བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གི་བརྗེད་བྱང་།

བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གི་བརྗེད་བྱང་།
བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གི་བརྗེད་བྱང་།
ཉེ་ཆར་གཞིས་བཞུགས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་ངོ་དེབ་ནས་རྩེ་བདེ་ཡངས་ཤར་གྱི་གསུམ་སྐས་འགོའི་རྩ་ཚིག་ཆེན་མོ་དང་དེའི་གཤམ་དུ་༸གོང་ས་༸སྐྱབས་མགོན་ལྔ་པ་ཆེན་པོའི་ཕྱག་རྗེན་ཕྱག་དཔར་མ་[1]དེ་མཇལ་དུས་སེམས་ནང་སྟོང་ལྷང་ལྷང་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང་། གཅིག་བྱས་ན་རང་ཉིད་ཚོར་སྣང་རྐྱེན་པས་ཡིན་སྲིད་ཀྱང་། གང་ལྟར་དེས་སྐྱོ་སྣང་ཞིག་སྦྱིན་པ་རང་ཉིད་ནས་ངོས་འཛིན་ཐུབ་པ་བྱུང་།

རྩེ་བདེ་ཡངས་ཤར་གྱི་གསུམ་སྐས་འགོར་ཞལ་དབྱེ་མཛད་པའི་རྩ་ཚིག་ཆེན་མོ་འདི་ནི་༸གོང་ས་ལྔ་པ་ཆེན་པོས་དར་ཧན་[2]སངས་རྒྱས་རྒྱ་མཚོ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྡེ་སྲིད་ཀྱི་ཁྲིར་འཁོད་རྗེས་ནས་ཆོས་སྲིད་ཀྱི་གོ་བབས་གདན་ཐོབ་གསལ་བའི་བཀའ་ཁྱབ་ཆེན་མོ་ཞིག་རེད། བཀའ་གཏན་འདི་གཅིག་པོའི་ཐོག་ནས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་རྒྱལ་ཁམས་ལ་ཁྱབ་པའི་མངའ་ཐང་གསལ་པོར་མཚོན་ནུས་པ་ཡིན།
ས་ལུག་ ༡༦༧༩ ལོར་བོད་ཆོས་ལྡན་རྒྱལ་ཁབ་ཀྱི་བདག་པོ་༸གོང་ས་ལྔ་པ་ཆེན་པོས་བརྗིད་ནན་ཆེ་བའི་བཀའ་གཏན་རྩ་ཚིག་འདི་ལྟ་བུ་ཞིག་སྨིན་སྩལ་གནང་བ་ནི་ཆུང་དུས་ནས་སྲིའུའི་ཚུལ་དུ་གསོས་ཤིང་། ཆོས་སྲུང་དམ་ཅན་རྒྱ་མཚོར་གཉེར་དུ་གཏད་པའི་གྲོང་སྨད་ཨ་ཝར་ཤ་ཚ་བ་དང་གཅེས་པར་བསྐྱངས་པ་ཙམ་ཞིག་མ་ཡིན་པར། ཕྱིས་འབྱུང་དགའ་ལྡན་ཕོ་བྲང་སྡེ་པ་གཞུང་གི་ཆོས་སྲིད་ལུགས་གཉིས་རྒྱུན་འཛིན་དར་རྒྱས་ཀྱི་གནས་བབས་བརྟན་པོ་བཟོས་པ་ཞིག་ཡིན། རྩ་ཚིག་ཆེན་མོ་འདིའི་ནང་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་མངའ་ཐང་དང་། སྡེ་སྲིད་ལམ་ལུགས་རྒྱུད་འཛིན་གྱི་དགོངས་བཞེས། སྡེ་སྲིད་ཀྱི་གནས་བབས་མཐོར་འདེགས་རྒྱ་བཅད་གནང་ཡོད།
གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་མངའ་ཐང་།
 
རྩ་ཚིག་ཆེན་མོའི་ནང་གསལ་པོར་འཁོད་པ་ནི། ཐོག་མར་ཆུ་རྟ་ ༡༦༤༢ ལོར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་༸གོང་ས་ཉིད་ཀྱི་ཡབ་གཞིས་ཧོར་འཕྱོངས་རྒྱས་པའི་འཛིན་བདག་ཁོངས་[3]ཕོ་བྲང་བསམ་གྲུབ་རྩེས་གཙོས་པའི་མངའ་འབངས་དང་། རྒྱལ་པོ་ཉིད་ཀྱི་རིགས་རྒྱུད་དང་བཅས་པ་མཐའ་དག་གཏན་པ་མེད་པར་སྦྱོར་འཇགས་སྩལ་པ་དང་། ད་ལྟའི་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་གནས་བབས་ནི་དཔལ་ཕག་མོ་གྲུ་པ་དང་། སྡེ་པ་གཙང་པའི་ཆོས་སྲིད་སྟོབས་འབྱོར་ལས་བརྒལ་བ་ཤར་དར་རྩེ་མདོ་ཡན་གྱི་བདག་པོར་གྱུར་ཚུལ་གསལ་བར་མ་ཟད། རྩ་ཚིག་བཀའ་གཏན་འདིའི་དབུ་ཤོག་ཏུ་བཀའ་ལུང་གི་ཁྱབ་ཚད་གསལ་བའི་ནང་། གདན་ས་སེ་འབྲས་དགའ་གསུམ་དང་གམ་དུ་འཁོད་པའི་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པས་གཙོས་ཁྲིམས་ལྡན་འདུས་སྡེ་དང་། གསང་སྔགས་འཆང་བ། གཡུང་དྲུང་བོན་བཅས་ལྷ་སྡེར་གཏོགས་པ། སོག་པོ་མཚོ་ཆེན་བཞི་བཅུ། ཨོ་རོད་མཚོ་པ་བཞི། མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་གནས་རྒྱལ་པོ་རྒྱལ་རིགས་སོགས་དང་། སྐོར་གསུམ། རུ་བཞི། སྒང་དྲུག་ཅེས་བོད་ཆེན་པོའི་རྒྱལ་ཁམས་སུ་འཁོད་པའི་དཔོན་ཆེན། དཔོན་སྐྱ་རྫོང་སྡོད་སོགས་ལས་འཛིན་ཡོངས་ལ་སྤྲིངས་པ་ཞེས་གསལ་བས་ཀྱང་གསལ་བར་མཚོན་ནུས་པས། དུས་རྒྱུན་ཡོངས་གྲགས་སུ་ཛ་ཏིའི་མེ་ཏོག་བཞད་པའི་ཡུལ་གྲུ་ནས་ཟ་འོག་ཐགས་སུ་བྱེད་པའི་རྒྱལ་ཁམས་བར་ཞེས་བརྗོད་པ་ལྟར་དོན་ལ་གནས་པས། དགའ་ལྡན་ཕོ་བྲང་པའི་མངའ་ཐང་ཉམ་ཆུང་ལ་གཏོང་འདོད་ཀྱི་ཕྱི་ནང་ངན་རེངས་གཉའ་མཁྲེགས་ཀུན་གྱིས་མིག་གསུམ་པ་ཞིག་དགོས་དོན་མེད་པ་འདི་ཤེས་དགོས།
སྡེ་སྲིད་ལམ་ལུགས་རྒྱུད་འཛིན་གྱི་དགོངས་བཞེས།
 
བཀའ་གཏན་འདིར་ཆུ་རྟ་ ༡༦༤༢ ནས་འཇིག་རྟེན་སྲིད་སྐྱོང་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་མཛད་པའི་རྗེས་སུ་གདུང་གཅིག་པའི་མི་ངོ་རྫོགས་པར་བརྟེན། སྡེ་པ་འཕྲིན་ལས་རྒྱ་མཚོ་སོགས་ཁུར་ལེན་རིམ་པར་བཀོད་ཅིང་། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་འདི་པ་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་རུས་ཚ་ཡིན་པར་མ་ཟད་ཅེས་གསལ་བར་གཞིགས་ན། དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་ལུགས་གཉིས་སྐྱོང་བཞེས་ཀྱི་ལམ་ལུགས་ལ་གཏན་འཇགས་རང་བཞིན་གྱི་འགྱུར་བ་ཆེན་པོ་ཞིག་གནང་འདོད་ཐུགས་རེ་བཅངས་ཡོད་པ་དང་། དེ་ཡངས་ལུགས་གཉིས་ཀྱི་བདག་པོ་༸གོང་ས་སྐུ་ཕྲེང་ན་རིམ་ཁྲིམས་ལྡན་འདུལ་བ་འཛིན་པའི་ངོ་བོར་དབུ་བཞུགས་འོག །ཆབ་སྲིད་འཛིན་སྐྱོང་སྡེ་སྲིད་གདུང་རྒྱུད་ནས་སྐྱོང་བཞེས་གནང་རྒྱུའི་དགོངས་རྒྱ་ཡོད་པ་གསལ་པོ་རེད། དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྡེ་སྲིད་གདུང་འཛིན་ནས་འཛིན་སྐྱོང་གནང་དགོས་ན། སྡེ་སྲིད་ཀྱི་ཐོག་མ་བྱས་པ་ཤིན་ཏུ་ཆེ་བ་བསོད་ནམས་རབ་བརྟན་ནས་གདུང་འཛིན་འོས་ངེས་ཀྱང་། སྐུ་རུས་གཅིག་པའི་གདུང་མེད་པར་བརྟེན། དེའི་འོག་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་འཕྲིན་ལས་ཀྱི་ཁྱབ་ཁོངས་སུ་ཞི་དྲག་གང་ཐད་ནས་བྱས་པ་ཤིན་ཏུ་ཆེ་བ་གྲོང་སྨད་གཞིས་ཀ་ཡིན། དེ་ཡང་གྲོང་སྨད་ནང་སོ་དགོས་པ་བཀྲ་ཤིས་དྲག་པོའི་ཁྱབ་ཁོངས་སུ་ཕོ་རྒོད་ཅིང་། ཇེ་སང་སྡེ་པ་འཕྲིན་ལས་རྒྱ་མཚོ་སྐུ་མདུན་དུ་ཞབས་ཞུ་འགྲུབ་ངེས་རྒྱུན་རིང་བ། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་ཆུང་དུས་ནས་སྐུ་གམ་དུ་སྡོད་རྟག་ཅིང་སྲིའུའི་ཚུལ་དུ་གསོས་པ་བཅས་གྲོང་སྨད་གཞིས་ཀས་དགའ་ལྡན་ཕོ་བྲང་པའི་ཞབས་འོག་ཏུ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཀྱི་བྱས་པ་ཤིན་ཏུ་ཆེ་བར་སོང་། ཆུ་སྲིན་དང་འོ་མའི་དཔེ་བཞིན་སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའི་གདུང་རུས་གཅིག་པ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་ནས་གདུང་འཛིན་གནང་བའི་ལམ་ལུགས་དབུ་བཙུགས་པ་ནི་འོས་ཤིང་འཚམ་པ་ཞིག་རེད།
སྡེ་སྲིད་ཀྱི་གནས་བབས་མཐོར་འདེགས་རྒྱ་བཅད་གནང་བ།
 
རྩ་ཚིག་བཀའ་གཏན་ཆེན་མོའི་ནང་སྡེ་སྲིད་སངས་རྒྱ་མཚོ་ཆོས་ཕྱོགས་ནས་གཏེར་གསར་རྒྱ་ཅན་སོགས་ལུང་བསྟན་འགའ་ཞིག་ཏུ་བོད་ཀྱི་རྗེ་བོར་འོས་པ་ལུང་གིས་ཟིན་པ་དང་། ཆུང་དུས་ནས་གམ་དུ་འཁོད་ཅིང་རིག་པའི་གནས་ལ་སྦྱངས་པ་གཟེངས་མཐོ་བ། རང་འདོད་ཆུང་ཞིང་བསྟན་སྲིད་ལ་རྒྱའི་ཁུར་སེམས་ཆེ་བ། ཁྱད་པར་འཕགས་པའི་འཕགས་ཆོས་བླ་ན་མེད་པ་༸གོང་ས་ཆེན་པོའི་ངག་བཀོད་ལས་ཅུང་ཟད་ཀྱང་མི་གཡོ་བ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཉེ་གནས་དྲུང་གསུང་རབ་པ་དང་གཉིས་སུ་མེད་པ་བཅས་ལ་བརྟེན་སྲིད་སྐྱོང་འཕྲིན་ལས་ཀྱི་བྱེད་པོར་འོས་པ་དང་། གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཆེན་པོའི་རྒྱལ་ཁབ་ཀྱི་ལུགས་གཉིས་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། མི་ཆོས་ཀྱི་འཁུར་ལེན་མ་ལྕོགས་པའི་ངོ་ཚབ་ཡིན་གཤིས། འདི་པས་གང་བྱས་ངེད་རང་ནས་བྱས་པ་དང་ཁྱད་པར་མེད་པའི་འཐེན་འཁྱེར་གྱི་གླེང་བརྗོད་མེད་པར་ཀུན་གྱིས་བཀོད་པ་གཡོ་མེད་དང་། ༸གོང་ས་ཆེན་པོ་དང་སྡེ་སྲིད་ཀྱི་བར་ལ་སེལ་འཇུག་སོགས་བྱས་ཚེ་གཞུང་དོན་ལ་རྒྱར་འཆུགས་ཚབས་ཆེ་བས་བདེན་མེད་བརྫུན་བསྒྲིགས་ཀྱི་གཡོ་འཕྲུལ་བྱས་ཆོག་རྒྱུ་མིན་ཞེས་ཚིག་གི་བདག་པོ་ཚིགས་སུ་བཅད་པར་མ་ཟད། ཚིག་དོན་རྣམས་ལ་སྐྱ་སེར་སུས་ཀྱང་ཚུལ་བཞིན་བསྒྲུབས་པར་རྗེས་འཛིན་དང་། ལོག་པར་འཁུ་བར་ཚར་གཅོད་དགོས་ཚུལ་ཆོས་སྲུང་དམར་ནག་ལ་གཉེར་བཅོལ་མཛད་ཡོད་པས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་དགའ་ལྡན་ཕོ་བྲང་པའི་སྲིད་སྐྱོང་ལམ་ལུགས་ཀྱི་དབང་ཐང་ལ་འགྱུར་བ་ཤུགས་ཆེར་ཕྱིན་ཡོད་ཀྱང་། ཧ་ཅང་བློ་ཕམ་གྱི་རང་བཞིན་ནི་དབང་ཐང་འདི་ཉིད་ལོངས་སུ་སྤྱོད་ཐུབ་མཁན་སྡེ་སྲིད་འདི་པ་རང་ལས་བྱུང་མེད་པས་སོ། །ཞེས་ཕྲན་དག་བླ་བསྟན་འཛིན་ཕན་བདེ་མིང་པས་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ ༢༠༢༡ ཟླ་བ་ ༡༢ ཚེས་ ༢༣ ཉིན་གློ་བུར་སེམས་ཚོར་ཞིག་བྱུང་བ་བརྗེད་བྱང་གི་ཚུལ་དུ་ཤར་བྲིས་བྱས་པ་ཞལ་དྲོ་བཀྲ་ཤིས་ཤོག །
[1] ཐོག་མར་ལྔ་པ་ཆེན་པོའི་ཕྱག་དཔར་ཡིན་པ་ལ། སྐུ་གོང་མའི་སྐབས་ཉམས་གསོ་གནང་སྟེ་ད་ལྟའི་ཕྱག་དཔར་ནི་༸རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཕྱག་དཔར་ཡིན།
[2] ས་བྱ་ ༡༦༦༩ ལོར་སངས་རྒྱས་རྒྱ་མཚོར་དར་ཧན་གྱི་ཆོ་ལོ་སྩལ་ཡོད།
[3] ༸གོང་ས་ལྔ་པ་ཆེན་པོའི་ཡབ་གཞིས་ཧོར་འཕྱོང་རྒྱས་པ་ནི་ཕག་གྲུ་གོང་མའི་གཞུང་སྲིད་ནང་བྱས་པ་ཤིན་ཏུ་ཆེ་བར་སོང་ཕོ་བྲང་བསམ་གྲུབ་རྩེ་དེ་སྔ་གཙང་ཕྱོགས་རྫོང་གཉིས་ཁག་དབུས་ནས་ཐད་ཀར་འཛིན་སྐྱོང་བྱེད་སྐབས་ཧོར་འཕྱོངས་རྒྱས་པའི་འཛིན་བདག་ཁོངས་ཡིན།

བརྒྱུད་སྐུལ།

མཆན་སྤེལ།