རིན་པོ་ཆེ་ཟླ་ཟེར་མཆོག་ལས་རབ་ཏུ་བྱུང་སྟེ་པདྨ་རྒྱལ་མཚན་ཞེས་མཚན་གསོལ། ཇོ་ཁང་དགོན་པར་གྲྭ་པ་བྱས། མཧཱ་པཎྜིཏ་མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ལས་སྒྲ་དང་། སྙན་ངག་དང་། སུམ་རྟགས་དང་། དག་ཡིག་སོགས་དང་། ཀུན་བཟང་བླ་མའི་ཞལ་ལུང་གི་འཁྲིད་ལུང་ཡོངས་རྫོགས་ཞུས། ཕྱི་ལོ་ ༡༩༧༥ ལོར་ཝཱ་ཎ་མཐོ་སློབ་ཏུ་ཞུགས། སློབ་དུས་ལོ་དགུའི་རིང་ལ་ཡིག་རྒྱུགས་ཐམས་ཅད་ཨང་རིམ་དང་པོ་ཤ་སྟག་དང་། དེ་བཞིན་འབྲི་རྩོམ་དང་གསུང་བཤད་འགྲན་བསྡུར་ཐམས་ཅད་ལ་བྱ་དགའ་ཐོབ། ཕྱི་ལོ་ ༡༩༨༢ ལོར་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་གྱི་གོ་གནས་ཐོག་རིག་གནས་སློབ་དཔོན་གྱི་འགན་ཁུར་བསྐྱངས། སློབ་ཡུལ་གཙོ་བོ་ཝཱ་རཱ་ཎ་སཱི་དང་། དེ་བཞིན་ལྷོ་ཕྱོགས་མཻ་སོར། མོན་གོཊ། དྷརྨ་ས་ལ། སིམ་ལ། མ་སུ་རི། དིལླཱི། འབྲས་ལྗོངས། ལ་དྭགས་དང་བལ་ཡུལ་སོགས་སུ་རིས་སུ་མ་ཆད་པའི་བཤད་གྲྭ་དང་དགོན་པ། སློབ་གྲྭ་དང་དགེ་རྒན་འོས་སྦྱོང་། ཟུར་སྦྱོང་བ་སོགས་ལ་ཕྱི་ལོ་ ༡༩༨༠ ཙམ་ནས་དབྱར་སྟོན་གྱི་གུང་སེང་ནམ་བྱུང་དང་། ཝཱ་རཱ་ཎ་སཱིར་ཡང་སློབ་གྲྭ་གཞུང་གི་འཛིན་གྲྭ་གྲོལ་རྗེས་ཕྱི་དྲོའི་དུས་དང་གུང་སེང་སོགས་སུ་སྒྲ་སྙན་ངག་སྡེབ་སྦྱོར་སུམ་རྟགས་དག་ཡིག་སོགས་སློབ་ཁྲིད་མཛད། སློབ་མ་ཡང་བོད་དབུས་གཙང་ཁམས་ཨ་མདོ་བ་དང་། འབྲུག་པ། འབྲས་ལྗོངས་པ། ཁུ་ནུ། སྤི་ཏི། ག་ཞ། ལ་དྭགས། ནུབ་རི། ཡོལ་མོ། སྙེ་ཤང་། གློ་པ། དོལ་པོ། ཤར་པ། རྟ་མང་། མུ་གོམ། གུ་རུང་། རྒྱ་གར་ཁམས་པ། སྲོག་པོ་སོགས་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་ལ་སློབ་ཁྲིད་མཛད་དེ་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་ཆེན་གཞན་དྲིང་མི་འཇོག་པ་མཛད། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ཧོར་ཟླ་ལྔ་པའི་ཚེས་བཅུ་ཉིན་ཕྱི་ལོ་ ༡༩༩༣ ཟླ་བ་ ༦ ཚེ་ ༢༩ ཉིན་བླ་ཆེན་མཁན་སྤྲུལ་དགེ་འདུན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བའི་དབུས་སུ་རིག་གནས་སྨྲ་བའི་དབང་ཕྱུག་ཅེས་མཚན་གནས་ཕྱག་ཁྱེར་སྩལ། སྐུ་ངོ་བར་གཞིས་སོགས་དགེ་བའི་བཤེས་གཉེན་རྣམས་ཐུགས་དགྱེས་ཏེ་འགོས་ལོ་བཞི་པ་དང་། ཐུ་མི་གཉིས་པ་དང་། དཎྜི་གཉིས་པ་ཞེས་པའི་མཚན་གྱི་ཆོ་ལོ་ཡང་གནང་། མཁན་ཆེན་དཔལ་ལྡན་ཤེས་རབ་རིན་པོ་ཆེ་དང་མཁན་པོ་ཚེ་དབང་དོན་རྒྱལ་རིན་པོ་ཆེ་སྐུ་མཆེད་རྣམ་གཉིས་ཀྱིས་ཕྱག་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་པདྨ་བསམ་ཡས་ཆོས་འཁོར་གླིང་དང་ཨོ་རྒྱན་བསམ་ཡས་གླིང་དང་པདྨ་ཛེ་ཏའི་ཚལ་གྱི་གཙུག་ལག་ཁང་གི་མཁན་པོར་བསྐོས་བཞག་མཛད་པ་བཞིན་དགོན་པའི་དགེ་འདུན་པ་དང་དོན་གཉེར་ཅན་གྱི་སློབ་གཉེར་བ་རྣམས་ལ་ནང་དོན་རིག་པ་དང་ཐ་སྙད་རིག་པའི་གཞུང་དཔེ་ཁྲིད་བཀའ་དྲིན་བསྐྱངས་པ་དང་དགོན་པའི་འཛིན་སྐྱོང་ཀྱང་མཛད། ཕྱི་ལོ་ ༢༠༠༠ ཟླ་བ་ ༨ པའི་ནང་སྐུ་གཟུགས་རྒུད་འགོ་ཚུགས་ཏེ་ཡུན་རིང་སྨན་བཅོས་བྱས་ཀྱང་སྨན་པས་སྙུན་གཞི་རྩད་མ་ཆོད་པར་བརྟེན་ཇི་སྡུག་ཏུ་ཕྱིན། མཐར་ཕྱི་ལོ་ ༢༠༠༡ ཟླ་བ་ ༡༡ ཚེས་ ༡༡ ཉིན་སྐུ་གཤེགས་པས་ཡིད་སྐྱོའི་གནས་སུ་གྱུར།། །།

(གོང་གི་ལོ་རྒྱུས་མདོར་བསྡུས་དེ་དམ་པ་གང་དེའི་སྐུའི་གཅུང་པོ་ཀརྨ་གོང་བདེས་ཨ་རི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ནས་ཕྱི་ལོ་ ༢༠༡༤ ཟླ་བ་ ༡༠ ཚེས་ ༢༡ ཉིན་བྲིས།)

བརྒྱུད་སྐུལ།

མཆན་སྤེལ།