༄༅ ཤངས་པ། མཛེས་པའི་ཕ་ཡུལ་རྣམ་གླིང་།

༄༅ ཤངས་པ། མཛེས་པའི་ཕ་ཡུལ་རྣམ་གླིང་།
༄༅ ཤངས་པ། མཛེས་པའི་ཕ་ཡུལ་རྣམ་གླིང་།
རྣམ་གླིང་།
རྣམ་གླིང་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་བྱང་ངོས་སུ་གནས་ཡོད་ཅིང་རྣམ་གླིང་གི་སྔ་མའི་མིང་ལ་༼ཤངས་༽ཟེར། རྣམ་གླིང་རྫོང་ལ་ཤང་ཁག་བཅུ་དྲུག་ཡོད་དེ་ སྟག་སྣ་ཤང་། ཆུམ་ཤང་། རྣམ་གླིང་ཤང་། རྒྱ་མཚོ་ཤང་། ཨེ་མར་ཤང་། ནུབ་མ་ཤང་། ཕོ་ཏམ་ཤང་། རིན་བསྡུས་ཤང་། མདོ་བརྗོད་ཤང་། ཚར་ཤང་། ཁར་རྩེ་ཤང་། སོག་ཆེན་ཤང་། ཐོབ་རྒྱལ་ཤང་། ར་ཐང་ཤང་། ལྷ་བུ་ཕུ་ཤང་། ལྷ་བུ་ཤང་བཅས་ཡོད།
ཤངས་དགའ་ལྡན་ཆོས་འཁོར་གླིང་། 
图片
   ༄༅ཤངས་དགའ་ལྡན་ཆོས་འཁོར་གླིང་གི་མཚན་གཞན་ལ། གཡས་རུ་ཤངས་དགའ་ལྡན་ཆོས་འཁོར་གླིང་ཡང་ཞུ། ཨེ་མ་སྒང་ཨར་འདམ་ཟམ་པ་གསར་པ་ནས་སྤྱི་ལེ་༥༠ཙམ་སྣུམ་ནག་འཁོར་ལམ་བརྒྱུད་སོང་ན་ད་ལྟའི་རྣམ་གླིང་རྫོང་དུ་འབྱོར་བ་དང་། རྣམ་གླིང་གྲོང་གི་རི་ལྡེབས་སུ་དགོན་དེ་མཇལ་རྒྱུ་ཡོད།། དགོན་དེ་ནི་ཐོག་མར་སྤྱི་ལོའི་དུས་རབས་༡༣པའི་དུས་འགོ་ཙམ་དུ་ཁམས་རི་བོ་ཆེའི་བླ་མ་ཉི་མ་ཞེས་པ་ཞིག་གནས་དེར་ཕེབས་ཏེ་དགོན་ཞིག་བཏབ་གནང་མཛད།། མཚན་ལ་བཀའ་དགོན་གསུང་རབ་གླིང་ཞེས་གསོལ། ཇུན་གར་དུས་གཏོར་སྐྱོན་ཆེན་པོ་བྱུང་ཚོད་ལ། རྒྱལ་བ་སྔ་པའི་དུས་དགོན་པ་གོང་གནས་དེར་སྤོས་ཏེ་སྒྱུར་གླིང་བཅུ་གསུམ་ཞེས་པའི་གྲས་སུ་དགེ་ལུགས་པར་བསྒྱུར།། སྒྱུར་གླིང་བཅུ་གསུམ་གྱི་དང་པོའང་ཡིན་ཞེས་ཟེར། མཁན་ཐོག་དང་པོ་ཉང་བྲན་འཁར་ཀ་བ་བློ་བཟང་དཔལ་འབྱོར་ནས། སྟོད་ལུང་པ་དོན་གྲུབ་རྒྱལ་མཚན། སྤྱན་གཡས་པ་དཀོན་མཆོག་རབ་བརྟན་གཡས་དཀོན་མཆོག་རབ་བརྟ་ན། རྟག་སྒོ་བརྒྱད་པ། དཔལ་དགྱིས་བློ་བཟང་ཆོས་འཕེལ། རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་རབ་འབྱམས་པ་ཚུལ་ཁྲིམས་རྒྱལ་མཆོག། རབ་འབྱསམས་པ་ཉི་མ་ཆོས་ལྡན། རབ་འབྱམས་པ་ལྷུན་གྲུབ་བློ་གསལ། རབ་འབྱམས་པ་བློ་བཟང་རིགས་གྲོལ། རབ་འབྱམས་པ་ལྷུན་གྲུབ་མཐར་པ། རབ་འབྱམས་པ་ལྷུན་གྲུབ་སྨོན་ལམ། རབ་འབྱམས་པ་ལྟུན་གྲུབ་དགེ་འདུན། མཁན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་བཅས་མཁན་རྒྱུད་རིམ་པར་བྱུང་། གཞན་ཡང་དགོན་གནས་དེར་མི་དབང་ཕོ་ལྷ་བའི་དབུ་བླ་ཤངས་པ་རས་ཆེན་དང་། འབན་ཀུན་མཁྱེན་གྱི་ཡང་སྲིད་ཆོས་ལྡིང་བླ་མ་ཉི་མ་ཆོསའཕེལ། རྗེ་མི་ལའི་ཐུགས་སྲས་བུ་ཆེན་བཞིའི་ཡ་གྱལ་རས་པ་ཞི་བ་འོད་ཀྱི་ཡང་སྲིད་བཞི་བ་མཁན་ཆེན་ལྷུན་གྲུབ་ཆོས་འཕེལ། དགེ་བཤེས་པོ་ཏོ་བའི་ཡང་སྲིད་ཐུབ་བསྟན་སྤྲུལ་སྐུ་པར་སྐུ་ཕྲེང་བཞི། སེར་བྱེས་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་རྣམ་རྒྱལ། ཀིའུ་གོང་མའི་ཡོངས་འཛིན་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་དར། རྒྱལ་ཟུར་རྭ་སྒྲེང་གི་ཡོངས་འཛིན་ལྷ་རམས་ཨང་དང་པོ་དགེ་བཤེས་བློ་གྲོས་རིན་ཆེན་དང་དགའ་ལྡན་ཁྲི་ཐོག་གོ་བཞི་པ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས། གཞན་ཡང་དགོན་དེར་གཞུང་ཆེན་བཀའ་ཁྲིད་ཡུན་རིང་མཛད་པོ་ལྷ་རམས་ཨང་དང་པོ་བློ་གྲོས་སྐལ་བཟང་། མཁར་རྡོ་རིན་པོ་ཆེའི་ཡོངས་འཛིན་སེར་བྱེས་དགེ་བཤེས་ལྷུན་གྲུབ་མཁས་མཆོག། སྒྲུབ་ཁང་སྐུ་གོང་མའི་ཡོངས་འཛིན་ལྷ་རམས་པ་བློ་བཟང་ཆོས་ལྡན་ཡང་སྐུ་ཚེའི་སྨད་དུ་དགོན་དེར་ཆོས་འཁོར་གཟབ་རྒྱས་སྐོར་གནང་མཛད། དེ་བཞིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཡོངས་འཛིན་སེར་བྱེས་མཁན་ཟུར་ལྷུན་གྲུབ་ཐབས་མཁས། དེའི་སློབ་མ་ལྷ་རམས་ཨང་དང་པོ་དགེ་བཤེས་ངག་དབང་དགེ་འདུན། ཕུར་ལྕོག་བྱམས་པ་རིན་པོ་ཆེའི་ཡོངས་འཛིན་ལྷ་རམས་ཨང་དང་པོ་ངག་དབང་རིག་གསལ། ཀེའུ་ཚང་ནུབ་སྤྲུལ་སྐུའི་ཡོངས་འཛིན་ལྷ་རམས་ཨང་དང་པོ་ངག་དབང་མཐར་ཕྱིན། སེར་བྱེས་ཁམས་ལུང་སྤྲུལ་སྐུའི་ཡོངས་འཛིན་དགེ་བཤེས་ལྷུན་གྲུབ་བཟོད་པ། སྤྲུལ་སྐུ་བློ་བཟང་བྱམས་པ་རྒྱལ་མཚན། སྤྲུལ་སྐུ་བློ་གྲོས་རབས་ཡངས། བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཞི་འོད་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་སོགས་ཞབས་བཅག་ཆོས་འཁོར་རྒྱ་ཆེར་བསྐོར་གནང་མཛད་པའི་དགོན་ཞིག་ཡིན་པ་དང་། སྔོན་དགོན་དེར་གྲྭ་ཚང་གསུམ་ཡོད་པ་ནི་ཕུན་ཚོགས་གྲྭ་ཚང་དང་། སྐལ་བཟང་གྲྭ་ཚང་། སྔགས་པ་གྲྭ་ཚང་བཅས་གསུམ་ལས་ཕུན་ཚོགས་གྲྭ་ཚང་དང་སྐལ་བཟང་གྲྭ་ཚང་ནི་མཚན་ཉིད་གྲྭ་ཚང་ཡིན་པ་དང་། ཐོག་མར་རྒྱལ་བ་ལྔ་པའི་ཡིག་ཆ་ཡིན་པ་ལས་དབུས་སུ་གྲྭ་ས་སེ་རར་སློབ་གཉེར་དུ་ཕེབས་པས་སེ་རྗེ་བཙུན་པའི་ཡིག་ཆའང་ཕྱག་ལེན་མཛད་པ་ཡིན། ཁམས་ཚན་གསུམ་ཡོད་པ་ནི་ཧྲལ་གསུམ་ཁམས་ཚན་དང་། ཆུམ་པ་ཁམས་ཚན། ཤར་རྒྱུད་ཁམས་ཚན་བཅས་ཡིན། མི་ཚད་བརྒྱད་ཡོད་པ་ནི་རྒྱ་མཚོ་མི་ཚན་དང་། བར་གཞིས་མི་ཚན། སེར་ཁང་མི་ཚན། ཚུར་བསྡུས་མི་ཚན། ནག་ཚང་མི་ཚན། བྲུད་རུ་མི་ཚན། གཡག་པ་མི་ཚན། བཞད་པ་མི་ཚན་བཅས་ཡིན། ཐོག་མར་རྒྱལ་བར་ལྔ་པའི་དུས་གྲྭ་ཚད་༥༠༠སྐོར་ནས། སྔོན་དུས་འགྱུར་གོང་འདུན་༨༠༠སྐོར་གྱིས་དགེ་ལྡན་རིང་ལུགས་ཀྱི་བཤད་སྒྲུབ་གཉིས་ལྡན་ཕྱག་ལེན་མཛད་པ་ཡིན། དགོན་དེར་རིམ་ཕེབས་སྐྱེས་བུ་དམ་པ་གོང་དུ་ཞུས་པ་རྣམས་དང་། ཕྱོགས་མཐའ་གང་ས་ནས་གྲྭ་རྒྱུན་ཡང་བར་མི་ཆད་པ་ཕེབས་པ་ཡིན།།
སྔོན་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་སྦུག་མར་གཙང་པ་སྡེ་སྲིད་ཀྱི་སྲས་ཀྱི་འཁྲུངས་རྟགས་སུ་བཞེངས་པ་ཡིན་ཞེས་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ་སྐུའི་གཟུངས་སུ་ཤར་ལིའི་ཐུབ་དབང་བརྒྱ་རྩ་བརྒྱད་བཞུགས་ཡོད་ཅེས་ཐུབ་དབང་ཐོག་སོ་གཉིས་ལྷག་ཅན་ཞིག་དང་། མ་ཅིག་སྒྲུབ་པའི་རྒྱལ་མོས་གནང་བའི་ཤར་རིའི་བུའི་ཆོས་གོས།རྗེ་བཙུན་མི་ལའི་ཕྱག་འཁར། སངས་རྒྱས་ཀྱི་རིང་བསྲེལ་སོགས་བཞུགས་པ། འདུ་ཁང་གསེར་ཟངས་ཀྱི་རྗེ་ཙོང་ཁ་པ། སྐུ་རྒྱུ་དེ་མཚུངས་ཀྱི་སྤྱ་ན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་མི་ཚད་ཙམ། ལྡེབས་རིས་སུ་སྨན་བླ་བདེ་གཤིགས་བརྒྱད་དང་། རྒྱལ་བ་འཇམ་དཔལ་རྒྱ་མཚོས་གནང་བའི་ཞལ་ཐང་། ཡང་སྟེང་གནས་བཅུ་ལྷ་ཁང་ཁྲུང་པའི་ཕྱག་བཟོ་སྨན་འདམ་གྱི་གནས་བརྟན་བཅུ་དྲུག་མི་ཚད་ཙམ། ལམ་རིམ་ལྷ་ཁང་ནང་ཇོབོ་རྗོའི་བྲལ་སྤང་གིས་གཙོས་ལམ་རིམ་བླ་བརྒྱུད། ཚོགས་ཆེན་ནང་རྒྱ་དངུལ་གྱི་ཉེ་སྲས་བརྒྱད་མི་ཚད་ཙམ་ལ་སོགས་རྟེན་སྐུ་ཇི་སྙིད་བཞུགས་སུ་གསོལ་ཡོད།།
ད་ལྟ་སྔོན་གྱི་དགོན་ཤུལ་དུ་བསྐྱར་བཞེངས་གནང་བའི་ཚོམས་ཆེན་ནང་སྔོན་གྱི་འཇམ་དབྱངས་ཀྱི་སྙན་ཅོག་གཟུངས་སུ་ཕུལ་བའི་འཇམ་དབྱངས་ཆོས་འཁོར་གྱི་སྐུ་བརྙན་དང་། སྔོན་གྱི་རིང་བསྲེལ་སོགས་བཞུགས་པའི་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་དང་རྟེན་གསུམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད། གཞན་ཡང་དགོན་དེར་རྒྱལ་བ་སྐལ་བཟང་རྒྱ་མཚོས་འཛུགས་གནང་མཛད་པའི་ལོ་ལྟར་བོད་ཟླ་༢ཚེས་༢ ~ ༣གང་རུང་གཟའ་ཚེས་ལེགས་པ་ཞིག་ནས་དབུ་བཙུགས་མ་ཎི་དུང་སྒྲུབ་རིང་མཆོད་མཇལ་ལ་འགྲོ་མི་ཆོག་ལ་དགེ་འདུན་རྣམས་ཀྱང་ཕྱི་ལ་ཕེབས་མི་ཆོག་པ་དང་། རྒྱལ་བ་ལྔ་པའི་དགོངས་བཞེད་ཡིན་ཞེས་ཚོགས་ཆེན་ལ་སྨན་བླ་ཡིད་བཞིན་དབང་རྒྱལ་ལས་གསུངས་མི་ཆོག་པ་དང་། སྔགས་པ་གྲྭ་ཚང་ལ་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་ཚང་མ་གསུང་ཆོག་པ་ཡིན། ཡང་དགོན་དེ་དང་ཉེ་བར་འཇག་བཙུན་མའི་དགོན་དང་། པོ་ཏོ་དགོན། ཆོས་ལྡིང་དགོན་སོགས་ཀྱི་གྱང་གོག་མཇལ་རྒྱུ་ཡོད། །

བརྒྱུད་སྐུལ།

མཆན་སྤེལ།