སྲིད་དོན་རྒྱལ་རབས་ལ་སྙན་ངག་གི་ལམ་ནས་དྲངས་པའི་བསྔགས་བརྗོད་ཀྱི་གསུང་ཤོག་མཐོང་བ་དོན་ལྡན་མ།

སྲིད་དོན་རྒྱལ་རབས་ལ་སྙན་ངག་གི་ལམ་ནས་དྲངས་པའི་བསྔགས་བརྗོད་ཀྱི་གསུང་ཤོག་མཐོང་བ་དོན་ལྡན་མ།
༄༅། །མཁས་པའི་དབང་པོ་རག་ར་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྩིས་དཔོན་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལ་སྙན་ངག་གི་ལམ་ནས་དྲངས་པའི་བསྔགས་བརྗོད་ཀྱི་གསུང་ཤོག་མཐོང་བ་དོན་ལྡན་མ་ཞེས་བྱ་བ་བཞུགས་སོ།།

རྣམ་མང་མཁས་པའི་ལུང་གི་རྒྱུན་འདུས་ཤིང་། །
ལུགས་གཉིས་གཏིང་དཔག་དཀའ་བའི་རྫིང་ཟབ་ཀྱང་། །
ངོ་མཚར་བདེ་ལྡན་རྦ་རླབས་འདི་མཐོང་ཚེ། །
གཟུར་གནས་བློ་ཡི་ཟླ་བ་ཅིས་མི་འཕེལ། །


དེང་དུས་མེས་པོ་གོང་མའི་མིང་ཙམ་ཡང་། །
དབང་དཀའི་ལས་ལ་བདག་གིར་བྱེད་བཞིན་དུ། །
དཀར་ལྗང་ཡོན་ཏན་རིན་ཆེན་གཏེར་ཆེན་གྱིས། །
ཕོངས་བདག་ངག་གི་ཆོ་གས་ཁྱོད་མཉེས་བགྱི། །

རབ་ལྗང་མརྒད་ལྟ་བུའི་ཀླད་པ་ནས། །
རབ་ཐོས་དབྱངས་ཅན་དགའ་མའི་མགྲིན་གླུ་དེ། །
རབ་སྔོ་ཀུན་གསལ་དབྱིངས་སུ་བསྒྲགས་པ་ཡིས། །
རབ་མཁས་ཁྱོད་ཀྱང་དགྱེས་པ་སྐྱེ་འགྱུར་སྙམ། །

གཏི་མུག་རྡོ་བའི་གསེབ་ཏུ་གནས་བཅས་ཤིང་། །
ཞེ་སྡང་དུག་གི་ཁ་རླངས་འཐུལ་བ་ཅན། །
འདོད་ཆགས་འཁྲིལ་ཐབས་བཙན་པོའི་རྣམ་གནོོན་གྱི། །
གངས་ཅན་དགའ་མ་རྒྱ་དམར་སྦྲུལ་གྱིས་བཅིངས། །

འོན་ཀྱང་བདེན་པའི་རྒྱུད་སྟོང་རབ་བཀྲ་ཞིང་། །
ཁུངས་ལྡན་དབྱངས་ཀྱི་འགྱུར་བག་སྟོང་ལྡན་པ། །
རྒྱལ་རབས་ཚངས་གླུ་ཁྱེད་ཀྱིས་བླངས་མཛད་པས། །
སྐྱེ་བོ་མང་པོ་གཉིད་ཀྱི་རྒྱ་ལས་གྲོལ། །

ཚད་མའི་ལུང་གི་ཕ་གུ་བརྩེགས་པའི་ཁྲིར། །
ཡིད་འོང་གཏམ་སྙན་སྨྲ་བའི་སྔོན་བྱུང་མ། །
སྐྱེ་རྒུའི་བརྟན་པ་འཕྲོག་བྱེད་འདི་ལྟ་བུ། །
སྙིང་སྟོབས་ལྡན་ཁྱོད་ལས་གཞན་སུས་བྲིས་ནུས། །

མཚུངས་མེད་ལོ་རྒྱུས་སྨྲ་བའི་དབང་པོ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག
(Leader of the Tibetan delegation to India. New Delhi INDIA 1950.)

བརྒྱུད་སྐུལ།

མཆན་སྤེལ།