ལྷོ་ཁའི་ཡར་འབྲོག་གཡུ་མཚོ།

ལྷོ་ཁའི་ཡར་འབྲོག་གཡུ་མཚོ།

ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཁོངས་སུ་གནས་པ་དང་།  མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད ༤༤༥༦ དང་མཚོ་མོའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ ༦༣༨ ལྷག་བཅས་ཟིན་གྱི་ཡོད་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན།  ཡར་འབྲོག་གཡུ་མཚོ་འདི་ཉིད་སྡིག་རའི་གཟུགས་སུ་གྲུབ་པ་དང་།  མཚོ་མོ་དེའི་ཆགས་ཚུལ་ནི་སྔོན་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་སྒྲུབ་པ་ལ་བཞུགས་སྐབས་བོན་པོས་གསེར་བྱེ་སྲང་བདུན་འཕངས་པ་མཚོར་བསྒྱུར་བ་ཡིན་པར་གྲགས་པ་དང་། 

འདི་ཡང་བོད་ལྗོངས་ས་མཐོའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་པའི་བརྒྱུད་རིམ་ནང་ཀོང་རིང་དུ་གྱུར་པར་ངེས།  མཚོ་འདི་དང་ཐོག་ཡར་ཀླུང་གཙང་པོ་དང་འབྲེལ་བའི་ཕྱི་འབབ་མཚོ་མོ་ཞིག་ཡིན་རུང་མི་ལོ་ས་ཡ་གཅིག་གི་སྔ་རོལ་དུ་རི་རུད་ཆེན་པོ་ཞིག་བྱུང་ནས།  ཡུལ་དཔལ་དེའི་ནུབ་རྒྱུད་སྤྱི་ལེ ༢༠ མཚམས་ཀྱི་ཉེ་འདབས་སུ་རྨུ་ཆུའི་སྟོད་རྒྱུད་ཀྱི་ལུང་གཞུང་འགག་སྟབས་འདི་ནང་འབབ་མཚོར་གྱུར།  མཚོ་དེ་ནི་གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་པའི་མཚོ་ཆེན་མ་ཕམ་གཡུ་མཚོ་དང་།  གནམ་མཚོ་ཕྱུག་མོ་སོགས་དང་འདྲ་བར་ཕྱི་ནང་ཀུན་གྱིས་རྩ་ཆེར་འཛིན་ཞིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ་བ་ཞིག་ཡིན།  མཚོ་མགོ་དེར་ལུང་གངས་ཆེན་དང་མཚོ་གཞུང་ཟས་མ་རྒུ་རུལ་ནས་ཉིན་ལམ་མང་པོའི་བར་དུ་ཡོད་པ་ཡིན་ནོ་ཞེས་བརྗོད།  དེ་རྒྱུད་ཀྱི་ས་ནི་དུས་རབས་བཅུ་གསུམ་པར་ས་སྐྱ་འགྲོ་མགོན་འཕགས་པའི་དུས་སུ་བཙུགས་པའི་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཡར་འབྲོག་སྟག་ལུང་ཁྲི་དཔོན་གྱི་མངའ་ཁོངས་སུ་གཏོགས་ལ་མཚོ་ཆེན་དེ་ཡང་ཡར་འབྲོག་ས་ཁོངས་སུ་ཆགས་པ་དང་།  ཁ་དོག་རིན་ཆེན་གཡུ་ལྟར་སྔོ་བའི་མཚོ་མོ་ཡིན་པའི་ཆ་ནས་མིང་ལའང་ཡར་འབྲོག་གཡུ་མཚོ་ཞེས་གྲགས།

ཡར་འབྲོག་གཡུ་མཚོ་ནི་དཀྱུས་རིང་ནར་མོའི་དབྱིབས་སུ་གྲུབ་ཅིང་བྱང་ངོས་ཁ་རྒྱ་ཆུང་ལ་ལྷོ་ངོས་ཆུ་ཞེང་ཆེ་བ། མཚོ་མོའི་འཁོར་རྒྱ་ནི་ལེ་དབར་སྟོང་ལ་ཉེ་ཞིང་གཏིང་ཟབ་ཤོས་ལ་སྨིད ༥༩ ཡོད་ཅེས་གྲགས་ལ་མཚོ་དཀྱིལ་དུ་གླིང་ཕྲན་ཆེ་ཆུང་བཅུ་གྲངས་ཡོད་པའི་ཆེ་ཤོས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༨ ལྷག་ཙམ་དང་ཆུང་ཤོས་ལའང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ ༣༠༠༠ ལྷག་ཙམ་ཡོད།  གཞན་ཡང་མཚོ་ཐོག་ཏུ་བྱ་ངུར་པ་དང་ཆུ་སྐྱར་སོགས་བྱ་རིགས་ཀྱང་མང་པོ་གནས་ཡོད།  མཚོའི་མཐའ་སྐོར་དུ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་མུའུ་བྱེ་བ་ ༡ ཙམ་ཡོད་པས་བོད་ཀྱི་འབྲོག་ཐང་ཆེ་གྲས་ཤིག་ཡིན།།

བརྒྱུད་སྐུལ།

མཆན་སྤེལ།