གཙང་གི་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག

གཙང་གི་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག
གཙང་གི་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག
རྩོམ་པ་པོ། ལྷ་སྒང་ཆོས་གྲགས།
མེ་ལྷས་དྲོད་ཀྱིས་མ་བཏང་ཐབ་ཁ་ན། །
རྫས་སྣ་རོ་བཅུད་མ་ཤོར་དགུ་ཐུག་འཁོལ། །
ཨ་མས་ཕྱག་གིས་མ་དོར་ཐབ་ཚང་ན། །
ནང་མི་ལྷན་འཛོམས་དགོད་སྒྲའི་དུ་ཞགས་འཁྱིལ། །
བགྲེས་སོང་ཚེ་རིང་གྲལ་མགོ་ཡ་ན་བརྗིད། །
བུ་ཆུང་ནོར་བུ་གྲལ་སྨད་མ་ན་མཛེས། །
བཞུགས་གྲལ་བང་རིམ་མ་འཆོལ་ལྟ་ན་སྡུག །
བདེ་སྐྱིད་ཁང་བཟང་བཀྲ་ཤིས་རྟགས་བརྒྱད་འཛོམས། །

ཚེས་གཅིག་ཐོ་རེངས་ཆང་བསྐོལ་ཚ་པོས་བསུས། །
གདུགས་ཚོད་ལུག་མགོ་ཚགས་ཤ་སྐམ་པོ་ཞིམ། །
དགོང་ཟས་མོག་མོག་རྒྱ་ཐུག་སྐེད་པ་ལྡེམ། །
ཀ་ར་བུ་རམ་བཞེས་བྲོ་ལོངས་སྤྱོད་འཛོམས། །
ཚེས་གཉིས་གྲོ་སོ་ཕྱེ་མས་ཁྱིམ་མཚེས་བསུ། །
གྲོ་མ་འབྲས་བསིལ་མཆོད་ཆང་འདུ་ལོངས་ཆེ། །
ཚེས་གསུམ་རླུང་རྟ་ལྷ་གསོལ་དར་ལྕོག་བསྒྲེངས། །
རྟ་རྒྱུག་རྐང་བྲོ་གླུ་གཞས་ལྟད་མོ་ཆེ། །
ཚེས་པ་བཞི་ནས་བཅོ་ལྔའི་ནངས་མོ་བར། །
དགའ་ཉེ་བློ་དཀར་འཛོམས་འཛོམས་ཐག་ཐག་གིས། །
ཇ་ཆང་ཤོ་སྦག་གླུ་གར་རྩེད་མོ་ལ། །
གང་དགའ་སྐྱིད་སྐྱིད་སྟོན་མོ་འཛད་པ་མེད། །
ཚེས་ཆེན་བཅོ་ལྔར་ཉེ་རྒྱང་ཆོས་སྡེ་ལ། །
མཇལ་སྐོར་དགེ་འདུན་རིམ་གྲོ་བསྙེན་བཀུར་གྱིས། །
སོ་ནམ་ལོ་གསར་དགེ་བས་མཇུག་བསྡུས་ཏེ། །
རྒྱལ་པོ་ལོ་གསར་བསུ་བའི་སྟ་གོན་བྱེད། །
ཁྱིམ་གྱི་ཀ་བ་ཨ་ཕའི་སྟོབས་ཀྱིས་བཏེགས། །
ནང་གི་གདུང་མ་ཨ་མ་མཛངས་མས་བསྐྱངས། །
སྤུན་མཆེད་བུ་ཚ་མཐུན་པ་ལྕམ་ཤིང་བཞིན། །
ཁྱིམ་ཚང་འགྱུར་མེད་བཀྲ་ཤིས་བདེ་ལེགས་ཤོག །
དེ་རིང་གཙང་གི་ལོ་གསར་གྱི་དགུ་ཐུག་ཏུ་སོང་ཆོས་གྲོགས་ཤིག་གིས་ལོ་གསར་དང་འབྲེལ་བའི་སྙན་ཚིག་འབྲི་རོགས་ཞེས་ནན་གྱིས་བསྐུལ། དེ་རིང་རང་ཉིད་ལ་ནི་སྙན་ངག་འབྲི་བའི་ཁམས་མི་འདུག་པས། རྡོ་ཆག་བཙན་པོར་བསྒྲིགས་པའི་ཚིགས་བཅད་འདི་དག་སྙན་ཚིག་ཏུ་སོང་མིན་བཤད་དཀའ་ཡང་། གྲོགས་ངོ་མ་གཅོག་པས་གང་དྲན་བྲིས་པ་སྐད་འཕྲིན་དུ་བསྐུར་ཅིང་འདི་རུ་ཡང་སྤེལ་ལོ། །དགུ་ཐུག་སྐྱིད།

བརྒྱུད་སྐུལ།

མཆན་སྤེལ།