དབུས་མདའ་དཔོན་(བཀའ་བློན་)ཁྲི་སྨོན་ནོར་བུ་དབང་རྒྱལ།

དབུས་མདའ་དཔོན་(བཀའ་བློན་)ཁྲི་སྨོན་ནོར་བུ་དབང་རྒྱལ།
དབུས་མདའ་དཔོན་(བཀའ་བློན་)ཁྲི་སྨོན་ནོར་བུ་དབང་རྒྱལ།
(གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་རྒྱལ་ཁབ་ཀྱི་)ཉག་རོང་སྤྱི་ཁྱབ།
དེ་སྔའི་ས་གནས་སྲིད་་གཞུང་གི་མཐའ་མཚམས་དང་། ཚོང་ལམ། ས་གནས་འདུ་ཁག་ཆེ་ས་ཁག་ལ་སྤྱི་ཁྱབ་སྲིད་འཛིན་བསྐོ་འཛུགས་བྱས་པའི་ལས་ཁུངས་གྲས་ཤིག་ཡིན། འདི་ནི་རབ་བྱུང་བཅོ་ལྔའི་ཆུ་གླང(༡༨༥༣)ལོར་ཉག་རོང་མགོན་པོ་རྣམ་རྒྱལ་ཕྱོགས་གཏོགས་དང་བཅས་ནས་བྲག་འགོ་དང་། སྟོང་འཁོར། སྡེ་དགེ། འབའ་ལི་སོགས་ལ་རིམ་བཞིན་དཔུང་འཇུག་གིས་བླངས་ཏེ་ས་ཁུལ་དེ་ཚོའི་མི་ངན་འགའ་ཞིག་ལ་འགོ་མིང་བཏགས་ཐོག་མཐར་བོད་དུ་དཔུང་འཇུག་བྱ་རྒྱུའི་དམིགས་ཡུལ་ཡོད་པར་བརྟེན།
སྐབས་དེར་སྡེ་དགེ་ས་སྤྱོད་པ་ལོ་ན་ཕྲ་སྟབས་མདུན་འཁོར་རྣམས་དང་། ཡུལ་དགོན་འགོ་མི་གྲོས་བསྡུར་གྱིས་ས་གནས་སུ་ཡ་བཟུང་ཐུབ་རེ་མེད་སྟབས་མཐུན་ལམ་གང་མཁས་བྱས་པ་དང་། ཉག་དགྲའི་ཆོ་སྤྱོད་གནས་ཚུལ་དང་རྟིང་མའི་དམིགས་ཡུལ་བཅས་ཞིབ་ཕྲ་འཁོད་པའི་ལྷ་སར་གནས་ཚུལ་སྐྱེལ་མི་མདུན་འཁོར་བསམ་ཁང་ལྷ་དར་ཅན་ནམ་ཉིན་ཤད་རྫོང་བྱས་དོན་ལྟར་ས་སྨད་ཀྱི་གནས་ཚུལ་ཞིབ་ཕྲ་བོད་ས་གནས་སྲིད་གཞུང་ནས་ཤེས་རྟོགས་བྱུང་རྗེས་སྲིད་སྐྱོང་དང་བཀའ་ཤག བོད་ལྗོངས་ཚོགས་འདུ་བཅས་གོ་བསྡུར་གྱིས་ཉག་དགྲ་མཐར་སྐྲོད་གཏོང་རྒྱུའི་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེ་དང་དབུས་མདའ་ཁྲི་སྨོན་པ། མདོ་མཁར་བ་ཚེ་དབང་ནོར་བུ། དབུས་གཙང་དམག་དཔུང་ཆིག་སྟོང་བརྒྱད་བརྒྱ་སྐོར། ཕོགས་དཔོན་རྩེ་མགྲོན་སྐལ་དར་དང། ཤོད་དྲུང་ལས་ཚན་ཟུར་ལྕི་བ་ངོ་ལས་བཅས་འཕྲལ་ཐོན་དགོས་པའི་བཀའ་བསྒྱུར་དང་འབྲེལ། ཁམས་ཁུལ་ནས་རི་ཆབ(རི་བོ་ཆེ་དང་ཆབ་མདོ) ཤོ་སྟར་ལྷོ་གསུམ(ཤོ་པ་མདོ། སྟར་རྫོང་སྟེ་དཔལ་འབར། ལྷོ་རྫོང) སྨར་མཛོ་ས་གསུམ(སྨར་ཁམས། མཛོ་སྒང་། ས་ངན)བཅས་ནས་ཡུལ་དམག་མི་གོ་རང་འགྲིགས་སྐོང་འགུགས་ཀྱིས་འགོ་འདོམས་ཡུལ་དགོན་སོ་སོ་ནས་འོས་འདེམས་ཐོག་དམག་ཕོགས་རང་ཁུངས་རྫོང་གཞིས་སོ་སོའི་བཀར་ཁོངས་ནས་འདོན་འདྲེན་དགོས་རྒྱུའི་བཀོད་མངགས་བཅས་རྩེ་དྲུང་ལས་ཚན་ཆང་ཁྱིམ་པ་དང་། ཤོད་དྲུང་གནས་གསར་བ་ཤད་རྩོལ་གྱིས་བཏང་ཐོག་དངོས་གཞིའི་དམག་དཔུང་དང་། སྤྱི་ཁྱབ་ངོ་ལས་ལྷ་ས་ནས་འཕྲལ་ཐོན་བགྱིས་ཤིང་། མདོ་སྨད་དུ་གཞིས་བྱེས་མཉམ་འཛོམས་ཀྱིས་སྤྱི་ཁྱབ་བཀའ་བློན་ངོ་ལས་དང་། དམག་དཔུང་གཏོས་ཆེ་བཅས་ས་སྨད་དུ་ཐོན་དང་ཐོན་རྩིས་ཡོད་པ་སོགས་ཀྱི་སྦིར་གྲགས་ཆེ་ཁར། བར་སྐབས་སྡེ་དགེ་མན་ཆད་དུ་ཡུལ་དགོན་གང་སར་ཉག་ཇག་གི་མནར་གཅོད་ཅི་ཆེ་བྱུང་སྟབས་སྡེ་དགེ། སྟོང་འཁོར། བྲག་འགོ། ཧོར་ཁོག་ཚུན་གྱི་སྡེ་དགོན་མི་དམངས་ནས་ཉག་ཇག་ལ་དངོས་ཤུགས་སུ་ངོ་རྒོལ་གྱིས་བཙན་བསྐུལ་དམག་མི་ཕྱིར་འཐེན་བྱས་པ་སོགས་མགོན་རྣམ་དམག་དཔུང་ཤུགས་མ་ཐུབ་ཀྱིས་ཉམས་ཞན་དུ་ཕྱིན་ཡོད་ཀྱང་། ད་དུང་ཁོ་ཚོའི་དམག་དཔུང་ཁག་གཅིག་འབྲི་ཆུའི་ནུབ་རྒྱུད་དུ་འབྱོར་ཞིང་། དབུས་དམག་རྣམས་ལྷོ་བྱང་ཁག་བགོས་ཀྱིས་ཐོན་ཏེ་ལྷོ་ཕྱོགས་དམག་དཔུང་ཤོ་སྟར་ལྷོ་གསུམ་དང་། ས་ངན་ཡུལ་དམག་ཁག་གཅིག་གི་འགོ་འདོམས་སུ་དཔའ་ཤོད་ལྡེ་འཆང་ངག་རྣམ་དང་། དེའི་གཅུང་པོ་དམག་དོན། ལྷ་རྫོང་ལྡིང་བཀྲས་རབ་ཅན་ནས་དགྲ་བོའི་དམག་དཔུང་འཇོ་མདའ་ཁུལ་དུ་འབྱོར་བ་ཤེས་སྟབས་ཐོག་མར་དཔུང་བསྐྱོད་མ་བྱས་པར་འཇོ་མདའ་དཔོན་ཚང་ལྷ་ཅན་ལ་གསང་གྲོས་ཀྱིས་དུས་བཀག་བཟོས་ནས་གློ་བུར་དགྲ་བོར་བསྐོར་བཅོམ་མཚན་འགེབས་བཏང་སྟེ་དགྲ་དམག་བསད་པ་དང་། བཟུང་དམག་ཀྱང་སྲོག་ཐོག་བཏང་བ་སོགས་དྲག་རྩུབ་ཀྱིས་དམག་འཐབ་བྱས་སྟབས་ཉག་དམག་ལྷག་འཕྲོ་རྣམས་འབྲི་ཆུ་བརྒལ་ནས་སྡེ་དགེར་བསྐྱོད་དགོས་བྱུང་བས་དབུས་དམག་ཁག་བགོས་ཀྱིས་སྡེ་དགེར་འབྱོར་ཉེ་ཡོད་ལུགས་སོགས་ཀྱི་གྲགས་སྦིར་ཁྱབ་སྟབས་སྡེ་དགེར་ཡོད་པའི་ཉག་དཔུང་རྣམས་ཀྱང་སླར་ཡང་དཔུང་འཇུག་བྱེད་རྔོ་མ་ཐོགས་པར་སྡེ་དགེ་ནས་རིམ་བཞིན་ཕྱིར་བཤིག་བྱས་པར་བརྟེན་དབུས་དམག་དང་དམིགས་བསལ་ཛ་དྲག་གི་དམག་འཐབ་ཆེ་རིགས་བྱེད་དགོས་མ་བྱུང་ཡང་། ཉག་རོང་གནས་སུ་བྱེད་གཏེ་མགོན་རྣམ་དང་། ཁང་གསར་ལྷ་དར་སོགས་མི་ངན་འགའ་ཞིག་དང་། དམག་དཔུང་བཅས་ནས་རྣམ་ཀུན་འགྲུལ་བཞུད་བྱེད་སའི་བྲག་ལ་ཆུ་འཐབ་གཡང་གཟར་ཅན་གྱི་ལམ་འཕྲང་ཁག་ལ་འགོག་སྲུང་བཙན་རྫོང་དམ་བཟུང་བྱས་ཡོད་སྟབས་དབུས་དམག་ཤར་བསྐྱོད་མ་ཐུབ་པའི་ཐོག་མི་གྲོན་ཡང་གང་ཙམ་བྱུང་ཞིང་། འོན་ཀྱང་བྲག་འགོ་བླ་མ་ལྷ་སྐྱབས་སོགས་ཁུལ་དེའི་ཡུལ་མི་འགའ་ཞིག་ནས་ས་སྣ་ལམ་རྒྱུས་ཀྱིས་གསང་ལམ་ཁག་གཉིས་ནས་དཔུང་བསྐྱོད་བྱས་མཐར་མཁར་རྫོང་བཙན་བཟུང་བྱས་རིགས་གཏོང་ཕམ་བཏང་བ་སོགས་དམག་འཐབ་དུས་ཐུང་ཙམ་ལས་བྱེད་དགོས་མ་བྱུང་བར་མགོན་རྣམ་ཕྱོགས་གཏོགས་དང་བཅས་པ་ཆམ་ལ་ཕབ་རྗེས་ཐོག་མར་ཉག་ཁོག་སྤྱི་ཁྱབ་གྲྭ་ཕྱི་ཕུན་རབ་པ་ཚེ་རིང་དཔལ་ལྡན་ལ་ཐའི་ཇིའི་གོ་གནས་དང་། ལས་བྱ་ཤོག་དྲུང་གཉིས་བཅས་བསྐོ་གཞག་གིས་ས་མཚམས་སྐོར་སོགས་གལ་ཆེའི་རིགས་བཀའ་ཤག་ལ་དགོངས་སྐོར་ཞུ་དགོས་པ་ལས། དེ་བྱིངས་ཁྲལ་བསྡུ་ཁྲིམས་འདོམས་ཚང་མ་ཉག་སྤྱི་ངོ་ལས་ནས་བྱེད་པ་དང་། ས་སྲུང་འགོ་དམག་ཟུར་དུ་ཡོད། ཉག་སྤྱི་ཛ་སག་ཧོར་ ཁང་པའི་རྗེས་སུ་སྤྱི་ཁྱབ་ཟུར་དུ་མ་དགོས་པར་ས་སྲུང་མདའ་དཔོན་ནས་གཅིག་ལྕོགས་བྱེད་ལམ་ཡོད་པ་བཅས་ཡིན།
འགྲེལ་བཤད། དུང་དཀར་ཚིག་མཛོད་ལས་དྲངས།
འདྲ་པར། སྔ་མོའི་བོད་དང་བོད་མི།

 

བརྒྱུད་སྐུལ།

མཆན་སྤེལ།