ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།

ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།
༄༅། །ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་རང་དོན་རྗེས་སུ་དཔག་པའི་ལེའུའི་རྣམ་བཤད་བཞུགས་སོ། །
མཛད་པ་པོ། ༸རྒྱལ་བ་དགེ་འདུན་གྲུབ་པ།
 
མཆོད་བརྗོད་དང་བརྩམས་པར་དམ་བཅའ།
ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །དགེ་ལེགས་གསེར་གྱི་ས་གཞིར་མཐའ་ཡས་འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེའི་ཆུ་གཏེར་རྒྱ་ཆེན་ལན་གཅིག་མིན་པར་རབ་ཏུ་བསྐྱིལ། །ཐབས་མང་སྟོན་པ་ཡུན་རིང་གོམས་པའི་རླུང་གིས་བསྲུབས་པས་སྤངས་རྟོགས་མཐར་ཕྱིན་རིན་ཆེན་ལས་གྲུབ་བདེ་གཤེགས་བང་རིམ་མངོན་པར་མཐོ། །ཇི་བཞིན་ཇི་སྙེད་ཀུན་གཟིགས་ཉི་ཟླའི་སྐ་རགས་རྒྱས་པས་གདུལ་བྱ་ཀུན་སྐྱོབ་ཀུན་ལ་ཚད་མར་གྱུར་པའི་ཐུབ་དབང་ལྷུན་པོ་ནི། །

འཕགས་མཆོག་གསེར་རིས་བསྐོར་བ་དང་བཅས་གདུལ་བྱ་གླིང་བཞིའི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་མཛེས་པ་དེ་ལ་ཕྱག་འཚལ་ལོ། །སྟོན་པ་བསྟན་པ་སློབ་མའི་ཚོགས། །རིགས་པས་སྒྲུབ་བྱེད་གྲགས་པའི་གཞུང༌། །རྣམ་འགྲེལ་ལེགས་(༢ན)པར་བཤད་པའི་གཏེར། །གཞན་ལ་ཕན་ཕྱིར་དབྱེ་བར་བྱ།
མཚན་གྱི་དོན།
འདིར་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། པྲ་མཱ་ཎ་བརྟི་ཀ་ཀཱ་རི་ཀཱ་ཞེས་བྱ་ལ། དེ་བོད་སྐད་དུ་བསྒྱུར་ན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བྱའོ། །
འགྱུར་གྱི་ཕྱག །
གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །
གཞུང་གི་དོན་བཤད་པ།
བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ།
གསུམ་པ་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་བསྟན་བཅོས་སོ། །དང་པོ་ལ་གཉིས། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། ཕུན་སུམ་ཚོགས་པ་གསུམ་མངའ་བའི་བཅོམ་ལྡན་འདས་ལ་བསྟན་བཅོས་རྩོམ་པའི་ཐོག་མར་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་རྩོམ་པ་མཐར་ཕྱིན་པའི་ཆེད་ཡིན་པའི་ཕྱིར། ཕུན་སུམ་ཚོགས་པ་གསུམ་ཇི་ལྟར་མངའ་ཞེ་ན། བཅོམ་ལྡན་འདས་ཆོས་ཅན། རང་དོན་ཕུན་སུམ་ཚོགས་པ་མངའ་(༢བ)སྟེ། རྟོག་པའི་དྲ་བ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང༌། ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རྒྱ་ཆེ་བ་སྤྲུལ་པའི་སྐུ་མངའ་བའི་ཕྱིར། ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་དགེ་ལེགས་ཀུན་ཏུ་བཟང་པོ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐོབ་པར་མཛད་པའི་ཕྱིར། ཆོས་ཅན། གཞན་དོན་ཕུན་ཚོགས་སྒྲུབ་པའི་ཐབས་མངའ་སྟེ། དམ་པའི་ཆོས་སྟོན་པའི་འོད་ཟེར་དག་ཀུན་ནས་འཕྲོ་བའི་ཕྱིར། གཉིས་པ་ནི། མཆོད་པར་བརྗོད་ནས་བྱ་བ་ཅི་བྱེད་ཅེ་ན། ཀུན་ལས་བཏུས་ཀྱི་རྣམ་འགྲེལ་རྩོམ་མོ། །གང་གི་དོན་དུ་རྩོམ་ཞེ་ན། ཤེས་བྱ་ཆོས་ཅན། དཔལ་ལྡན་ཆོས་གྲགས་བདག་ལ་རྣམ་འགྲེལ་འདི་ནི་གཙོ་ཆེར་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་དེ། སྐྱེ་བོ་ཕལ་ཆེར་ཕལ་པའི་བསྟན་བཅོས་ལ་ཆགས་ཤིང༌། ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་ན་ལེགས་བཤད་རྣམས་དོན་དུ་མི་གཉེར་ལ། དེ་ཁོ་ནར་མ་ཟད་ལེགས་བཤད་ལ་ཕྲག་དོག་དྲི་མ་དག་གིས་ཡོངས་སུ་སྡང་བར་གྱུར་པ་དེས་ནའོ། །འོན་ཀྱང་དཔལ་ལྡན་ཆོས་གྲགས་ཆོས་ཅན། རྣམ་འགྲེལ་རྩོམ་པ་འདི་ལ་དགའ་བ་སྐྱེས་པའི་རྒྱུ་མཚན་ཡོད་དེ། རང་གི་སེམས་ནི་ཡུན་རིང་དུ་ལེགས་བཤད་ལ་གོམས་པ་ལྷུར་ལེན་པ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར།
ཡན་ལག་ཅན་གྱི་བསྟན་བཅོས་བཤད་པ།
གཉིས་པ་ལ་གཉིས། གཞལ་བྱ་རྟོགས་པ་ཚད་མའི་རང་བཞིན་བཤད། དེ་གཞན་ལ་སྐྱེད་པའི་ཐབས་ངག་གི་རང་བཞིན་བཤད་པའོ། །
གཞལ་བྱ་རྟོགས་པའི་ཚད་མའི་རང་བཞིན་བཤད་པ།
དང་པོ་ལ་གསུམ། ལྐོག་གྱུར་གསལ་བྱེད་རང་དོན་ལེའུ། ཐར་ལམ་གསལ་(༣ན)བྱེད་ཚད་མ་གྲུབ་པ། མངོན་གྱུར་གསལ་བྱེད་མངོན་སུམ་ལེའུའོ། །
ལྐོག་གྱུར་གསལ་བྱེད་རང་དོན་ལེའུ།
ལུས་རྣམ་གཞག་བཤད་པ།
དང་པོ་ལ་གཉིས། ལུས་རྣམ་གཞག །ཡན་ལག་རྒྱས་བཤད་དོ། །དང་པོ་ནི། བསྟན་བཅོས་འདི་ཀུན་ལས་བཏུས་ཀྱི་རྣམ་འགྲེལ་དུ་རྩོམ་ན། ཅིའི་ཕྱིར་ལེའུའི་གོ་རིམས་བཟློག་ནས་རང་དོན་དང་པོར་འཆད་ཅེ་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་རྟེན་པ་ཡིན་པའི་ཕྱིར་ལ། དེ་ལ་ལོག་པར་རྟོག་པས་དེ་རྣམ་པར་བཞག་པའི་ཕྱིར་རང་དོན་རྗེས་དཔག་དང་པོར་བཤད་དོ། །འོ་ན་རྗེས་དཔག་གི་མཚན་ཉིད་དབྱེ་བ་སོགས་མི་ཆད་པར་ཅིའི་ཕྱིར་གཏན་ཚིགས་འཆད་ཅེ་ན། སྐྱོན་མེད་དེ། གཏན་ཚིགས་བཤད་པས་རྗེས་དཔག་ལ་ལོག་རྟོག་སེལ་ནུས་པའི་ཕྱིར། འོ་ན་གཏན་ཚིགས་ཡང་དག་གི་མཚན་ཉིད་གང༌། དབྱེ་ན་དུ་ཞེ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང༌། ཕྱོགས་བཏགས་པ་བ་དེའི་ཆ་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། རྟགས་ཡང་དག་དེ་ནི་འབྲས་རང་མ་དམིགས་པ་རྣམ་པ་གསུམ་ཉིད་དུ་ངེས་ཏེ། ཕྱོགས་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་བ་དེ་འབྲས་རང་མ་དམིགས་པའི་རྟགས་ཁོ་ན་ལ་ངེས་པའི་ཕྱིར་རོ། །གསུམ་པ་དེ་ལས་གཞན་པའི་རྟགས་རྣམས་ཆོས་ཅན། གཏན་ཚིགས་ལྟར་སྣང་ཡིན་ཏེ། རྟགས་སུ་བཀོད་པ་གང་ཞིག །ཚུལ་གསུམ་མ་ཚང་བའི་ཕྱིར།
ཡན་ལག་རྒྱས་པར་བཤད་པ།
གཉིས་པ་ལ་བཞི། ཡང་དག་གསུམ་གྱི་གཏན་ཚིགས་བཤད། ངེས་བཟུང་ཚིག་ལ་རྩོད་པ་སྤང༌། ཟློག་(༣བ)ཕྱོགས་གཏན་ཚིགས་ལྟར་སྣང་བཤད། མེད་ན་མི་འབྱུང་རྒྱས་པར་བཤད་པའོ། །
དང་པོ་ལ། འབྲས་རང་མ་དམིགས་པ་གསུམ་མོ། །དང་པོ་ནི། གལ་ཏེ་དུ་བ་མེ་ལས་སྐྱེས་པའི་ཕྱིར་མི་འཁྲུལ་ན་སྐྱེ་རྫས་ཀྱང་མེ་གོ་བྱེད་དུ་འགྱུར་ཏེ། མེ་ལས་སྐྱེས་པའི་ཕྱིར་ཞེ་ན། རྒྱུ་མེ་ལ་ཡོད་པའི་རང་བཞིན་ཇི་སྙེད་ཅིག་མེད་ན་མི་འབྱུང་བའི་འབྲས་བུ་དུ་བ་ནི་ཆོས་ཅན། དུ་ལྡན་ལ་ལ་མེ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།
གཉིས་པ་ནི། མི་རྟག་པའི་རང་བཞིན་ཡོད་ཙམ་དང་འབྲེལ་བ་ཅན་གྱི་ངོ་བོ་བྱས་པའང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།
གསུམ་པ་ལ་གཉིས། མི་སྣང་བ་མ་དམིགས་པ། སྣང་རུང་མ་དམིགས་པའི་རྟགས་སོ། །དང་པོ་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་དམིགས་པའི་ཚད་མ་རྣམས་ནི་མི་འཇུག་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་མི་འཇུག་པར་སྒྲུབ་པའི་འབྲས་བུ་ཅན་ཏེ་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། ངོ་བོ། དབྱེ་བ། རྩོད་སྤང་ངོ༌། །དང་པོ་ནི། ཡོད་ན་སྣང་རུང་གི་བྱེ་བྲག་ལ་ལྟོས་ནས་བུམ་པ་མ་དམིགས་པའི་གཏན་ཚིགས་ཆོས་ཅན། གཞི་འགའ་ཞིག་ཏུ་བུམ་པ་མེད་པའི་ཤེས་བརྗོད་སྒྲུབ་པའི་འབྲས་བུ་ཅན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ནི། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ལ་དབྱེ་ན་དུ་ཞེ་ན། མེད་དགག་གི་དོན་ཅན་གྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། རྣམ་པ་བཞི་ཡོད་དེ། རང་བཞིན་འགལ་དམིགས་(༤ན)དང༌། འགལ་བའི་འབྲས་བུ་དག་གྲུབ་པ་དང༌། རྒྱུ་དང་ངོ་བོ་ལྟར་རུང་བའི་བདག་ཉིད་དག་ནི་མ་གྲུབ་པའི་རྟགས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། འགལ་འབྲས་དམིགས་པས་གྲང་རེག་མེད་པར་གྲུབ་ན། འགལ་བའི་རྒྱུ་དམིགས་པས་ཀྱང་གྲང་རེག་མེད་པར་འགྲུབ་པར་འགྱུར་རོ་ཞེ་ན། གྲང་རེག་དེ་དང་འགལ་བ་ཡི་ནི་རྒྱུ་དམིགས་པ་རྟགས་སུ་སྦྱོར་བ་བུད་ཤིང་གང་ཡིན་པ་དེ་ཆོས་ཅན། གཞི་འགར་གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་ཅན་ཡིན་ཏེ། ཁྱོད་དང་གྲང་རེག་གི་རྒྱུ་མཚན་དག་ནི་འགལ་བ་ཉིད་མེད་པའི་ཕྱིར། མེ་རྒྱུ་བུད་ཤིང་གིས་གྲང་རེག་འགོག་མི་ནུས་ན། མེ་འབྲས་དུ་བས་ཀྱང་གྲང་རེག་འགོག་མི་ནུས་སོ་ཞེ་ན། འགལ་འབྲས་དམིགས་པའི་རྟགས་དུ་བ་ཆོས་ཅན། གཞི་འགར་གྲང་རེག་འགོག་པ་ལ་ཡང་ཡུལ་དང་ནི་དུས་ལ་སོགས་པ་ཁྱད་པར་བ་ལ་ལྟོས་པར་འདོད་དེ། གཞན་དུ་ན་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བར་འགྱུར་བའི་ཕྱིར། དཔེར་ན། གཞི་འགར་མི་གྲང་སྒྲུབ་པ་ལ་ནི་ཐལ་བ་རྟགས་སུ་བཀོད་པ་བཞིན་ནོ། །
གཉིས་པ་ལ་གཉིས། སྔ་ཕྱི་ལ་བརྟེན་པའི་རྩོད་པ་སྤང༌། དུས་མཉམ་ལ་བརྟེན་པའི་རྩོད་པ་སྤང་བའོ། །དང་པོ་ནི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ངེས་ན། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་དེ་རྟགས་ཡང་དག་མ་ཡིན་པར་འགྱུར་རོ་ཞེ་ན། ནས་ཀྱི་ས་བོན་དང་ཆུ་ལུད་དྲོད་གཤེར་ཚོགས་པ་དེ་ནི་ཆོས་ཅན། དེ་འདྲའི་ཞིང་སྟེང་དུ་ནས་ཀྱི་མྱུ་གུ་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་བརྗོད་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །རྒྱུ་རྐྱེན་དོན་གཞན་ལ་ནི་མི་ལྟོས་པར་ནས་ཀྱི་མྱུ་གུ་སྐྱེ་རུང་གི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་རྟགས་དེས་མྱུ་གུ་འབྱུང་ངེས་ཅིའི་(༤བ)ཕྱིར་མི་དཔོག་ཅེ་ན། ཆོས་ཅན། གཞི་དེར་འབྲས་བུ་མྱུ་གུ་འབྱུང་ངེས་སུ་སྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ནི་ཉིད་ཡིན་ཏེ། ཁྱོད་ཀྱིས་ཚོགས་པའི་འབྲས་བུ་མྱུ་གུ་སྐྱེད་པའི་ནུས་པ་རྣམས་ཁྱད་པར་དུ་འགྱུར་བ་དང་འབྲེལ་བའི་བར་འདིར་གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། །
གཉིས་པ་ནི། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་ངེས་ན། རོ་ད་ལྟར་བའི་རྟགས་ལས་གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་སྐྱེ་བ་མི་འཐད་ཅེ་ན། ཤེས་བྱ་ཆོས་ཅན། དེ་མི་འཐད་མི་དགོས་པར་ཐལ། རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་གཟུགས་ལ་སོགས་པ་དེ་གྱུར་པ་རྟོགས་པ་ནི། རྒྱུའི་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ལས་སྐྱེས་པའི་ཕྱིར། དཔེར་ན། དུ་བ་དུ་ལྡན་ལ་ལ་མེས་བུད་ཤིང་གི་འགྱུར་བ་སྐྱེད་པའི་ནུས་པ་དཔགས་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་དཔོག་པ་བཞིན་ནོ། །རྩ་རྟགས་གྲུབ་སྟེ། རོ་གཟུགས་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལུས་པའི་ཕྱིར་ཏེ། རོ་སྔ་མའི་ནུས་པ་འཇུག་པ་མེད་པར་ནི་རོ་ད་ལྟར་བ་མེད་པ། རོ་སྔ་མ་དེ་ཉིད་གཞན་གཟུགས་ད་ལྟར་བའི་ཡང་ལྷན་ཅིག་བྱེད་རྒྱུ་ཡིན་པའི་ཕྱིར། ཆོས་ཅན། རོ་ད་ལྟར་བའི་རྟགས་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ། གཟུགས་ད་ལྟར་བ་རྟོགས་པའི་རྗེས་དཔག་དེ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ཏེ། སྔར་བཤད་པ་དེ་ལྟར་རོ་ད་ལྟར་བའི་རྟགས་ལས་འདས་པ་རོ་སྔ་མས་གཟུགས་ད་ལྟ་བར་བསྐྱེད་པའི་ནུས་པ་དང༌། རང་དང་དུས་གཅིག་པའི་གཟུགས་རྣམས་རྟོགས་པའི་རྗེས་དཔག་སྐྱེ་བའི་ཕྱིར།
གསུམ་པ་ནི། རྒྱུ་ཁ་ཡར་བ་ལས་ཀྱང་འབྲས་བུ་འབྱུང་རུང་དུ་དཔོག་ནུས་ཏེ། ལུས་རྒྱས་པ་ལས་འདོད་ཆགས་སྐྱེ་བའི་ཕྱིར་ཞེ་ན། རྒྱུ་མ་ཚོགས་པའི་ནས་ཡན་གར་བ་དེ་ཆོས་ཅན། (༥ན)ཁྱོད་ལས་འབྲས་བུ་མྱུ་གུ་ནི་སྐྱེ་རུང་དུ་རྗེས་སུ་དཔོག་པ་གང་ཡིན་པ་དེ་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་ལྷག་མ་དང་ལྡན་པའི་རྟགས་ཡིན་པའི་ཕྱིར་དང༌། ཁྱོད་ལ་མྱུ་གུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། དཔེར་ན་ལུས་ལས་འདོད་ཆགས་རྗེས་སུ་དཔོག་པ་བཞིན་ནོ། །མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་འབྲས་བུའི་སྤྱི་མཐོང་བ་ལས། རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་ཤེས་པ་མི་འཐད་དེ། དེ་ལྟ་བུའི་རྟགས་དེ་ཚད་མ་སྟེ་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། དཔེར་ན། ཚིག་ལས་ཆགས་ཅན་ལ་སོགས་པ་དཔོག་པ་བཞིན་ནོ། །ཚིག་ལས་ཕ་རོལ་པོ་ཆགས་ཅན་དུ་སྒྲུབ་པའི་ལྡོག་ཁྱབ་གྲུབ་སྟེ། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པའི་ཕྱིར་ཞེ་ན། ཚིག་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས། ལྡོག་ཁྱབ་འཁྲུལ་བ་མེད་པ་མིན་པར་ཐལ། དེ་ལྟར་ཡིན་ཡང་དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་པ་སྲིད་པ་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན། ཟོས་པའི་འབྲས་དང་ཕྲུ་བ་གཅིག་གི་ནང་དུ་ཆུད་པའི་རྟགས་ལས། འབྲས་ལྷག་མ་ནི་ཚོས་པར་དཔོག་པ་བཞིན་ནོ། །འོ་ན། ལྷག་ལྡན་གྱི་དོན་ཅི་ཞེ་ན། གང་ཞིག་མ་མཐོང་བ་ཙམ་གྱིས་ལྡོག་པ་རབ་ཏུ་སྟོན་པར་བྱེད་པའི་ངག་སྨྲ་བ་དེ་ནི་ཆོས་ཅན། ཕ་རོལ་པོ་ཆགས་ལྡན་དུ་སྒྲུབ་པ་དེ་ལ་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མི་མཐུན་ཕྱོགས་ལས་ལྡོག་པ་མ་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར།
མེད་ན་མི་འབྱུང་བ་རྒྱས་པར་བཤད་པ།
བཞི་པ་མེད་ན་མི་འབྱུང་རྒྱས་པར་བཤད་པ་ལ། བསྟན་བཤད་གཉིས། དང་པོ་ལ་གསུམ། གཞན་ལུགས་དགག །རང་ལུགས་གཞག །མཇུག་བསྡུ་བའོ། །དང་པོ་ལ་གསུམ། རང་སྡེ་ལུང་དང་འགལ་བས་དགག །ཐུན་མོང་མངོན་སུམ་གནོད་(༥བ)པ་བསྟན། གཞན་སྡེ་ཁས་བླངས་འགལ་བས་དགག་པའོ། །དང་པོ་ལ་གཉིས། ཡོངས་གཅོད་ལ་འབྲེལ་བ་བཞེད་པར་བསྟན། རྣམ་བཅད་ལ་ལུང་འགལ་བརྗོད་པའོ། །དང་པོ་ནི། སློབ་དཔོན་དབང་ཕྱུག་སྡེ་ན་རེ། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་ལ། དེ་ཉིད་སློབ་དཔོན་ཕྱོགས་གླང་གི་བཞེད་པ་ཡིན་ནོ་ཞེ་ན། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་ཕྱོགས་གླང་དེ་ཡིས་ངེས་པ་བརྗོད་པར་མཛད་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། བྱས་པ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་མ་གྲུབ་པ་དང༌། ཟློག་དོན་འགལ་རྟགས་དང་ཁྱབ་པ་འཁྲུལ་པ་ཅན་གྱི་གཉེན་པོར་ནི་རྟོགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟ་མིན་པར་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། ཤེས་བྱ་ཆོས་ཅན། འཁྲུལ་པ་ཅན་གྱི་གཉེན་པོར་ནི་ཆོས་མི་མཐུན་སྦྱོར་གྱི་ངག་བརྗོད་པ་གང་ཡིན་པ་དེ་མི་འཐད་པར་ཐལ། ཕྱོགས་སྔ་དེའི་ཕྱིར། འདོད་ན། རེ་ཤིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ་ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་ཆོས་མི་མཐུན་སྦྱོར་གྱི་ངག་དེ་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གོ་བའི་འབྲས་བུ་ཅན་ཡིན་པས་སྐྱོན་མེད་དོ་ཞེ་ན། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་རྟོགས་པའི་དོན་དུ་སྨོས་པ་མི་འཐད་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་དེ་ཁྱོད་མ་སྨོས་ཀྱང་རྟོགས་པར་འགྱུར་བའི་ཕྱིར། རྟགས་མི་མཐུན་ཕྱོགས་ལ་མེད་ངེས་རྟོགས་པའི་དོན་དུ་སྨོས་པས་སྐྱོན་མེད་ཅེ་ན། རྟགས་མི་མཐུན་ཕྱོགས་ལ་མེད་ཅེས་བྱ་བའི་ཚིག་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་ཀྱང་རྟགས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ན་གོ་བ་མིན་པར་ཐལ།(༦ན) རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་བརྗོད་པའི་ཕྱིར། འོ་ན་རྟགས་མི་མཐུན་ཕྱོགས་ལ་མེད་པར་ཇི་ལྟར་རྟོགས་ཞེ་ན། ཆོས་ཅན། ཁྱོད་ལ་བརྟེན་ནས་རྟགས་མི་མཐུན་ཕྱོགས་ལ་མེད་ཅེས་བྱ་བར་རྟོགས་ཏེ། གལ་ཏེ་ཇི་ལྟར་རྟགས་མི་མཐུན་ཕྱོགས་ལ་མེད་པའི་རིགས་པ་རྟགས་ཆོས་འབྲེལ་བ་དེ་བརྗོད་པའི་ཕྱིར། གལ་ཏེ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བས་ལྡོག་ཁྱབ་གྲུབ་པར་འགྱུར་ན། ཟོས་པའི་ཤིང་ཏོག་དང་གཟུགས་དང་ཤིང་ཕུང་གཅིག་ལས་སྐྱེས་པར་མཚུངས་པ་ཆོས་ཅན། མ་ཟོས་པའི་ཤིང་ཏོག་ལྷག་མ་རྣམས་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དུ་སྒྲུབ་པའི་ཅི་སྟེ་ལྷག་ལྡན་འཁྲུལ་བ་ཅན་ཡིན་ཏེ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་ན། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་མིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ལྡོག་པ་ཅན་སྲོག་ལྡན་ཡང་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །ལྡོག་ཁྱབ་གྲུབ་པའི་ཕྱིར། ཕྱི་མ་ཁས། འདོད་ན། ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ། ཐེ་ཚོམ་གྱི་རྒྱུའོ། །ཞེས་གསུངས་པ་དང་འགལ་ལོ། །ཤེས་བྱ་ཆོས་ཅན། ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བ་དཔེ་དོན་སྦྱར་ནས་རྟགས་ཡང་དག་མ་ཡིན་པར་བརྗོད་བྱ་མིན་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར། འདོད་ན། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་(༦བ)སོགས་པ་ལའང་ཅི་རིགས་པར་བརྗོད་པར་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །ཁྱད་པར་མཉན་བྱ་ཆོས་ཅན། སྒྲའི་སྟེང་དུ་རྟག་མི་རྟག་གཉིས་ཀ་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཁྱད་པར་རྣམ་པར་གཅོད་པའི་གཏན་ཚིགས་མིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་མཉན་བྱ་དེ་སྒྲའི་སྟེང་དུ་རྟག་མི་རྟག་གཉིས་ཀ་རྣམ་པར་གཅོད་པའི་གཏན་ཚིགས་མི་ཡིན་ཏེ། དེ་ལ་ཚད་མ་གཞན་གྱིས་གནོད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དེ་ནི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལས་མེད་པར་གྲུབ་པ་མིན་པར་ཐལ། དེ་ལ་ཚད་མས་གནོད་པའི་ཕྱིར། མཉན་བྱ་དེ་བཞིན་དུ་ནི་རྟགས་གཞན་ལའང་ཆོས་ཅན། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མ་གྲུབ་པར་ཐལ། དེ་ལ་ཚད་མ་གཞན་གྱིས་གནོད་པ་སྲིད་པའི་ཕྱིར། རེག་བྱ་བཏང་སྙོམས་པ་མ་མཐོང་བ་ཆོས་ཅན། མཐོང་བའི་ས་སོགས་ལ་རེག་བྱ་བཏང་སྙོམས་པ་མི་ལྡན་པར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་མེད་པ་ཅན་དུ་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། འདོད་ན། རླུང་གི་རབ་བྱེད་ལས། གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། ། ཞེས་གསུངས་པ་དང་འགལ་ལོ། །
གཉིས་པ་ཐུན་མོང་མངོན་སུམ་གནོད་པ་བསྟན་པ་ནི། ཤེས་བྱ་ཆོས་ཅན། སྐྱུ་རུ་ར་དེ་ཁ་གཅིག་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དུ་མཐོང་བས། ཡུལ་གཞན་གྱི་སྐྱུ་རུ་ར་ལ་སྨིན་པ་དང་རོ་ནུས་ཁྱད་པར་ཅན་དེ་ཡོད་པར་ངེས་པ་རིགས་པ་མ་ཡིན་པར་ཐལ། ཡུལ་ལ་སོགས་པའི་ཁྱད་པར་ལས་རྫས་ལ་ནུས་པ་ཐ་དད་སྣང་བའི་ཕྱིར།
གསུམ་པ་(༧ན)ནི། ཤེས་བྱ་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལ་མ་དམིགས་པ་གང་ཡིན་པ་དེ་ཁོ་ན་གཏན་ཚིགས་མི་མཐུན་ཕྱོགས་ལ་མེད་པའི་སྒྲུབ་བྱེད་ཡིན་ནམ་ཅི་སྟེ་མ་ཡིན་པར་ཐལ། གསོན་ལུས་ལ་བདག་དང་ས་ལ་ཤེས་པ་དང་འོ་མ་ལ་ཞོ་ལ་སོགས་པ་མ་མཐོང་བས་མེད་པ་རབ་ཏུ་སྒྲུབ་བྱེད་མིན་པའི་ཕྱིར། གཉིས་པ་རང་ལུགས་བཞག་པ་ལ་གཉིས། སྒྲུབ་རྟགས་ཀྱི་ཁྱབ་པ་འབྲེལ་བ་ལ་ལྟོས། དགག་རྟགས་ཀྱི་ཁྱབ་པ་འབྲེལ་བ་ལ་ལྟོས་པའོ། །དང་པོ་ལ་གསུམ། དངོས། འབྲེལ་བ་དཔེ་སྟེང་དུ་སྟོན་ཚུལ། འབྲེལ་བ་ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མ་གྲུབ་པ་དེའི་ཕྱིར། བྱས་པ་ཆོས་ཅན། མི་རྟག་པ་ལོག་པས་ཁྱོད་ཀྱི་ངོ་བོ་ཉིད་ལྡོག་པར་འགྱུར་བ་ཡིན་ཏེ། མི་རྟག་པ་དེ་ཙམ་དང་འབྲེལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། འབྲས་བུ་དུ་བ་ཆོས་ཅན། རྒྱུ་མེ་ལོག་པ་ཡིས་ཁྱོད་ལྡོག་སྟེ། ཁྱོད་མེ་ལ་འཁྲུལ་པ་མེད་པའི་ཕྱིར། བྱས་མི་རྟག་འབྲེལ་བ་དེ་ལྟ་མིན་ན། གཅིག་མི་རྟག་པ་ལོག་པས་ཇི་ལྟར་གཞན་བྱས་པ་ནི་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །དཔེར་ན། མི་ལ་རྟ་མི་བདོག་ཅེས་ཏེ་དེ་ཙམ་གྱིས་ཕྱུགས་ཀྱང་བདོག་པ་མིན་ནམ་ཅི་སྟེ་མེད་མི་དགོས་པ་བཞིན་ནོ། །དེ་བཞིན་དུ་བྱས་པ་གཅིག་ཅིག་ཉེ་བའི་ཕྱིར། ཇི་ལྟར་མི་རྟག་པ་གཞན་ནི་ཉེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། བྱས་མི་རྟག་འབྲེལ་མེད་ཐ་དད་ཡིན་པའི་ཕྱིར། དཔེར་ན། མི་ལ་ཕྱུགས་ནི་བདོག་ཅེས་ཏེ་དེ་ཙམ་གྱིས་དེ་བཞིན་རྟ་ཡང་བདོག་གམ་ཅི་སྟེ་ཡོད་མི་དགོས་པ་བཞིན་ནོ། །
གཉིས་པ་ནི། འབྲས་རང་གི་གཏན་ཚིགས་འདི་ཆོས་ཅན། ལྡོག་ཁྱབ་འགྲུབ་པ་རྟགས་ལྡོག་པའི་གཞི་ཆོས་མི་མཐུན་(༧བ)དཔེ་མཐའ་དག་རྟོགས་པ་ལ་ངེས་པར་ལྟོས་པར་མི་འདོད་དེ། རྟགས་ཆོས་འབྲེལ་བ་བརྗོད་པ་ལས་ལྡོག་ཁྱབ་རྟོགས་པ་དེའི་ཕྱིར་ཏེ། བསྒྲུབ་ཆོས་དེ་དག་མེད་ནའང་རྟགས་དེ་མེད་ཅེས་བརྗོད་པ་ལས་ཀྱང་ལྡོག་ཁྱབ་དེ་རྟོགས་པའི་ཕྱིར། མཐུན་དཔེ་ལ་རྟགས་ཆོས་ཀྱི་འབྲེལ་བ་སྟོན་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་ཆོས་དེ་རྟགས་དེའི་ངོ་བོ་དང་རྒྱུའི་དངོས་པོ་དེ་དག་ཏུ་མི་ཤེས་པ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འབྲེལ་བ་ཤེས་པའི་མཁས་པ་རྣམས་ལ་ནི་ཆོས་ཅན། འབྲེལ་བ་ཤེས་པའི་ཕྱིར་དུ་བརྗོད་མི་དགོས་ཏེ། ཕྱོགས་མི་ཤེས་ན་དེ་ཤེས་པའི་ཕྱིར་དུ་གཏན་ཚིགས་འབའ་ཞིག་བརྗོད་དགོས་པར་ཟད་པའི་ཕྱིར།
གསུམ་པ་ནི། ཤེས་བྱ་ཆོས་ཅན། རྟགས་ཆོས་ཀྱི་འབྲེལ་བ་ཤེས་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་ལས་གང་ཡང་རུང་བ་སྨྲས་པས། ཅིག་ཤོས་ལ་དྲན་པ་ཡང་དག་སྐྱེ་བར་འགྱུར་ཏེ། ཁྱབ་པ་གཅིག་དངོས་སུ་རྟོགས་པས་ཅིག་ཤོས་དོན་གྱིས་གོ་བའི་ཕྱིར་ཏེ། རྟགས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ཞེས་པའི་ཕྱིར་དུ་འབྲེལ་བ་བསྟན་པ་ལ་དགོས་པ་ཡོད་པ་དེ་ཉིད་ཀྱི་ཕྱིར། གཉིས་པ་ནི། ཆོས་ཅན། རྒྱུ་དང་རང་བཞིན་དག་མེད་པས་གཞི་འགར་འབྲས་བུ་དང་ཁྱབ་བྱ་འགའ་ཞིག་དགག་པའི་ཡང་གཏན་ཚིགས་སུ་འགྱུར་ཏེ། ཁྱབ་པའི་རྩ་བ་འབྲེལ་བ་ལ་ལྟོས་པ་དེའི་ཕྱིར། བུམ་པ་ཡོད་ན་དམིགས་པར་ནི་རིགས་པ་དང་ལྡན་པ་ལས་བུམ་པ་དེ་མི་དམིགས་པ་ཡང་ཆོས་ཅན། གཞི་འགར་བུམ་པ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དེ་ལྟར་ན་མ་དམིགས་པའི་རྟགས་འདི་རྣམ་པ་གསུམ་བཤད་ཀྱང་ཕྱེ་ན་རྣམ་པ་དུ་མ་ཡོད་དེ། རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་དེ་དང༌། རྒྱུ་ཁྱབ་བྱེད་རང་བཞིན་དེ་དང་(༨ན)འགལ་བ་དང༌། འགལ་འབྲས་དམིགས་པ་དང༌། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ལ་སོགས་པ། འབྲེལ་ཟླ་མ་རྟོགས་པ་དང་འགལ་ཟླ་རྟོགས་པའི་སྦྱོར་བའི་སྒོ་ནས་དུ་མར་དབྱེ་བའི་ཕྱིར།
གསུམ་པ་མཇུག་བསྡུ་བ་ནི། ཤེས་བྱ་ཆོས་ཅན། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལས་ལྡོག་ཁྱབ་གྲུབ་པ་མིན་ཞིང༌། མཐུན་ཕྱོགས་ལ་མཐོང་ཙམ་ལས་རྗེས་ཁྱབ་གྲུབ་པ་མིན་པར་ཐལ། རྟགས་ཆོས་རྒྱུ་དང་འབྲས་བུའི་དངོས་པོའམ་རང་བཞིན་གཅིག་ཏུ་ངེས་པ་ལས་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པའི་ཕྱིར། རྟགས་ཆོས་འབྲེལ་བ་ལས་གཞན་དུ་ན། དུ་བ་གཞན་ནི་ཆོས་ཅན། མེ་གཞན་དག་དང་ངེས་པར་ཡོད་པའི་ངེས་པ་གང་ཡོད་དེ་མེད་པར་ཐལ། མེ་དང་འབྲེལ་བ་མེད་པའི་ཕྱིར། བྱས་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་ངེས་མ་ཡིན་པར་ཐལ། མི་རྟག་པ་དང་དོན་གཞན་རྒྱུ་མཚན་ཅན་གྱི་ཆོས་ཡིན་པའི་ཕྱིར། དཔེར་ན། གོས་ལ་ཚོན་བཞིན་ནོ། །ཆོས་ཅན། མི་རྟག་པ་དང་རྫས་གཞན་ཉིད་ཡིན་པར་ཐལ། མི་རྟག་པ་དང་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་གྱུར་པའི་ཕྱིར། འདོད་ན། མི་རྟག་པ་དང་འབྲེལ་མེད་ཡིན་པར་ཐལ། མི་རྟག་པ་དང་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་མེད་པའི་ཕྱིར། ཕྱི་མ་མ་གྲུབ་ན། མི་རྟག་པ་དེ་བྱས་པའི་རྒྱུ་ཡིན་ནམ། འབྲས་བུ་ཡིན། དང་པོ་ལྟར་ན། ཆོས་ཅན། མི་རྟག་པ་ཁྱོད་ཀྱི་རྒྱུ་ཉིད་མིན་པར་ཐལ། དེ་ཁྱོད་ཀྱི་ཕྱིས་འབྱུང་བའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ག་ལ་ངེས་ཏེ་མ་ངེས་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །མི་རྟག་པ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར།
གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྒྲུབ་རྟགས་དང༌། དགག་(༨བ)རྟགས་ཀྱི་འབྲེལ་བ་ངེས་བྱེད་དོ། །དང་པོ་ལ་གཉིས། སོ་སོར་བཤད་པ། མཇུག་བསྡུ་བའོ། །དང་པོ་ལ་གཉིས། འབྲས་རྟགས་ཀྱི་འབྲེལ་བ་ངེས་བྱེད། རང་བཞིན་རྟགས་ཀྱི་འབྲེལ་བ་ངེས་བྱེད་དོ། །དང་པོ་ནི། དུ་བ་མེ་ལ་མི་འཁྲུལ་བའི་སྒྲུབ་བྱེད་མེད་པར་ཐལ། དུ་བ་མེ་ལས་སྐྱེ་བར་མཐོང་ཙམ་དང་མེ་མེད་ལས་སྐྱེ་བར་མ་མཐོང་ཙམ་གྱིས་དེ་མི་འགྲུབ། སྒྲུབ་བྱེད་གཞན་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། དུ་བ་ཆོས་ཅན། མེའི་འབྲས་བུ་ཡིན་ཏེ། འབྲས་བུའི་ཆོས་མེས་ཕན་བཏགས་སྟོབས་ཀྱིས། མེ་ཡོད་མེད་ཀྱི་རྗེས་སུ་འཇུག་པའི་ཕྱིར། མ་གྲུབ་སྟེ། མེ་དེ་མེད་པར་ནི་དུ་བ་དེ་སྐྱེ་བ་ཡོད་ཅེ་ན། ཆོས་ཅན། རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་བར་ཐལ། དུ་བ་གང་ཞིག །མེ་མེད་ལས་སྐྱེས་པའི་ཕྱིར། འདོད་ན། རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་འབྱུང་བར་ཐལ། རྒྱུ་མེད་དུ་འབྱུང་བའི་ཕྱིར། འདོད་ན། རྟག་ཏུ་ཡོད་པའམ་མེད་པར་འགྱུར་བར་ཐལ་ལོ། །ཁྱབ་སྟེ། དངོས་པོ་རྣམས་ནི་རེས་འགའ་ཞིག་འབྱུང་བ་རྒྱུ་རྐྱེན་ལ་ལྟོས་པ་ལས་ཡིན་པའི་ཕྱིར། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་དེ་ཉིད་ཆོས་ཅན། མེ་ཡོད་དུ་ཐལ། མེའི་རང་བཞིན་དུ་བ་སྐྱེ་བྱེད་ཡིན་པའི་ཕྱིར། འོན་ཏེ་དེ་མེའི་རང་བཞིན་དུ་བ་སྐྱེ་བྱེད་མིན་ནོ་ཞེ་ན། དེ་ཆོས་ཅན། ཇི་ལྟར་ཁྱོད་ལས་དུ་བ་འབྱུང་སྟེ་མི་འབྱུང་བར་ཐལ་ལོ། །ཁྱབ་སྟེ། དུ་བའི་རྒྱུའི་རང་བཞིན་མེ་དེ་དུ་བ་སྐྱེད་པའི་ནུས་པ་མེ་མེད་ལས་བྱེ་བྲག་ཏུ་ལྡན་པའི་ཕྱིར། དུ་བ་དེ་ནི་ཆོས་ཅན། རྒྱུ་མེད་དུ་འགྱུར་བར་ཐལ། དུ་བ་གང་ཞིག །དུ་བའི་རྒྱུ་མིན་པ་ལས་འབྱུང་བའི་ཕྱིར། དུ་བ་དེའི་རང་བཞིན་ཆོས་ཅན། མི་མཐུན་པའི་རྒྱུ་ལས་མི་འབྱུང་སྟེ། མེ་དེའི་རྒྱུ་ཅན་ཡིན་པའི་ཕྱིར་ཏེ། མེས་ཕན་བཏགས་སྟོབས་ཀྱིས་མེ་ཡོད་མེད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ལས། ཁྱོད་གང་ཞིག་མེ་གང་གི་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར། གཉིས་པ་ལ་(༩ན)གསུམ། རང་བཞིན་རྟགས་སུ་འགྱུར་བའི་ཚུལ། རང་བཞིན་རྟགས་ཀྱི་དབྱེ་བ། རང་བཞིན་རྟགས་ཀྱི་འབྲེལ་བ་སྒྲུབ་བྱེད་དངོས་སོ། །དང་པོ་ལ་གཉིས། རྟགས་ཆོས་བདག་གཅིག་འབྲེལ་བར་བསྟན། རྩོད་པ་སྤངས་ཏེ་གཞན་སེལ་བསྒྲུབ་པའོ། །དང་པོ་ནི། དུ་བ་མེ་ལས་སྐྱེས་པས་མི་འཁྲུལ་མོད། རང་བཞིན་ཇི་ལྟར་མི་འཁྲུལ་ཞེ་ན། རང་བཞིན་ལ་ཡང་བྱས་པ་ཆོས་ཅན། མི་རྟག་པ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་སྟེ། རང་ཡོད་པ་ཙམ་ནས་མི་རྟག་པ་དང་འབྲེལ་བའི་ཕྱིར་ཏེ། མི་རྟག་པ་དེ་མེད་ན་ནི་ཁྱོད་ཡོད་པའི་བདག་ཉིད་མེད་པར་འགྱུར་ཞིང༌། མི་རྟག་པ་དང་བདག་ཉིད་ཐ་དད་མེད་པའི་ཕྱིར་རོ། །
གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་ཐལ། བྱས་མི་རྟག་བདག་ཉིད་ཐ་དད་མེད་པའི་ཕྱིར་ཞེ་ན། སྒྲའི་དངོས་པོ་ཀུན་ཆོས་ཅན། རིགས་མཐུན་གྱི་དངོས་པོ་དང༌། གཞན་རིགས་མི་མཐུན་གྱི་དངོས་པོ་དག་ལས་ལྡོག་པ་ལ་ནི་རྟེན་པ་ཅན་ཡིན་ཏེ། གང་གི་ཕྱིར་རང་བཞིན་གྱིས་རང་རང་གི་ངོ་བོ་ལ་གནས་པའི་མཉན་བྱ་ཡིན་པའི་ཕྱིར། དོན་སྒྲ་ཆོས་ཅན། མ་བྱས་རྟག་པ་སོགས་གང་དང་གང་ལས་ལྡོག་པ་དེའི་རྒྱུ་མཚན་ཅན་གྱི་རིགས་དུ་མ་དབྱེར་རུང་སྟེ། མ་བྱས་རྟག་པ་ལས་ལོག་པ་དེའི་ཕྱིར། ཆོས་ཅན། ཁྱོད་ཀྱི་སྟེང་དུ་བྱས་མི་རྟག་དེའི་ཁྱད་པར་རིམ་གྱིས་རྟོགས་པར་འགྱུར་བ་དག་རབ་ཏུ་བྱེད་དེ། ཁྱོད་ཀྱི་སྟེང་དུ་བྱས་པ་གྲུབ་ནས་དེའི་རྗེས་སུ་མི་རྟག་པ་རྟོགས་དགོས་པའི་ཕྱིར། ཁྱད་པར་བྱས་པ་གང་ཞིག་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པ་མ་ཡིན་ཏེ། མི་རྟག་པ་དང་ཐ་དད་རྣམ་པར་གནས་པའི་(༩བ)ཕྱིར་ཏེ། ཁྱོད་བྱས་པ་ཞེས་པའི་ཆོས་གང་གིས་གོ་བར་འགྱུར་བ་དེ། དེ་ལས་གཞན་མི་རྟག་པ་ཞེས་པའི་ཚིག་གིས་གོ་བར་ནུས་པ་མ་ཡིན་པ་དེས་ནའོ། །
གཉིས་པ་ལ་གཉིས། ཡོད་པའི་གཞན་སེལ་རྒྱས་པར་བཤད། མེད་པའི་གཞན་སེལ་འབད་མེད་གྲུབ་པའོ། །དང་པོ་ལ་གསུམ། སྒྲ་རྟོག་སྒྲུབ་པས་འཇུག་པ་དགག །སེལ་བས་འཇུག་པར་བསྟན། འཇུག་ཚུལ་དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བ། སྒྲ་བློ་རྣམ་གྲངས་པར་ཐལ་བ། དེའི་ཉེས་སྤོང་དགག་པའོ། །དང་པོ་ལ་གཉིས། ཁྱད་གཞི་ངེས་པའི་རྗེས་སུ་ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བ། ཁྱད་ཆོས་ངེས་པའི་རྗེས་སུ་ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བའོ། །དང་པོ་ནི། སྒྲ་དང་རྟགས་དག་གིས་རྣམ་པར་གཅོད་པ་རྟོགས་པར་བྱེད་ཀྱི། སྒྲུབ་པས་དངོས་པོའི་རང་གི་ངོ་བོ་ཁོ་ན་མ་ཡིན་ནོ། །ཞེས་བྱ་བ་ཇི་ལྟར་ཤེས་ཞེ་ན། ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར་རོ་ཞེས་སྟོན་པ་ནི། དོན་གྱི་རང་གི་ངོ་བོ་སྒྲ་གཅིག་གི་བདག་ཉིད་ཆོས་ཅན། སྒྲ་འཛིན་ཉན་ཤེས་ཀྱིས་མ་མཐོང་བའི་ཆ་གཞན་ཚད་མ་ཕྱི་མ་རྣམས་ཀྱིས་བརྟག་བྱ་གང་ཅི་ཞིག་ཡོད་དེ་མེད་པར་ཐལ། སྒྲ་འཛིན་ཉན་ཤེས་ཀྱིས་མངོན་སུམ་དུ་གཞལ་བ་ཡིན་པ་གང་ཞིག །སྒྲ་འཛིན་རྟོག་པ་དེ་ཁྱོད་ལ་སྒྲུབ་པས་འཇུག་པའི་ཕྱིར། ཐལ་བ་ལས། སྒྲ་འཛིན་རྟོག་པ་ཆོས་ཅན། སྒྲ་སྒྲུབ་པའི་སྒོ་ནས་ངེས་པ་མ་ཡིན་ཏེ། ཁྱོད་ཀྱི་རྗེས་སུ་སྒྲ་མི་རྟག་པར་འཇལ་བའི་ཚད་མ་དོན་ཡོད་པའི་ཕྱིར། སྒྲ་མི་རྟག་པར་འཇལ་བའི་ཚད་མ་དོན་མེད་དུ་ཐལ་བའི་ཉེས་པ་དེ་ཁྱོད་རང་ལ་ཡང་མཚུངས་ཏེ། སྒྲ་འཛིན་ཉན་ཤེས་ཀྱིས་སྒྲ་མི་རྟག་པར་མཐོང་བའི་ཕྱིར་ཞེ་ན། གལ་ཏེ་གཟུགས་དཀར་བ་ལ་སོགས་པར་ཆོས་མཐུན་པ་མཐོང་བ་ལས། ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟར་འཁྲུལ་པའི་རྒྱུ་མཚན་(༡༠ན)གྱིས། སྒྲ་ལ་ཡོན་ཏན་གཞན་སྦྱོར་བར་མི་བྱེད་ན་བདེན་ཡང༌། སྒྲ་མི་རྟག་པར་འཇལ་བའི་ཚད་མ་ཆོས་ཅན། དོན་ཡོད་དེ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་སེལ་བྱེད་དུ་འཇུག་པའི་ཕྱིར། སྒྲ་འཛིན་ཉན་ཤེས་ཆོས་ཅན། སྒྲ་དང་གྲུབ་པ་དེ་རྫས་གཅིག་པའི་ཡོན་ཏན་མཐའ་དག་མཐོང་བ་ཉིད་ཡིན་ཏེ། སྒྲའི་དངོས་པོ་སྒྲུབ་པའི་སྒོ་ནས་མཐོང་བའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་རྗེས་དཔག་རབ་ཏུ་འཇུག་པ་ལ་དོན་ཡོད་པ་ཡིན་ཏེ། འཁྲུལ་པས་སྒྲ་མི་རྟག་པར་ངེས་པར་མི་བྱེད་པས་སོ། །
གཉིས་པ་ནི། སྒྲ་འཛིན་རྟོག་པར་མ་ཟད་རྗེས་སུ་དཔག་པ་ལས་ཀྱང་དངོས་པོ་སྒྲུབ་པའི་སྒོ་ནས་འཛིན་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲའི་ཆོས་ཀུན་འཛིན་པར་ཐལ། སྒྲའི་ཆོས་གཅིག་སྒྲུབ་པའི་སྒོ་ནས་ངེས་པར་གྱུར་པས་སོ། །སངས་རྒྱས་པ་ཆོས་ཅན། ཡུལ་ཅན་ཕྱི་མ་དོན་མེད་པར་འགྱུར་བའི་ཉེས་པ་འདིར་ནི་ཐལ་བར་མི་འགྱུར་ཏེ། སྒྲ་རྟོག་སེལ་བས་འཇུག་པར་སྨྲ་བའི་ཕྱིར། དེ་ལྟར་རྟགས་དང་རྗེས་དཔག་སེལ་བའི་ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས་ཏེ། སྒྲ་རྟོག་སྒྲུབ་པས་འཇུག་པ་ལ་ཉེས་པ་ཡོད་ཅིང༌། སེལ་བས་འཇུག་པ་ལ་ཉེས་པ་མེད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་ཅན་སྒྲ་གྲུབ་པར་གྱུར་ན་དེ་ལས་མ་གྲུབ་པའི་སྒྲའི་ཆོས་གཞན་ཅི་ཡོད་དེ་མེད་པར་ཐལ། སྒྲ་རྟོག་སེལ་འཇུག་ལས་གཞན་དུ་སྒྲུབ་པས་འཇུག་པའི་ཕྱིར། མངོན་སུམ་གྱིས་མཐོང་བ་འགའ་ལའང་སྔོན་པོ་ངེས་པའི་ཤེས་པ་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ། བསལ་བྱ་སྒྲོ་འདོགས་མེད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱི་ཡི་དོན་ཅན་གྱི་རྣམ་རྟོག་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། སེལ་བའི་སྤྱོད་ཡུལ་ཅན་ཡིན་ཏེ། སྔོ་མིན་གཞན་གྱི་ཆ་སྒྲོ་མ་བཏགས་པ་དེ་ཙམ་ལ་འཇུག་པའི་ངེས་ཤེས་ཡིན་པའི་ཕྱིར།(༡༠བ) རྟགས་གྲུབ་སྟེ། ངེས་ཤེས་འདི་ནི་སྒྲོ་འདོགས་ཀྱིས་དབེན་པ་ལ་འཇུག་ཅེས་བྱ་བར་ཤེས་པ་ཡིན་ཏེ། ངེས་པ་དང་ནི་སྒྲོ་འདོགས་ཀྱི་ཡིད་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲ་རྟོག་དེ་དག་སྤྱོད་ཡུལ་ཐ་དད་པ་ཅན་ཡིན་ཏེ། སྒྲའམ་བྱས་རྟག་པ་སོགས་ཀྱི་ཆ་ཤས་ཀྱི་སྒྲོ་འདོགས་ཇི་སྙེད་པ་དེ་བསལ་བའི་ཕྱིར་དུ། ངེས་པ་དང་སྒྲ་ཡང་དེ་སྙེད་ཁོ་ན་འཇུག་པའི་ཕྱིར།
གཉིས་པ་ནི། སེལ་བས་འཇུག་པ་ལས་གཞན་དུ། སྒྲའི་དངོས་པོ་གཅིག་པུའི་ཁྱད་ཆོས་མཐའ་དག་ལ། སྒྲའམ་བློ་གཅིག་གིས་འཇལ་བས་ཁྱབ་ན། བྱས་མི་རྟག་བརྗོད་པའི་སྒྲ་གཉིས་པོ་ཆོས་ཅན། རྣམ་གྲངས་པ་ནི་ཉིད་དུ་འགྱུར་བར་ཐལ། དགོས་པ་དང་ཡུལ་གཞན་མ་ཡིན་པར་སྒྲ་ཐ་དད་ཡིན་པའི་ཕྱིར།
གསུམ་པ་ནི། བྱེ་བྲག་པ་གང་གི་ལུགས་ལྟར་ན། ཁྱད་པར་སྣ་ཚོགས་པ་ཅན་གྱི་དོན་སྒྲ་དང་བྱས་མི་རྟག་རྫས་ཐ་དད་ཡིན་ཏེ། སྒྲས་བྱས་མི་རྟག་ལ་ཕན་པའི་ཕྱིར། བྱས་མི་རྟག་ཀྱང་རྫས་ཐ་དད་ཡིན་ཏེ། བློས་ཐ་དད་དུ་འཛིན་པའི་ཕྱིར། དེས་ན་རྣམ་གྲངས་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། འོ་ན་སྒྲ་དང་དེས་བྱས་མི་རྟག་ལ་ཕན་པའི་ནུས་པ་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། སྒྲ་འཛིན་རྟོག་པ་ཆོས་ཅན། བྱས་མི་རྟག་ལ་ཕན་པའི་ནུས་པའི་བདག་ཉིད་ཀུན་གཟུང་ཞིང་ངེས་པར་ཐལ། སྒྲ་སྒྲུབ་པའི་སྒོ་ནས་ངེས་པ་གང་ཞིག །སྒྲ་དེ་ཁྱད་པར་སྣ་ཚོགས་ལ་ཕན་པའི་ཡན་ལག་གི་ནུས་པ་ལས་དབྱེར་མེད་པའི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། ཕན་བྱའི་བྱེ་བྲག་བྱས་མི་རྟག་གང་མ་ངེས་ཏེ་ངེས་པར་ཐལ་ལོ། །ཁྱབ་སྟེ། སྒྲས་བྱས་མི་རྟག་ལ་ཕན་པའི་ནུས་པ་གཅིག་ཆོས་ཅན། ཁྱོད་ཤེས་ན་ནི་ཁྱོད་དང་བྱས་མི་རྟག་གཉིས་ཀ་བཟུང་དགོས་པར་ཐལ། ཁྱོད་བྱས་མི་རྟག་དེ་དག་གི་བདག་ཉིད་ཀྱིས་ཁྱད་པར་དུ་བྱས་ནས་ངེས་པ་ལ་འབྲེལ་ཞིང་ལྟོས་པའི་ཕྱིར། གཉིས་པ་(༡༡ན)ལྟར་ན། སྒྲས་ཆོས་བྱས་མི་རྟག་ལ་ཕན་པའི་ནུས་པ་དེ་དག་རྣམས་ཆོས་ཅན། སྒྲ་དེའི་ཁྱབ་བྱ་ཅི་ཡིན་ཏེ་མ་ཡིན་པར་ཐལ། སྒྲ་ལས་རྫས་ཐ་དད་གང་ཞིག །སྒྲ་དེ་ཡིས་ཁྱོད་ལ་ཕན་པ་མེད་པའི་ཕྱིར། ཕན་པ་དེ་ལྟ་ཡིན་ནོ་ཞེ་ན། སྒྲ་ཆོས་ཅན། ཁྱོད་ཀྱིས་བྱས་མི་རྟག་ལ་ཕན་པའི་ནུས་པ་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱིས་བྱས་མི་རྟག་ལ་ཕན་པ་ལ། ནུས་པ་རྫས་གཞན་ལ་ཕན་དགོས་པའི་ཕྱིར། དོན་བསྡུ་བ་ནི། སྒྲ་འཛིན་རྟོག་པས་སྒྲ་དེ་ཁྱད་ཆོས་གཅིག་ཉིད་ལ་ཕན་བྱེད་དུ་བཟུང་ངོ་ཞེ་ན་ནི། ཤེས་བྱ་ཆོས་ཅན། སྒྲས་ཁྱད་ཆོས་བྱས་པ་ལ་ཕན་པའི་ནུས་པ་དེ་བཟུང་ན་ནི། ཁྱད་ཆོས་ཐམས་ཅད་ལ་ཕན་པའི་ནུས་པ་བཟུང་དགོས་ཏེ། བྱས་པ་དེ་ལ་ཕན་པའི་ནུས་པ་མཐོང་ན། དེ་དང་མ་མཐོང་བར་འདོད་པའི་ཁྱད་ཆོས་ལ་ཕན་པའི་ནུས་པ་གཞན་མིན་པ་དེའི་ཕྱིར། གལ་ཏེ་འཁྲུལ་པ་བཟློག་པའི་ཕྱིར་དུ་རྟོག་པས་ཁྱད་ཆོས་ཀུན་བཟུང་བའང༌། ཚད་མ་གཞན་འཇུག་པར་འདོད་དོ་ཞེ་ན། རྗེས་དཔག་དེ་ནི་ཆོས་ཅན། རྣམ་གཅོད་སེལ་བའི་ཡུལ་ཅན་དུ་གྲུབ་སྟེ། སྒྲོ་འདོགས་སེལ་བྱེད་དུ་འཇུག་པའི་རྟོག་པ་མིན་པའི་ཕྱིར། དེ་ལས་གཞན་པའི་རྟོག་པ་ཡང་ཆོས་ཅན། རྗེས་དཔག་དེ་དང་འདྲ་བར་སེལ་འཇུག་ཡིན་ཏེ། སྒྲོ་འདོགས་མེད་པའི་ཡུལ་ལ་ནི་འཇུག་པའི་རྟོག་པ་ཡིན་པའི་ཕྱིར། གཞན་ཡང་སྒྲའི་ངོ་བོ་གང་ངེས་པའི་རྟོག་པ་རྣམས་ཆོས་ཅན། ཁྱོད་ཀྱིས་མ་ངེས་པ་དེ་ནི་ཇི་ལྟར་ཁྱོད་ཀྱི་ཡུལ་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་རང་ཡུལ་ལ་སྒྲུབ་པས་འཇུག་པས་ངེས་ཤེས་ཡིན་པའི་ཕྱིར། སྒྲ་འཛིན་ཉན་ཤེས་ཆོས་ཅན། སྒྲའི་བྱས་མི་རྟག་ཐམས་ཅད་ངེས་པར་ཐལ། དེ་ཐམས་ཅད་མཐོང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སྒྲའི་ཁྱད་པར་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་རྣམ་པར་སྤངས་པའི་སྒོ་ནས། མངོན་སུམ་གྱིས་ནི་(༡༡བ)བཟུང་བ་ལའང་ཁྱད་པར་གང་ལ་རྟོགས་པའི་རྐྱེན་ཡོད་པ་དེ་ནི་རྟོགས་པར་འགྱུར་བའི་ཕྱིར།
གཞན་སེལ་བཤད་པ།
གཉིས་པ་སེལ་བས་འཇུག་པ་བསྟན་པ་ལ་གསུམ། ལོག་ལྡོག་དང་སྤྱི་གསལ་མཚུངས་པའི་རྩོད་པ་སྤང༌། གཞན་སེལ་བའི་སྤྱི་ངོས་གཟུང༌། བརྡའི་ཡུལ་ངོས་གཟུང་བའོ། །དང་པོ་ལ་གསུམ། སེལ་བ་སྨྲ་བ་ལ་ཉེས་པ་མེད། སྒྲུབ་པས་འཇུག་པ་ལ་ཉེས་པ་བསྟན། སྒྲ་འདོད་པའི་དབང་གིས་འཇུག་རིགས་པའོ། །
དང་པོ་ནི། ལོག་ལྡོག་རྫས་གཅིག་གམ་ཐ་དད། གཅིག་ན་སྒྲ་ཐ་དད་མི་འཇུག་པར་འགྱུར་ལ། ཐ་དད་ན། སྤྱི་གསལ་རྫས་ཐ་དད་ལ་བཀོད་པའི་ཉེས་པ་མཚུངས་སོ་ཞེ་ན། སྒྲ་རྟོག་སེལ་བས་འཇུག་པ་དེ་ལའང༌། གཞན་ལས་ལྡོག་པ་དང་གཞན་ལས་ལོག་པ་ཞེས་བྱ་བའི་སྒྲ་དང་ངེས་པ་ཉིད་དག་ནི་ཆོས་ཅན། བརྗོད་བྱ་རྫས་ཐ་དད་པའི་དབང་གིས་འཇུག་པ་མ་ཡིན་ཏེ། བརྡ་ཐ་དད་པའི་རྗེས་སུ་བྱེད་པ་ཡིན་པའི་ཕྱིར། ཆོས་ཆོས་ཅན་རྫས་ཐ་དད་མེད་ན། དྲུག་པའི་སྒྲས་ཐ་དད་དུ་བརྗོད་པ་དང་འགལ་ལོ་ཞེ་ན། བ་ལང་དང་བ་ལང་ཉིད་ཅེས་པའི་སྒྲ་ཆོས་ཅན། བརྗོད་བྱ་རྫས་ཐ་དད་མིན་ཏེ། ཁྱེད་གཉིས་ཀས་བ་ལང་མ་ཡིན་པ་ལས་ལོག་པ་གཅིག་གཅིག་རྗོད་པའི་ཕྱིར། དེ་ལྟ་མོད་ཀྱི་བ་ལང་དང་བ་ལང་ཉིད་ཆོས་ཅན། ཐ་དད་དུ་འབྱེད་པའི་རྣམ་དབྱེ་དྲུག་པའི་སྒྲས་དོན་ཐ་དད་པ་བཞིན་དུ་སྒྲུབ་པར་བྱེད་པའི་རྒྱུ་མཚན་ཡོད་དེ། བརྗོད་བྱ་རྫས་ཐ་དད་ལ་བརྡ་སྦྱོར་བ་གོམས་པའི་ཤན་གྱི་ཁྱད་པར་གྱིས་ཐ་དད་དུ་གོ་བའི་ཕྱིར། རྫས་ཐ་དད་མེད་ན་བརྡ་ཐ་དད་སྦྱོར་བ་དོན་མེད་དོ་ཞེ་ན། ཆོས་ཆོས་ཅན་གྱི་བརྡ་ཐ་དད་སྦྱར་བ་ཆོས་ཅན། དོན་ཡོད་དེ། ཁྱད་པར་གཞན་ནི་སྤོང་བ་དང་མི་སྤོང་བ་དག་དེ་གཉིས་ཀྱི་བརྡའི་བྱེ་བྲག་རྟོགས་པ་པོའི་འདོད་པའི་རྗེས་སུ་བྱེད་པའི་གཞི་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཡུལ་ཀུན་ལ་རྫས་ཆོས་ཅན་དང༌། དངོས་པོ་བརྗོད་པའི་སྒྲ་དེ་དག་(༡༢ན)ཆོས་ཅན། བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁྱད་པར་གཞན་སྤོང་མི་སྤོང་འདི་ཉིད་དུ་ཟད་པ་དེའི་ཕྱིར། ཆོས་དང་ཆོས་ཅན་གྱི་དོན་དེ་ཤེས་པར་བྱེད་འདོད་པའི་སྐྱེས་བུ་ཆོས་ཅན། རྐྱེན་གྱི་སྦྱོར་ཚུལ་ཐ་དད་པས་བརྗོད་བྱ་རྫས་ཐ་དད་དུ་འགྱུར་བ་མ་ཡིན་ཏེ། དེ་ལ་ཕན་པའམ། བྱེད་ལྡན་ནམ། གལ་ཏེ་གཞན་གྱིས་བརྗོད་ཀྱང་རུང༌། ཁྱད་པར་གཞན་སྤོང་མི་སྤོང་དེ་ལས་ཁྱད་པར་གཞན་མེད་པའི་ཕྱིར། སྒྲ་རྟོག་གཞན་སེལ་བའི་ཡུལ་ལ་ནི་འཇུག་པར་སྨྲ་བའི་སངས་རྒྱས་པ་ཆོས་ཅན། རིགས་དེ་དང་དེ་ལྡན་རྫས་ཐ་དད་པའི་ཕྱོགས་ལ་བརྗོད་པའི་ཉེས་པ་བསལ་ཏེ། སྤྱི་གསལ་རྫས་ཐ་དད་དུ་ཁས་མི་ལེན་པའི་ཕྱིར།
གཉིས་པ་ནི། བྱེ་བྲག་པ་ཆོས་ཅན། རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་པའི་ཉེས་པར་འགྱུར་ཏེ། རིགས་དང་དེ་དང་ལྡན་པ་དག་རྫས་ཐ་དད་ཉིད་ཁས་ལེན་པའི་ཕྱིར། བྱེ་བྲག་པ་གང་དག་གི་ལུགས་དེ་ལ་ནི་ཆོས་ཅན། དྲུག་པ་དང་ཚིག་དབྱེ་ལ་སོགས་མི་རུང་བའི་ཀླན་ཀ་རིགས་ཏེ། ཚིག་དངོས་པོའི་དབང་གིས་ལྷུར་རྗོད་ཀྱི། བརྗོད་འདོད་ལ་མི་བརྟེན་པར་ཁས་ལེན་པའི་ཕྱིར།
གསུམ་པ་ནི། སེལ་བ་སྨྲ་བ་ཆོས་ཅན། དྲུག་པ་སོགས་མི་རུང་བའི་ཉེས་པ་མེད་དེ། ཕྱི་རོལ་ལ་མི་ལྟོས་པའི་ཚིག་སྨྲ་བ་པོས་བརྡ་སྦྱར་བ་ཇི་ལྟ་བུར། རྗོད་བྱེད་ཉིད་དུ་ངེས་པར་བྱེད་པ་དེ་དེ་བཞིན་དུ་རྗོད་བྱེད་ཡིན་པར་ཁས་ལེན་པའི་ཕྱིར། གཞན་ལ་དྲུག་པ་སོགས་མི་རུང་བའི་རྒྱུ་མཚན་གང་ཞེ་ན། བཙུན་མོ་གཅིག་ཆོས་ཅན། བཙུན་མོ་རྣམས་ཞེས་ཐ་དད་དུ་བཞག་པ་འདི་ལ་རྒྱུ་ཅི་ཡོད་དེ་མེད་པར་ཐལ། དུ་མར་མེད་པའི་ཕྱིར། གྲོང་དྲུག་ལ་སོགས་པ་ཆོས་ཅན། གྲོང་ཞེས་ཐ་དད་མ་ཡིན་པར་བཞག་པ་འདི་ལ་རྒྱུ་མེད་པར་ཐལ། གཅིག་མ་ཡིན་པའི་ཕྱིར། ནམ་མཁའི་རང་བཞིན་ཞེས་བྱ་(༡༢བ)བ་འདི་ལ་རྒྱུ་མེད་པར་ཐལ། ནམ་མཁའ་དང་རང་བཞིན་རྫས་ཐ་དད་མ་ཡིན་པའི་ཕྱིར། ནམ་མཁའི་རང་བཞིན་མཁའ་ཉིད་ཅེས་བྱ་བ་འདི་ལ་རྒྱུ་མེད་པར་ཐལ། ནམ་མཁའ་དང་ནམ་མཁའ་ཉིད་རྫས་གཞན་མ་ཡིན་པའི་ཕྱིར།
གཉིས་པ་གཞན་སེལ་གྱི་སྤྱི་ངོས་གཟུང་བ་ལ་གཉིས། ཡུལ་སྤྱིའི་གནས་ཚུལ། དེར་སྣང་བློའི་འཇུག་ཚུལ་ལོ། །
ཡུལ་སྤྱིའི་གནས་ཚུལ་བཤད་པ།
དང་པོ་ལ་གསུམ། ཀུན་རྫོབ་བདེན་པའི་ཀུན་རྫོབ་ཀྱི་སྒྲ་བཤད། རྟོག་པའི་སྣང་བ་བསམ་ངོའི་བདེན་པ་ཙམ་དུ་བསྒྲུབ། དེར་འཛིན་འཁྲུལ་པར་བསྟན་པའོ། །
དང་པོ་ནི། རྟོག་པ་ལ་སྣང་བ་སྤྱི་ཇི་ལྟར་ཡིན་ཞེ་ན། ཤིང་གསལ་ཐ་དད་པའི་དངོས་པོ་རྣམས་ལ་བརྟེན་ནས་དོན་ཤིང་གསལ་རིགས་གཅིག་ཏུ་ནི་སྣང་བའི་རྟོག་བློ་ཆོས་ཅན། ཀུན་རྫོབ་པ་ཡིན་ཏེ། ཁྱོད་གང་གི་རང་གི་ངོ་བོ་ཡིས་གཞན་ཤིང་གི་ངོ་བོ་གཟུང་ཡུལ་དུ་བྱེད་པ་དེ་སྒྲིབ་བྱེད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དེ་ཤིང་གསལ་གྱི་སྤྱི་ཡིན་ཏེ། ཤིང་གསལ་རྣམས་བདག་ཉིད་ཐ་དད་ཀྱང་ཐ་དད་པ་ཉིད་གཟུང་ཡུལ་དུ་བྱེད་པ་ལ་སྒྲིབ་པའི་རྟོག་པ་ལ། ཤིང་གསལ་གྱི་དངོས་པོ་རྣམས་ཤིང་མ་ཡིན་ལས་ལོག་པའི་ངོ་བོ་འགའ་ཞིག་གིས་རིགས་ཐ་དད་པ་མིན་པ་ལྟ་བུར་སྣང་བའི་ཕྱིར།
གཉིས་པ་ནི། རྟོག་པ་དེ་ལ་སྣང་བའི་སྤྱི་དེ་བསམ་པའི་དབང་གིས་ནི་ཡོད་པར་རབ་ཏུ་བསྒྲགས་ཏེ། དེ་རྟོག་པ་ལ་སྣང་བ་གང་ཞིག །རྟོག་པ་དེ་ཡིས་ཇི་ལྟར་ཀུན་ཏུ་བརྟགས་པ་དེ་ནི་དམ་པའི་དོན་དུ་མེད་པའི་ཕྱིར་ཏེ། གསལ་བ་རྣམས་ནི་ཕན་ཚུན་རྗེས་སུ་མི་འགྲོ་ཞིང༌། རྗེས་སུ་འགྲོ་བའི་སྤྱི་རྫས་གཞན་ནི། བློ་མ་འཁྲུལ་བ་ལ་སྣང་བ་མེད་པའི་ཕྱིར། རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དེ། ཤིང་འཛིན་རྟོག་པའི་དངོས་པོ་མིན་ནམ། ཇི་ལྟར་དམ་པའི་དོན་དུ་མེད་ཅེ་ན། རྟོག་པ་ལ་ཤིང་མ་ཡིན་ལས་(༡༣ན)ལོག་པར་སྣང་བ་ཆོས་ཅན། ཇི་ལྟར་དོན་གཞན་ཤིང་གསལ་ལ་འབྲང་བར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་པའི་ཤེས་པ་ལས་རྫས་ཐ་དད་མིན་པར། དེ་དང་གྲུབ་པ་དེ་རྫས་གཅིག་ཡིན་པའི་ཕྱིར།
གསུམ་པ་ནི། ཤིང་གསལ་གྱི་དོན་ལ་བདག་ཉིད་གཅིག་ཏུ་འཛིན་པའི་རྣམ་རྟོག་འདི་ཆོས་ཅན། ལོག་པ་ཡིན་ཏེ། ཤིང་མིན་པ་ཤིང་དུ་འཛིན་པའི་བློ་ཡིན་པ་དེས་ནའོ། །རྟོག་པ་ལ་ཤིང་མ་ཡིན་ལས་ལོག་པར་སྣང་བ་དངོས་མེད་ཡིན་ན། ཤིང་འཛིན་རྟོག་པ་རྒྱུ་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཤིང་ཞེས་པའི་མིང་གི་དོན་གང་དང་ལྡན་པའི་ཤིང་གསལ་ཕན་ཚུན་རྫས་ཐ་དད་པ་དེ་ཤིང་འཛིན་རྟོག་པ་འདིའི་ས་བོན་ཡིན་པའི་ཕྱིར། ཤིང་གསལ་རྣམས་སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་ཡིན་ན། འབྲས་བུ་རིགས་གཅིག་སྐྱེད་པར་འགལ་ལོ་ཞེ་ན། མི་འགལ་ཏེ། ཤིང་གསལ་འགའ་ཞིག་སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་ཡིན་ཡང༌། རིགས་གཅིག་ཏུ་རྟོགས་པ་དང་དོན་ཤེས་པ་ལ་སོགས་པ་འབྲས་བུའི་དོན་གཅིག་སྒྲུབ་པ་ལ་རང་བཞིན་གྱིས་ནུས་པ་ངེས་པའི་ཕྱིར། དཔེར་ན། དབང་པོ་ལ་སོགས་པ་བཞིན་དང༌། སྨན་ཁ་ཅིག་སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་ཀྱང་ལྷན་ཅིག་པའམ་སོ་སོ་ཡིས་རིམས་ལ་སོགས་པ་ཞི་བར་བྱེད་པ་མཐོང་གི །ཞོ་སོགས་གཞན་གྱིས་མིན་པ་བཞིན་ནོ། །སྨན་སྤྱི་རྟག་དངོས་ཀྱིས་རིམས་ནད་ཞི་བར་བྱེད་དོ་ཞེ་ན། སྨན་སྤྱི་ཆོས་ཅན། ཁྱོད་ཀྱིས་རིམས་ནད་ཞི་བར་བྱེད་པ་མིན་པར་ཐལ། སྨན་གསལ་ཀུན་ལ་ཁྱད་པར་མེད་པར་ཡོད་པའི་ཕྱིར་དང༌། ཁྱོད་ཀྱིས་རིམས་ནད་ཞི་བར་བྱེད་ན་སྨན་གསལ་དེ་དག་ཞིང་སོགས་ཐ་དད་ཀྱང༌། ནུས་པ་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང༌། འབྲས་བུ་ལ་ཕན་འདོགས་མེད་པའི་ཕྱིར་ཏེ། བརྟན་པས་སོ། །
གཉིས་པ་དེར་སྣང་བློའི་(༡༣བ)འཇུག་ཚུལ་ལ། བསྟན་བཤད་བསྡུ་བ་གསུམ་མོ། །
དང་པོ་ནི། རྟོག་པ་ལ་ཤིང་མིན་ལས་ལོག་པར་སྣང་བ་དེ། ཤིང་གསལ་ལ་རྗེས་སུ་འགྲོ་འམ་མི་འགྲོ །འགྲོ་ན། ཤིང་གསལ་རྣམས་རྟོག་པའི་གཟུང་ཡུལ་དུ་འགྱུར་ལ། མི་འགྲོ་ན། ཤིང་གསལ་གྱི་སྤྱིར་བཤད་པ་དང་འགའ་ལོ་ཞེ་ན། ཤིང་གི་རང་བཞིན་དེ་འཛིན་པའི་རྣམ་རྟོག་གི་བློ་ཆོས་ཅན། གཟུང་དོན་མེད་ཀྱང་གཟུང་དོན་ཅན་འདྲ་སྟེ། ཤིང་དེའི་འབྲས་བུ་ཅན་མིན་པའི་དོན་ལས་ཐ་དད་པའི་ཤིང་ལས་སྐྱེ་བ་གང་ཞིག །མཐར་ཐུག་ཤིང་རང་མཚན་ཐོབ་པར་ངེས་པའི་ཕྱིར། ཤིང་འཛིན་རྟོག་པ་དེ་ལ་ངོ་བོ་ཕྱི་རོལ་དང་གཅིག་ལྟ་བུ་དང༌། ཤིང་མིན་གཞན་ལས་ལོག་པ་ལྟ་བུར་སྣང་བ་གང་ཡིན་པ་ཆོས་ཅན། ཤིང་དེ་ཉིད་མིན་ཏེ། རྟག་པའི་ཡན་ལག་དོན་བྱེད་ནུས་པར་མེད་པའི་ཕྱིར།
དེ་སྣང་བློའི་འཇུག་ཚུལ་བཤད་པ།
གཉིས་པ་ལ་གསུམ། སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇུག་པའི་ཚུལ། འཇུག་པའི་རྒྱུ་མཚན། རྣམ་གཞག་དེ་དག་བྱས་པའི་དགོས་པའོ། །དང་པོ་ནི། ཤེས་པ་ལ་ཡོད་པའི་དོན་ཤིང་མ་ཡིན་ལས་ལོག་པར་སྣང་བ་དེ་རྣམས་ཆོས་ཅན། སྤྱི་དང་གཞི་མཐུན་གྱི་སྤྱོད་ཡུལ་ཅན་དག་གི་ཤེས་པ་དང་ནི་རྗོད་པ་ཡིས་ཐ་སྙད་ནོར་བུའི་དོན་ཅན་རྒྱས་པར་བྱེད་དེ། འདི་ལྟར་རིགས་མི་མཐུན་ལས་ལྡོག་པའི་ངོ་བོ་ཅན་ཡིན་པ་དེས་ན་རིགས་ཐ་དད་མིན་པ་ལྟ་བུར་སྣང་བ་དེ་ཉིད། རིགས་མཐུན་གཞན་ལས་ལོག་པར་སྣང་བའི་ཕྱིར། ཐ་སྙད་འཁྲུལ་ན་རང་མཚན་མི་འཐོབ་བོ་ཞེ་ན། དངོས་པོ་རྣམས་ཀྱི་ཐ་སྙད་དེ་ཀུན་ཡང་ཆོས་ཅན། དོན་གྱི་གཞན་སེལ་ཐོབ་པའི་ཡུལ་ཅན་ཡིན་ཏེ། ཕན་ཚུན་འདྲ་བ་མེད་པའི་རང་མཚན་ལ་རྟེན་པའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། ཁྱབ་སྟེ། གང་ལ་དངོས་པོ་དང་འབྲེལ་བ་ཡོད་པའི་ཐ་སྙད་དེ་དངོས་པོ་རྙེད་པའི་རྟེན་ཡིན་པའི་ཕྱིར་ཏེ། དཔེར་ན། འབྲས་རང་གི་རྟགས་ལ་བརྟེན་པའི་རྗེས་དཔག་(༡༤ན)ཇི་སྐད་བཤད་པ་བཞིན་ནོ། །ཤེས་བྱ་ཆོས་ཅན། འཁྲུལ་པར་འདྲ་ཡང་རང་མཚན་ཐོབ་མི་ཐོབ་མཚུངས་པ་མ་ཡིན་ཏེ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཞན་ལས་རང་མཚན་ཐོབ་པ་མིན་པའི་ཕྱིར། དཔེར་ན། མར་མེའི་འོད་ལས་ནོར་བུ་བཞིན་ནོ། །
གཉིས་པ་ནི། སྤྱི་དང་གཞི་མཐུན་དེ་ལ་འབྲས་བུ་རིགས་གཅིག་བྱེད་པ་ཅན་གྱི་ཤིང་གསལ་དུ་མའང་ཆོས་ཅན། རྗོད་པ་དང་ཤེས་པས་རིགས་གཅིག་ཉིད་དུ་ཐ་སྙད་རབ་ཏུ་འཇུག་པར་བྱེད་དེ། ཤིང་དེའི་འབྲས་བུ་ཅན་མིན་པ་ལས་གཞན་ལ་རྟེན་པ་ཅན་དུ་མཚུངས་པའི་ཕྱིར། དེ་བཞིན་དུ་ཤ་པ་གཅིག་ཀྱང་ཆོས་ཅན། གཞི་མཐུན་གྱི་ཐ་སྙད་འཇུག་པའི་རྒྱུ་མཚན་ཡོད་དེ། ཤིང་དེའི་འབྲས་བུ་ཅན་མིན་པའི་དོན་ལས་ནི་ཐ་དད་ཅིང༌། ཤ་པ་མིན་པ་ལས་ཀྱང་ལོག་པའི་ལྡོག་ཆོས་སྣ་ཚོགས་པ་ཚད་མས་ཤེས་པའི་ཕྱིར། ཆོས་ཅན། འབྲས་བུ་དུ་མ་བྱེད་པར་བསྟན་པ་ལ་དགོས་པ་ཡོད་དེ། འབྲས་བུ་དུ་མ་བྱེད་པ་དེའི་དངོས་པོར་ཡོངས་སུ་རྟོགས་པའི་ཆེད་ཡིན་པའི་ཕྱིར།
གསུམ་པ་ནི། སྒྲ་དོན་འདི་དང་གཞི་མཐུན་ཉིད་ནི་ཆོས་ཅན། དངོས་པོར་གྲུབ་པ་མི་སྲིད་དེ། དོན་དམ་པར་ཡོད་པ་མིན་ཡང་རྟོག་པ་ལ་ཇི་ལྟ་བུར་གྲགས་པ་བཞིན་དུ་བརྗོད་པའི་ཕྱིར། འོ་ན་རྣམ་གཞག་དེ་དག་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཆོས་དང་ཆོས་ཅན་གྱི་རྣམ་གཞག་དང༌། ཐ་དད་དང་ཐ་དད་མིན་པ་ཅི་འདྲ་བའི་སྤྱི་དང་གཞི་མཐུན་དེ་ཁོ་ན་ཉིད་ཀྱི་དོན་དུ་ཡོད་མེད་མ་བརྟགས་པར། འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ལ་དེ་བཞིན་ཁོ་ནར་བརྟེན་ནས་ནི། བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ་ཆོས་ཅན། དོན་ཡོད་དེ། དམ་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་དུ་མཁས་པ་རྣམས་ཀྱིས་བྱས་པ་ཡིན་པའི་ཕྱིར། དངོས་པོར་མ་གྲུབ་པའི་རྒྱུ་མཚན་ཅི་ཞེ་ན། ཤེས་བྱ་ཆོས་(༡༤བ)ཅན། སྤྱི་དང་ཁྱད་པར་ཞེས་བྱ་བའི་བྱེ་བྲག་ཏུ་སྣང་བ་འདི་ནི་བློ་ལ་སྣང་བའི་དོན་ལ་ཡོད་ཀྱི། དངོས་པོར་མེད་དེ། རྫས་ཐ་དད་དེ་ལ་ངོ་བོ་གཅིག་པ་དང༌། རྫས་གཅིག་ལ་དུ་མར་སྣང་བ་བློ་ཡིས་བསླད་པ་ཡིན་པའི་ཕྱིར་ཏེ། དམ་པའི་དོན་གྱི་དོན་རྣམས་ནི་རང་གི་ངང་གིས་འདྲེ་བ་དང༌། རྫས་གཅིག་རྫས་ཐ་དད་དུ་མེད་པའི་ཕྱིར། དངོས་པོར་མེད་ན་ཆོས་ཆོས་ཅན་ཇི་ལྟར་འཐད་ཅེ་ན། རྟོག་པ་ལ་སྣང་བ་དེ་ཉིད་ཆོས་ཅན། ཆོས་ཆོས་ཅན་གྱི་བྱེ་བྲག་རབ་ཏུ་བརྟག་ཏུ་རུང་སྟེ། རིགས་མཐུན་དང་རིགས་མི་མཐུན་གཞན་ལས་ལྡོག་པས་སོ། །རྟོག་པ་ལ་རང་མཚན་སྣང་ན། རང་མཚན་རྟོག་པའི་གཟུང་ཡུལ་དུ་འགྱུར་རོ་ཞེ་ན། བསྒྲུབ་བྱ་དང་སྒྲུབ་པར་བྱེད་པ་ལ་རྟོག་པའི་བློ་ཆོས་ཅན། རང་མཚན་གཟུང་ཡུལ་དུ་མི་བྱེད་དེ། དངོས་པོ་གཟུང་ཡུལ་དུ་མཐོང་བ་ཉམས་པའི་ཕྱིར། འོ་ན། ཁྱད་པར་སྤྱི་དང་འདྲེས་པ་འཛིན་ཅེས་གསུངས་པ་དང་འགལ་ལོ་ཞེ་ན། ཁྱད་པར་སྤྱི་དང་འདྲེས་པ་འཛིན་ཅེས་གསུངས་པ་འདིར། རྗེས་དཔག་གི་གཟུང་བྱ་རང་གི་མཚན་ཉིད་དུ་བསྟན་པ་མིན་པར་ཐལ། རང་མཚན་དེ་ནི་སྤྱི་དང་ཁྱད་པར་གྱི་རྣམ་པ་སོགས་ཅིར་ཡང་དོན་དམ་པར་གཟུང་བྱ་མིན་པའི་ཕྱིར་ཏེ། བྲེ་བྲག་ཁྱད་པར་མང་པོ་རྣམས་རང་མཚན་དེ་གཅིག་པུ་ལ་ནི་དོན་དམ་པར་མི་རུང་པའི་ཕྱིར། གསུམ་པ་ནི། སྒྲ་དེའི་ངོ་བོ་རིགས་མཐུན་དང་རིགས་མི་མཐུན་ཀུན་ལས་ལོག་པ་དེ། དེ་ཁོ་ན་བཞིན་དུ་རྟོགས་པར་བྱེད་པའི་སྒྲ་དང་རྟོག་པ་ཡང་ཡོད་པ་མ་ཡིན་ཏེ། སྒྲ་རྟོག་ཡུལ་ལ་སྤྱིའི་ཚུལ་ཉིད་དུ་ནི་འཇུག་པའི་ཕྱིར་རོ། །
བརྡ་ཡུལ་བཤད་པ།
གསུམ་པ་བརྡའི་ཡུལ་ངོས་བཟུང་བ་ལ། དགག་བཞག་སྤང་གསུམ་མོ། །དང་པོ་ནི། སྒྲ་རྟོག་ཡུལ་ལ་སྤྱིའི་ཚུལ་གྱིས་འཇུག་པ་མི་འཐད་དེ། དེ་མ་ཡིན་བཅད་པ་ལ་མི་ལྟོས་པར་རང་མཚན་ལ་བརྡ་སྦྱོར་བའི་ཕྱིར་ཞེ་ན། བརྡ་དུས་ཀྱི་(༡༥ན)ཤིང་རང་གི་མཚན་ཉིད་དེ་ཆོས་ཅན། ཁྱོད་ཤིང་ཞེས་པའི་བརྡའི་འཇུག་ཡུལ་མ་ཡིན་ཏེ། ཁྱོད་ཐ་སྙད་ཀྱི་དུས་དེའི་ཚེ་མེད་པ་དེས་ནའོ། །ཁྱབ་སྟེ། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་པའི་དོན་སྟོན་པ་དེ་ནི། ཐ་སྙད་ཀྱི་དུས་སུ་དོན་གོ་བའི་ཆེད་དུ་བྱས་པའི་ཕྱིར། སྤྱི་རྟག་དངོས་བརྡའི་འཇུག་ཡུལ་ཡིན་ནོ་ཞེ་ན། རིགས་རྟག་དངོས་ཆོས་ཅན། བརྡའི་འཇུག་ཡུལ་མ་ཡིན་པར་ཐལ། དོན་བྱེད་རུང་མིན་པའི་ཕྱིར། ཁྱབ་སྟེ། ཅི་ནས་སྐྱེས་བུ་དོན་བྱེད་པར་ནུས་པ་ཤེས་ནས་དེ་བསྒྲུབ་པའི་ཕྱིར་དུ་འཇུག་པར་འགྱུར་རོ་ཞེས་བསམས་ནས། དོན་རྣམས་བརྗོད་པར་བྱེད་པ་བརྡ་སྦྱོར་པར་བྱེད་པའི་ཕྱིར། རིགས་དེ་དང་ལྡན་པའི་ཤིང་གསལ་དོན་བྱེད་ནུས་པ་ལ་བརྡ་སྦྱོར་རོ་ཞེ་ན། ཤིང་གི་བརྡ་དེ་ཡང་ནི་ཅིའི་ཕྱིར་ཤིང་གསལ་ལ་དངོས་སུ་སྦྱོར་བར་མི་བྱེད་དྲིས་པས། གལ་ཏེ་ཤིང་གསལ་ཆོས་ཅན། བརྡ་སྦྱོར་མི་ནུས་ཏེ། མཐའ་ཡས་པའི་ཕྱིར་ཞེ་ན། རིགས་ལྡན་གསལ་བ་ཆོས་ཅན། ཁྱོད་ལ་བརྡ་སྦྱོར་མི་ནུས་པར་ཐལ། མཐའ་ཡས་པ་འདི་མཚུངས་པའི་ཕྱིར།
གཉིས་པ་ནི། འོ་ན་གང་ལ་བརྡ་སྦྱོར་ཞེ་ན། ཤིང་གི་འབྲས་བུ་དེ་བྱེད་པ་མ་ཡིན་པ་ལས་ལོག་པར་མཚུངས་པ་ཆོས་ཅན། ཁྱོད་ལ་ཤིང་གི་བརྡ་ཅིས་མ་བྱས་ཏེ་བྱེད་རིགས་ཏེ། ཤིང་དེའི་དོན་བྱེད་ནུས་ཤིང༌། ཤིང་གསལ་ཀུན་ལ་རྗེས་སུ་འགྲོ་བའི་ཕྱིར། དེ་ལྡན་རང་དབང་མེད་པའི་ཕྱིར། ཞེས་པའི་ཉེས་པ་ཁྱེད་རང་ལ་ཡང་མཚུངས་ཏེ། ལྡོག་པ་དང་རིགས་དོན་གཅིག །ལྡོག་ལྡན་དང་རིགས་ལྡན་དོན་གཅིག་པའི་ཕྱིར་ཞེ་ན། མི་མཚུངས་མོད། མཚུངས་ཀྱང་སླ་སྟེ། བརྡ་སྦྱོར་བ་ལ་རིགས་དོན་གཞན་མི་དགོས་པར་ཐལ། གཞན་སེལ་ཁས་ལེན་ན། རིགས་དོན་གཞན་ཁས་ལེན་མི་དགོས། གཞན་སེལ་ཁས་མི་ལེན་ན། རིགས་དོན་གཞན་ཁས་བླངས་ཀྱང་དགོས་པ་(༡༥བ)མི་འགྲུབ་པའི་ཕྱིར། དེའི་རྒྱུ་མཚན་ཤིང་ཞེས་པའི་སྒྲས་ཤིང་མིན་གཅོད་དམ་མི་གཅོད། ཤིང་ཞེས་པའི་སྒྲ་དེ་ཡིས་ཤིང་མིན་དེ་དག་རྣམས་ལས་ཤིང་འདི་མི་གཅོད་ན་ནི། ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་དེ་ཇི་ལྟར་གོ་སྟེ་མི་གོ་བར་ཐལ། ཤིང་མིན་མི་གཅོད་པའི་ཕྱིར། ཁྱབ་སྟེ། ཤིང་དེ་ལས་གཞན་པ་ཡོངས་སུ་སྤངས་ནས། ཤིང་ལ་འཇུག་པར་འགྱུར་ཞེས་ཀྱང་ཤེས་པའི་ཕྱིར་དུ་ཤིང་ཞེས་པའི་སྒྲ་བརྗོད་པའི་ཕྱིར། གལ་ཏེ་ཤིང་ཞེས་པའི་སྒྲ་འདི་ལ་ཤིང་མིན་རྣམ་པར་གཅོད་པ་ཡོད་དོ་ཞེ་ན། བྱེ་བྲག་པ་ཆོས་ཅན། ཁྱེད་ལ་བརྡ་སྦྱོར་བ་དེར་སྤྱི་དོན་གཞན་གྱིས་ནི་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། སྒྲ་རྣམས་ཀྱི་དགོས་པ་དེ་མིན་བཅད་ནས། དོན་གོ་བ་དེ་ཙམ་དུ་ཟད་པ་མིན་ནམ་སྟེ་ཡིན་པའི་ཕྱིར།
གསུམ་པ་རྩོད་པ་སྤང་བ་ལ་གསུམ། དུ་མ་ངོ་ཤེས་མེད་པ་དགག །སྤྱི་འཛིན་སྤྱི་ལས་སྐྱེ་བ་དགག །སྤྱི་སྒྲ་དོན་ལ་མི་བསླུ་བའོ། །དང་པོ་ནི། ཤིང་གསལ་རྣམས་སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་ཡིན་ན། རིགས་གཅིག་ཏུ་ངོ་ཤེས་པ་མི་འཐད་དོ་ཞེ་ན། ཤིང་གསལ་རྣམས་ནི་ཆོས་ཅན། སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་ཀྱང༌། རིགས་གཅིག་ཏུ་ངོ་ཤེས་སུ་རུང་སྟེ། དེ་ཡིན་ཡང་ཤིང་གི་བྱ་བ་དེ་དང་དེ་བྱེད་པའི་དོན་སྔ་མ་རྣམས་མཐོང་ནས། གཞན་ཤིང་གསལ་ཕྱི་མ་རྣམས་མཐོང་ཡང༌། ཤིང་གི་བྱ་བ་བྱེད་པ་དེ་ལས་གཞན་དང་བྲལ་བའི་ཡུལ་ཅན་གྱི་སྒྲ་རྟོག་རྣམས་ཀྱིས་ལྷན་ཅིག་སྦྱར་ནས་ངོ་ཤེས་པར་བྱེད་པའི་ཕྱིར།
གཉིས་པ་ལ་གསུམ། སྤྱི་འཛིན་སྤྱི་འབའ་ཞིག་ལས་སྐྱེ་བ་དགག །སྤྱིས་གྲོགས་བྱས་པའི་གསལ་བ་ལས་སྐྱེ་བ་དགག །གསལ་བས་གྲོགས་བྱས་པའི་སྤྱི་ལས་སྐྱེ་བ་དགག་པའོ། །དང་པོ་ནི། བྱེ་བྲག་པ་གཞན་གྱི་ལྟར་ནའང་སྤྱི་བློ་དེ་ནི་ཆོས་ཅན། སྤྱི་ནི་འབའ་ཞིག་ཉིད་ཀྱི་གཟུང་དོན་ལས་སྐྱེ་བ་མིན་པར་(༡༦ན)ཐལ། རྟག་ཏུ་སྤྱི་དེ་ཙམ་རྣམ་པར་ཤེས་ན་གསལ་བ་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར། གསལ་བ་མི་ཤེས་སོ་ཞེ་ན། དེའི་ཚེ་ན་ནམ་ཡང་ནི་སྤྱི་དེ་དང་ལྡན་པའི་གསལ་བའི་འབྲེལ་བ་མ་བཟུང་བར་ཐལ་ལོ། །འདོད་ན། སྤྱི་དེ་དང་ལྡན་པའི་གསལ་བ་དེ་ལ་ཇི་ལྟར་ཐ་སྙད་འདོགས་ཏེ་མི་འདོགས་པར་ཐལ། སྤྱི་དེ་དང་ལྡན་པའི་གསལ་བ་ངེས་པར་མི་འགྱུར་བས་སོ། །གཉིས་པ་ནི། གལ་ཏེ་སྤྱི་དངོས་པོ་བ་གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་སྤྱི་འཛིན་ཤེས་པའི་རྒྱུ་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། སྤྱི་དངོས་པོ་བ་གཅིག་པོ་དེས་གསལ་བ་དེ་རྣམས་ཀྱི་རྫས་ཐ་དད་པ་ཉིད་སེལ་ཏམ་ཅི་སྟེ་སེལ་མི་ནུས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྫས་ཐ་དད་པའི་ཕྱིར་ཡང་གསལ་བ་དེ་རྣམས་ལ་སྤྱི་གཅིག་གི་རྣམ་ཤེས་ཀྱི་རྒྱུར་མི་འདོད་པའི་ཕྱིར། གལ་ཏེ་གསལ་བ་དུ་མའང་སྤྱི་དངོས་པོ་བ་གཅིག་ལ་ལྟོས་ནས་རིགས་ཐ་དད་མིན་པའི་ཕྱིར་རྟོག་པའི་བློ་གཅིག་སྐྱེད་དོ་ཞེ་ན། སྤྱི་བློ་ཆོས་ཅན། གསལ་བ་གཟུང་དོན་དུ་འཛིན་པ་མེད་པ་ཡིན་པར་ཐལ། ཁྱོད་ལ་གསལ་བ་དེ་རྣམས་ཀྱིས་ཕན་པའི་ནུས་པ་མེད་པའི་ཕྱིར་ཏེ། གསལ་བ་དེ་དག་སོ་སོ་མེད་པར་ཡང་སྤྱི་དེ་གཅིག་གིས་ཀྱང་བསྐྱེད་བྱ་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། སྔོན་པོ་མེད་པར་སེར་པོས་མིག་ཤེས་བསྐྱེད་ཀྱང༌། སྔོན་པོ་ལ་མིག་ཤེས་སྐྱེད་པའི་ནུས་པ་ཡོད་པ་བཞིན་ནོ་ཞེ་ན། མི་མཚུངས་ཏེ། སྔོ་སེར་སོགས་ཆོས་ཅན། ཚོགས་པ་ལའང་མིག་ཤེས་སྐྱེད་པའི་ནུས་པ་གྲུབ་སྟེ། མིག་གི་རྣམ་ཤེས་ལ་ཕན་པའི་ནུས་པ་སོ་སོར་མཐོང་བའི་ཕྱིར། གསལ་བ་ཆོས་ཅན། སྤྱི་བློ་ལ་ཕན་པའི་ནུས་པ་མེད་པར་ཐལ། རེ་རེ་བ་དང་ཚོགས་པ་ཇི་ལྟར་ཡང་ནི་སྤྱི་བློ་སྐྱེད་པ་དེ་ལྟ་མིན་པའི་ཕྱིར།
གསུམ་པ་ལ་གཉིས། ཐལ་བ་དགོད། སྐྱོན་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་གསལ་བ་དེ་དག་གང་རུང་ལ་ལྟོས་ནས་སྤྱི་དེས་སྤྱི་བློ་(༡༦བ)སྐྱེད་ནུས་ཀྱི། སྤྱི་འབའ་ཞིག་གིས་མ་ཡིན་ནོ་ཞེ་ན། གསལ་བ་དེ་དག་ཆོས་ཅན། ཇི་ལྟར་སྤྱི་བློ་གཅིག་ཉིད་ལ་ཕན་པ་མིན་ཏེ་ཡིན་པར་ཐལ། སྤྱི་དེ་གཅིག་ལ་ཕན་པའི་ཕྱིར། སྤྱི་འདི་ཆོས་ཅན། གསལ་བ་དེ་རྣམས་ཀྱི་འབྲས་བུར་འགྱུར་བར་ཐལ། གསལ་བས་ཕན་འདོགས་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་གང་ཡིན་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྤྱི་བློ་ཆོས་ཅན། གསལ་བ་ཐ་དད་རྣམས་ཁོ་ན་ལས་སྐྱེ་བར་མི་འདོད་དེ། ཐ་དད་མིན་པ་ཁོ་ནར་སྣང་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། སྤྱི་བློའི་སྣང་བ་ཐ་དད་པའི་ཕྱིར་ཏེ། གསལ་བ་དེ་དག་མཚུངས་སོ་ཞེས་འཛིན་པའི་ཕྱིར་རོ། །གལ་ཏེ་གསལ་བ་དེ་དག་མཚུངས་པར་འཛིན་ན་ནི། ཇི་ལྟར་ཐ་དད་དུ་བློས་བཟུང་བར་བྱ་ཞེ་ན། ཤིང་གསལ་རྣམས་ཆོས་ཅན། རིགས་གཅིག་ཡིན་ཏེ། འབྲས་བུ་རིགས་གཅིག་བྱེད་པར་འདྲ་བའི་ཕྱིར། རྟགས་མ་གྲུབ་སྟེ། ཤིང་གསལ་དེ་དག་གི་འབྲས་བུ་དབང་བློ་དེ་ཡང་ཐ་དད་དོ་ཞེ་ན། ཤིང་གསལ་འཛིན་པའི་དབང་བློ་རྣམས་ནི་ཆོས་ཅན། རིགས་ཐ་དད་མེད་པ་ཡིན་ཏེ། རིགས་གཅིག་ཏུ་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། ཤིང་གི་གསལ་བ་རྣམས་ཀྱང་ཆོས་ཅན། རིགས་ཐ་མི་དད་དེ། རིགས་གཅིག་ཏུ་རྟོགས་པའི་བློ་གཅིག་གི་རྒྱུའི་དངོས་པོ་ཡིན་པའི་ཕྱིར། འབྲས་བུ་རིགས་གཅིག་བྱེད་པ་དེ་སྤྱི་རྟག་དངོས་ཡིན་ནོ་ཞེ་ན། ཤིང་གསལ་འབྲས་བུ་རིགས་གཅིག་བྱེད་པ་དེའང་ཆོས་ཅན། སྤྱི་རྟག་དངོས་མ་ཡིན་པར་ཐལ། ཤིང་དེའི་འབྲས་བུ་ཅན་མིན་པ་དང་བྲལ་བ་ཙམ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གསལ་བ་དེ་ལས་གཞན་པ་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་བ་མེད་པར་ཐལ། དེ་མ་མཐོང་བའི་ཕྱིར་དང༌། སྔར་བཀག་ཟིན་པའི་ཕྱིར། ཤིང་ཞེས་པའི་བརྡ་ནི་ཆོས་ཅན། དོན་ཡོད་དེ། ཤིང་གི་གཞན་སེལ་དེ་རིག་པའི་དོན་ཅན་ཡིན་པའི་ཕྱིར། གསུམ་པ་སྤྱི་སྒྲ་དོན་ལ་(༡༧ན)མི་སླུ་བ་ནི། ཤིང་སྒྲས་རྟོག་པ་ལ་སྣང་བ་རྗོད་ན། ཤིང་རང་མཚན་ལ་ཇི་ལྟར་མི་བསླུ་ཞེ་ན། ཤིང་གི་དོན་དེ་བྱེད་པ་མ་ཡིན་པ་ལ་དེ་བྱེད་པ་དང་འདྲ་བའི་ངོ་བོར་སྣང་བ་ཅན་དང༌། ཤིང་མིན་གྱི་དངོས་པོ་ལས་ཐ་དད་པའི་དངོས་པོ་ཙམ་གྱི་ས་བོན་ཅན་གཟུང་དོན་མེད་པའི་རྟོག་བློ་སྐྱེད་པར་བྱེད་པའི་ཤིང་ཞེས་པའི་སྒྲ་ཆོས་ཅན། དོན་ལ་མི་སླུ་བ་ཡོད་པར་འདོད་དེ། ཤིང་གི་དོན་མི་བྱེད་པ་ཡོངས་སུ་སྤངས་ནས་ཤིང་གོ་བའི་ཡན་ལག་གི་ངོ་བོ་ཡིན་པའི་ཕྱིར་དང༌། ཤིང་མིན་གྱི་དངོས་པོ་ལས་ཐ་དད་པ་ལ་བརྟེན་པ་ཅན་གྱི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། ཆོས་ཅན། གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། ཤིང་གི་དོན་དེ་བྱེད་པ་ལ་བརྟེན་པའི་ངོ་བོའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར།
གསུམ་པ་འཇུག་ཚུལ་དེ་ལ་རྩོད་པ་སྤང་བ་ལ་གསུམ། རྟོགས་པ་ཕན་ཚུན་བརྟེན་པའི། སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པའི་ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ལ། རྩོད་ལན་གཉིས་ལས། དང་པོ་ནི། ཤིང་དང་ཤིང་མ་ཡིན་གཉིས་པོ་དག་རྟོགས་པ་ཕན་ཚུན་བརྟེན་པར་ཐལ། ཤིང་མ་ཡིན་ལས་ལྡོག་པའི་སྒོ་ནས་ཤིང་གི་དོན་འཛིན་པའི་ཕྱིར། འདོད་ན། དེ་གཉིས་གང་རུང་གཅིག་འཛིན་པ་མེད་ན། གཉིས་ཀ་མི་འཛིན་པར་འགྱུར་ལ། འདོད་ན། དེའི་ཕྱིར་ན་ཤིང་གི་བརྡར་བཏགས་པ་མི་སྲིད་དོ་ཞེས་གཞོན་ནུ་མ་ལེན་ལ་སོགས་པ་ཁ་ཅིག་སྨྲའོ། །
གཉིས་པ་ལ་གཉིས། མཚུངས་པས་དགག །རང་ལ་ཉེས་པ་མེད་པའོ། །དང་པོ་ནི། རྒོལ་བ་དེ་དག་གི་ལུགས་ལྟར་ན། ཤིང་གི་བརྡ་འདོགས་པ་ལ་ཤིང་མིན་རྣམ་པར་གཅོད་དམ། གཅོད་པ་མིན། གལ་ཏེ་རྣམ་པར་གཅོད་ན། ཤིང་ལ་བརྡ་སྦྱོར་གྱི་སྐྱེས་བུ་ཆོས་ཅན། བརྡ་སྦྱོར་བའི་སྔོན་རོལ་ཏུ་ཤིང་མིན་ཇི་ལྟར་ཤེས་ཏེ་མི་ཤེས་པར་ཐལ། ཤིང་གི་དོན་འཛིན་པ་མེད་པའི་ཕྱིར། (༡༧བ)ཤིང་གི་བརྡ་ལས་ཤིང་མིན་དེ་དག་མི་སེལ་ན། ཤིང་གི་ཐ་སྙད་འདོགས་པར་བྱེད་པ་རྣམས་ཤིང་མ་ཡིན་ཏེ་ཡོངས་སུ་སྤང་ནས་ཤིང་ལ་འཇུག་པར་ནི་མི་འགྱུར་བར་ཐལ་ལོ། །དཔེར་ན་ཤིང་གི་སྒྲ་ལས་ཤིང་གི་ཁྱད་པར་མི་སྤོང་བ་བཞིན། གལ་ཏེ་གཞན་བཀག་པ་དང་ཤིང་མི་སྒྲུབ་པར། མདུན་ན་གནས་པའི་ཤིང་སྤྱི་གཅིག་ཅིག་རབ་ཏུ་བསྟན་ནས། འདི་ཤིང་ཡིན་ཞེས་ཤིང་སྤྱི་རྟག་དངོས་ལ་བརྡ་བྱེད་ལ། ཐ་སྙད་འདོགས་པའི་ཚེ་ན་ཡང་སྤྱི་རྟག་དངོས་དེ་རྟོགས་པར་འགྱུར་ལ། དེའི་ཕྱིར་མགོ་མཚུངས་ཀྱི་ཉེས་པ་འདི་ནི་མེད་སྙམ་ན། སྤྱོད་པ་བ་ཆོས་ཅན། མགོ་མཚུངས་ཀྱི་ཐལ་བ་ལྡོག་པ་མེད་པར་ཐལ། འདི་ཡང་ཤིང་ཡིན་ཞེས་པའམ། འདི་ཁོ་ན་ཤིང་ཡིན་ཞེས་བྱ་བའི་བརྡ་སྦྱོར་གཉིས་སུ་ངེས་ལ། གང་བྱས་ཀྱང་གོང་གི་ཉེས་པར་འགྱུར་བའི་ཕྱིར། གཉིས་པ་ནི། སྤྱི་རྟག་དངོས་མེད་ན། ཤིང་དང་ཤིང་མིན་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་ཡོད་དོ་ཞེ་ན། སྐྱོན་དེ་མེད་པར་ཐལ། ཤིང་གསལ་རྣམས་རིགས་གཅིག་ཏུ་རྟོགས་པ་ཞེས་བྱ་བའི་ཤེས་པ་ནི། རྒྱུད་གཅིག་ལ་གནས་པའི་རྟོགས་པ་པོས། ཤིང་དེ་དང་དེ་མིན་པའི་རྒྱུའི་དོན་རྣམས་བདག་ཉིད་ཐ་དད་དུ་རྣམ་པར་འབྱེད་པར་བྱེད་པའི་ཕྱིར། ཤིང་སྤྱི་རྟག་དངོས་མེད་ན། ཤིང་ཞེས་པའི་བརྡའི་ཡུལ་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཤིང་འཛིན་རྟོག་བློ་དེ་ལ་ནི་ཡོད་པའི་དངོས་པོ་རྟོགས་བློའི་རྒྱུ་ཉིད་དུ་ནི་སྣང་བ་དང་རྒྱུ་མིན་པའི་ངོ་བོ་དང་བྲལ་བ་དང༌། ངོ་བོ་གཅིག་འདྲར་སྣང་བའི་བདག་ཉིད་ཀྱི་ཤིང་དེ་ཤིང་མིན་ལས་ཐ་དད་པར་ནི་ཤེས་པར་འགྱུར་བའི་ཕྱིར་དུ། ཤིང་གསལ་ཐ་དད་པ་ལ་ཤིང་གི་སྐད་སྦྱོར་བའི་ཕྱིར། སྤྱི་རྟག་དངོས་མེད་ན་ཤིང་སྒྲ་ལས་ཤིང་མི་གོ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཤིང་སྒྲ་དེ་ལས་ཤིང་དེ་རྟོགས་པར་འགྱུར་བའི་བློ་འཁྲུལ་བས། ཤིང་གསལ་གྱི་དངོས་པོ་རིགས་གཅིག་(༡༨ན)པ་ལྟར་རྟོགས་པའི་ཕྱིར།
གཉིས་པ་སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པའི་རྩོད་པ་སྤང་བ་ལ་གཉིས། སྒྲ་བྱེ་བྲག་པ་ལ་སེལ་འཇུག་གིས་མ་ཁྱབ་པ་སྤང༌། གཞན་སེལ་བརྗོད་པའི་སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པ་སྤང་བའོ། །དང་པོ་ནི། བུམ་པ་ཞེས་པའི་སྒྲ་ལ་གཅད་བྱ་ཡོད་པས་སེལ་བས་འཇུག་མོད། ཤེས་བྱ་ཞེས་པའི་སྒྲ་སེལ་འཇུག་མ་ཡིན་པར་ཐལ། གཅད་བྱ་ཤེས་བྱ་མ་ཡིན་པ་མེད་པའི་ཕྱིར་ཞེ་ན། སྒྲ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཆོས་ཅན། དོན་ཡོད་དེ། བརྗོད་བྱའི་དོན་འདི་ངེས་པར་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། བློ་ངོར་མི་འདོད་པའི་དོན་འགའ་ལས་རྣམ་པར་བཟློག་ནས། འདོད་པའི་དོན་འགའ་ཞིག་ལ་འཇུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན། སྒྲ་སྦྱོར་བ་དོན་མེད་པར་འགྱུར་བར་ཐལ། སྒྲས་མི་འདོད་པའི་དོན་སྤངས་ནས་འདོད་པའི་དོན་ལ་འཇུག་པ་མ་ཡིན་པའི་ཕྱིར། དགག་སྒྲུབ་ཀྱི་དོན་ཐ་སྙད་དུ་ནི་འཇོག་པའི་ཤེས་བྱ་ལ་སོགས་པའི་རྗོད་པའི་ཚིག་རྣམས་ཆོས་ཅན། ཁྱོད་ལ་རྣམ་པར་གཅོད་པ་འགའ་ཞིག་ཡོད་དེ། མི་འདོད་པའི་དོན་སྤངས་ནས་འདོད་པའི་དོན་ལ་འཇུག་པར་འགྱུར་བའི་ཕྱིར།
གཉིས་པ་ལ་གསུམ། སྒྲའི་ཡུལ་ངོས་བཟུང༌། དེ་སློབ་དཔོན་གྱི་དགོངས་པར་བསྟན། ལུང་གི་དོན་བཤད་པའོ། །དང་པོ་ནི་གསལ་བྱེད་པ་ན་རེ། གཞན་སེལ་བརྗོད་པའི་སྒྲ་སེལ་བས་འཇུག་གམ་མི་འཇུག །དང་པོ་ལྟར་ན་ཐུག་མེད་དུ་འགྱུར་ལ། གཉིས་པ་ལྟར་ན། སྒྲ་རྟོག་ཐམས་ཅད་སེལ་འཇུག་ཡིན་པ་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། ཤིང་གི་ཁྱད་པར་ཤིང་མིན་དེ་དག་ལས་ཐ་དད་པར་མཚུངས་པའི་རྒྱུ་ཤིང་གི་རྣམ་པ་སྣང་བ་ཅན་ལ་ཤིང་སྒྲ་འགོད་དེ། གང་ཞིག་གང་ལས་ཐ་དད་པའི་ཤིང་མིན་དེ་ལས་རྣམ་པར་བཟློག་ནས་ཤིང་གི་བརྡ་སྦྱོར་བའི་ཕྱིར། གཉིས་པ་ནི། ཆོས་ཅན།(༡༨བ) ཤིང་མ་ཡིན་ལས་ལོག་པར་སྣང་བ་དེ་ཉིད་ཤིང་ཞེས་པའི་སྒྲའི་ཡུལ་དུ་སློབ་དཔོན་གྱིས་རབ་ཏུ་བཤད་དེ། དོན་གཞན་ལས་བཟློག་པ་ཡིས་དངོས་པོ་དེའི་ཆ་འགའ་ཞིག་རྟོགས་པར་འགྱུར་ཞེས་པ་དང༌། སྒྲས་དོན་གཞན་ལས་ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་ཁོ་ན་རྗོད་དོ། །ཞེས་པ་དང༌། སྒྲས་ནི་སྒྲ་དང་དོན་གཞན་སེལ་བར་བྱེད་ཅིང་རང་གི་དོན་རྗོད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཤིང་མ་ཡིན་ལས་ལོག་པར་སྣང་བ་འདི་ལའང་ཆོས་ཅན། ངོ་བོ་ཅུང་ཟད་མེད་དེ། སྒྲོ་བཏགས་ཡིན་པའི་ཕྱིར། ཤིང་རྟོགས་པ་དེ་ལས་ནི་ཤིང་མ་ཡིན་པས་ལྡོག་པ་འགའ་ཡིས་ཁྱད་པར་དུ་བྱས་པ་རྟོགས་པར་འགྱུར་བ་དོན་གཞན་པ་འགའ་ཡང་མེད་དེ། ཤིང་ཞེས་པའི་སྒྲ་རྣམས་ལས་ཤིང་མིན་ལས་ལོག་པར་སྣང་བ་དེ་རྟོགས་པ་ཉིད་ཀྱི་སྒོ་ནས་གཞན་ཤིང་མིན་ལས་ལྡོག་པ་རྟོགས་པར་འགྱུར་བའི་ཕྱིར། ཤིང་མིན་བཅད་ནས་ཤིང་རྗོད་ན། ཤིང་མ་ཡིན་གཅོད་པའི་སྒྲ་དང་ཤིང་ཞེས་པའི་སྒྲ་གཉིས་བྱེད་དགོས་པའང་མིན་ཏེ། ཤིང་བརྗོད་པས་ཤིང་མིན་བཅད་པ་གོ་བའི་ཕྱིར་ཏེ། ཤིང་དང་ཤིང་མིན་ཕན་ཚུན་ཕུང་གསུམ་ཡོད་པ་མིན་པའི་དངོས་འགལ་ཡིན་པའི་ཕྱིར། ཤིང་མ་ཡིན་ལས་ལོག་པར་སྣང་བ་འདི་ཆོས་ཅན། དོན་དམ་མིན་ཏེ། དངོས་མེད་ཡིན་པ་ལས་དངོས་པོ་དང་ལྡན་པ་ཉིད་དུ་མཐོང་བ་བློ་ཡིས་བསླད་པ་དེ་ཉིད་ཀྱི་ཕྱིར། དེ་ལས་གཞན་དུ་དངོས་པོ་ཡིན་ན། ཤིང་གི་དངོས་པོ་ལས་ལྡོག་པར་སྣང་བ་ཆོས་ཅན། ཤིང་གི་དངོས་པོར་མི་འགྱུར་བར་ཐལ། ཙན་དན་དང་རྫས་གཅིག་དང་ཐ་དད་གང་ཡང་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཙན་དན་ཆོས་ཅན། ཤིང་མིན་ལས་ལོག་པ་མ་ཡིན་པར་ཐལ། ཤིང་མ་ཡིན་ལས་ལོག་པར་སྣང་བ་ལས་རྫས་ཐ་དད་པའི་ཕྱིར། འདོད་མི་ནུས་ཏེ། ཙན་དན་འདི་ཤིང་མིན་འདི་ལས་ཐ་དད་ཅེས་ནི་བརྗོད་པའི་ཕྱིར་(༡༩ན)རོ། །
གསུམ་པ་ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བའི་རྩོད་པ་སྤང་བ་ལ་གཉིས། ཡུལ་ཅན་སྔ་ཕྱི་སྤྱོད་ཡུལ་ཐ་དད་དུ་བསྟན་པ། རང་གཞན་ལ་རྣམ་གཞག་རུང་མི་རུང་གི་ཁྱད་པར་རོ། །དང་པོ་ནི། སྤྱི་དངོས་པོར་མེད་ན། རང་མཚན་སྒྲའི་བརྗོད་བྱར་འགྱུར་ལ། དེ་ལྟ་ན་རང་མཚན་ལ་ཆ་ཤས་མེད་པས། ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བར་འགྱུར་རོ་ཞེ་ན། སྒྲ་ལ་བློ་ངོར་འདྲེས་པའི་དོན་རྟག་པ་གཅིག་གཅོད་པ་ན། སྒྲ་མི་རྟག་པའི་སྒྲའམ་རྟགས་ནི་ཆོས་ཅན། སྒྲ་དེ་ལ་རྟག་པ་བཅད་པའི་དངོས་པོའི་ཆོས་མ་ལུས་པ་བརྗོད་བྱར་བྱས་པ་ཅི་ཡང་མེད་དེ། སྒྲ་ལ་རྟག་པ་གཅིག་གཅོད་པའི་བྱ་བ་བྱེད་པའི་ཕྱིར། ཁྱབ་སྟེ། དངོས་པོ་གང་གི་ཆོས་རྗོད་པར་བྱེད་པ་ལས་ཆ་མ་ལུས་པར་ནི་རྟོགས་པར་འགྱུར་བ་དངོས་པོའི་ནུས་པའི་དབང་གིས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡུལ་ཅན་ཕྱི་མ་དོན་མེད་དུ་ཐལ་བའི་སྐྱོན་མེད་དེ། བྱས་མི་རྟག་རྗོད་པའི་སྒྲ་འབྲས་བུ་དུ་མ་རྟེན་གཅིག་ལ་འཇུག་པར་འགྱུར་བའི་ཕྱིར།
གཉིས་པ་ལ་གཉིས། སྤྱི་དང་གཞི་མཐུན་རུང་མི་རུང་གི་ཁྱད་པར། བརྡ་སྦྱོར་རུང་མི་རུང་གི་ཁྱད་པར་རོ། །དང་པོ་ནི། སྤྱི་དངོས་པོར་མེད་ན། སྤྱི་དང་གཞི་མཐུན་མི་འཐད་དོ་ཞེ་ན། ཤེས་བྱ་ཆོས་ཅན། སྔོ་མིན་རྣམ་པར་གཅོད་པ་གཅིག་ཅིག་སྟོན་པ་ན། གང་གི་ཚེ་སྔོན་པོ་ཞེས་པའི་སྒྲས་བཞིན་ཨུཏྤ་ལ་མི་སྤོང་བར་གནས་ཏེ། སྔོན་པོ་དེ་ཡིས་ནི་ཨུཏྤ་ལ་དེ་ལ་ཁྱབ་པར་སྣང་བའི་ཕྱིར། མེ་ཏོག་ཨུཏྤ་ལ་སྔོན་པོ་ཆོས་ཅན། བློའི་ངོར་བྱས་ནས་གཞི་མཐུན་པ་ནི་ཉིད་དུ་འགྱུར་བར་ཐལ། ལྡོག་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་པུར་ཡང་སྣང་བའི་ཕྱིར། བུམ་པ་ཞེས་པའི་སྒྲ་དེ་ནི་ཆོས་ཅན། བུམ་པའི་དངོས་པོའི་ཆོས་ལ་རེག་པར་འགྱུར་བ་དེ་ནི་ཁྱོད་ལ་ཡོད་ཅེས་བྱ་སྟེ། བུམ་མིན་རྣམ་པར་གཅོད་པར་(༡༩བ)བྱེད་པའི་ཕྱིར། ཆོས་ཅན། སྤྱི་དངོས་པོ་བ་གཅིག་ནི་རྗོད་བྱེད་མིན་པར་ཐལ། སྤྱི་དངོས་པོ་བ་མེད་པར་ཚད་མས་ངེས་པའི་ཕྱིར་ཏེ། དེ་ཡོད་ན་བློ་འཁྲུལ་བ་ལ་སྣང་དུ་རུང་བ་ལས་སྣང་བ་མིན་པའི་ཕྱིར། སྤྱི་ཡི་ཡུལ་ཅན་གྱི་སྒྲ་རྣམས་དང་ནི་བློ་ཉིད་ཀྱང་གཞན་སེལ་བའི་ཡུལ་ཅན་དུ་བསྟན་ཏེ། སེལ་བ་སྨྲ་བ་ལ་སྤྱི་དང་གཞི་མཐུན་རུང་བ་དེའི་ཕྱིར་དང༌། སྤྱི་དངོས་པོ་བ་ལ་སྤྱི་དང་གཞི་མཐུན་དེ་དག་མི་སྲིད་པའི་ཕྱིར། ཇི་ལྟར་མི་སྲིད་ན། བུམ་པ་དེ་གསེར་བུམ་དང་རྫས་གཅིག་གམ་ཐ་དད། གྲངས་ཅན་ན་རེ། རྫས་གཅིག་གོ་ཞེ་ན། བུམ་པ་ཆོས་ཅན། གསེར་བུམ་དང་ངོ་བོ་ཐ་དད་དུ་བློ་ལ་སྣང་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། གསེར་བུམ་དང་དངོས་པོའི་ངོ་བོ་གཅིག་ཉིད་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། དེ་དང་གཅིག་ཏུ་ཐལ། གཞི་གྲུབ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། རྫ་བུམ་ལ་རྗེས་སུ་འགྲོ་མི་འགྲོ་གཉིས་ཀར་ཐལ། རྫ་བུམ་གྱི་སྤྱི་གང་ཞིག །གསེར་བུམ་དང་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་གཅིག་ནི་དོན་གཅིག་ལ་རྗེས་སུ་འགྲོ་བ་དང༌། དེ་ལས་ལྡོག་པའི་སྤྱོད་ཡུལ་ཅན་མིན་པའི་ཕྱིར། བྱེ་བྲག་པ་ན་རེ། རྫས་ཐ་དད་དོ་ཞེ་ན། ཤེས་བྱ་ཆོས་ཅན། དབྱེར་མེད་པའི་གཞི་མཐུན་གྱི་ཐ་སྙད་དག་ཀྱང་རྒྱུ་མེད་དུ་འགྱུར་བར་ཐལ། སྤྱི་གསལ་རྫས་ཐ་དད་དུ་གྱུར་པའི་ཕྱིར། གསལ་བ་ཀུན་ལ་ཆོས་ཅན། སྤྱི་དང་གཞི་མཐུན་མེད་པར་ཐལ་བར་འགྱུར་བའི་ཉེས་པ་དེ་དག་མེད་དེ། རིགས་མཐུན་དང་རིགས་མི་མཐུན་ལས་ལྡོག་པ་ཀུན་ལ་ཡོད་པའི་ཕྱིར།
གཉིས་པ་ལ་གཉིས། རང་ལ་རུང་བ། གཞན་ལ་མི་རུང་བའོ། །དང་པོ་ནི། སྤྱི་དངོས་པོ་མེད་ན་བརྡ་སྦྱོར་བ་དོན་མེད་དུ་འགྱུར་རོ་ཞེ་ན། བ་ལང་གི་གསལ་བ་རྫས་ཐ་དད་འབྲས་བུ་རིགས་གཅིག་བྱེད་པ་དག་ལ་རྒན་པོས་སྒྲ་གཅིག་བརྡར་བྱས་པ་ཆོས་ཅན། དོན་ཡོད་དེ། བ་ལང་གི་གསལ་བ་དེའི་(༢༠ན)འབྲས་བུ་རིགས་གཅིག་བྱེད་པ་ཡོངས་སུ་བསྟན་པའི་ཆེད་ཡིན་པའི་ཕྱིར། བ་ལང་གི་གསལ་བ་ཆོས་ཅན། བ་ལང་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་ཡོད་དེ། བ་ལང་དེའི་འབྲས་བུ་མེད་པ་ཅན་ལས་ལྡོག་པ་ཡི་ནི་རྒྱུ་མཚན་ཅན་གྱི་སྒྲ་འཇུག་པ་ཡིན་པའི་ཕྱིར། དེ་མིན་བཅད་པ་ལ་མ་ལྟོས་པར་གསལ་བ་སོ་སོ་ལ་ཅིའི་ཕྱིར་བརྡ་མི་སྦྱོར་ཞེ་ན། ཤེས་བྱ་ཆོས་ཅན། དེ་མིན་བཅད་པ་ལ་མི་ལྟོས་པར་གསལ་བ་སོ་སོ་ལ་བརྡ་སྦྱོར་བ་མི་རིགས་པར་ཐལ། དེ་མིན་བཅད་པ་ལ་མ་ལྟོས་པར་གསལ་བ་ཐ་དད་པ་དག་བསྟན་པ་ནི་དཀའ་བ་དང༌། དེ་ལྟར་བསྟན་མི་ནུས་པ་དང༌། དེ་ལྟར་བསྟན་པ་ལ་འབྲས་བུ་མེད་པའི་ཕྱིར། ཆོས་ཅན། སྤྱི་དངོས་པོ་བ་ལ་བརྡ་སྦྱོར་བ་མིན་ཏེ། དངོས་པོ་ཀུན་རང་རང་གི་ངོ་བོ་ལ་མ་འདྲེས་པར་གནས་པའི་ཕྱིར་ཏེ། ཁྲ་བོའི་ངོ་བོ་གང་ཡིན་པ་དེ་ནི་སེར་སྐྱ་ལ་ཡོད་པ་མིན་པའི་ཕྱིར། ཁྲ་བོ་དང་སེར་སྐྱ་ཆོས་ཅན། དོན་ལ་སྤྱི་རྫས་ཐ་དད་མེད་པར་ཡང་རིགས་ཐ་དད་མིན་པའི་སྒྲ་འཇུག་རིགས་ཏེ། བ་ལང་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལྡོག་པ་ཁྱོད་གཉིས་ཀ་ལ་ཡང་ཡོད་པ་ཡིན་པའི་ཕྱིར། བ་ལང་དེའི་འབྲས་བུ་འདོད་ནའང་བ་ལང་དེའི་འབྲས་བུ་མེད་པ་ལས་ཐ་དད་ཉིད་ཁས་ལེན་རིགས་ཏེ། སྤྱི་རྟག་དངོས་མེད་པ་དེའི་ཕྱིར། སྤྱི་རྟག་དངོས་མེད་ཀྱང་སྒྲ་གཅིག་འཇུག་པ། དཔེར་ན། མིག་ལ་སོགས་པ་ཆོས་ཅན། ཁྱད་པར་མེད་པའི་འབྲས་བུ་དེ་སྐྱེད་ཅེས་སྟོན་པ་དག་ནི་སྲིད་པར་འགྱུར་ཏེ། གཟུགས་འཛིན་རྣམ་ཤེས་གཅིག་གི་འབྲས་བུ་ཅན་ཡིན་ནོ་ཞེས་སྟོན་པ་སྲིད་པའི་ཕྱིར། རྐྱེན་གསུམ་པོ་དེའི་ངོ་བོ་སྤྱི་ལས་ནི་རྫས་ཐ་དད་མེད་དུ་ཟིན་ན་ཡང༌། དབང་ཤེས་ཀྱི་རྒྱུ་ཞེས་པའི་བརྡ་ལས་བྱུང་བ་བསྙད་པར་བྱས་པ་ཆོས་ཅན། དོན་ཡོད་དེ། དབང་ཤེས་འགའ་ཞིག་གི་རྒྱུ་ཚོགས་ཀུན་ཅིག་ཅར་རྟོགས་པའི་ཆེད་ཡིན་པའི་(༢༠བ)ཕྱིར།
གཉིས་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་གསལ་བ་མང་པོ་དག་ལའང་ཆོས་ཅན། མཉན་པ་གཅིག་འཇུག་སྟེ། སྤྱི་རྟག་པ་ཆ་མེད་གཅིག་གནས་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། སྤྱི་རྟག་དངོས་གནས་པ་དགག །སྤྱི་ཆ་མེད་གནས་པ་དགག་པའོ། །དང་པོ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། སྤྱི་དེ་ཆོས་ཅན། གསལ་བ་ལ་གནས་པའི་དོན་གསལ་བ་ལ་བརྟེན་ནམ། གསལ་བས་གསལ་བ་ཡིན་པ་དེ་ལྟར་ཁྱོད་ལ་མི་རིགས་པར་ཐལ། རྟག་དངོས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། བརྟེན་པ་དགག །གསལ་བ་དགག་པའོ། །དང་པོ་ནི། ཆོས་ཅན། གསལ་བ་དེ་རྟེན་དོན་གཞན་མ་ཡིན་པར་ཐལ། གསལ་བས་ཕན་འདོགས་པ་མེད་པའི་ཕྱིར་ཏེ། རྟག་དངོས་ཡིན་པའི་ཕྱིར། མཁར་གཞོང་ཆོས་ཅན། རྒྱ་ཤུག་གི་རྟེན་མིན་པར་ཐལ། དེ་ལ་མི་ཕན་པའི་ཕྱིར་ཞེ་ན། མཁར་གཞོང་ལ་སོགས་པ་ཆོས་ཅན། རྒྱ་ཤུག་ལ་ཕན་ནུས་ཏེ། འཐུར་དུ་ལྟུང་བའི་ངང་ཚུལ་ཅན་གྱི་རྒྱ་ཤུགས་དེའི་ཉེར་ལེན་དུ་ཡུལ་མཚུངས་པར་སྐྱེད་པའི་ཕྱིར། སྤྱི་དེ་ཆོས་ཅན། གསལ་བས་ཕན་འདོགས་པ་དེ་ཡང་ཁྱོད་ལ་མི་སྲིད་པར་ཐལ། རྟག་པ་ཡིན་པའི་ཕྱིར། གསལ་བས་སྤྱི་གྲུབ་ཟིན་གནས་པར་བྱེད་དོ་ཞེ་ན། ཆོས་ཅན། གསལ་བས་གྲུབ་ཟིན་གནས་པ་མིན་པར་ཐལ། གསལ་བ་དེ་མེད་ན་ཡང་གནས་པའི་ཕྱིར། ཆོས་ཅན། གསལ་བས་གནས་པ་དེ་ཡང་མི་རིགས་ཏེ། གསལ་བས་གནས་པ་ཁྱོད་དང་རྫས་ཐ་དད་དང་མིན་པ་བྱེད་ཅེས་པའི་རྣམ་པར་དཔྱོད་པས་དཔྱད་ན་མི་རིགས་པ་ཉིད་ཡིན་པའི་ཕྱིར།
གཉིས་པ་ནི། གསལ་བ་དེ་སྤྱི་གསལ་བྱེད་ཡིན་ནོ་ཞེ་ན། བུམ་གཟུགས་གང་ཡིན་པ་དེ་ཆོས་ཅན། སྒྲོན་འོད་ཀྱི་གསལ་བྱ་ཡིན་ལ། སྒྲོན་འོད་དེ་གསལ་བྱེད་ཀྱི་རྒྱུ་རུ་འདོད་དེ། (༢༡ན)བདག་ལ་དམིགས་པའི་རྣམ་ཤེས་སྐྱེད་དུ་རུང་བའི་དོན་དུ་གཞན་སྒྲོན་འོད་ཀྱི་ངོར་བྱེད་པ་གང་ཞིག །སྒྲོན་འོད་དེ་རང་འཛིན་ཤེས་པ་སྐྱེད་རུང་ཉིད་ཀྱི་བྱེད་པ་པོ་ཡང་ཡིན་པའི་ཕྱིར། སྤྱི་འདི་ནི་ཆོས་ཅན། རང་འཛིན་ཤེས་པ་སྐྱེད་པ་གསལ་བ་དེ་ལ་ལྟོས་པར་མི་རུང་སྟེ། གསལ་བའི་སྔར་ནས་རང་འཛིན་ཤེས་པ་སྐྱེད་རུང་ཉིད་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། སྤྱི་ལྡན་གསལ་བས་བྱས་པ་གང་ཡིན་ཏེ་མ་ཡིན་པར་ཐལ། འགྱུར་བ་མེད་པའི་ཕྱིར། གསལ་བས་སྤྱི་འཛིན་དབང་པོ་འདུ་བྱེད་པ་ཡིན་ནོ་ཞེ་ན། གསལ་བ་དེ་ནི་ཆོས་ཅན། མིག་སྨན་སོགས་བཞིན་དུ་སྤྱི་འཛིན་དབང་པོའང་འདུ་བྱེད་པ་མིན་ཏེ། ཁྱོད་ཡོད་མེད་ཀྱི་དུས་དག་ལ་སྤྱི་རྟོགས་པ་ཐ་དད་མེད་པའི་ཕྱིར། གལ་ཏེ་རིགས་རྣམས་ཀྱི་ནི་གསལ་བྱེད་ཀྱང་ཡིན་པས་རིགས་དང་ལྡན་པར་འདོད་ན། སྒྲོན་མེ་ལ་སོགས་ཆོས་ཅན། བ་ལང་ཉིད་སོགས་དེ་དང་ལྡན་པ་འཐོབ་པར་ཐལ། བ་ལང་ཉིད་གསལ་བྱེད་ཡིན་པའི་ཕྱིར།
གཉིས་པ་སྤྱི་ཆ་མེད་དགག་པ་ལ་གཉིས། སྤྱིར་དགག །ཁྱད་པར་དུ་དགག་པའོ། །དང་པོ་ནི། གང་དག་རིགས་ནི་གསལ་བ་ལས་རྫས་གཞན་ནམ་རྫས་གཞན་མིན་པར་ཡོད་པ་ཉིད་དེའི་ལུགས་ལ། སྔོན་མེད་པའི་གསལ་བ་རྣམས་ལ་ནི། སྤྱིའི་བློ་གྲོས་ཇི་ལྟར་འཇུག་པ་ཡིན་ཏེ་མ་ཡིན་པར་ཐལ། སྤྱི་ཆ་མེད་གང་ཞིག །གསལ་བ་སྔ་མ་གཅིག་ལ་ཡོད་པ་མཐོང་བ་ནི། གསལ་བ་ཕྱི་མ་གཞན་ལ་མཐོང་བ་མི་སྲིད་པའི་ཕྱིར། དེའི་རྒྱུ་མཚན་ནི། སྤྱི་དེ་གསལ་བ་སྔ་མ་དང་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། སྤྱི་ཆོས་ཅན། གསལ་བ་ཕྱི་མ་ལ་རྗེས་འགྲོ་མེད་པར་ཐལ། གསལ་བ་སྔ་མ་ལས་གཞན་ཉིད་མིན་པར་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། གསལ་བ་སྔ་མ་ལ་(༢༡བ)བརྟེན་པ་མ་ཡིན་པར་ཐལ། དེ་ལས་རྫས་གཞན་ཉིད་གང་ཞིག །རྒྱུ་འབྲས་མིན་པའི་ཕྱིར།
གཉིས་པ་ལ་གཉིས། བྱེ་བྲག་པའི་ལུགས་དགག །གྲགས་ཅན་པའི་ལུགས་དགག་པའོ། །དང་པོ་ལ་གཉིས། སྤྱིའི་ངོ་བོ་དགག །སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། གསལ་བའི་བར་སྟོང་ན་སྤྱི་མེད་པ་དགག །ཡོད་པ་དགག་པའོ། །དང་པོ་ནི། གཟིགས་ཟན་གྱིས། སྤྱི་ནི་ཐམས་ཅད་དུ་སོང་བའོ། །ཞེས་པའི་དོན་ལ། དཔེ་ཐར་ན་རེ། སྤྱི་ནི་རང་གི་རྟེན་ཙམ་ལ་ཁྱབ་བོ་ཞེ་ན། སྤྱི་ཆོས་ཅན། གསལ་བ་གསར་བྱུང་ལ་རྗེས་སུ་མི་འགྲོ་བར་ཐལ། གསལ་བ་གསར་བྱུང་ཡོད་པའི་ཡུལ་དེ་ན། སྔར་ནས་ཡོད་པའང་མིན། ཕྱིས་ཡོད་པའང་མིན། ཆ་གཅིག་གསལ་བ་སྔ་མ་ལ་གནས་ནས། ཆ་གཅིག་ཕྱི་མ་ལ་འཕོ་བའི་ཆ་དང་ལྡན་པའང་མིན་པའི་ཕྱིར། གསལ་བ་ཕྱི་མ་ལ་རྫོགས་པར་འཕོ་བའང་མིན་ཏེ། རྟེན་གསལ་བ་སྔ་མ་ནི་ཡོངས་སུ་མི་འདོར་བའི་ཕྱིར་རོ། །ཀྱེ་མ་བྱེ་བྲག་པའི་སྤྱི་ཁས་ལེན་ཚུལ་འདི་ནི་ཕོངས་པའི་རྒྱུ་ཉིད་ཡིན་ཏེ། གསལ་བ་སྔ་ཕྱི་གང་རུང་སྤྱི་དང་ལྡན་པར་ཁས་བླངས་ན་ཅིག་ཤོས་སྤྱིས་སྟོང༌། གཉིས་ཀ་སྤྱི་དང་ལྡན་པར་ཁས་བླངས་ན་སྤྱི་ཆ་མེད་ཉམས་པའི་ཕྱིར། ཆོས་ཅན། གསལ་བ་སྔ་མ་དེ་ལས་གནས་གཞན་དུ་སྐྱེ་བའི་གསལ་བ་ལ་གནས་ན་ཤིན་ཏུ་རིགས་པར་ལྡན་པ་མ་ཡིན་པར་ཐལ། གསལ་བ་སྔ་མ་གཞན་ལ་གནས་པར་གྱུར་པ་ནི་རང་གི་གནས་ལས་མི་གཡོ་ཞིང་ཆ་མེད་པའི་ཕྱིར། ཆོས་ཅན། གསལ་བ་གསལ་བྱུང་དེ་དག་གི་ཡུལ་ལ་ཁྱབ་པ་ཅན་དེ་ནི་ཅི་ག་ངོ་མཚར་ཆེ་བ་སྟེ་མི་རིགས་པར་ཐལ། གང་ན་གསལ་བ་གསར་བྱུང་གི་དངོས་པོ་དེ་གནས་པར་གྱུར་པ་དེར་ནི་འབྲེལ་བའང་མ་ཡིན་པའི་ཕྱིར།
གཉིས་པ་ནི། གལ་ཏེ་དཔེ་ལུ་ཀ་ན་རེ། གསལ་བ་ཡོད་མེད་ཀུན་ན་རིགས་(༢༢ན)ཡོད་དོ་ཞེ་ན། དེ་ཆོས་ཅན། ཡུལ་ཀུན་ཏུ་མཐོང་བར་ཐལ། ཡུལ་གཅིག་ཏུ་གསལ་བས་གསལ་བ་ཉིད་གང་ཞིག །ཡུལ་ཐམས་ཅད་དུ་ཆ་ཐ་དད་མེད་པར་ཡོད་པའི་ཕྱིར། ཐམས་ཅད་དུ་མཐོང་བ་མིན་ཏེ། གསལ་བས་གསལ་བ་ལ་ལྟོས་པའི་ཕྱིར་ཞེ་ན། དེ་ཡང་ཆོས་ཅན། གསལ་བས་གསལ་བ་ལ་ལྟོས་པ་མིན་པར་ཐལ། གསལ་བྱེད་རྟོགས་པ་མིན་ན་གསལ་བྱ་ཡང་དག་པར་རྟོགས་པ་མིན་པ་གང་ཞིག །སྤྱི་དང་སྤྱི་དེ་དང་ལྡན་པའི་གསལ་བ་དག་ཅིའི་ཕྱིར་ན་རྟོགས་ཚུལ་གོ་བཟློག་པར་འདོད་དེ་ཁྱོད་བཟུང་བའི་སྒོ་ནས་གསལ་བ་འཛིན་པའི་ཕྱིར།
གཉིས་པ་ནི། གསལ་བ་ཆོས་ཅན། སྤྱི་རྫས་གཞན་ཡོད་དེ། སྤྱི་སྒྲ་དང་སྤྱི་བློ་འཇུག་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཆ་ཐ་དད་མེད་པའི་སྤྱི་དོན་གཞན་མེད་པར་ཡང་འཚེད་པ་པོ་སོགས་རྗོད་པ་ཡིན་པའི་ཕྱིར། འབྲས་འཚེད་པའི་ལས་ཙམ་དེ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུའོ་ཞེ་ན། འབྲས་འཚེད་པའི་ལས་རྣམས་ཆོས་ཅན། འཚེད་པ་པོའི་སྒྲ་འཇུག་པའི་རྒྱུ་མིན་པར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། འབྲས་འཚེད་པའི་ལས་ཀྱི་རིགས་དེ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུའོ་ཞེ་ན། འབྲས་འཚེད་པའི་ལས་འདིའི་རིགས་ཆོས་ཅན། འབྲས་འཚེད་པ་པོ་དུ་མ་ལ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུ་མིན་པར་ཐལ། དེའི་ལས་ལ་འབྲེལ་གྱི་འཚེད་པ་པོ་ལ་མ་འབྲེལ་བའི་ཕྱིར་དང༌། འབྲས་འཚེད་པའི་ལས་ཞེས་པའི་མཉན་པ་གཞན་གྱི་རྒྱུ་མཚན་ཡིན་པའི་ཕྱིར། སྔར་འབྲས་འཚེད་པའི་ལས་བྱས། ད་ལྟ་འབྲས་འཚེད་པའི་ལས་མི་བྱེད་པའི་སྐྱེས་བུ་ཆོས་ཅན། ད་ལྟ་འབྲས་འཚེད་པ་པོ་ཞེས་པའི་སྒྲ་མི་འཇུག་པར་ཐལ། ད་ལྟ་འབྲས་འཚེད་པའི་ལས་ཀྱང་གནས་པ་ཡོད་པ་མིན་པའི་ཕྱིར། ཆོས་ཅན། འབྲས་འཚེད་པའི་ལས་ཀྱི་སྤྱི་དེ་ད་ལྟ་ཁྱོད་(༢༢བ)ལ་འཚེད་པ་པོ་ཞེས་པའི་སྒྲ་འཇུག་པའི་རྒྱུ་ཡིན་པ་མི་རིགས་པ་མིན་པ་མ་ཡིན་པར་ཐལ། དེ་ཁྱོད་ལ་ད་ལྟ་འབྲེལ་བ་མེད་པའི་ཕྱིར། ཁྱབ་སྟེ། འབྲེལ་བ་མེད་ཀྱང་རྒྱུ་ཡིན་ན་ཧ་ཅང་ཐལ་བའི་ཕྱིར། ལས་ད་ལྟ་མེད་ཀྱང་རྒྱུ་ཡིན་ནོ་ཞེ་ན། ཆོས་ཅན། གལ་ཏེ་ལས་མེད་ན་ཡང་ད་ལྟ་འཚེད་པ་པོའི་ཤེས་རྗོད་དག་གི་རྒྱུ་མ་ཡིན་ཏེ། དེ་ལྟ་ན་ཁྱོད་ལ་འཚེད་པ་པོ་རྒྱུ་མཚན་ཅན་མིན་པ་ཐོབ་པའི་ཕྱིར་རོ། །འབྲས་འཚེད་པའི་ནུས་པ་དེ། འཚེད་པ་པོ་ཞེས་པའི་སྒྲ་འཇུག་པའི་རྒྱུུ་ཡིན་ནོ་ཞེ་ན། འབྲས་འཚེད་པའི་ནུས་པ་རྣམས་ཆོས་ཅན། འཚེད་པ་པོའི་སྒྲ་འཇུག་པའི་རྒྱུ་མིན་པར་ཐལ། ཕན་ཚུན་རྗེས་འགྲོ་མེད་པར་ཐ་དད་ཡིན་པའི་ཕྱིར། གལ་ཏེ་འཚེད་པ་པོ་ཉིད་སོགས་ཀྱི་སྤྱི་དེ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུའོ་ཞེ་ན། ཕྱིས་འབྲས་འཚེད་འགྱུར་གྱི་སྐྱེས་བུ་སྐྱེས་མ་ཐག་པ་དེ་ཆོས་ཅན། དང་པོ་ཉིད་དུ་ཡོད་པ་ཉིད་ལ་སོགས་པ་བཞིན་དུ། འཚེད་པ་པོའོ་སྙམ་དུ་གསལ་བར་འགྱུར་བར་ཐལ། འཚེད་པ་པོ་ཉིད་ཀྱི་སྤྱི་དང་དང་པོ་ནས་འཕྲོད་འདུ་འབྲེལ་བའི་ཕྱིར། དང་པོ་ནས་གསལ་བ་མིན་ནོ་ཞེ་ན། ཆོས་ཅན། དེ་ཕྱིས་ཀྱང་གསལ་བར་མི་འགྱུར་བར་ཐལ། སྔར་མི་གསལ་བ་གང་ཞིག །སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། འབྲས་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་གསལ་བྱེད་ཡིན་ནོ་ཞེ་ན། ཆོས་ཅན། རྐྱེན་ལ་ལྟོས་པ་མེད་པར་ཐལ། འགྱུར་མེད་ཡིན་པའི་ཕྱིར། སྐྱེས་བུ་འདི་ནི་རྐྱེན་གྱིས་ཕུལ་དུ་བྱུང་བ་བྱར་ཡོད་དོ་ཞེ་ནའང༌། ཆོས་ཅན། སྐད་ཅིག་མ་ཉིད་ཡིན་པར་ཐལ། རྐྱེན་ལས་སྐྱེས་པའི་ཕྱིར། འདོད་ན། ཆོས་ཅན། འབྲས་འཚེད་པའི་བྱ་བས་ཕན་འདོགས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། འབྲས་འཚེད་པའི་བྱ་བའི་དུས་ན་ཞིག་པའི་ཕྱིར། སྤྱི་རྟག་དངོས་མེད་པར་མཚུངས་ན། ཤིང་གསལ་(༢༣ན)དང་བ་ལང་གི་གསལ་བ་ལ་ཤིང་གི་སྒྲ་རྟོག་འཇུག་གི་ཁྱད་པར་མི་འཐད་དོ་ཞེ་ན། སྤྱི་རྟག་དངོས་མེད་པའི་རྫས་ཐ་དད་དུ་མཚུངས་པ་ཡིན་ན་ཡང༌། ཤིང་གི་གཞན་སེལ་གྱི་རིགས་ཉེ་བ་གང་གིས། ཤིང་གསལ་འགའ་ཞིག་ལ་ཤིང་གི་སྒྲ་རབ་ཏུ་འཇུག་ལ། གཞན་བ་ལང་ལ་ཤིང་གི་སྒྲ་འཇུག་པ་མ་ཡིན་ཏེ། གཞན་སེལ་དེ་ཉིད་སྒྲ་དང་ཤེས་པ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །
གཉིས་པ་གྲངས་ཅན་པའི་ལུགས་དགག་པ་ལ་གཉིས། དངོས། དེས་གཅེར་བུ་པའང་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གྲངས་ཅན་ན་རེ། གལ་ཏེ་གཞན་ལས་ལྡོག་པ་སྤངས་པའི་དངོས་པོའི་རྗེས་སུ་འགྲོ་བའི་སྤྱི་གཙོ་བོ་གཞན་མེད་ན། ས་བོན་གཅིག་གི་འབྲས་བུ་མྱུ་གུ་དེ་ཆུ་ལུད་དྲོད་གཤེར་གཞན་གྱི་འབྲས་བུ་མིན་པར་ཐལ། ས་བོན་དང་ཆུ་ལུད་དྲོད་གཤེར་ཤིན་ཏུ་ཐ་དད་པའི་ཕྱིར། འོ་ན་རང་གི་ལུགས་གང་ཞེ་ན། གལ་ཏེ་སྤྱི་གཙོ་བོའི་ངང་དུ་བདག་ཉིད་གཅིག་པ་ཡིས། རྒྱུ་དུ་མས་འབྲས་བུ་གཅིག་བྱེད་དོ་ཞེས་ན།
གཉིས་པ་ལ་གསུམ། རྒྱུ་དུ་མ་དོན་མེད་དུ་ཐལ་བ། རྒྱུ་འབྲས་འཆོལ་བར་ཐལ་བ། འཇུག་པ་འཆོལ་བར་ཐལ་བའོ། །དང་པོ་ལ་གཉིས། ལྷན་ཅིག་བྱེད་རྐྱེན་དོན་མེད་དུ་འགྱུར་བ་དང༌། རྒྱུ་འབྲས་ངེས་མེད་དུ་ཐལ་བ་སྤང་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ལྷན་ཅིག་བྱེད་པའི་རྐྱེན་དོན་མེད་དུ་འགྱུར་བར་ཐལ། ས་བོན་གྱི་བདག་ཉིད་གཅིག་པུའང་མྱུ་གུ་སྐྱེད་པའི་ནུས་པ་དེ་རྫོགས་པར་ཡོད་པའི་ཕྱིར། ཁྱབ་སྟེ། ས་བོན་ལས་ཐ་དད་པའི་ངོ་བོ་སྤྱི་གཙོ་བོ་དེ་རྗེས་སུ་མི་འགྲོ་བ་དང་བྲལ། ཁྱད་པར་ཆུ་ལུད་རྣམས་ཡོད་པའི་ངེས་པ་དང་བྲལ་བའི་ཕྱིར། འདོད་ན། འབྲས་བུ་མྱུ་གུ་དེ་དག་ཆོས་ཅན། ལྷན་ཅིག་བྱེད་རྐྱེན་གྱི་བྱེ་བྲག་རྣམས་ལས་འབྱུང་སྟེ།(༢༣བ) སྐྱེ་བ་གང་ཞིག །དེ་གང་རུང་གཅིག་དང་བྲལ་ནའང་ཁྱོད་སྐྱེ་བ་མེད་པའི་ཕྱིར། གང་ཞིག་རྗེས་སུ་འགྲོ་བའི་སྤྱི་གཙོ་བོ་དེ་ཆོས་ཅན། ཁྱོད་ལས་འབྲས་བུ་མི་འབྱུང་བར་ཐལ། དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ལ། དེ་ཡང་ཁྱོད་ལ་མེད་པའི་ཕྱིར།
གཉིས་པ་ལ་གསུམ། རང་བཞིན་ཐ་དད་ལ་ཉེས་པ་མེད། རང་བཞིན་གཅིག་ལ་ཉེས་པ་བསྟན། ཉེས་པ་མེད་པའི་དོན་བསྡུ་བའོ། །དང་པོ་ནི། ནས་ཀྱི་ས་བོན་ཆོས་ཅན། ས་ལུའི་ས་བོན་དང་བདག་ཉིད་ཐ་དད་དུ་མཚུངས་ཀྱང༌། ནས་ཀྱི་མྱུ་གུ་འགའ་ཞིག་གི་རྒྱུ་ཡིན་ལ། གཞན་པ་ས་ལུའི་མྱུ་གུའི་རྒྱུ་མིན་ཏེ། དེ་ལྟ་ན་ཡང་ནས་ཀྱི་མྱུ་གུ་སྐྱེད་ལ་ས་ལུའི་མྱུ་གུ་མི་སྐྱེད་པ་འདི་ཁྱོད་ཀྱི་རང་བཞིན་ཡིན་པའི་ཕྱིར།
གཉིས་པ་ནི། ནས་དང་ས་ལུའི་ས་བོན་ཆོས་ཅན། ཅིག་ཅར་སྐྱེ་འཇིག་བྱེད་པར་འགྱུར་བར་ཐལ། སྤྱི་གཙོ་བོའི་ངང་དུ་ཐ་དད་པ་མེད་པའི་ཕྱིར། གཙོ་བོ་དེ་ལས་སྐྱེས་པའི་རྣམ་འགྱུར་རྣམས་གནས་སྐབས་ཐ་དད་པས། ཅིག་ཅར་སྐྱེ་འཇིག་བྱེད་པ་དེ་ལྟར་མི་འགྱུར་ཞེ་ན། སྤྱི་གཙོ་བོ་དེ་བུམ་གསལ་གཅིག་འཇིག་པའི་ཚེ་འཇིག་གམ་མི་འཇིག །གཉིས་པ་ལྟར་ན། སྤྱི་གཙོ་བོ་ཆོས་ཅན། བུམ་གསལ་དེའི་རང་བཞིན་མ་ཡིན་པར་ཐལ། བུམ་གསལ་གཅིག་འཇིག་པའི་ཚེ་བདག་ཉིད་རྟག་པར་གནས་པའི་དངོས་པོ་ཡིན་པའི་ཕྱིར། འདོད་ན། དེ་དང་སྤྱི་དང་ཁྱད་པར་གྱི་བློ་སྐྱེ་བར་མི་འགྱུར་བར་ཐལ་ལོ། །བུམ་གསལ་འཇིག་པའི་ཚེ་འཇིག་མི་འཇིག་བརྟགས་ནས་གཞན་སེལ་གྱི་སྤྱི་ལའང་མཚུངས་ཞེ་ན། གཞན་སེལ་གསུམ་ལས། བུམ་པའི་དོན་གྱི་གཞན་སེལ་ཆོས་ཅན། བུམ་གསལ་འཇིག་པའི་ཚེ་འཇིག་མི་འཇིག་བརྟགས་ནས། སེལ་བ་སྨྲ་བ་སུན་དབྱུང་དུ་མེད་དེ། དེ་འཇིག་པའི་ཚེ་འཇིག་པར་ཁས་བླངས་པ་ལ་ཉེས་པ་མེད་པའི་ཕྱིར། ལྡོག་པ་མེད་དགག་(༢༤ན)གི་སེལ་བ་ཆོས་ཅན། བུམ་གསལ་གཅིག་འཇིག་པའི་ཚེ་གནས་པ་དང་མི་གནས་པར་རྟོག་པའི་སྒོ་ནས། སེལ་བ་སྨྲ་བ་སུན་དབྱུང་བ་རིགས་པ་མིན་ཏེ། དངོས་པོའི་ངོ་བོ་ཉིད་མེད་པའི་ཕྱིར། སྤྱི་བློའི་སེལ་བ་ཡང་ཆོས་ཅན། བུམ་གསལ་གཅིག་འཇིག་པའི་ཚེ་འཇིག་མི་འཇིག་བརྟགས་ནས་སེལ་བ་སྨྲ་བ་སུན་དབྱུང་བ་ཡང་མེད་དེ། རྟོག་པས་བསླད་པ་ཡིན་པ་དེའི་ཕྱིར། ཆུ་ལུད་དྲོད་གཤེར་ཆོས་ཅན། མྱུ་གུ་ཇི་ལྟར་སྐྱེད་དེ་མི་སྐྱེད་པར་ཐལ། མྱུ་གུ་དེའི་སྐྱེད་བྱེད་ཀྱི་ངོ་བོ་ས་བོན་གང་ཡིན་པ་དེ་ལས་གཞན་པས་སོ་ཞེ་ན། ཆོས་ཅན། དེ་ལ་ཁྱབ་པ་མེད་པར་ཐལ། ཁྱོད་ཐ་དད་པའི་ཁྱད་པར་ཉིད་དུ་མྱུ་གུ་སྐྱེ་བྱེད་ཡིན་པའི་ཕྱིར། ཆུ་ལུད་དྲོད་གཤེར་དེ་ལ་ཐ་དད་མིན་པའི་གཙོ་བོའང་ཡོད་པས། དེས་མྱུ་གུ་སྐྱེད་ཅེ་ན། ཤེས་བྱ་ཆོས་ཅན། སྤྱི་གཙོ་བོ་དེས་མྱུ་གུ་དེ་སྐྱེད་པ་མ་ཡིན་པར་བརྗོད་དེ། སྤྱི་གཙོ་བོ་མེད་པའི་ཕྱིར། རྒྱུ་མཚན་ནི། དངོས་པོ་རྣམས་ཆོས་ཅན། རྫས་ཐ་དད་དུ་འཇོག་བྱེད་ཡོད་པ་ཡིན་ཏེ། བློ་མ་འཁྲུལ་བ་ལ་སྣང་བའང་གཞན་ལ་མི་བརྟེན་པར་ཐ་དད་དུ་སྣང་བ་ཡིན་པའི་ཕྱིར། དེ་ཉིད་ཆོས་ཅན། དོན་དམ་ཡིན་ཏེ། སྒྲོ་མ་བཏགས་པར་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། གཞན་ལས་ལོག་པ་ཡིན་ཏེ། གཞན་དང་མ་འདྲེས་པར་གནས་པའི་ཕྱིར། དེ་ནི་ཆོས་ཅན། རྒྱུ་དང་འབྲས་བུར་བཤད་དེ། ཕན་འདོགས་བྱེད་དང་གདགས་བྱ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། རང་གི་མཚན་ཉིད་དུ་འདོད་དེ། དོན་བྱེད་ནུས་པའི་ཕྱིར། དེ་ནི་ཆོས་ཅན། སྐྱེས་བུ་ཐམས་ཅད་འཇུག་པའི་ཡུལ་ཡིན་ཏེ། བླང་དོར་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར།
གསུམ་པ་ནི། ཇི་ལྟར་གྲངས་ཅན་གྱི་ལུགས་ལ་རྫས་ཐ་དད་མེད་པར་ཁྱད་མེད་ན་ཡང་རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མིན་པ་དེ་བཞིན་དུ། རྫས་ཐ་དད་པར་(༢༤བ)ཁྱད་པར་མེད་ནའང༌། རྒྱུ་ཐམས་ཅད་འབྲས་བུ་ཀུན་གྱི་སྒྲུབ་བྱེད་མིན་ཏེ། རྫས་ཐ་དད་ན་ཡང་དངོས་པོའི་ཆོས་ཉིད་ཀྱིས་རྒྱུ་ཁ་ཅིག་འབྲས་བུ་འགའི་བྱེད་པ་པོར་འགྱུར་བའི་ཕྱིར།
གཉིས་པ་རྒྱུ་འབྲས་འཆོལ་བར་ཐལ་བ་ནི། ནས་ཀྱི་ས་བོན་ཆོས་ཅན། ནས་ཀྱི་མྱུ་གུ་གཅིག་ཉིད་ཀྱི་བྱེད་པ་པོ་དང༌། ས་ལུའི་མྱུ་གུ་མི་བྱེད་པ་འགལ་བར་འགྱུར་བར་ཐལ། ས་ལུའི་ས་བོན་དང་ཐ་དད་མེད་པའི་ཕྱིར། ཆོས་ཅན། ས་ལུའི་མྱུ་གུ་སྐྱེད་པའི་བྱ་བ་མེད་དེ། ས་ལུའི་ས་བོན་དང་གནས་སྐབས་ཐ་དད་དུ་ཡོད་པ་དེའི་ཕྱིར་ཞེ་ན། ལྷན་ཅིག་བྱེད་རྐྱེན་ཆོས་ཅན། མྱུ་གུ་མི་བྱེད་པར་ཐལ། ས་བོན་དང་གནས་སྐབས་ཐ་དད་ཡིན་པའི་ཕྱིར། འོན་ཏེ་སྤྱི་གཙོ་བོ་དེ་མྱུ་གུ་རྣམས་རིམ་བཞིན་བྱེད་པ་པོ་ཉིད་ཡིན་ནོ་ཞེ་ན། སྤྱི་གཙོ་བོ་ཆོས་ཅན། དངོས་པོ་དེ་ཉིད་ཀྱི་རིམ་བཞིན་བྱེད་པ་པོ་ཅི་ཡིན་ཏེ་མ་ཡིན་པར་ཐལ། ཆ་མེད་གཅིག་ཡིན་པའི་ཕྱིར། སྤྱི་དེ་དང་ལྡན་པའི་དངོས་པོ་རྣམས་ཆོས་ཅན། ཤིན་ཏུ་ནི་ཐ་དད་དང་ཐ་དད་མེད་པར་འགྱུར་བར་ཐལ། གནས་སྐབས་རྫས་ཐ་དད་དང༌། སྤྱི་གཙོ་བོའི་ངང་དུ་གཅིག་པའི་ཕྱིར། སྤྱི་དང་ཁྱད་པར་ཆོས་ཅན། རྣམ་གྲངས་ཕན་ཚུན་ཐ་དད་དུ་འགྱུར་བར་ཐལ། འདྲ་བ་དང་མི་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། སྤྱི་ཁྱད་དེ་ཡང་ཐ་དད་དུ་འགྱུར་ཏེ། དེ་ནི་ནུས་པ་ཡིན་ལ། ཁྱད་པར་ནི་མངོན་པར་གསལ་བ་ཡིན་པའི་ཕྱིར་ཞེ་ན། གལ་ཏེ་དངོས་པོ་དེ་དག་གི་སྤྱི་དང་ཁྱད་པར་ཞེས་བྱ་བ་དེ་དག་ཆོས་ཅན། རྫས་ཐ་དད་ཉིད་དུ་འགྱུར་བར་ཐལ། ནུས་པ་དང་མངོན་པར་གསལ་བའི་བདག་ཉིད་གང་གིས་ཐ་དད་པའི་ཕྱིར། འདོད་པ་དེ་ལྟ་ནའང༌། སྤྱི་དང་ཁྱད་པར་དུ་འདོད་པའང་སྤྱི་དང་ཁྱད་པར་ཅན་དུ་མི་འགྱུར་བར་ཐལ་ལོ། །ཇི་ལྟར་བུམ་སྣམ་སོགས་ཕན་ཚུན་སྤྱི་དང་ཁྱད་པར་དུ་མི་འགྱུར་བ་བཞིན་ནོ། །
གསུམ་པ་ནི། བ་ལང་གི་བདག་(༢༥ན)ཉིད་དུ་བྱས་ནས་བསྒྲུབ་བྱ་བཞོ་བཀལ་དེའི་འབྲས་བུ་འདོད་པ་ཅན་གྱི་སྐྱེས་བུ་འདི་ནི་ཆོས་ཅན། བཞོ་བཀལ་དེའི་རྟེན་བ་ལང་གི་གསལ་བ་རྣམས་རྫས་ཐ་དད་དང་ཐ་དད་མེད་ཅེས་དཔྱད་པར་བྱས་ནས་འཇུག་པར་འགྱུར་གྱི། སྤྱི་གཙོ་བོ་ལ་འཇུག་བྱ་མ་ཡིན་པར་ཐལ། བ་ལང་གི་གསལ་བ་རང་གི་བདག་ཉིད་རྫས་ཐ་དད་པ་རྣམས་ལ། བ་ལང་མིན་པ་ལས་ལོག་པར་མཚུངས་པ་ཉིད་དག་ནི་ཡོད་པ་ཉིད་ཡིན་གྱི། དངོས་པོ་ལ་རྗེས་སུ་འགྲོ་བའི་གཙོ་བོ་མེད་པའི་ཕྱིར། རྟགས་མ་གྲུབ་ན། མེ་དོན་གཉེར་ཆུ་ལ་འཇུག་པ་སོགས་སུ་འགྱུར་བར་ཐལ། མེ་ཆུ་གཉིས་སྤྱི་གཙོ་བོའི་ངང་དུ་གཅིག་ཡིན་པའི་ཕྱིར། གཉིས་པ་དེས་གཅེར་བུ་པའང་ཁེགས་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། སྤྱི་གཙོ་བོ་འགོག་པའི་རིགས་པ་དེ་ཉིད་ཀྱིས་ནི། འཛེམ་མེད་པ་མུན་སྤྲུལ་གང་ཅི་ཡང་རུང་བ་སྨྲ་བ་དེ་དག་ཀྱང་ནི་གསལ་བ་ཡིན་ཏེ། དངོས་པོ་རྣམས་མཐའ་གཅིག་ཏུ་རྫས་ཐ་དད་པར་ནི་སྲིད་པའི་ཕྱིར་རོ། །རྟགས་མ་གྲུབ་སྟེ། དངོས་པོ་ཐམས་ཅད་རང་བཞིན་གཅིག་པ་དང༌། གནས་སྐབས་ཐ་དད་པ་གཉིས་ཀའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཞོ་འཐུང་ཞེས་ནི་བསྐུལ་བ་ན། ཅིའི་ཕྱིར་རྔ་མོ་འཐུང་བ་ལ་མི་རྒྱུག་སྟེ་རྒྱུག་རིགས་པར་ཐལ། ཞོ་རྔ་ཐ་དད་པ་དེའི་ཁྱད་པར་གསལ་བའི་ཕྱིར། འོན་ཏེ་ཞོ་ལ་འོ་མས་བྱས་པའི་ཕུལ་དུ་བྱུང་བ་འགའ་ཞིག་ཡོད་པ་གང་གིས། ཁྱད་པར་ཞོ་ལ་འཇུག་པར་འགྱུར་རོ་ཞེ་ན། ཆོས་ཅན། ཞོ་རྔ་གཉིས་ཀ་རང་བཞིན་གཅིག་མིན་པར་གཞན་ཡིན་པར་ཐལ། འོ་མས་བྱས་པའི་ཕུལ་དུ་བྱུང་བ་དེ་ཉིད་ཞོ་ཡིན་ལ། དེ་གཞན་རྔ་མོ་ལ་མེད་པའི་ཕྱིར། དངོས་པོ་ཐམས་ཅད་ཆོས་ཅན། བློ་སྒྲ་ཐ་དད་འཇུག་པར་མི་འགྱུར་བར་ཐལ། ཁྱེད་ཀུན་བདག་ཉིད་གཅིག་(༢༥བ)ཡིན་པའི་ཕྱིར། འདོད་ན། ཐ་དད་རང་བཞིན་གཅིག་ཏུ་བསྡུས་པར་སྨྲ་བའི་གཅེར་བུ་པ་ཆོས་ཅན། ཐ་དད་གཅིག་ཏུ་སྡུད་པ་མི་སྲིད་པར་འགྱུར་བར་ཐལ། ཐ་དད་པ་དེ་མེད་པའི་ཕྱིར། གཉིས་པ་མེད་པའི་གཞན་སེལ་འབད་མེད་གྲུབ་པ་ནི། ཡོད་པའི་སྒྲ་རྟོག་སེལ་བས་འཇུག་མོད། མེད་པའི་སྒྲ་རྟོག་སེལ་བས་ཇི་ལྟར་འཇུག་ཅེ་ན། དངོས་མེད་བརྗོད་པའི་སྒྲ་ཆོས་ཅན། དངོས་མེད་དེ་སྒྲུབ་པའི་ངོ་བོའི་སྒོ་ནས་རྗོད་པ་ཡིན་ནམ་ཞེས་དཔྱད་བྱ་ཉིད་མ་ཡིན་ཏེ། དངོས་པོའི་ངོ་བོ་མེད་པ་ཚིག་གིས་ཟིན་པར་རྗོད་པའི་ཕྱིར། སྒྲ་ནི་དེ་དག་ཉིད་རྣམ་གཅོད་སེལ་བ་རྗོད་པར་བྱེད་པར་གྲུབ་སྟེ། སྒྲ་རྟོག་ཀུན་སེལ་འཇུག་ཏུ་གྲུབ་པའི་ཕྱིར་རོ། །
རང་བཞིན་རྟགས་ཀྱི་དབྱེ་བ་བཤད་པ།
གཉིས་པ་རང་བཞིན་རྟགས་ཀྱི་དབྱེ་བ་ལ་གསུམ། དངོས། རྩོད་སྤང༌། སྦྱོར་བའི་དབྱེ་བའོ། །དང་པོ་ནི། རང་བཞིན་གྱི་རྟགས་ལ་དབྱེ་ན་དུ་ཞེ་ན། བསྒྲུབ་བྱ་བསྒྲུབ་པའི་ཕྱིར་དུ་བརྗོད་པའི་རང་བཞིན་གྱི་གཏན་ཚིགས་ཆོས་ཅན། གཉིས་ཡོད་དེ། ཁྱད་པར་བྱེད་ཆོས་ཀྱི་བྱེ་བྲག་ལ་ལྟོས་པའམ། འོན་ཏེ་འབའ་ཞིག་པ་རང་བཞིན་དག་པ་བ་གཉིས་ཡོད་པའི་ཕྱིར། དཔེ་རིམ་པ་བཞིན། སྒྲ་འཇིག་པར་སྒྲུབ་པ་ལ། འབྲས་བུ་བྱས་པ་དང་ཡོད་པ་ཉིད་དེ་དངོས་པོ་རྟགས་སུ་བཀོད་པ་བཞིན་ནོ། །བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག །རང་རྗོད་པའི་སྒྲས་རང་གི་ཁྱད་པར་བྱེད་ཆོས་འཕེན་པའི་ཕྱིར། དངོས་པོ་ཆོས་ཅན། དེ་སྒྲུབ་ཀྱི་རང་བཞིན་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། གང་ཞིག །རང་རྗོད་པའི་སྒྲས་ཁྱད་པར་བྱེད་ཆོས་མི་འཕེན་པའི་ཕྱིར།
གཉིས་པ་ལ་རྩོད་ལན་གཉིས། དང་པོ་ནི། གྲངས་ཅན་ན་རེ། གལ་ཏེ་ཡོད་པ་རང་བཞིན་གྱི་གཏན་ཚིགས་ཡིན་ན། གཙོ་བོའི་སྒྲ་དོན་ཡོད་(༢༦ན)པ་ཇི་ལྟར་བསྒྲུབ་བྱ་མིན། དེ་ཡོད་པ་བསྒྲུབ་བྱ་དག་ལས་ཉམས་པར་ཐལ། ཡོད་པ་ཙམ་གྲུབ་ཟིན། ཡོད་པའི་ཁྱད་པར་དབྱེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། ཡོད་པ་གཏན་ཚིགས་དག་ལས་ཉམས་པར་ཐལ། ཡོད་ཙམ་ཁྱབ་པ་མ་ངེས། ཡོད་པའི་ཁྱད་པར་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན།
གཉིས་པ་ལ་གསུམ། ཡོད་པ་སྒྲུབ་ན་དགོས་ནུས་མེད། ཡོད་ཙམ་རྟགས་སུ་འགྱུར་བའི་ཚུལ། སྒྲུབ་བྱེད་མེད་པས་བསྒྲུབ་བྱ་མིན་པའོ། །
དང་པོ་ནི། ཆོས་ཅན། གཙོ་བོའི་སྒྲ་དོན་ལ་ཡོད་པའི་ཁྱད་པར་དག་ནི་བསྒྲུབ་བྱར་འགྱུར་བར་ཐལ། དེ་ལ་ཡོད་པ་བསྒྲུབ་བྱ་ཡིན་པ་གང་ཞིག །ཡོད་ཙམ་བསྒྲུབ་བྱ་མིན་པའི་ཕྱིར། རྟགས་མ་གྲུབ་སྟེ། སྤྱིའི་ཆོས་ཅན་གཙོ་བོའི་སྒྲ་དོན་ལ་ཡོད་པའི་ཁྱད་པར་གྱི་ཆོས་ཙམ་དུ་ནི་བསྒྲུབ་བྱ་ཡིན་ནོ་ཞེ་ན། གཙོ་བོའི་སྒྲ་དོན་ཡོད་ཙམ་དེ་འདྲའང་ཆོས་ཅན། བསྒྲུབ་བྱ་མ་ཡིན་པར་ཐལ། ཁྱོད་སྒྲུབ་ན་སྔ་རྒོལ་གྱིས་དོན་འགའ་ཞིག་ཀྱང་འགྲུབ་པར་མི་འགྱུར་ཞིང༌། ཕྱི་རྒོལ་གྱིས་བཀག་པ་མེད་པར་གྲུབ་ཟིན་པའི་ཕྱིར། རྩ་བར་འདོད་དེ། ཁྱད་པར་བསྒྲུབ་བྱར་གཟུང་ངོ་ཞེ་ན། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བའི་གཏན་ཚིགས་ཆོས་ཅན། གཙོ་བོའི་སྒྲ་དོན་དངོས་པོར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་འགྲོའི་ཁྱབ་པ་མེད་པ་ཅན་དུ་འགྱུར་བའི་ཕྱིར།
གཉིས་པ་ནི། དངོས་པོ་དེའི་ཁྱད་པར་བཟུང་བ་མེད་པར་དངོས་པོ་ཙམ་ནི་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་ནི། བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བ་ཉམས་པ་མེད་དེ། རང་གྲུབ་ཙམ་ནས་མི་རྟག་པ་ཁྱབ་བྱེད་དུ་ངེས་པའི་ཕྱིར།
གསུམ་པ་ནི། གཙོ་བོའི་སྒྲ་དོན་དངོས་པོར་ཡོད་པ་དེ་ཇི་ལྟར་བསྒྲུབ་བྱར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་མེད་པའི་ཕྱིར་ཏེ། ཡོད་ཆོས་དོན་བྱེད་ནུས་པ་(༢༦བ)ཡིན་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་མེད། གཉིས་ཀ་ལ་བརྟེན་པའི་ཆོས་ཡིན་ན། ཁྱབ་པ་འཁྲུལ་བ་ཅན་ཡིན། དངོས་པོར་མེད་པའི་ཆོས་ནི་དེ་སྒྲུབ་ཀྱི་ཁྱབ་པ་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དོན་བྱེད་ནུས་པ་ཡིན་ན་གཙོ་བོའི་སྒྲ་དོན་ལ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར།
གསུམ་པ་སྦྱོར་བའི་དབྱེ་བ་ནི། ཤེས་བྱ་ཆོས་ཅན། མི་རྟག་པ་འདི་ལྡོག་པ་ན་བྱས་པ་དེ་ལྡོག་པར་བྱེད་དེ། མི་རྟག་པའི་རང་བཞིན་དུ་གྲུབ་པའི་བྱས་པ་གོ་བྱེད་ཡིན་ཞིང༌། བྱས་པ་དེ་ལ་ཁྱབ་བྱེད་དུ་ངེས་པའི་རང་བཞིན་དུ་ངེས་པའི་མི་རྟག་པ་གོ་བྱ་ཡིན་པའི་ཕྱིར། གང་བྱས་པ་ཡིན་ན། མི་རྟག་པ་ཉིད་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡིན་ཏེ། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པའི་སྒྲུབ་ངག་ཡིན་པའི་ཕྱིར། གང་མི་འཇིག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའི་ངག་ཆོས་ཅན། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་དངོས་སུ་སྟོན་པའི་སྒྲུབ་ངག་ཡིན་པའི་ཕྱིར།
གསུམ་པ་རང་བཞིན་རྟགས་ཀྱི་འབྲེལ་བ་སྒྲུབ་བྱེད་དངོས་ནི། བྱས་ན་མི་རྟག་པས་ཁྱབ་པ་ཇི་ལྟར་ངེས་ཞེ་ན། བྱས་པ་ཆོས་ཅན། འཇིག་པ་ནི་རང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ། འཇིག་པ་ཕྱིས་བྱུང་གི་རྒྱུ་ལ་ལྟོས་པ་མེད་པའི་དངོས་པོ་ཡིན་པའི་ཕྱིར། རྟགས་མ་གྲུབ་བོ་ཞེ་ན། བུམ་པའི་དངོས་པོ་རྣམས་ནི་ཆོས་ཅན། འཇིག་པའི་ངེས་པ་མེད་པར་འགྱུར་བར་མཐོང་བར་ཐལ། འཇིག་པ་ཕྱིས་བྱུང་གི་རྒྱུ་ལ་ལྟོས་པ་དང་བཅས་པའི་ཕྱིར། མ་ཁྱབ་སྟེ། འཇིག་པ་དེ་ལ་རྒྱུ་མང་པོ་ཡོད་པའི་ཕྱིར་ཞེ་ན་ཡང༌། ཆོས་ཅན། ཁྱོད་འགའ་ཞིག་ལ་ནི་འཇིག་པ་མི་སྲིད་པར་འགྱུར་བར་ཐལ། འཇིག་རྒྱུ་དང་མ་ཕྲད་པ་སྲིད་པའི་ཕྱིར།(༢༧ན) འཇིག་པ་ཕྱིས་བྱུང་གི་རྒྱུ་དང་ལྡན་པར་སྨྲ་བ་རྣམས་ཀྱིས་འཇིག་པའི་རྒྱུ་ནི་ཐམས་ཅད་དག་ཆོས་ཅན། འཇིག་པ་ལས་འཁྲུལ་བ་ཉིད་དུ་བཤད་པ་ཡིན་ཏེ། ཁྱོད་ལ་འབྲས་བུ་འཇིག་པ་གནས་པའི་ངེས་པ་མེད་པའི་ཕྱིར་རོ། །ཐོ་བ་ཆོས་ཅན། བུམ་པ་འཇིག་པ་དེའི་རྒྱུ་མིན་པར་ཐལ། དེ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། ཡང་གི་སྒྲས་ཆོས་ཅན། བུམ་པའི་འཇིག་རྒྱུ་མ་ཡིན་པར་ཐལ། བུམ་པའི་འཇིག་པ་དངོས་མེད་སྐྱེད་པའི་ཕྱིར། གློག་འདི་ནི་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། ཕྱིས་བྱུང་གི་རྒྱུ་ལ་ལྟོས་མེད་དུ་འཇིག་པའི་ཕྱིར། གང་ལ་ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཞེས་བྱ་བར་ངེས་པ་དེ་ལས་གཞན་རི་བོ་ལའང་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པར་འགྱུར་ཏེ། རྟགས་འདྲ། གཉིས་པ་མཇུག་བསྡུ་བ་ནི། འབྲས་རང་གི་རྟགས་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བ་དེས་ན། དངོས་པོ་སྟེ་སྒྲུབ་པའི་ཡུལ་ཅན་གྱི་རྗེས་སུ་དཔོག་པའི་རྟགས་གང་ཡིན་པ་དེ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། འབྲས་བུ་དང་རང་གི་ངོ་བོ་དེ་དག་ལས་རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གཉིས་སུ་ངེས་པའི་ཕྱིར།
དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་བཤད་པ།
གཉིས་པ་དགག་རྟགས་ཀྱི་འབྲེལ་བ་ངེས་བྱེད་ལ་གཉིས། དངོས། རྩོད་པ་སྤང་བའོ། །དང་པོ་ལ་གཉིས། མི་སྣང་བ་མ་དམིགས་པའི་འབྲེལ་བ་ངེས་བྱེད། སྣང་རུང་མ་དམིགས་པའི་འབྲེལ་བ་ངེས་བྱེད་དོ། །དང་པོ་ནི། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟའི་བུམ་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་བཅད་ཤེས་འཇུག་པར་མི་བྱེད་ཅེས་བྱ་བ་ཡིན་ཏེ། དེའི་ངོར་ཤ་ཟའི་བུམ་པ་དེའི་ངོ་བོ་ཚད་མས་མི་དམིགས་པའི་ཕྱིར། ཁྱབ་སྟེ། ཆོས་དེ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་འཇུག་པ་ལ་ཆོས་དེ་དམིགས་པའི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པའི་ཕྱིར། དེའི་ངོར་(༢༧བ)ཤ་ཟའི་བུམ་པ་ཚད་མས་མི་དམིགས་པ་ནི་ཆོས་ཅན། དེ་སྒྲུབ་ཀྱི་སྒྲུབ་བྱེད་ཚད་མར་བཤད་དེ། དེ་སྒྲུབ་ཀྱི་ཚུལགསུམ་ཡིན་པའི་ཕྱིར། མ་དམིགས་པས་མེད་ངེས་ཇི་ལྟར་མི་འགྲུབ་ཅེ་ན། བསྐལ་དོན་དེ་རྣམས་ནི་མི་དམིགས་པའི་ཕྱིར་ན་ཇི་ལྟར་མེད་ངེས་སུ་མི་འགྲུབ་པར་ཐལ། བསྐལ་དོན་ཡོད་ཀྱང་ཚད་མ་གསུམ་གྱིས་དམིགས་པའི་ངེས་པ་མེད་པའི་ཕྱིར་དང༌། བསྟན་བཅོས་སྐབས་དང་འབྲེལ་མེད་ཀྱི་དོན་མི་སྟོན་པའི་ཕྱིར་དང༌། བསྐལ་དོན་རྣམས་དབང་པོའི་མངོན་སུམ་གྱི་ཡུལ་ལས་འདས་པ་དང༌། བསྐལ་དོན་སྒྲུབ་པའི་རྟགས་མེད་པ་ཅན་ཡིན་པའི་ཕྱིར། དེའི་ངོར་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར། དེའི་ངོར་ཤ་ཟའི་བུམ་པ་མེད་པའི་སྒྲུབ་བྱེད་ཚད་མ་ཉིད་དུ་མི་འགྱུར་བར་ཐལ། འདིར་ཤ་ཟའི་བུམ་པ་ཡོད་པ་དང༌། མེད་པར་ངེས་པའི་འབྲས་བུ་ཅན་མིན་པའི་ཕྱིར། གཉིས་པ་ནི། མ་དམིགས་པས་མེད་ངེས་སྒྲུབ་ནུས་པ་ཡོད་དེ། ཡོད་ན་སྣང་དུ་རུང་བའི་རྟགས་ཀྱི་ཕུལ་དུ་བྱུང་བ་ཡོད་པ་ཅན་གྱི་མ་དམིགས་པ་ལ་ལ་མེད་ངེས་སྒྲུབ་པའི་ཚད་མ་དག་ཏུ་འགྱུར་བའི་ཕྱིར། འོ་ན་མ་དམིགས་པས་མེད་ངེས་སྒྲུབ་མི་ནུས་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མ་དམིགས་པས་མེད་ངེས་སྒྲུབ་མི་ནུས་པའི་རིགས་པ་འདི་ནི། རང་གི་རང་བཞིན་ཡོད་ཀྱང་ཤེས་བྱེད་ཚད་མས་མི་ཤེས་པའི་བསྐལ་དོན་ལ་བརྗོད་པ་ཡིན་པའི་ཕྱིར། འོ་ན་སྣང་རུང་མ་དམིགས་པའི་རྟགས་གང་ཞེ་ན། རྒྱུ་མེ་མི་ཤེས་ན་འབྲས་བུ་དུ་བ་ནི་མེད་པ་ཉིད་དུ་སྒྲུབ་པར་བྱེད་ལ། ཤ་པ་མེད་པའི་དོན་གྱི་རང་བཞིན་རྟགས་ཅན་བསྒྲུབ་བྱར་བྱས་པ་ལ་ཤིང་གི་རང་བཞིན་མི་དམིགས་པའང་གཏན་ཚིགས་ཡིན་ནོ། །རྒྱུ་ཁྱབ་བྱེད་མ་དམིགས་པ་གང་གིས་འགྲུབ་ཅེ་ན། རྒྱུ་ཁྱབ་བྱེད་མ་དམིགས་པ་མི་འགྲུབ་པའི་སྐྱོན་མེད་(༢༨ན)དེ། གལ་ཏེ་སྣང་རུང་མ་དམིགས་པའི་གཏན་ཚིགས་འགའ་ཞིག་གིས། རྒྱུ་ཁྱབ་བྱེད་དེ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། བུམ་པ་སྣང་རུང་མ་མཐོང་བ་མེད་པའི་རྒྱུ་གཞན་མི་སྲིད་པ་ནི་འགྱུར་བ་ན། སྣང་རུང་བུམ་པའི་དངོས་པོ་མ་དམིགས་པའི་རྟགས་ལས་བུམ་པའི་དངོས་པོ་མེད་པར་རྟོགས་པར་འགྱུར་ཏེ། བུམ་པ་ཡོད་ན་ཚད་མས་དམིགས་དགོས་པའི་ཕྱིར། ཆོས་ཅན། གྲང་རེག་དེ་དང་འགལ་བ་མི་དམིགས་པས་ནི། གྲང་རེག་མེད་པ་ཉིད་དུ་ངེས་པར་འགྱུར་ཏེ། གྲང་རེག་དང་འགལ་བའི་དངོས་པོ་མེ་ཡོད་ན་ཡང་གྲང་རེག་དེ་ཡོད་པ་ལ་གནོད་བྱེད་ཡིན་པའི་ཕྱིར།
གཉིས་པ་རྩོད་པ་སྤང་བ་ལ་གཉིས། མ་དམིགས་པའི་རྟགས་ཀྱི་གྲངས་ངེས་ལ་རྩོད་པ་སྤང༌། མི་སྣང་བ་མ་དམིགས་པའི་རྟགས་ལ་བྱེ་བྲག་ཏུ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། སྒྲ་དོན་ངོས་གཟུང༌། དེ་དགག་མི་ནུས། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། མ་དམིགས་པའི་རྟགས་ལ་ཡོད་ངེས་འགོག་པ་དང༌། མེད་ངེས་སྒྲུབ་པ་གཉིས་སུ་ངེས་ན། གཙོ་བོ་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་པ་འདི་མ་དམིགས་པའི་རྟགས་མིན་པར་ཐལ། ཡོད་ངེས་འགོག་པ་དང༌། མེད་ངེས་སྒྲུབ་པ་མིན་པའི་ཕྱིར་ཏེ། གཙོ་བོ་ཡོད་ན། ཡོད་པ་མིན་ཞེས་པ་དང་འགལ་ལ། མེད་ན་གཙོ་བོ་ཞེས་པའི་སྒྲ་སྦྱོར་བ་མི་འཐད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། གཙོ་བོ་མེད་ཀྱང་གཙོ་བོ་ཞེས་པའི་སྒྲ་སྦྱོར་བ་མི་འགལ་ཏེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པའི་རྟོག་པ་ལ་གཙོ་བོར་སྣང་བ་དེ་གཙོ་བོའི་སྒྲ་དོན་ཡིན་པའི་ཕྱིར། སྒྲ་དོན་གྱི་ཆོས་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དངོས་པོར་ཡོད་མེད་དང་གཉིས་ཀ་ལ་བརྟེན་པའི་སྒྲ་དོན་རྣམས་སུ་ཡོད་པའི་(༢༨བ)ཕྱིར། གཙོ་བོ་དངོས་པོའི་ཉེར་ལེན་ཅན་དུ་མ་དམིགས་པ་ནི། གཙོ་བོའི་སྒྲ་དོན་དེ། གཙོ་བོ་དངོས་པོའི་ཉེར་ལེན་ཅན་དུ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། གཙོ་བོའི་སྒྲ་དོན་དེ་ཉིད་ནི་མེད་པ་མ་ཡིན་ཏེ། གཙོ་བོ་ཞེས་པའི་སྒྲ་སྦྱོར་བའི་ཕྱིར། གཙོ་བོ་རང་མཚན་པ་མེད་ན། གཙོ་བོའི་སྒྲ་དོན་མེད་དེ། རྗོད་བྱེད་ཀྱི་སྒྲ་དོན་དམ་པ་ལ་མཐའ་གཅིག་ཏུ་འཇུག་པ་ཉིད་ཅན་ཡིན་པའི་ཕྱིར་ཞེ་ན། དོན་རྣམས་ལ་ནི་ཆོས་ཅན། མཐོང་བའི་བྱེ་བྲག་ཐ་དད་པས་རྟག་མི་རྟག་གི་སྒྲ་རྣམས་ནི་འཇུག་པར་མི་འགྱུར་བར་ཐལ། དེ་ལྟར་འཇུག་པའི་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར། འདས་པ་དང་ནི་མ་སྐྱེས་པ་ལ་ཡང་ཆོས་ཅན། སྒྲ་མི་འཇུག་པར་ཐལ། དངོས་མེད་ཡིན་པའི་ཕྱིར། ཚིག་འགའ་ཞིག་ཀྱང་རྫུན་པའི་དོན་ཅན་ཉིད་དུ་མི་འགྱུར་བར་ཐལ། སྒྲ་རྟོག་རང་མཚན་ཁོ་ན་ལ་འཇུག་པའི་ཕྱིར། སྒྲ་རྟོག་དེ་དག་ཆོས་ཅན། རང་མཚན་ཁོ་ན་ལ་མི་འཇུག་སྟེ། བློ་ལ་སྣང་བའི་སྒྲ་དོན་གྱི་ཡུལ་ཅན་དུ་འདོད་པའི་ཕྱིར།
གཉིས་པ་ནི། སྒྲ་དོན་མེད་དོ་ཞེས་བསྙོན་པ་ཡིན་ན། ཤེས་བྱ་ཆོས་ཅན། གཙོ་བོའི་སྒྲ་དོན་དང་དངོས་མེད་ཀྱི་ཚོགས་པ་བསྒྲུབ་བྱར་མི་འགྱུར་བར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། འདོད་དེ། ཆོས་ཡན་གར་པ་བསྒྲུབ་བྱ་ཡིན་ནོ་ཞེ་ན། བསྒྲུབ་ཆོས་ཡན་གར་པ་ནི་ཆོས་ཅན། བསྒྲུབ་བྱ་མིན་པར་ཐལ། ཕྱི་རྒོལ་གྱིས་གྲུབ་ཟིན་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲ་དོན་ལ་བསྙོན་པ་མེད་པའི་བཙོ་སྲེག་དོན་གཉེར་རྣམས་ཀྱིས། མེའི་དངོས་པོ་ཉིད་ལ་ནི་ཡོད་མེད་ཀྱི་ཕྱོགས་ཀྱི་བྱེ་བྲག་གིས་དཔྱད་ནས་འཇུག་བྱ་ཡིན་གྱི། སྒྲ་དོན་ལ་འཇུག་བྱ་མིན་ཏེ། མེ་འདི་ལས་བཙོ་སྲེག་གི་འབྲས་བུ་འབྱུང་བ་རག་ལས་ཤིང༌། སྒྲ་དོན་གྱིས་དོན་བྱེད་མི་ནུས་པའི་ཕྱིར། ཁྱབ་སྟེ། དོན་(༢༩ན)བྱེད་ནུས་པ་མ་ཡིན་པ་ལ་དོན་གཉེར་གྱིས་བརྟགས་པས་ཅི་ཞིག་བྱ་སྟེ་དོན་མེད་པའི་ཕྱིར། མ་ནིང་གཟུགས་བཟང་ངམ་མི་བཟང་ཞེས་འདོད་ལྡན་བུད་མེད་རྣམས་ཀྱིས་བརྟགས་པས་ཅི་ཡང་མི་ཕན་པ་བཞིན་ནོ། །
གསུམ་པ་ནི། མ་དམིགས་པ་དེ་སྒྲ་དོན་གྱི་ཆོས་ཡིན་ན། བཏགས་པའི་ཆོས་མ་དམིགས་པ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གཙོ་བོ་དངོས་པོའི་རྟེན་དུ་མ་གྲུབ་པ་འདི་སྒྲ་དོན་གྱི་ཆོས་སུ་རིགས་པ་སྨྲ་བས་གསུངས་པའི་ཕྱིར། འོ་ན་སྒྲ་དོན་དེ་བཏགས་པ་ཇི་ལྟར་ཡིན་ཞེ་ན། སྒྲའི་དོན་ནི་ཆོས་ཅན། བཏགས་པ་ཡིན་ཏེ། རྟོག་པའི་ཤེས་པའི་སྣང་ཡུལ་ཉིད་ཀྱིས་སོ། །
མི་སྣང་བ་མ་དམིགས་པའི་རྟགས་ལ་བྱེ་བྲག་ཏུ་རྩོད་པ་སྤང་བ།
གཉིས་པ་མི་སྣང་བ་མ་དམིགས་པའི་རྟགས་ལ་བྱེ་བྲག་ཏུ་རྩོད་པ་སྤང་བ་ལ་གཉིས། ལུང་ཚད་མར་འདོད་པ་དགག །ལུང་ཚད་མར་འདོད་པ་བླུན་པོར་བསྟན་པའོ། །དང་པོ་ལ། བསྟན། བཤད། བསྡུ་བ་གསུམ་མོ། །དང་པོ་ནི། མངོན་རྗེས་ཀྱིས་མ་དམིགས་པས་མེད་པར་མི་འགྲུབ་མོད། ལུང་གིས་མ་དམིགས་ན་མེད་པར་འགྲུབ་སྟེ། ལུང་ནི་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། དེས་ན་ལུང་ནི་རང་གི་བརྗོད་བྱ་སྒྲུབ་བྱེད་ཡིན་ནོ་ཞེ་ན། སྒྲ་རྣམས་ཆོས་ཅན། ཁྱོད་ལས་བརྗོད་བྱའི་དོན་གྲུབ་པ་མིན་ཏེ། བརྗོད་བྱའི་དངོས་པོ་དང་ལྷན་ཅིག་ཏུ་མེད་ན་མི་འབྱུང་བའི་འབྲེལ་བ་ཉིད་མེད་པའི་ཕྱིར། རྗོད་བྱེད་དེ་དག་ཆོས་ཅན། སྨྲ་བ་པོའི་རྒྱུད་ལ་བསམ་པ་སྟོན་པར་བྱེད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། སྐྱེས་བུས་བྱས་པའི་ལུང་ཚད་མ་ཡིན་པ་དགག །མ་བྱས་པའི་ལུང་ཚད་མ་ཡིན་པ་དགག་པའོ། །དང་པོ་ལ་གཉིས། ལུང་འགལ་སྤང་བ། ཁྱད་པར་ཅན་གྱི་ཚིག་ཚད་མ་མིན་པ་དགག་པའོ། །དང་པོ་ལ་གཉིས། རྩོད་ལན་ནོ། །དང་པོ་ནི། ལུང་ཚད་མ་མ་ཡིན་ན། ཡིད་ཆེས་ཚིག་(༢༩བ)ནི་མི་སླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། གཉིས་པ་ནི། དེ་མི་འགལ་བར་ཐལ། སྔ་ཕྱི་འབྲེལ་ཆགས་པ་དང་ནི་སྐྱེས་བུས་ཐོབ་པར་ནུས་པ་དང་རྗེས་སུ་མཐུན་པའི་ཐབས་སྟོན་པ་དང༌། སྐྱེས་བུའི་དོན་ནི་རྗོད་པར་བྱེད་པའི་ངག་ཡོངས་སུ་བརྟགས་པའི་དབང་དུ་བྱས་ནས་ལུང་ཚད་མར་བསྟན་པ་ཡིན་གྱི། དེ་ལས་གཞན་པའི་ལུང་གི་དབང་དུ་བྱས་པ་མིན་པའི་ཕྱིར། ལུང་དེ་བསྟན་བྱའི་དོན་ལ་ཇི་ལྟར་མི་སླུ་ཞེ་ན། ཁྱད་པར་གསུམ་ལྡན་གྱི་ལུང་འདི་ཆོས་ཅན། བསྟན་བྱའི་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཏེ། མཐོང་བ་མངོན་གྱུར་དང་ལྐོག་གྱུར་ལ་མངོན་སུམ་དང་རྗེས་དཔག་དང༌། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་གྱི་དངོས་པོའི་དོན་དེ་དག་ལ་ཡིད་ཆེས་རྗེས་དཔག་གིས་ཀྱང་གནོད་པ་མེད་པའི་ལུང་ཡིན་པའི་ཕྱིར། ཤིན་ལྐོག་སྟོན་པའི་ཡིད་ཆེས་པའི་ཚིག་ནི་དཔྱད་གསུམ་གྱིས་དག་པའི་སྤྱི་ལས་བསྟན་བྱའི་དོན་ལ་མི་སླུ་བར་གསར་དུ་རྟོགས་པའི་བློ་ཆོས་ཅན། རྗེས་སུ་དཔག་པ་ཉིད་དུ་གསུངས་ཏེ། རང་ཡུལ་ལྐོག་གྱུར་རྟོགས་པའི་ཚད་མ་གང་ཞིག །ཁྱོད་ཀྱི་ཡུལ་ལ་མངོན་སུམ་འཇུག་པའི་གོ་སྐབས་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཤིན་ཏུ་ལྐོག་གྱུར་གཞན་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་ལྟར་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། བླང་བྱ་དང་དོར་བྱའི་དེ་ཉིད་ཐབས་དང་བཅས་པ་རབ་ཏུ་ངེས་པའི་སྒོ་ནས། གཙོ་བོའི་དོན་བདེན་བཞིའི་གནས་ལུགས་ལ་སངས་རྒྱས་ཀྱིས་གསུངས་པ་ལྟར་མི་སླུ་བའི་ཕྱིར།
གཉིས་པ་ལ་གཉིས། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཉེས་ཟད་ཀྱི་སྐྱེས་བུ་ཕུལ་དུ་བྱུང་བ་ལ་ལྟོས་པའི་ཚིག་དེ་ཇི་ལྟ་བ་བཞིན་གྱི་དོན་ཅན་དུ། གཞན་གྱིས་ཤེས་སོ་ཞེ་ན། གལ་ཏེ་སྐྱེས་བུ་ཕུལ་དུ་(༣༠ན)བྱུང་བ་དེ་ཤེས་པར་ནུས་ན། དེའི་ཚིག་ཚད་མ་ཡིན་པའི་དོན་འདི་འདོད་མོད། འོན་ཀྱང་སྐྱེས་བུ་གང་ཟག་དེའི་གསུང་རབ་གཏན་ལ་ཕབ་པ་ལ་མ་ལྟོས་པར། གང་ཟག་དེ་ཉེས་པ་ཀུན་ཟད་དུ་རྟོགས་པར་དཀའ་སྟེ། དེ་ལ་མ་ལྟོས་པར་གང་ཟག་འདི་ནི་སྐྱོན་ཡོན་འདི་ལྟ་བུ་དང་ལྡན་པའམ་ལྡན་པ་མིན་ནོ་ཞེས་གཞན་ལ་སྐྱོན་ལྡན་དང་སྐྱོན་མེད་དུ་རྟོགས་པའི་ཚད་མ་རྣམས་ནི་རྙེད་པར་དཀའ་བའི་ཕྱིར་ཞེས་ནི་སངས་རྒྱས་པ་གཞན་གྱིས་ཤེས་སོ། །
གཉིས་པ་ནི། འོ་ན་ཉེས་ཟད་མི་སྲིད་དམ་ཞེ་ན། ཤེས་བྱ་ཆོས་ཅན། གང་ཟག་ལ་ཉེས་པ་ཟག་པ་ཟད་པར་འགྱུར་ཏེ། གོམས་པ་ལས་སེམས་རྒྱུད་བདག་མེད་རྟོགས་པའི་ཤེས་རབ་དེའི་བདག་ཉིད་དུ་འགྱུར་བ་ཡོད་པའི་ཕྱིར་ཏེ། བདག་མེད་རྟོགས་པའི་ཤེས་རབ་འཕེལ་ན་འགྲིབ་པ་དང༌། དེ་འགྲིབ་ན་ཕུལ་དུ་བྱུང་བ་ལ་བརྟེན་པའི་ཉེས་པ་ཀུན་མི་མཐུན་ཕྱོགས་དང་བཅས་པ་ཉིད་ཀྱི་ཕྱིར། ཉེས་པ་ལན་ཅིག་ཟད་ཀྱང་སླར་སྐྱེའོ་ཞེ་ན། གནས་གྱུར་མཐར་ཕྱིན་པའི་སྐྱེས་བུ་ཆོས་ཅན། ཕྱིན་ཅི་ལོག་གིས་འབད་དུ་ཟིན་ཀྱང༌། སྤངས་པ་སླར་མི་ལྡོག་སྟེ། འཁོར་བའི་འཚེ་བ་མེད་པ་དང༌། ཡང་དག་པའི་དོན་མངོན་སུམ་གྱིས་རྟོགས་ཤིང༌། དེ་སེམས་ཀྱི་ངོ་བོ་ཉིད་ལ་ཞུགས་པའི་ཕྱིར་དང༌། ཁྱོད་ཀྱི་བློ་ནི་བདག་མེད་རྟོགས་པའི་ཤེས་རབ་དེའི་ཕྱོགས་འཛིན་པའི་ཕྱིར་རོ། །ཉེས་པའི་རྩ་བ་གང་ཞེ་ན། ཉེས་པ་རྣམ་པ་ཐམས་ཅད་དག་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། འཇིག་ཚོགས་ལྟ་བ་ལས་སྐྱེས་པ་ཡིན་པའི་ཕྱིར། འཇིག་ལྟ་རྒྱུ་ཡིན་ན། མ་རིག་པ་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འཇིག་ལྟ་དེ་མ་རིག་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉེས་པ་རྣམས་ཀྱི་རྒྱུ་ནི་གཏི་མུག་ཡིན་པར་གསུངས་ཏེ། མ་རིག་པ་ལས་བདག་དེར་ཆགས་པ་དང༌། བདག་གི་བ་དེ་ལ་(༣༠བ)ཆགས་ལ། དེ་ལས་ཞེ་སྡང་ལ་སོགས་འབྱུང་བ་དེ་ཉིད་ཀྱིས་སོ། །ཆོས་ཅན། མདོ་གཞན་ལས་འཇིག་ཚོགས་ལ་ལྟ་བ་ཉེས་པའི་རྩ་བར་གསུངས་པའི་རྒྱུ་མཚན་ཡོད་དེ། འཇིག་ལྟ་དེ་སྤངས་པ་ན་ཉེས་པ་ཀུན་སྤོང་བའི་ཕྱིར་རོ། །
རིག་བྱེད་ཚད་མར་དགག་པ།
གཉིས་པ་སྐྱེས་བུས་མ་བྱས་པའི་ལུང་ཚད་མ་ཡིན་པ་དགག་པ་ལ་གཉིས། མ་བྱས་པའི་རིག་བྱེད་བདེན་པ་དགག །ཕྱོགས་གཅིག་ལ་མི་སླུ་བས་བདེན་པ་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། སྐྱེས་བུས་མ་བྱས་པའི་ཚིག་ནི་བདེན་པའི་དོན་ཅན་ཡིན་ཏེ། ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་རྣམས་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཞེས་ནི་སྤྱོད་པ་པ་ལ་ལ་རྗོད་པར་བྱེད་དོ། །
གཉིས་པ་ལ་གཉིས། བསྒྲུབ་བྱ་བདེན་པའི་དོན་ཅན་དགག ། སྒྲུབ་བྱེད་སྐྱེས་བུས་མ་བྱས་པ་དགག་པའོ། །དང་པོ་ལ་གསུམ། མཚུངས་པས་དགག །བརྡ་ལ་ལྟོས་པས་དགག །བརྟགས་ལ་དགག་པའོ། །དང་པོ་ནི། ཆོས་ཅན། སྐྱེས་བུས་མ་བྱས་པའི་ཚིག་ལོག་པའི་དོན་ཅན་ཅིས་མིན་ཏེ་ཡིན་པར་ཐལ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་ཡོན་ཏན་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཞེས་ནི་སངས་རྒྱས་པ་གཞན་དག་རྗོད་དོ། །གཉིས་པ་ནི། རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། སྐྱེས་བུས་བྱས་པ་མིན་ཡང་དོན་ལོག་པ་སྟོན་པ་ཉིད་དུ་སྲིད་པར་ཐལ། དོན་ཤེས་པར་བྱེད་པ་དག་གི་རྒྱུ་བརྡ་ནི་སྐྱེས་བུ་ལ་བརྟེན་པས་སོ། །རྟགས་མ་གྲུབ་སྟེ། སྒྲ་དོན་གྱི་འབྲེལ་བ་སྐྱེས་བུས་བྱས་པ་མིན་པར་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར་ཞེ་ན། ཆོས་ཅན། བརྡ་རིག་པ་མེད་པར་དོན་རྟོགས་པར་འགྱུར་བར་ཐལ་ལོ། །མ་ཁྱབ་སྟེ། བརྡ་ལས་སྒྲ་དོན་གྱི་འབྲེལ་བ་དེ་ནི་གསལ་བ་ཡིན་ནོ་ཞེ་ན། ཆོས་ཅན། འབྲེལ་བ་ངོ་བོ་ཉིད་ཀྱིས་གྲུབ་པ་བཏགས་པ་གཞན་དག་ནུས་མེད་དུ་འགྱུར་བར་ཐལ། དོན་གོ་བ་བརྡ་ལ་ལྟོས་པའི་(༣༡ན)ཕྱིར།
གསུམ་པ་ལ་གསུམ། བརྗོད་བྱ་ལ། འབྲེལ་བ་ལ། རྗོད་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། སྒྲ་དོན་གྱི་འབྲེལ་བ་ངོ་བོ་ཉིད་ཀྱིས་གྲུབ་ན། དོན་རེ་རེ་དང་འབྲེལ་ལམ། དུ་མ་དང་འབྲེལ། དང་པོ་ལྟར་ན། རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། བརྡ་སྦྱར་ན་དོན་གཞན་རྟོགས་པར་མི་འགྱུར་བར་ཐལ། དོན་གཅིག་ཁོ་ན་ལ་འཇུག་པར་ངེས་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། བརྗོད་བྱའི་དོན་དང་འགལ་བ་གསལ་བར་བྱེད་པ་ཡིན་པར་ཐལ། དོན་དུ་མ་དང་མངོན་པར་འབྲེལ་བའི་ཕྱིར། ཆོས་ཅན། སྐྱེས་བུས་མ་བྱས་པ་ཉིད་ཀྱང་ཀུན་ཏུ་བརྟགས་པ་དོན་མེད་དུ་འགྱུར་བར་ཐལ། རྟགས་འདྲ། སྒྲ་དོན་རྫས་ཐ་དད་པ་རྣམས་ལ་ཆོས་ཅན། འབྲེལ་བར་དངོས་པོ་པ་ཡང་མེད་པར་ཐལ། དེ་ཡོད་ན་དེ་རྣམ་པར་གཞག་པའི་ཕྱིར་དུ་གཏན་ཚིགས་བརྗོད་དགོས་པ་ལ་གཏན་ཚིགས་མེད་པའི་ཕྱིར། ཆོས་ཅན། རྣམ་པ་ཀུན་ཏུ་དོན་སྟོན་པ་མེད་པར་འགྱུར་བར་ཐལ། སྐྱེས་བུས་ལེགས་པར་མ་བྱས་པའི་ཕྱིར། སྐྱེས་བུས་ལེགས་པར་བྱས་པར་ཁས་ལེན་ནོ་ཞེ་ན། རིག་བྱེད་པའི་གྲུབ་མཐའ་འདི་ནི་ཆོས་ཅན། དངོས་སུ་གླང་ཆེན་གྱི་ཁྲུས་དང་འདྲ་བར་འགྱུར་བར་ཐལ། རིག་བྱེད་བདེན་པའི་དོན་ཅན་དུ་བསྒྲུབ་པའི་ཕྱིར་དུ་སྐྱེས་བུས་མ་བྱས་པར་ཁས་ལེན། དོན་སྟོན་པའི་ཕྱིར་དུ་སྐྱེས་བུས་བྱས་པར་ཁས་ལེན་པའིཕྱིར།
གཉིས་པ་ལ་གཉིས། རྟག་གམ་མི་རྟག་བརྟགས་ལ་དགག །གཅིག་གམ་ཐ་དད་བརྟགས་ལ་དགག་པའོ། །དང་པོ་ནི། སྒྲ་དོན་གྱི་འབྲེལ་བ་དངོས་པོར་གྲུབ་ན། རྟག་གམ་མི་རྟག །རྟག་ན། བུམ་པ་དང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱི་འབྲེལ་བ་ལ་རྟག་དངོས་ཡོད་པ་མ་ཡིན་པར་ཐལ། འབྲེལ་བ་ཅན། ཁྱེད་རྣམས་མི་རྟག་པའི་ཕྱིར། དོན་དང་སྒྲའི་འབྲེལ་བ་དེ་སྐྱེས་(༣༡བ)བུའི་བློ་ཡིས་ལེགས་པར་བརྟགས་ནས་བྱས་པ་ཡིན་ཏེ། སྒྲ་དོན་གྱི་འབྲེལ་བ་སྒྲོ་བཏགས་ཡིན་པ་དེའི་ཕྱིར། མི་རྟག་ན། རིག་བྱེད་ཀྱི་ཚིག་དོན་ཕྱི་མ་དང་འབྲེལ་བར་ཐལ། དོན་སྔ་མ་ཞིག་པའི་ཚེ་ཞིག་པའི་ཕྱིར། དོན་ཕྱི་མ་དང་ལྷན་ཅིག་ཏུ་འབྲེལ་བ་སྐྱེས་སོ་ཞེ་ན། རིག་བྱེད་ཀྱི་སྒྲ་རྣམས་ལ་ནི་ཆོས་ཅན། དོན་ཕྱི་མ་དང་འབྲེལ་མེད་ཀྱི་རང་བཞིན་དག་གསར་དུ་རྣམ་པར་བཟློག་ཅེས་པ་མི་རིགས་པར་ཐལ། རྟག་པ་ཡིན་པའི་ཕྱིར། སངས་རྒྱས་པ་ཆོས་ཅན། འབྲེལ་བ་དངོས་པོ་ལ་བརྗོད་པའི་ཉེས་པ་འདི་མེད་དེ། འབྲེལ་བ་རྟོག་པས་རྣམ་པར་བརྟགས་པར་ཁས་ལེན་པའི་ཕྱིར། གལ་ཏེ་རྟེན་སྒྲ་དོན་ནི་འཇིག་ན་ཡང་འབྲེལ་བ་འཇིག་པ་མིན་ཏེ། རྟག་པ་ཡིན་པའི་ཕྱིར། གསལ་བ་འཇིག་ཀྱང་རིགས་མི་འཇིག་པ་དང་འདྲའོ་ཞེ་ན། ཤེས་བྱ་ཆོས་ཅན། གང་གིས་རིགས་དེ་གསལ་བ་ལ་བརྟེན་པར་འདོད་པ་ཡིན་པ་མ་རིགས་པར་ཐལ། རྟག་པ་རྣམས་ལ་རྟེན་གྱིས་ཕན་པའི་ནུས་པ་གང་ཡང་མེད་པའི་ཕྱིར། གསལ་བ་དེ་རིགས་གསལ་བྱེད་ཡིན་ནོ་ཞེ་ན། བུམ་སོགས་ཀྱང་ཆོས་ཅན། རིག་པ་ཤེས་པས་རང་འཛིན་ཤེས་པ་སྐྱེ་བ་ལ་ནི་སྒྲོན་འོད་ཀྱིས་གསལ་བར་འདོད་དེ། རང་འཛིན་ཤེས་པ་སྐྱེད་པར་བྱེད་པའི་ལྷན་ཅིག་བྱེད་རྒྱུ་རྣམས་ཚོགས་པ་ན། རང་འཛིན་ཤེས་པ་དེ་སྐྱེད་པར་ནི་རུང་བ་ཉིད་དུ་སྒྲོན་འོད་ཀྱིས་བྱེད་པའི་ཕྱིར། རིགས་དེ་ཆོས་ཅན། གསལ་བ་དེས་གསལ་བར་འདོད་པ་མི་རིགས་པར་ཐལ། གསལ་བྱེད་རང་གིས་ཕན་པའི་དོན་ཅི་ཡང་བྱས་པ་མེད་པའི་ཕྱིར་ཏེ། རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་ཕྱིར་ཏེ། འགྱུར་བ་མེད་པའི་ཕྱིར། གཉིས་པ་ནི། འབྲེལ་བ་དངོས་པོ་ཉིད་དུ་གྱུར་མོད། སྒྲ་དོན་དང་རྫས་ཐ་དད་ཡིན་ནམ་མིན། ཡིན་ན། འབྲེལ་བ་དང་སྒྲ་དོན་ཆོས་ཅན། བློ་མ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བར་(༣༢ན)འགྱུར་བར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། མིན་ན། འབྲེལ་བ་ཆོས་ཅན། སྒྲ་དོན་དེ་ཉིད་དུ་ཐལ། སྒྲ་དོན་དེ་ལས་རྫས་ཐ་དད་མིན་པར་རྫས་གཅིག་པའི་ཕྱིར། ཆོས་ཅན། དངོས་པོ་མིན་པར་ཐལ། རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྫས་གཅིག་དང་ཐ་དད་འདི་ལས་གཞན་པའི་དངོས་པོ་ཡོད་པ་མིན་པའི་ཕྱིར། སྒྲ་དང་དོན་གྱི་དངོས་པོའི་ངོ་བོ་ཆོས་ཅན། འབྲེལ་བ་རྟོག་པས་བྱས་པ་ཡིན་ཏེ། རྫས་ཐ་དད་པའི་ཕྱིར། སྒྲ་དོན་གྱི་འབྲེལ་བ་ཆོས་ཅན། སྒྲ་དོན་གཞན་ལ་རག་ལས་པའམ། སྒྲ་དོན་གཞན་གྱི་འབྲེལ་བར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྗེས་སུ་ཡོད་པའི་ཕྱིར།
གསུམ་པ་རྗོད་བྱེད་ལ་བརྟགས་ནས་དགག་པ་ནི། རིག་བྱེད་ཀྱི་སྒྲ་དང་བརྗོད་བྱ་དོན་དམ་པར་འབྲེལ་ན། ཡི་གེ་རེ་རེ་བ་དང་འབྲེལ་ལམ། ཚིག་སོགས་དང་འབྲེལ། དང་པོ་ལྟར་ན། ཡི་གེ་རེ་རེ་བ་ཆོས་ཅན། བརྗོད་བྱ་དང་དོན་དམ་པར་མ་འབྲེལ་བར་ཐལ། དོན་སྟོན་པ་མེད་པ་ཅན་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། ཚིག་སོགས་ཆོས་ཅན། བརྗོད་བྱ་དང་དངོས་པོའི་ནི་འབྲེལ་བ་འདི་ཇི་ལྟ་བུར་ནི་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་གི་བརྗོད་བྱའི་རྗོད་བྱེད་ཡིན་པའི་ཆ་རྟོག་པས་ཀུན་དུ་བརྟགས་པའི་དངོས་མེད་ཡིན་པའི་ཕྱིར།
གཉིས་པ་སྒྲུབ་བྱེད་སྐྱེས་བུས་མ་བྱས་པ་དགག་པ་ལ་བཞི། རིག་བྱེད་བྱས་པར་བསྒྲུབ། མི་རྟག་པར་བསྒྲུབ། མ་བྱས་པའི་གཏན་ཚིགས་འཁྲུལ། སྔགས་བྱས་པར་བསྒྲུབ་པའོ། །དང་པོ་ལ་གཉིས། མ་བྱས་པའི་སྒྲུབ་བྱེད་དགག །མ་བྱས་པ་ཉིད་དགག་པའོ། །དང་པོ་ལ་གསུམ། མི་དྲན་པའི་རྟགས་དགག །འདོན་པར་བྱེད་པའི་རྟགས་དགག་པའོ། །ཐོག་མ་མེད་པའི་རྟགས་དགག་པའོ། །དང་པོ་ནི། རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་ཏེ། བྱེད་པ་པོ་རྣམས་(༣༢བ)མི་དྲན་པའི་ཕྱིར་ཞེས་ཀྱང་འདོད་ལོ། །ཤེས་བྱ་ཆོས་ཅན། སྤྱོད་པ་པ་དེའི་བློ་གྲོས་ལ་ངན་པའི་མུན་པས་ཁྱབ་པ་ཡིན་ཏེ། བྱེད་པ་པོ་མི་དྲན་ན་མ་བྱས་པས་ཁྱབ་པར་འདོད་པ་འདི་ལའང་རྗེས་སུ་བརྗོད་པ་ཡོད་པར་འདོད་པ་དེས་ནའོ། །
གཉིས་པ་ནི། གཞན་བརྒྱད་པ་ལའང་ཆོས་ཅན། འདོན་པ་སྔ་མ་སྔོན་དུ་སོང་སྟེ། འདོན་པ་ཡིན་པའི་ཕྱིར། ཇི་ལྟར་ད་ལྟར་སྐྱེས་བུ་འདི་གཞན་ལས་མ་ཐོས་པར་ནི་ཡི་གེ་དང་ཚིག་གི་བཀོད་པ་ནི། བརྗོད་པའི་ནུས་པ་མེད་པ་དེ་ལྟར་རོ་ཞེས་འགའ་ཞིག་སྨྲའོ། །པཎྜི་ཏ་ནག་མོའི་འབངས་ཀྱིས་སྤེལ་བ་ཡི་ནི་སྙན་ངག་གི་གཞུང་གཞན་གཞོན་ནུ་འབྱུང་བ་ཅན་དེ་ཡང་ཆོས་ཅན། གང་གིས་ན་སྐྱེས་བུས་མ་བྱས་པ་དེ་ལྟར་རྗེས་སུ་མི་དཔོག་སྟེ་དཔོག་རིགས་པར་ཐལ། བླ་མ་སྔ་མའི་མན་ངག་ཡོད་པ་ལས་གཞན་དུ་དེ་ལྟར་གཞན་དག་གི་འདོན་པ་གང་མཐོང་སྟེ་མ་མཐོང་བའི་ཕྱིར། རྒྱུ་སྐྱེས་བུ་ལས་སྐྱེ་བར་མ་མཐོང་བ་ཅན་གྱི་རིག་བྱེད་གཞན་ཡང་ཆོས་ཅན། སྐྱེས་བུ་དེ་ལས་སྐྱེ་བར་འགྱུར་བར་ཡང་དག་པར་ཤེས་ཏེ། འཇིག་རྟེན་པའི་ཚིག་དང་སྐྱེས་བུའི་འབྲས་བུ་དག་ཚིག་ཏུ་མཚུངས་པར་མཐོང་བའི་ཕྱིར། ཁྱབ་སྟེ། འབྲས་བུའི་རིགས་གང་རྒྱུ་གང་ལས་གྲུབ་པ་དེ་ཁྱད་པར་མེད་པར། དེ་རྒྱུའི་རིགས་དེ་ལས་འབྱུང་བའི་ཕྱིར། མེ་དང་ཤིང་བཞིན་ནོ། །ཆོས་ཅན། སྐྱེས་བུས་མ་བྱས་པའི་ཁྱད་པར་དག་ནི་མ་བསྟན་པར། གཏན་ཚིགས་རབ་ཏུ་སྤྲོས་པ་གང་ཡིན་པ་དེ་དག་ཐམས་ཅད་འཁྲུལ་པ་ཅན་ཡིན་ཏེ། རྟགས་སྔ་མ་ལྟར་རོ། །
གསུམ་པ་ནི། ཆོས་ཅན། རྣམ་པ་ཀུན་ཏུ་ཐོག་མ་མེད་པར་གྲུབ་པར་གྱུར་མོད། དེ་ལྟར་གྲུབ་པས་སྐྱེས་བུས་བྱས་པ་མིན་པ་ལ་བརྟེན་པ་ཅན་དུ་འགྲུབ་པ་མིན་པར་ཐལ། ཐོག་མེད་ཡིན་པ་དེའི་ཕྱིར། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན། ཐ་སྙད་གཞན་ཡང་མི་ལ་མི་བརྟེན་པར་འགྱུར་བའི་ཕྱིར། ཀླ་ཀློ་ལ་(༣༣ན)སོགས་པའི་ཐ་སྙད་དང༌། སྐྱེ་བ་སྔ་ཕྱི་མེད་པར་སྨྲ་བའི་ཚིག་རྣམས་ཀྱང་ཆོས་ཅན། སྐྱེས་བུས་མ་བྱས་པ་དེ་བཞིན་དུ་འགྱུར་བར་ཐལ། ཐོག་མེད་ཡིན་པའི་ཕྱིར། སྐྱེས་བུ་སྔ་མ་སྔ་མས་སྔོན་འདུས་བྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། དེ་འདྲའི་ཐ་སྙད་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་བོ་ཞེ་ན། སྐྱེས་བུས་མ་བྱས་པ་ཆོས་ཅན། རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པར་ཐལ། ལོག་པའི་དོན་ཅན་ལ་མཐོང་བའི་ཕྱིར། རིག་བྱེད་ཆོས་ཅན། དོན་མཐའ་གཅིག་ཏུ་ངེས་པ་ལ་ཐེ་ཚོམ་དག་ཀྱང་ཟ་བ་ཡིན་པར་ཐལ། འཆད་པ་པོའི་འདུ་བྱེད་ཀྱིས་དོན་གྱི་ཁྱད་པར་རྣམས་ལ་སྦྱོར་བ་མཐོང་བའི་ཕྱིར།
གཉིས་པ་མ་བྱས་པ་ཉིད་དགག་པ་ལ་གཉིས། ཡི་གེ་མ་བྱས་པ་དགག །ངག་མ་བྱས་པ་དགག་པའོ། །དང་པོ་ནི། རིག་བྱེད་མ་བྱས་ན། ཡི་གེ་མ་བྱས་སམ། ངག་མ་བྱས། དང་པོ་ལྟར་ན། རིག་བྱེད་ཀྱི་ཡི་གེ་རྣམས་ཆོས་ཅན། མ་བྱས་པར་སྒྲུབ་པར་བྱེད་ན་འབྲས་བུ་ཅིར་འགྱུར་ཏེ་དོན་མེད་པར་ཐལ། འཇིག་རྟེན་པའི་ཡི་གེ་གཞན་དང་ཡི་གེར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ལ་གཉིས། ཡི་གེ་ལས་རྫས་ཐ་དད་པའི་ངག་མ་བྱས་པ་དགག །ཡི་གེའི་རིམ་པ་མ་བྱས་པ་དགག་པའོ། །དང་པོ་ལ་གཉིས། མི་དམིགས་པས་དགག །བརྟགས་པ་དགག་པའོ། །དང་པོ་ནི། ངག་མ་བྱས་ན། ངག་དེ་ཡི་གེ་ལས་རྫས་ཐ་དད་དམ། ཡི་གེའི་རིམ་པ་དེ་ངག་ཡིན། དང་པོ་ལྟར་ན། ངག་ནི་ཆོས་ཅན། ཡི་གེ་ལས་རྫས་ཐ་དད་དུ་ཡོད་པ་མིན་ཏེ། དེ་ལྟར་མ་དམིགས་པའི་ཕྱིར། གཉིས་པ་ལ་གསུམ། ཆ་ཡོད་མེད་བརྟགས་ལ་དགག །རྟག་མི་རྟག་བརྟགས་ལ་དགག །ཁྱབ་མ་ཁྱབ་བརྟགས་ལ་དགག་པའོ། །
དང་པོ་ནི། རིག་བྱེད་ཀྱི་ངག་དེ་ཡན་ལག་དུ་མའི་བདག་ཉིད་ཡིན་ནམ། ཆ་མེད་གཅིག་ཡིན། དང་པོ་ལྟར་ན། ཡན་ལག་དེ་རྣམས་ཐ་དད་པ་རེ་རེས་དོན་སྟོན་པ་མེད་པ་ཉིད་ཡིན་ནམ། ཆ་རེ་རེས་དོན་སྟོན། དང་པོ་ལྟར་ན། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་བུས་བྱས་པར་ཐལ། ཆ་རེ་རེས་དོན་སྟོན་པ་དེའི་དངོས་པོ་ཅན་མིན་པ་ལ་དེའི་དངོས་པོ་ཅན་དུ་བཏགས་པའི་ཕྱིར། དཔེར་ན། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཉིད་སོགས་བཏགས་པ་བཞིན། ཆ་རེ་རེས་དོན་རྗོགས་པར་སྟོན་པ་དང་བཅས་པ་ཉིད་ཡིན་ནོ་ཞེ་ན་ཡང༌། ཆོས་ཅན། ཡན་ལག་དུ་མ་ཉིད་བཏགས་པ་ལོག་པ་ཡིན་པར་ཐལ། ཆ་རེ་རེས་དོན་རྫོགས་པར་སྟོན་པའི་ཕྱིར། ཆོས་ཅན། ཡན་ལག་གཅིག་ནི་རྟོགས་པས་ཀྱང༌། ངག་གི་དོན་དག་རྟོགས་པར་འགྱུར་བར་ཐལ། རྟགས་འདྲ། ཆ་ཐམས་ཅད་ཅིག་ཅར་ཐོས་པས་སྐྱོན་མེད་དོ་ཞེ་ནའང༌། ཆོས་ཅན། དུས་ཀྱི་ཁྱད་པར་མི་རུང་བར་ཐལ་ལོ། །ཆ་མེད་གཅིག་ཉིད་ཡིན་ནོ་ཞེ་ནའང༌། ཆོས་ཅན། རིམ་གྱིས་རྟོགས་པ་མི་སྲིད་པར་ཐལ། ཆ་ཐ་དད་མེད་པའི་ཕྱིར། གཉིས་པ་ནི། རིག་བྱེད་ཀྱི་ངག་དེ་རྟག་གམ་མི་རྟག ། མི་རྟག་ན་ནི། དེ་ཆོས་ཅན། ཅིས་སྐྱེས་བུས་བྱས་པ་མིན་ཏེ་ཡིན་པར་ཐལ། རྩོལ་བྱུང་ཡིན་པའི་ཕྱིར། རྟག་པ་ཉིད་ཡིན་ནའང་ཆོས་ཅན། རྟག་པ་ནི་དམིགས་པར་འགྱུར་བར་ཐལ། ཐོས་རུང་གི་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་སྒྲིབ་གཡོགས་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་ཅིག་བྱེད་རྐྱེན་འགའ་ཞིག་མ་ཚང་བས། རྟག་ཏུ་ཐོས་པ་མིན་ནོ་ཞེ་ན། ཅིས་ཀྱང་རྐྱེན་གཞན་ལ་ལྟོས་པ་ཡིན་ནའང་སླ་སྟེ། ཆོས་ཅན། རྟག་པར་ངེས་པ་དག་ནི་འགལ་བ་ཡིན་པར་ཐལ། རྐྱེན་ལ་ལྟོས་པའི་ཕྱིར། གསུམ་པ་ནི། གལ་ཏེ་རིག་བྱེད་ཀྱི་ངག་དེ་དག་ཡུལ་ཐམས་ཅད་དུ་ཁྱབ་བྱེད་ཡིན་ནམ་མིན། མིན་ན། ཆོས་ཅན། ཡུལ་ཐམས་ཅད་དུ་དམིགས་པར་མི་འགྱུར་བར་ཐལ། (༣༤ན)ཡུལ་ཐམས་ཅད་དུ་མ་ཁྱབ་པའི་ཆ་མེད་གཅིག་ཡིན་པའི་ཕྱིར། གལ་ཏེ་ཁྱབ་བོ་ཞེ་ན། ཆོས་ཅན། ཉན་ཤེས་ཐམས་ཅད་ཀྱིས་ཅིག་ཅར་དམིགས་པ་དག་ཏུ་འགྱུར་བར་ཐལ། ཡུལ་ཐམས་ཅད་དུ་ཁྱབ་པ་གང་ཞིག །ཉན་ཤེས་ཀྱིས་ཐོས་རུང་གི་ཆ་མེད་གཅིག་ཡིན་པའི་ཕྱིར། རྐྱེན་གྱིས་འདུས་བྱས་པ་ལས་དམིགས་པ་ཡིན་པས། སྐྱོན་མེད་དོ་ཞེ་ན། ཆོས་ཅན། རྐྱེན་གང་གིས་ཀྱང་འདུ་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འགྱུར་མེད་ཡིན་པའི་ཕྱིར། དབང་པོ་ལེགས་པར་བྱས་པས་ཐོས་པར་འགྱུར་རོ་ཞེ་ན། ཆོས་ཅན། དབང་པོ་ལེགས་པར་བྱས་པ་དེས་ཀྱང་མ་ལུས་པ་ཐོས་པར་འགྱུར་བར་ཐལ། དེས་ཐོས་རུང་གི་ཆ་མེད་གཅིག་ཡིན་པའི་ཕྱིར། གལ་ཏེ་དབང་པོ་ལེགས་པར་བྱས་པའི་ཁྱད་པར་ལས། རྗོད་བྱེད་ཀྱི་དོན་སྒྲ་གཅིག་ཁོ་ན་ཐོས་པར་ངེས་པ་ཡིན་ཏེ། དབང་པོ་ཐ་དད་པ་རེ་རེར་ངེས་པའི་ཕྱིར་ཞེ་ན། ཉན་ཤེས་ཆོས་ཅན། སྒྲའི་ཚོགས་པ་དུ་མའི་ཅ་ཅོའང་ཇི་ལྟར་ཐོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྗོད་བྱེད་ཀྱི་སྒྲ་རེ་རེ་ཁོ་ན་ཐོས་པར་ངེས་པའི་ཕྱིར། གལ་ཏེ་སྒྲའི་ཚོགས་པ་དེ་ལས་སྒྲ་ཙམ་ཡན་གར་བ་ཐོས་པར་འགྱུར་གྱི་རྗོད་བྱེད་ཐོས་པ་མིན་ནོ། །ཞེ་ན། སྒྲ་ཙམ་ལས་རྫས་ཐ་དད་པའི་རྗོད་བྱེད་ཡོད་དོ་ཞེས་བྱ་བ་འདི་ལ་ཤིན་ཏུ་ཆེས་དད་པར་བྱ་བ་མི་རིགས་པར་ཐལ། སྒྲ་ཙམ་ལས་རྫས་ཐ་དད་པའི་རྗོད་བྱེད་སྣང་རུང་མ་དམིགས་པའི་ཕྱིར། སྒྲ་གཞན་དག་ནི་མི་འདོན་པར་གནས་ནས། སྐྱེས་བུ་གཅིག་གིས་སྙན་ངག་འདོན་པའི་ཚེ་ན། ཆོས་ཅན། རྗོད་བྱེད་ཇི་ལྟར་ཐོས་པ་ཡིན་ཏེ་མ་ཡིན་པར་ཐལ། སྒྲ་ཙམ་ཡན་གར་བ་ཐོས་པའི་ཕྱིར། ཡང་ན་ཆོས་ཅན། སྒྲ་ཙམ་(༣༤བ)རྫས་ཐ་དད་པ་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྗོད་བྱེད་རེ་རེ་ཐོས་པའི་ནུས་པ་ངེས་པའི་ཕྱིར། སྒྲ་ཙམ་ལས་རྫས་ཐ་དད་པའི་རྗོད་བྱེད་ཡོད་དེ། རྗོད་བྱེད་ཀྱིས་དོན་སྟོན་ལ། སྒྲ་ཙམ་གྱིས་དོན་མི་སྟོན་པའི་ཕྱིར་ཏེ། ཆ་བཅས་ཡིན་པའི་ཕྱིར་ཞེ་ན། རྗོད་བྱེད་ཆོས་ཅན། ཆ་བཅས་ཡིན་པའི་ཉེས་པ་གང་དང་གང་གིས་ཀྱང༌། སྒྲ་ཙམ་རྗོད་བྱེད་དུ་མི་འདོད་པའི་ཉེས་པ་དེ་ཇི་ལྟར་ཁྱོད་ལ་མེད་དེ་ཡོད་པར་ཐལ། ཁྱོད་ཆ་བཅས་ཡིན་པའི་ཕྱིར་ཏེ། སྒྲ་ཙམ་དག་གིས་གསལ་བ་ཡིན་པའི་ཕྱིར། གཉིས་པ་ཡི་གེའི་རིམ་པ་མ་བྱས་པ་དགག་པ་ལ་གསུམ། ཡི་གེ་བཀོད་པའི་རིམ་པ་མ་བྱས་པའི་ངག་ཡིན་པ་དགག །ཡི་གེ་གསལ་བའི་རིམ་པ་མ་བྱས་པའི་ངག་ཡིན་པ་དགག །ཡི་གེ་ལས་རྫས་ཐ་དད་པའི་གོ་རིམས་བཀག་ཟིན་དུ་བསྟན་པའོ། །དང་པོ་ནི། གལ་ཏེ་ཡི་གེའི་རིམ་པ་དེ་མ་བྱས་པའི་ངག་ཡིན་ནོ་ཞེ་ན། འོ་ན་ཡི་གེ་བཀོད་པའི་རིམ་པ་མ་བྱས་པའི་ངག་ཡིན་ནམ། གསལ་བའི་རིམ་པ་མ་བྱས་པའི་ངག་ཡིན། དང་པོ་ལྟར་ན། རིག་བྱེད་ཀྱི་ཡི་གེ་རྣམས་ཆོས་ཅན། ཁྱོད་ཀྱི་རིམ་པ་དེ་མ་བྱས་པའི་ངག་མིན་པར་ཐལ། འཇིག་རྟེན་པའི་ཡི་གེ་དང་བྱས་པར་ཐ་དད་མེད་པའི་ཕྱིར། རིག་བྱེད་ཀྱི་ཡི་གེ་དེ་དག་ཆོས་ཅན། གོ་རིམ་མཐའ་གཅིག་ཏུ་རྣམ་པར་བཞག་པའང་མེད་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་གོ་རིམ་གཞན་ནི་འགལ་བའི་ཕྱིར་རོ། །ཆོས་ཅན། ཡུལ་དང་དུས་ཀྱི་གོ་རིམ་མེད་པར་ཐལ། ཁྱབ་པ་དང་རྟག་པར་བརྗོད་པའི་ཕྱིར། མི་རྟག་པ་དང་ཁྱབ་བྱེད་མིན་པའང་མི་འཐད་པར་ཐལ། དེའི་སྐྱོན་ཡང་སྔར་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྟག་པ་ལ་གསལ་བ་མི་སྲིད། སྲིད་ཀྱང་མ་འཐད་པའོ། །དང་པོ་ནི། ཆོས་ཅན། ཁྱོད་ཀྱི་གསལ་བའི་རིམ་པའང་མ་བྱས་པའི་ངག་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་རྐྱེན་གྱིས་གསལ་བ་བསལ་བའི་ཕྱིར་རོ། །ཆོས་ཅན། ལྕེ་རྐན་གྱིས་བསྐྱེད་པའི་འབྲས་བུ་(༣༥ན)ཉིད་ཡིན་ཏེ། བྱེད་པ་ལྕེ་རྐན་རྣམས་ཀྱི་བྱ་བ་ཉིད་ལས་གསར་དུ་གྲུབ་པའི་ཕྱིར། འདོད་ན། ཆོས་ཅན། ལྕེ་རྐན་འདི་གསལ་བྱེད་ཙམ་ལས་གཞན་དུ་ནའང༌། གསར་དུ་བྱེད་པ་པོ་ལས་ཁྱད་པར་ཅི་ཡང་མེད་པར་ཐལ་ལོ། །ཁྱབ་སྟེ། གསལ་བྱེད་རང་ཉིད་ཤེས་པས་དམིགས་པའི་སྒོ་ནས། གསལ་བྱའི་རིགས་རྒྱུན་གྲུབ་ཟིན་པའི་དོན་གཞན་ལ་དམིགས་པའི་བློའི་རྒྱུ་ནི་གསལ་བྱེད་དུ་འདོད་པའི་ཕྱིར། དཔེར་ན། སྒྲོན་མེ་བཞིན་ནོ། །ཆོས་ཅན་ལྕེ་རྐན་གྱིས་གསར་དུ་བསྐྱེད་པའི་འབྲས་བུ་ཉིད་ཡིན་ཏེ། བྱེད་པ་ལྕེ་རྐན་རྣམས་ཀྱི་ཚོགས་པའི་བྱ་བ་ལས་ནི་ངེས་པར་ཡང་གསར་དུ་དམིགས་པའི་ཕྱིར། ཁྱབ་སྟེ། གསལ་བྱེད་ཙམ་ལ་གསར་དུ་བསྐྱེད་པ་དེ་མི་སྲིད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱེད་ཀྱི་ལུགས་ལ་རིག་བྱེད་ཀྱི་སྒྲ་དེའི་ངོ་བོ་ཐོས་པའི་སྒྲིབ་བྱེད་དང་བྲལ་བ་ཙམ་གསལ་བའི་དོན་ཡིན་ན། རིག་བྱེད་ཀྱི་སྒྲ་ཐོས་པའི་སྒྲིབ་བྱེད་དང་བྲལ་བ་ཙམ་ཆོས་ཅན། ཅིའི་ཕྱིར། ཁྱོད་ལ་བྱེད་པའི་ཚོགས་ཀྱི་ནུས་པ་དེ་རུང་བར་འགྱུར་ཏེ་མི་གྱུར་བར་ཐལ། དངོས་པོར་མེད་པའི་ཕྱིར། གཞན་རྫ་མཁན་དག་ཀྱང་ཆོས་ཅན། རྫ་བུམ་གསལ་བྱེད་ཙམ་ཐོབ་པར་འགྱུར་བར་ཐལ། ལྕེ་རྐན་རིག་བྱེད་ཀྱི་སྒྲའི་གསལ་བྱེད་ཙམ་ཡིན་པ་གང་ཞིག །དེས་རིག་བྱེད་ཀྱི་སྒྲ་སྐྱེད་ཚུལ་དང༌། ཁྱོད་ཀྱིས་རྫ་བུམ་སྐྱེད་ཚུལ་ཁྱད་པར་མེད་པའི་ཕྱིར། དེ་བཞིན་དུ་ནི་ཁས་མེད་ནོ་ཞེ་ན། རྒྱུ་རྣམས་ཀུན་ནི་དོན་མེད་པ་ཉིད་ཡིན་པར་ཐལ། རྫ་མཁན་དེ་རྫ་བུམ་གྱི་གསལ་བྱེད་ཙམ་ཡིན་པའི་ཕྱིར། རིག་བྱེད་ཀྱི་སྒྲ་རྟག་པའི་སྒྲུབ་བྱེད་ཅི་ཞེས་དྲིས་པས། འདིའོ་ཞེས་ངོ་ཤེས་པ་དང༌། སྔར་ཡོད་པ་ལ་བརྡ་སྦྱོར་བ་སོགས་གང་ཡིན་པ་སྒྲུབ་བྱེད་དུ་འདོད་ན་ནི། རིག་བྱེད་ཀྱི་སྒྲ་རྟག་པར་སྒྲུབ་པའི་མཐུན་དཔེ་མེད་པ་ཅན་ཡིན་པར་ཐལ། དངོས་པོ་རྣམས་(༣༥བ)ནི་སྐད་ཅིག་གིས་འཇིག་པའི་ཕྱིར། སྒྲ་རྟག་པར་སྒྲུབ་པའི་རྟགས་དོན་གཞན་ཡང་སུན་དབྱུང་བར་བྱ་སྟེ། རྟགས་འདྲ། གལ་ཏེ་རིག་བྱེད་ཀྱི་སྒྲ་ཉན་ཤེས་ལ་གསལ་བའི་རིམ་པ་དེ་མ་བྱས་པའི་ངག་ཡིན་ནོ་ཞེ་ན། ཉན་ཤེས་ཆོས་ཅན། རྟག་དངོས་ཡིན་པར་ཐལ། རིག་སྒྲ་རྟག་དངོས་གསལ་བའི་ཕྱིར། འདོད་ན། ཆོས་ཅན། སྐྱེས་བུ་ལ་མ་བརྟེན་པར་ཐལ་ལོ། །བློ་གཞན་ཡང་སྐྱེས་བུ་ལ་མི་རྟེན་པར་ཁས་ལེན་དགོས་པས། སྤྱོད་པ་པ་ཆོས་ཅན། བློ་འདོད་ཆགས་ནི་སྐྱེས་བུའི་རྟེན་ཅན་མིན་པར་དམ་འཆའ་མི་རིགས་པར་ཐལ། དེ་ལྟར་དམ་བཅས་པ་ལ་འདོད་ཆགས་སྐྱེས་བུའི་ཡོན་ཏན་དུ་ཁས་བླངས་པའི་གནོད་པའི་ཕྱིར། ཆོས་ཅན། བློ་བདེ་སྡུག་ནི་སྐྱེས་བུའི་རྟེན་ཅན་མིན་པར་དམ་འཆའ་མི་རིགས་པར་ཐལ། དེ་ལྟར་དམ་བཅས་པ་ལ་མངོན་སུམ་གྱིས་གནོད་པའི་ཕྱིར། ཆོས་ཅན། བློ་ཉན་ཤེས་ནི་སྐྱེས་བུའི་རྟེན་ཅན་མིན་པར་དམ་འཆའ་མི་རིགས་པར་ཐལ། དེ་ལྟར་དམ་བཅས་པ་ལ་གྲགས་པ་དང༌། རྗེས་སུ་དཔག་པས་ཅིག་ཅར་གནོད་པའི་ཕྱིར། གསུམ་པ་ནི། ཡི་གེ་རྣམས་ལས་རྫས་ཐ་དད་པའི་རིམ་པའང་མ་བྱས་པའི་ངག་མིན་ཏེ། དེ་གསལ་བར་དཔྱད་ནས་བཀག་ཟིན་པའི་ཕྱིར། ཡི་གེའི་གོ་རིམ་དེ་ནི་ཆོས་ཅན། ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན་ཏེ་ཡིན་པར་ཐལ། རྟོག་པས་སྒྲོ་བཏགས་པའི་གོ་རིམ་ཡིན་པའི་ཕྱིར།
གཉིས་པ་མི་རྟག་པར་བསྒྲུབ་པ་ལ་གསུམ། རྟགས་དགོད། རྩོད་པ་སྤང༌། དེས་གཞན་ཡང་ཁེགས་པར་བསྟན་པའོ། །དང་པོ་ནི། སྒྲ་མི་རྟག་པ་ཇི་ལྟར་ཡིན་ཞེ་ན། སྒྲ་ནི་ཆོས་ཅན། མི་རྟག་པ་ཉིད་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་པ་དེ་དངོས་པོ་ཡོད་ཙམ་ནས་འབྲེལ་བ་ཅན་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ལྟོས་མེད་ཀྱི་རྟགས་ལ་རྩོད་པ་སྤང༌། རྩ་བའི་(༣༦ན)རྟགས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། འཇིག་རྒྱུ་གཞན་གྱིས་འཇིག་པ་སྤང༌། འཇིག་རྒྱུ་མེད་ན་འགལ་བ་སྤང་བའོ། །དང་པོ་ནི། རྟགས་མ་གྲུབ་སྟེ། མི་ལས་ཤིང་གི་འཇིག་པ་དོན་གཞན་དུ་གྱུར་པ་དག་སྐྱེའོ་ཞེ་ན། ཤིང་ནི་བསྲེགས་པའི་འོག་ཏུ་མཐོང་བ་ཉིད་དུ་འགྱུར་བར་ཐལ། ཤིང་སྔར་མཐོང་བ་གང་ཞིག ། ཤིང་འཇིག་པའི་རྫས་སུ་མེད་པའི་ཕྱིར། འཇིག་པ་དོན་གཞན་དེ་ཉིད་ཤིང་དེའི་འཇིག་པ་ཡིན་ནོ་ཞེ་ན། འཇིག་པ་དོན་གཞན་ནི་ཆོས་ཅན། ཇི་ལྟར་ཤིང་གི་འཇིག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤིང་ལས་རྫས་གཞན་ཡིན་པའི་ཕྱིར། དེ་ཤིང་གི་འཇིག་པ་ཡིན་ཡང་སླ་སྟེ། ཅིའི་ཕྱིར་ཤིང་བསྲེགས་པའི་འོག་ཏུ་ཤིང་མི་སྣང་ཞེས་དྲིས་པས། འཇིག་པ་དོན་གཞན་དེས་བཟུང་བའི་ཕྱིར་སྣང་བ་མ་ཡིན་ནོ་ཞེ་ན། ཤིང་ཆོས་ཅན། འཇིག་པ་དོན་གཞན་དེས་བཟུང་ནས་ཟིལ་གྱིས་མནན་པ་མིན་པར་ཐལ། གང་གི་ཕྱིར་དེ་ཡིས་མི་སྒྲིབ་པའི་ཕྱིར། འཇིག་པ་དོན་གཞན་པ་ཆོས་ཅན། འཇིག་པ་ཅན་དུ་འགྱུར་བར་ཐལ། སྐྱེས་པའི་ཕྱིར། འདོད་ན། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པར་ཐལ་ལོ། །འདོད་པ་དེ་ལྟ་ནའང༌། དེའི་སྐད་ཅིག་གཉིས་པར་ཤིང་མཐོང་བར་འགྱུར་བར་ཐལ། དེའི་ཚེ་ཤིང་མི་མཐོང་བའི་རྒྱུ་ཞིག་པའི་ཕྱིར། གལ་ཏེ་ནག་པ་གསོད་བྱེད་བསད་པ་ན། ནག་པ་སླར་འབྱུང་བ་མིན་པ་ཇི་བཞིན་དུ། ཤིང་འདི་ལའང་ཞིག་པ་ཞིག་པས། ཤིང་མི་འབྱུང་བ་དེ་བཞིན་དུ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ནག་པ་གསོད་བྱེད་བསད་པས་ནག་པ་སླར་མི་འབྱུང་བ་དང༌། ཤིང་གི་ཞིག་པ་ཞིག་ནས་ཤིང་སླར་མི་འབྱུང་བ་མི་མཚུངས་པར་ཐལ། ནག་པ་གསོད་བྱེད་ནག་པ་བསད་པའི་ཆ་ཉིད་མིན་ཞིང༌། ཤིང་གི་ཞིག་པ་དེ་ཤིང་འགགས་པའི་ཆ་ཡིན་པའི་ཕྱིར། ཤིང་(༣༦བ)ཉིད་ཆོས་ཅན། འཇིག་པ་ཉིད་དུ་འགྱུར་བར་ཐལ། རང་གི་འཇིག་པ་ལས་གཞན་ཉིད་མིན་པའི་དངོས་པོ་ཡིན་པའི་ཕྱིར། མེ་ཆོས་ཅན། ཤིང་ཞིག་པའི་རྒྱུ་མིན་པ་ཉིད་ཡིན་པར་ཐལ། ཞིག་པ་དེ་དངོས་པོར་མེད་པའི་ཕྱིར། ཆོས་ཅན། ཤིང་གི་འཇིག་པ་མི་བསྐྱེད་པར་ཐལ། ཤིང་གི་འཇིག་པ་ཤིང་དང་རྫས་གཅིག་དང་ཐ་དད་གང་ཡང་མ་བསྐྱེད་པའི་ཕྱིར། ཁྱབ་སྟེ། རྫས་གཅིག་དང་ཐ་དད་པ་འདི་ལས་གཞན་པའི་དངོས་པོའི་རྣམ་པའང་མེད་པའི་ཕྱིར།
གཉིས་པ་ལ་གསུམ། དངོས་པོ་དང་ཞིག་པ་ལྷན་ཅིག་ཏུ་ཡོད་པ་སྤང༌། རང་ལ་མཚུངས་པ་སྤང༌། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པའོ། ། དང་པོ་ནི། འཇིག་པ་རྒྱུ་མེད་ཅན་ཡིན་ནའང༌། ཤིང་གི་དངོས་པོ་དང་འཇིག་པ་དག་ལྷན་ཅིག་ཡོད་པར་འགྱུར་ཏེ། འཇིག་པ་དེ་རྟག་དངོས་ཡིན་པའི་ཕྱིར་ཞེ་ན། ཤིང་གི་ཞིག་པ་ཆོས་ཅན། རྟག་དངོས་ཉིད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོར་མེད་པའི་ཕྱིར། འོ་ན་ཤིང་མི་འཇིག་པར་ཐལ། འཇིག་རྒྱུ་དོན་གཞན་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། འཇིག་རྒྱུ་དོན་གཞན་མེད་པར་ཁས་བླངས་པ་ལ། ཤིང་གི་དངོས་པོ་འཇིག་པ་མེད་པ་ཉིད་ཀྱིས་ཁྱབ་པར་ཐལ་བར་འགྱུར་བ་མི་རུང་སྟེ། གང་གི་ཕྱིར་ཤིང་གི་དངོས་པོ་འཇིག་རྒྱུ་དོན་གཞན་པ་ཡིས་འཇིག་པ་དག་ནི་མི་འདོད་པར། རང་རྒྱུ་ལས་འཇིག་པར་སྐྱེ་བའི་ཕྱིར། ཤིང་རང་རྒྱུ་ལས་འཇིག་པར་སྐྱེ་ན། འཇིག་པ་རྒྱུ་མེད་དུ་བཤད་པ་དང་འགལ་ལ། ཤིང་གི་འཇིག་པ་ཞེས་པའི་དྲུག་སྒྲ་མི་རུང་བར་འགྱུར་རོ་ཞེ་ན། ཤིང་འཇིག་པའི་གསན་སྐབས་དེ་རྒྱུ་མེད་པ་ཅན་དུ་བཤད་པ་ཆོས་ཅན། དོན་ཡོད་དེ། ཤིང་གི་དངོས་པོ་འཇིག་པ་དེ། རྒྱུ་གཞན་ལ་ལྟོས་པ་མེད་པ་དེ་ཤེས་པའི་དོན་དུ་སྟེ་ཆེད་ཡིན་པའི་ཕྱིར། ཤིང་དང་འཇིག་པ་རྫས་གཞན་མ་ཡིན་ཡང༌། དྲུག་སྒྲ་སྦྱར་རུང་སྟེ། རྟོག་(༣༧ན)པའི་སེམས་ཀྱིས་ནི་ཤིང་དེའི་འཇིག་པ་ཤིང་ལས་ཐ་དད་དུ་སྒྲོ་བཏགས་ནས་དྲུག་སྒྲ་སྦྱོར་བའི་ཕྱིར། གཉིས་པ་ནི། ཤིང་ཞིག་ནས་མེད་པ་དེ་ཤིང་རང་ཉིད་ཀྱི་རྒྱུ་ལས་གྲུབ་ཟིན་དུ་ཡོད་པར་ཐལ། ཤིང་རང་རྒྱུ་ལས་འཇིག་པར་སྐྱེས་པའི་ཕྱིར། འདོད་ནའང༌། རྫས་གཅིག་དང་ཐ་དད་བརྟགས་པའི་རྣམ་རྟོག་འདི་ནི་ཁྱེད་རང་ལའང་མཚུངས་སོ་ཞེ་ན། ཤིང་གི་ཞིག་པ་ཆོས་ཅན། རྫས་གཅིག་དང་ཐ་དད་བརྟགས་པ་དེའི་སྐྱོན་དུ་ཅུང་ཟད་ཀྱང་འགྱུར་བ་མེད་དེ། དངོས་པོར་མེད་པར་གྱུར་པ་ཙམ་ཞིག་ཡིན་པའི་ཕྱིར། ཆོས་ཅན། དངོས་པོར་ཡོད་པར་འདོད་པ་ལ་རྫས་གཅིག་དང་ཐ་དད་པའི་རྣམ་རྟོག་འདིར་འགྱུར་ཏེ། རྒྱུས་བསྒྲུབ་པ་ཡིན་ན། དངོས་པོ་དང་རྫས་གཅིག་དང་ཐ་དད་གང་རུང་དུ་འབྲེལ་བའི་ཕྱིར་རོ། །ཤིང་ཞིག་ནས་མེད་པར་གྱུར་པ་ཡིན་ཞེས་གསུངས་པ་ནི་ཆོས་ཅན། ཞིག་པ་རྒྱུ་ལས་སྐྱེས་པར་བཤད་པ་མ་ཡིན་ཏེ། ཤིང་ཞིག་ནས་དངོས་པོ་མིན་ཞེས་བྱ་བའང་བརྗོད་པ་ཡིན་པའི་ཕྱིར། མེའི་དངོས་པོ་གང་ཡིན་པ་དེ་ཆོས་ཅན། ཅི་སྟེ་ཤིང་གི་འཇིག་པ་འགའ་ཞིག་གི་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་ཕན་པའི་བྱ་བ་ཅུང་ཟད་ཅིག་ཡོད་ན། དོན་གཞན་ལ་ལྟོས་པར་འགྱུར་གྱི། ཁྱོད་ཀྱིས་ཤིང་གི་འཇིག་པ་ལ་ཕན་པ་ཅུང་ཟད་མི་བྱེད་པའི་ཕྱིར། གསུམ་པ་ནི། ཞིག་པ་དངོས་མེད་དུ་བསྟན་པ་དེས་ནི་སྐྱོན་ཧ་ཅང་ཐལ་བ་བསལ་བ་ཡིན་ནོ། །གང་ན། ཤིང་ཆོས་ཅན། མ་སྐྱེས་པ་ལས་འཇིག་པར་འགྱུར་བར་ཐལ། འཇིག་པ་རྒྱུ་མེད་ཅན་ཡིན་པའི་ཕྱིར། འདོད་ན། མ་སྐྱེས་པའི་སྔར་ནས་ཡོད་པ་ཉིད་དང་འཇིག་པ་ཡིན་པར་ཐལ་ལོ། །ཞེས་པའོ། །ཇི་ལྟར་ན། ཞིག་པ་ཆོས་ཅན། རྒྱུ་ལས་བྱུང་བ་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར། གཉིས་པ་རྩ་བའི་རྟགས་ལ་(༣༧བ)རྩོད་པ་སྤང་བ་ནི། ཇི་ལྟར་སྐྱེ་ལྡན་འགའ་ཞིག་ཉིད་ཐོགས་བཅས་ཉིད་དང༌། ཁ་ཅིག་ཐོགས་མེད་དུ་འདོད་པ་དེ་བཞིན་དུ། སྐྱེ་ལྡན་གྱི་དངོས་པོར་ཡོད་པ་རྣམས་འཇིག་པའི་རང་བཞིན་ཡིན་གྱི། སྐྱེ་ལྡན་མིན་པའི་དངོས་པོ་འཇིག་པ་མིན་པས། དངོས་པོ་ཡིན་ན་འཇིག་པས་མ་ཁྱབ་བོ་ཞེ་ན། འབྲས་བུ་ཆོས་ཅན། མི་རྟག་པ་ལས་ངོ་བོ་ཐ་དད་དུ་མེད་དེ། མི་རྟག་པ་ལས་ངོ་བོ་ཐ་དད་དུ་སྐྱེད་པའི་རྒྱུ་རྣམས་མེད་པ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུའི་རང་བཞིན་ངེས་པ་ལས། འབྲས་བུའི་རང་བཞིན་ངེས་པའི་ཕྱིར། གསུམ་པ་དེས་གཞན་ཡང་ཁེགས་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། སྒྲ་དོན་དེ་རྣམས་ཀྱི་འབྲེལ་བ་ཡང༌། རྟག་པའི་དངོས་པོ་ཉིད་ཡིན་པའང་བསལ་བ་ཡིན་ཏེ། དངོས་པོ་ཡིན་ན་མི་རྟག་པས་ཁྱབ་པ་དེའི་ཕྱིར། སྒྲ་ལས་དོན་གོ་བའི་ནུས་པའང་ཆོས་ཅན། རྟག་དངོས་མ་ཡིན་པར་ཐལ། དེ་ཡིན་པ་སྔར་བཤད་པའི་འབྲེལ་བ་རྟག་དངོས་ལ་བརྗོད་པའི་སྐྱོན་གྱིས་བསལ་བ་ཡིན་པའི་ཕྱིར། གསུམ་པ་མ་བྱས་པའི་གཏན་ཚིགས་འཁྲུལ་པ་ལ་གཉིས། དངོས་དང༌། སྐྱོན་སྤོང་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པ་ཞེས་བྱ་བ་ཉིད། རིག་བྱེད་ཇི་བཞིན་དོན་ཤེས་པའི་སྒྲུབ་བྱེད་མིན་པར་ཐལ། སྐྱེས་བུའི་ཉེས་པས་བྱས་པའི་སྐྱོན་མེད་པའི་མེ་སོགས་རྣམ་པ་གཞན་དུ་ཕྱིན་ཅི་ལོག་གི་རྒྱུར་མཐོང་བའི་ཕྱིར། ཆོས་ཅན། རིག་བྱེད་དེ་ནི་མ་བྱས་པར་འདོད་ན། དོན་ཤེས་པ་ཉིད་ཀྱི་རྒྱུར་མི་འགྱུར་བར་ཐལ། རྟག་པ་དག་ལས་དངོས་པོའི་ནུས་པ་འགའ་ཡང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་འཛིན་པའི་རྟོག་པ་གྲུབ་པའི་ཕྱིར་ཞེ་ན། འདུས་མ་བྱས་ཀྱི་ནམ་མཁའ་ལ་རྟོག་པའི་བློ་དག་འགའ་ཞིག་ཆོས་ཅན། བག་ཆགས་དེ་ལས་སྐྱེ་བར་འགྱུར་(༣༨ན)གྱི། གཟུང་དོན་གྱི་སྤྱོད་ཡུལ་ཅན་མ་ཡིན་པར་ཐལ། རྣམ་རྟོག་གི་བག་ཆགས་ལས་བྱུང་བའི་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་མ་བྱས་པའི་ཚིག་ནི་བདེན་པའི་དོན་ཅན་ཡིན་ཏེ། མ་བྱས་པ་ལས་བཟློག་པས་བདེན་པའི་དོན་ཅན་དང་འགལ་བ་ལ་ཁྱབ་པའི་ཕྱིར་ཏེ། བྱས་པའི་ངག་ལོག་པ་ཉིད་དུ་མཐོང་བ་ཉིད་ཡིན་པའི་ཕྱིར་ཞེ་ན། སྐྱེས་བུས་མ་བྱས་པ་དེ་ནི་ཆོས་ཅན། རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པར་དོགས་པར་འགྱུར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་བསྒྲུབ་པའི་ཕྱིར་དུ་གཏན་ཚིགས་མ་བསྟན་པ་ཡིན་པའི་ཕྱིར། སྐྱེས་བུས་མ་བྱས་པ་ཆོས་ཅན། ལོག་པའི་དོན་ཅན་ལ་མེད་པར་ཐལ། བདེན་པའི་དོན་ཅན་ལ་མཐོང་བའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་མེད་པར་ཐལ། རྩོལ་བ་ལས་བྱུང་མ་བྱུང་གི་དངོས་པོ་འགལ་བ་དག་ལ་ཡང༌། དངོས་པོ་གཅིག་གིས་ཁྱབ་པར་བྱེད་པ་མཐོང་བའི་ཕྱིར། སྐྱེས་བུས་མ་བྱས་པ་ཆོས་ཅན། ལོག་པའི་དོན་ཅན་ལ་མེད་དེ། དེ་ལ་མ་མཐོང་བའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། མ་དམིགས་པས་ཀུན་ལ་མེད་པར་མི་འགྲུབ་ཅེས་ནི་བཤད་ཟིན་པའི་ཕྱིར། སྐྱེས་བུས་མ་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བར་ཐལ། མི་མཐུན་ཕྱོགས་ལ་མེད་པ་ཉིད་ནི་མ་གྲུབ་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །ཁྱབ་སྟེ། སྒྲུབ་བྱེད་རྟགས་ཡང་དག་ཡིན་ན། གལ་ཏེ་རྗེས་འགྲོ་དང་ལྡོག་པ་དང་བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཉིད་དེ་ངེས་པའི་འབྲས་བུ་ཅན་གྱི་ཤེས་པ་ཡིས་གྲུབ་པར་གྱུར་པ་ཞིག་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། ལྡོག་ཁྱབ་གྲུབ་པའི་གཏན་ཚིགས་ཐམས་ཅད་མཐུན་ཕྱོགས་ལ་རྗེས་འགྲོ་ཅན་དུ་ཐལ། གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས་(༣༨བ)ལས་བཟློག་པ་ཉིད་དུ་བརྗོད་པ་དེ་ཉིད་ནི། གཏན་ཚིགས་འདིའི་ཆོས་མཐུན་ཕྱོགས་སུ་འགྱུར་བ་དེས་ནའོ། །
བཞི་པ་སྔགས་བྱས་པར་བསྒྲུབ་པ་ལ་གསུམ། དངོས། བྱེད་པ་པོ་ཁྱད་པར་ཅན་དུ་བསྒྲུབ་པ། ཁྱད་པར་ཅན་མིན་ན་རང་ཚིག་འགལ་བའོ། །དང་པོ་ལ་བཞི། བརྡ་ལས་འབྲས་བུ་འགྲུབ་པར་བསྟན། སྒྲའི་ནུས་པས་འགྲུབ་པ་དགག །སྦྱོར་བའི་ཤན་གྱིས་འགྲུབ་པ་དགག །གོ་རིམ་མེད་པའི་འགལ་བ་སྤང་བའོ། །
དང་པོ་ནི། སྔགས་རྣམས་ཆོས་ཅན། སྐྱེས་བུ་འགའ་ཡིས་བརྡ་བྱས་པ་ཉིད་ཡིན་ཏེ། ཞི་སོགས་འབྲས་བུ་སྒྲུབ་བྱེད་ཡིན་པའི་ཕྱིར།
གཉིས་པ་ནི། ཅི་སྟེ་ཡི་གེའི་དངོས་པོའི་ནུས་པ་ཁོ་ནས་ཞི་སོགས་སྟེར་བ་ཡིན་ནོ་ཞེ་ན། ཆོས་ཅན། ཆོ་ག་ཕྱིན་ཅི་ལོག་ཏུ་བྱས་པ་གཞན་ལའང་ཞི་སོགས་སྟེར་བར་འགྱུར་བར་ཐལ། ཆོ་ག་ཕྱིན་ཅི་ལོག་མ་ལོག་གི་ཡི་གེ་ལ་ཁྱད་པར་མེད་པའི་ཕྱིར། ཡི་གེ་ལས་དོན་གཞན་ཉིད་དུ་གྱུར་པའི་བཀོད་པའང་སྔགས་མ་ཡིན་པར་ཐལ། དེ་སྔར་ནི་བསལ་བ་ཡིན་པའི་ཕྱིར། ཆོས་ཅན། ཞི་སོགས་དེའི་དོན་རྟག་ཏུ་འགྲུབ་པར་འགྱུར་བར་ཐལ། ཞི་སོགས་སྟེར་བྱེད་དུ་རྟག་པའི་ཕྱིར། ཞི་སོགས་སྟེར་བ་རྐྱེན་ལ་ལྟོས་པ་ཡིན་ནོ་ཞེ་ན། ཆོས་ཅན། རྐྱེན་གྱིས་ཕན་པའི་ནུས་པ་མེད་པར་འགྱུར་བར་ཐལ། རྟག་པ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། སྐྱེས་བུ་ཀུན་གྱི་ཞི་སོགས་སྒྲུབ་བྱེད་དུ་འགྱུར་བར་ཐལ། གལ་ཏེ་ཡི་གེའི་དངོས་པོའི་ནུས་པ་ཁོ་ནས་ཞི་སོགས་སྟེར་བ་དེ་འདྲ་བ་ཡིན་པའི་ཕྱིར། ཆོ་ག་ཚུལ་བཞིན་བྱེད་པའི་བྲམ་ཟེ་ལ་ཞི་སོགས་སྟེར་བ་ཡིན་ནོ་ཞེ་ན། ཆོས་ཅན། བྱེད་པ་པོའི་ཁྱད་པར་ལ་ཡང་ལྟོས་པར་མི་རུང་བར་ཐལ། སྐྱེས་བུས་ལེགས་པར་བྱས་པ་མིན་པའི་ཕྱིར། འདོད་ན། བྱེད་པ་པོའི་ཁྱད་པར་ལས་ཞི་སོགས་སྟེར་བའི་ནུས་པ་ངེས་པ་མ་ཡིན་པར་ཐལ་ལོ། །ཁྱབ་སྟེ། དངོས་(༣༩ན)པོ་རྐྱེན་གྱིས་འདུས་བྱས་པའི་ཡང༌། དངོས་པོ་ཐ་དད་པ་རྒྱུ་རྐྱེན་ཐ་དད་ཀྱིས་བྱེད་པའི་ཕྱིར། བྲམ་གདོལ་གྱི་རིགས་ཀྱི་ཁྱབ་པར་གང་ལས་གྲུབ་ཅེ་ན། བྲམ་གདོལ་ཆོས་ཅན། དོན་དམ་པར་རིགས་བཟང་ངན་མེད་དེ། འཇིག་རྟེན་པའི་བརྡ་ཙམ་ལས་རིགས་བཟང་ངན་དུ་འགྱུར་བའི་ཕྱིར། རིག་བྱེད་ཀྱི་སྔགས་ཆོས་ཅན། བྲམ་ཟེ་ལ་ཞི་སོགས་སྟེར་ལ། གདོལ་པ་ལ་མི་སྟེར་བ་མ་ཡིན་ཏེ། སྐྱེས་བུ་ཤེས་མཐུ་ཅན་གྱིས་བརྡ་བྱས་པ་ལས་དེ་ལྟར་འགྱུར་བའི་ཕྱིར།
གསུམ་པ་ནི། ཆོས་ཅན། བྲམ་ཟེ་ཅི་ཞིག་བྱེད་ནས། བྱེད་པ་པོར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱད་པར་བྱར་མེད་པ་ཅན་ཡིན་པའི་ཕྱིར། གལ་ཏེ་སྔགས་མངོན་པར་གསལ་བ་དེ། སྔགས་ཀྱི་འབྲས་བུ་ལ་སྦྱོར་བ་ཡིན་ནོ་ཞེ་ན། ཆོས་ཅན། རྐྱེན་གྱིས་གསལ་བ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་རྐྱེན་གྱིས་གསལ་བ་དེ་ནི་གོང་དུ་བསལ་ཟིན་པའི་ཕྱིར། གལ་ཏེ་བྲམ་ཟེ་དེ་ནི་ཆོས་ཅན། སྔགས་ཀྱི་འབྲས་བུར་སྦྱོར་ཏེ། གང་ལས་སྔགས་དེ་གསལ་བའི་བློ་ཡོད་པ་ཡིན་པའི་ཕྱིར་ཞེ་ན། སྔགས་ཉན་པ་པོ་གདོལ་པའང་ཆོས་ཅན། སྔགས་འབྲས་དང་འབྲེལ་བར་འགྱུར་པར་ཐལ། སྨྲ་བ་པོའི་རྒྱུ་ལས་སྔགས་གསལ་བ་ཡིན་པས་སོ། །སྔགས་སྒྲ་མངོན་པར་གསལ་བ་མིན་པར། སྒྲ་དག་གི་བྱེད་པ་རྣམས་ཀྱི་སྦྱོར་བ་སྔགས་ཤུབ་བུས་བཟླས་པའམ། སྔགས་ཡིད་ཀྱིས་བཟླས་པ་ཆོས་ཅན། སྔགས་སུ་དོན་མེད་པར་འགྱུར་བར་ཐལ། སྔགས་སྒྲ་གསལ་བ་མ་ཡིན་པའི་ཕྱིར་ཏེ། ཉན་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་ནི་རྣ་བའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར། སྔགས་ཡིད་ཀྱིས་བཟླ་དུས་ཀྱི་རྟོག་བློ་དེའང་ཆོས་ཅན། སྔགས་སྒྲ་གསལ་བ་ཡིན་ཏེ། བརྒྱུད་པས་སྔགས་སྒྲ་དེ་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་ཞེ་(༣༩བ)ན། ཆོས་ཅན། གལ་ཏེ་གཟུང་དོན་ཅན་ཡིན་པར་མི་འགྲུབ་པར་ཐལ། རིགས་མཐུན་གྱི་རྟོག་པ་སྔ་མའི་རྗེས་སུ་འགྲོ་བའི་ཕྱིར་རོ། །ཁྱེད་རང་ལའང་ཉེས་པ་མཚུངས་སོ་ཞེ་ན། སྔགས་ཡིད་ཀྱིས་བཟླས་པ་ཆོས་ཅན། ཞི་སོགས་སྟེར་བ་མི་འགལ་བར་ཐལ། སྔགས་རང་མཚན་པ་དང་སྤྱིའི་རང་བཞིན་རྣམས་ཞི་སོགས་སྟེར་བའི་ངོ་བོ་གཅིག་ཏུ་བརྗོད་འདོད་ཀྱིས་ཀུན་ནས་བསླངས་ནས། བརྡ་བྱེད་པ་རྣམས་ཀྱིས་བརྡ་སྦྱར་བ་ལྟར་བརྗོད་པའི་ཕྱིར། སྔགས་ཆོས་ཅན། དངོས་པོའི་ནུས་པ་ཁོ་ན་ལས་ཞི་སོགས་སྟེར་བ་མ་ཡིན་པར་ཐལ། ཞི་སོགས་སྟེར་བ་བརྡ་ལ་ལྟོས་པའི་ཕྱིར།
བཞི་ལ་པ་གཉིས། རྩོད་ལན་ནོ། ། དང་པོ་ནི། གལ་ཏེ་རོ་དང་མཚོ་ཞེས་ཐོས་པ་ལས་འབྲས་བུ་ཐ་དད་དུ་གོ་བ་མེད་པར་འགྱུར་ཏེ། ཡི་གེ་ལ་གོ་རིམ་དང་ཁྱད་པར་མེད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། གོ་རིམ་བསྟན། ཁྱད་པར་བསྟན་པའོ། །
དང་པོ་ནི། ཤེས་བྱ་ཆོས་ཅན། ཡི་གེའི་གོ་རིམ་དེ་ནི་སྐྱེས་བུའི་རྟེན་ཅན་དུ་ཡོད་དེ། ཡི་གེ་སྔ་མ་ཀུན་སློང་གི་ཤེས་པ་ལས་ཕྱི་མ་ཀུན་སློང་གི་ཤེས་པ་སྐྱེས་ལ། ཤེས་པ་རིམ་ཅན་ལས་སྒྲ་རིམ་ཅན་སྐྱེ་བའི་ཕྱིར། ཆོས་འདྲ། ཡི་གེ་སྔ་མ་དེའི་ཁྱད་པར་ཅན་གྱི་ཡི་གེ་ཕྱི་མ་དེ་ནི། རྣ་བས་རིམ་ཅན་དུ་ངེས་པར་འགྱུར་བ་ཡིན་པའི་ཕྱིར། ཆོས་འདྲ། ཡི་གེ་སྔ་མ་ཐོས་པའི་ཤེས་པ་དེས་བསྐྱེད་པའི་ཤེས་པ་ཅན་གྱི་ཡི་གེ་ཕྱི་མ་དེ་ཐོས་པ་མྱུར་པོ་མིན་པར་དལ་བུས་ཐོས་པ་ཅན་གྱི། ཡི་གེ་སྔ་མ་དེ་དྲན་པ་ལ་ལྟོས་ནས་ནི་ཕྱིས་ནི་ཕྱི་མའི་བདག་ཉིད་ལ་དྲན་པ་སྐྱེད་པར་བྱེད་པའི་ཕྱིར། ཡི་གེ་དེ་དག་རྣམས་ཆོས་ཅན། སྐྱེས་བུས་བྱས་པ་ཉིད་ཡིན་ཏེ། རང་རྒྱུ་ཀུན་སློང་རིམ་ཅན་གྱི་འབྲས་བུ་དང༌། རང་འཛིན་པའི་སེམས་རིམ་ཅན་གྱི་རྒྱུ་ཡིན་པ་ཉིད་ཀྱིས། གོ་རིམ་དག་ནི་ཡོད་པ་ཡིན་ཞེས་(༤༠ན)བརྗོད་པའི་ཕྱིར། གཉིས་པ་ནི། ས་ར་ཞེས་པའི་ཚིག་དང་ར་ས་ཞེས་པའི་ཚིག་ཡོད་པའི་ཡི་གེའི་ངོ་བོ་ས་གཉིས་དང་ར་གཉིས་པོ་དེ་ཆོས་ཅན། རྫས་གཞན་ཉིད་ཡིན་ཏེ། བྱེད་པ་པོའི་འདུ་བྱེད་ལས་ཐ་དད་དུ་སྐྱེས་པའི་ཕྱིར་དང༌། ལྷན་ཅིག་བརྗོད་པས་འབྲས་བུ་རོ་མཚོ་གོ་བའི་ཁྱད་པར་ཐ་དད་དུ་བྱེད་པའི་ཕྱིར། ཡི་གེ་རྣམས་ཀྱི་གོ་རིམ་དེའང་ཆོས་ཅན། རྟག་དངོས་མ་ཡིན་ཏེ། འདོད་པས་སྤེལ་བར་བྱེད་པ་ལ་འཇུག་པ་ཡིན་པའི་ཕྱིར། ཁྱབ་སྟེ། འདོད་པ་དང་མི་འགལ་བར་གྲུབ་པ་ཅན་གྱི་གོ་རིམ་རྟག་པར་གནས་པ་འགལ་བའི་ཕྱིར་རོ། །ཡི་གེའི་རིམ་པ་ཀུན་སྐྱེས་བུ་ལས་སྐྱེས་པ་ཡིན་ཏེ། སྐྱེས་བུ་དང་ནི་ཡི་གེ་རྣམས་རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར། མེ་དང་ཤིང་གི་རིགས་པ་བཞིན་ནོ། །
གཉིས་པ་བྱེད་པ་པོ་ཁྱད་པར་ཅན་བསྒྲུབ་པ་ནི། ཤེས་མཐུ་དག་གིས་སྔགས་ཞེས་པའི་གོ་རིམ་གསར་དུ་བྱེད་པའི་ངང་ཚུལ་ཅན་གྱི་སྐྱེས་བུ་དེ་གཞན་དང་ཐུན་མོང་མིན་པ་ཉིད་དུ་གྲུབ་སྟེ། ཐ་མལ་པ་གཞན་ལ་ཤེས་མཐུ་དེ་དག་མེད་པའི་ཕྱིར་རོ། །མ་གྲུབ་སྟེ། ལམ་པོ་ཆེའི་སྐྱེས་བུ་འགའ་ཞིག་གིས་ཀྱང་དུག་ཞི་བ་སོགས་བྱེད་པའི་ཕྱིར་རོ་ཞེ་ན། གང་ཡང་ནམ་མཁའ་ལྡིང་གི་རྒྱུད་རིག་པའི་སྐྱེས་བུ་འགའ་ཞིག་གིས། གསང་སྔགས་འགའ་ཞིག་བྱེད་པར་འགྱུར་བ་དེ་དག་གི་དུག་ཞི་བའི་ནུས་པ་དེ་ཆོས་ཅན། གཙོ་བོ་ནམ་མཁའ་ལྡིང་གི་རྒྱུད་རྩོམ་པ་པོའི་མཐུ་ཡིན་ཏེ། དེས་བཤད་པའི་རིགས་པའི་རྗེས་སུ་འཇུག་པ་ལས་བྱུང་བའི་ཕྱིར་རོ། །སྔགས་རྣམས་ནི་ཆོས་ཅན། བྱས་པ་དང་སྐྱེས་བུས་བྱས་པར་བརྗོད་བྱ་ཡིན་ཏེ། ཞི་སོགས་ཀྱི་འབྲས་བུ་འབྱུང་བར་འདོད་པས་སོ། །སྔགས་བྱེད་པ་པོ་ཁྱད་པར་ཅན་དུ་བསྒྲུབ་པ་འདིས་ནི་ཆོས་ཅན། དོན་ཡོད་དེ། སྐྱེས་བུ་ལ་དབང་པོ་ལས་འདས་པའི་དོན་མཐོང་བའི་ནུས་པ་མེད་པའི་སྒྲུབ་བྱེད་ནི་བསལ་ལ་ཡིན་པའི་(༤༠བ)ཕྱིར། བློ་དང་དབང་པོ་དང་ངག་སྨྲ་བ་དང་སྐྱེས་བུ་ཉིད་ལ་སོགས་སྒྲུབ་བྱེད་གང་བརྗོད་པ་ཆོས་ཅན། ཇི་བཞིན་དོན་རྟོགས་པའི་རྟགས་ཡང་དག་ཏུ་ཡོད་པ་མིན་ཏེ། ཚད་མ་སྟེ་རྟགས་ལྟར་སྣང་ཡིན་པའི་ཕྱིར་ཏེ། ལྷག་ལྡན་གྱི་གཏན་ཚིགས་ཡིན་པའི་ཕྱིར།
གསུམ་པ་ཁྱད་པར་ཅན་མིན་ན་རང་ཚིག་འགལ་བ་ལ་གཉིས། དངོས་དང༌། དོན་ངེས་དགག་པའོ། །དང་པོ་ནི། སྐྱེས་བུ་ཁྱད་པར་ཅན་མེད་པ་དང༌། རྒྱལ་དཔོག་པས་རིག་བྱེད་ཀྱི་དོན་ངེས་རིག་པ་འགལ་བར་སྟོན་པ་ནི། སྐྱེས་བུ་སྤྱོད་པ་པ་དེ་ཡང་ཆོས་ཅན། ཁྱོད་ཀྱིས་དོན་ངེས་འཛིན་འདི་བཏགས་པ་ཡིན་ཏེ། ཁྱོད་དོན་ངེས་འདོད་པ་གང་ཞིག །རིག་བྱེད་ཀྱི་སྒྲ་ནི་ཁོ་བོའི་འདི་དོན་དང་འདི་དོན་མིན་ཞེས་རྗོད་པར་མི་བྱེད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་དོན་ངེས་མི་འགྲུབ་པར་ཐལ། འདོད་ཆགས་སོགས་དང་ལྡན་པའི་ཕྱིར། ཆོས་ཅན། རྒྱལ་དཔོག་པ་དེ་བཞིན་དུ་སྐྱེས་བུ་ཉིད་ཀྱི་རྣམ་པ་འགས་ཀྱང༌། ཁྱོད་ཅི་དོན་ངེས་ཤེས་པ་དང་ལྡན་པ་འགའ་མི་འདོད་པ་མི་རིགས་པར་ཐལ། རྒྱལ་དཔོག་པས་དོན་ངེས་རིག་པ་གང་ཞིག །དེ་གཅིག་པུས་དེ་ཉིད་རིག་ལ། གཞན་གྱིས་རིག་པ་མིན་པའི་ཁྱད་པར་ཡང་ནི་སུ་ཡིས་བྱས་ཏེ་མ་བྱས་པའི་ཕྱིར། གལ་ཏེ་གང་གི་ཚིག་མངོན་སུམ་ཚད་མ་ཡིས་བསྟན་བྱའི་དོན་ལ་མི་སླུ་བ་དེས། དོན་ངེས་རིག་པ་ཡིན་ནོ་ཞེ་ན། ལྷ་དང་ཚངས་པ་ལ་སོགས་པ་ཆོས་ཅན། ཁྱོད་ལ་རྒྱལ་དཔོག་པའི་མངོན་སུམ་ཚད་མ་འཇལ་བྱེད་དུ་ཡོད་པ་སྲིད་པ་མ་ཡིན་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར། རིག་བྱེད་ལྡན་པའི་དོན་ཅན་དུ་བསྒྲུབ་པའི་ཕྱིར་དུ། སྐྱེས་བུས་བྱས་པ་མ་ཡིན་པ་རྟགས་སུ་བརྗོད་པ་དོན་མེད་ཡིན་པར་ཐལ། རྒྱལ་དཔོག་པ་དེ་ཡིས་བྱས་པའི་ཚིག་དེ་ལུང་ཚད་མ་ཡིན་ནོ་ཞེས་པ་ཐོབ་པའི་ཕྱིར་ཏེ། རྒྱལ་དཔོག་པ་གང་གི་ཚིག་མངོན་སུམ་ཚད་མར་གྱུར་པའི་སྒོ་ནས་བསྟན་བྱའི་དོན་ལ་མི་སླུ་བའི་ཕྱིར། ཤེས་བྱ་ཆོས་ཅན། དབང་པོ་ལས་འདོད་པའི་རིག་པ་འགའ་ཡོད་དོ་(༤༡ན)ཞེས་ནི་མངོན་པར་འདོད་པར་འགྱུར་བར་ཐལ། གལ་ཏེ་ཤིན་ཏུ་ལྐོག་གྱུར་གྱི་དོན་ལུང་མེད་པར་ནི་ཤེས་སྲིད་པའི་ཕྱིར།
གཉིས་པ་ལ་བཞི། ཚད་མས་གྲུབ་པ་དགག །གྲགས་པས་གྲུབ་པ་དགག །རིག་བྱེད་ཉིད་ཀྱིས་གྲུབ་པ་དགག །རང་བཞིན་གྱིས་གྲུབ་དགག་པའོ། །དང་པོ་ནི། རྒྱལ་དཔོག་པ་བདག་ཉིད་ཆོས་ཅན། རིག་བྱེད་ཀྱི་དོན་ངེས་རིག་པ་མིན་པར་ཐལ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར། སྐྱེས་བུ་གཞན་ཡང་ཆོས་ཅན། ཁྱོད་ལས་རིག་བྱེད་ནི་དོན་ངེས་རིག་པ་མིན་པར་ཐལ། རྟགས་འདྲ། རིག་བྱེད་ཆོས་ཅན། ཁྱོད་ཀྱིས་རིག་བྱེད་ཀྱི་དོན་ངེས་རིག་པར་བྱེད་པ་མིན་པར་ཐལ། དེ་ལྟར་ན། རིག་བྱེད་འཆད་པ་པོ་དོན་མེད་དུ་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། རིག་བྱེད་ཀྱི་དོན་ངེས་ནི་ཚང་མ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། རྒྱལ་དཔོག་པ་དང༌། སྐྱེས་བུ་གཞན་དང༌། རིག་བྱེད་ལས་ཀྱང རིག་བྱེད་ཀྱི་དོན་ངེས་མི་རྟོགས་པའི་ཕྱིར། འདོད་ན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་ཐོས་པ་ལས། ཁྱི་ཤ་ཟ་བ་ཞེས་བྱ་བ་དེ་བརྗོད་བྱའི་དོན་མིན་ཞེས་པ་འདི་ལ། ཚད་མ་གང་ཡོད་དེ་མེད་པར་ཐལ། འདོད་པ་དེས་ནའོ། །གཉིས་པ་ནི། ཨག་ནི་ཧོ་ཏྲཱཾ་ཛུ་ཧུ་ཡ་ད་ཏི་ཞེས་པའི་རིག་བྱེད་ཀྱི་སྒྲ་དོན་མར་མེ་ནང་དུ་ལྡུགས་པའི་གོ་བྱེད་ཡིན་ཏེ། དེ་ལྟར་འཇིག་རྟེན་གྱི་ཚིག་ལ་རབ་ཏུ་གྲགས་པའི་ཕྱིར་ཞེ་ན། འཇིག་རྟེན་གྱི་གྲགས་པ་དེ་ཆོས་ཅན། ཁྱོད་ལས་སྣ་ཚོགས་པའི་དོན་ཅན་གྱི་སྒྲའི་དོན་ངེས་འདི་རྣམ་པར་དབྱེ་བ་མི་རིགས་པར་ཐལ། གང་གིས་དབང་པོ་ལས་འདས་པའི་དོན་མཐོང་བ་གང་ཡོད་དེ་མེད་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ཆོས་ཅན། འཇིག་རྟེན་གྱི་གྲགས་པས་ཁྱོད་ཀྱི་དོན་ངེས་མི་འགྲུབ་པར་ཐལ། ཁྱོད་ཀྱིས་འཇིག་རྟེན་གྱི་གྲགས་པ་དང་མཐུན་པ་མིན་པའི་དོན་རྗོད་པའི་ཕྱིར་ཏེ། འཇིག་རྟེན་ན་ལྷའི་གནས་ལ་མཐོ་རིས་དང༌། དེ་ན་གནས་པའི་བུ་མོ་ལ་(༤༡ན)ལྷ་མོ་ཞེས་བརྗོད་ལ། ཁྱོད་ཀྱིས་མཐོ་རིས་ནི་འཁྲིག་པའི་བདེ་བ་དང༌། ལྷ་མོ་ནི་གཙུག་སྟན་ནམ་སྣོད་ཅེས་རྗོད་པར་མཐོང་བའི་ཕྱིར། ཆོས་ཅན། མར་མེ་ནང་དུ་ལྡུགས་པའི་གོ་བྱེད་ཡིན་ཏེ། དེ་ལྟར་རིག་བྱེད་རྩ་བའི་འགྲེལ་པ་ལས་བཤད་པའི་ཕྱིར་ཞེ་ན། རིག་བྱེད་རྩ་བ་དེ་འདྲ་བའི་སྒྲ་ལས་གཞན་རིག་བྱེད་རྩ་བའི་འགྲེལ་པ་དག་ཆོས་ཅན། ཁྱོད་ཀྱིས་རིག་བྱེད་ཀྱི་དོན་ངེས་མི་འགྲུབ་པར་ཐལ། ཁྱོད་ལ་ནི་རིག་བྱེད་རྩ་བ་ལ་བརྗོད་པ་དེ་འདྲ་བའི་སྐྱོན་གྱི་རྣམ་རྟོག་ཉིད་དུ་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། སླར་ཡང་གྲགས་པ་དེ་ལས་དོན་ངེས་རྟོགས་པར་འདོད་པ་འདི་ནི་རིགས་པ་ཅི་ཞིག་ཡིན་ཏེ། མི་རིགས་པར་ཐལ། གྲགས་པ་དག་ཀྱང་མི་རྣམས་ཀྱི་ཚིག་ཡིན་ལ། དེ་ཡང་ཚད་མར་མི་འདོད་པར་སྤང་བའི་ཕྱིར། གལ་ཏེ་གྲགས་པ་ལས་བརྒལ་ནས་རིག་བྱེད་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་རྟོག་པ་ལ་རྒྱུ་ཅི་ཡོད་ཅེ་ན། འཇིག་རྟེན་ན་རབ་ཏུ་གྲགས་པ་ཆོས་ཅན། སྒྲུབ་བྱེད་ཚད་མ་དེར་འཛིན་པ་ལ་རྒྱུ་ཅི་ཞིག་ཡོད་དེ་མེད་པར་ཐལ། ཚད་མ་ཉིད་མིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གྲགས་པ་ཉིད་ཀྱིས་རིག་བྱེད་ཀྱི་སྒྲའི་དོན་གྱི་ངེས་པ་ལ་དོགས་པ་སྐྱེད་པར་ནི་ཡིན་པར་ཐལ། གང་གི་ཕྱིར་གྲགས་པ་དེ་ལ་སྒྲ་རྣམས་དོན་སྣ་ཚོགས་ལ་འཇུག་པ་ཅན་ཉིད་དུ་མཐོང་བའི་ཕྱིར། རིག་བྱེད་སྒྲ་རང་ཉིད་ཆོས་ཅན། ཁྱོད་ཀྱི་ངེས་བྱེད་མ་མཐོང་བ་དག་གིས་དོན་སྣ་ཚོགས་ལ་འཇུག་པ་ནུས་པ་ཅན་དུ་ངེས་པར་དོགས་པར་འགྱུར་བ་ཡིན་ཏེ། བརྗོད་བྱའི་དོན་ལས་གཞན་དུ་འཇུག་པ་མི་སྲིད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། རིག་བྱེད་ཀྱིས་རྒྱལ་དཔོག་པ་ལ་དོན་ངེས་བཤད། ངེས་ངེད་སྤྱོད་པ་པ་ལ་བཤད་དོ་ཞེ་ན། གྲོང་ཁྱེར་པ་ཊ་ལི་བུ་ཊར་འགྲོ་བའི་ལམ་གང་ཞེས་དྲིས་པ་ན། གཡོ་ཅན་འགའ་ཞིག་ལམ་ནི་གཡས་མ་འདི་ཡིན་ནོ་ཞེས་སྡོང་དུམ་འདི་ནི་སྨྲ་བར་འགྱུར་རོ་ཞེས་ཟེར་བ་དང༌། སྐྱེས་བུ་གཡོ་མེད་གཞན་ནི་བདག་ཉིད་ཀྱིས་ལམ་སྨྲས་པ་དེ་ལྟར་ན། ཚིག་(༤༢ན)གཉིས་པོ་དེ་དག་རང་རང་གི་འདོད་པས་རྗོད་པར་བྱེ་བྲག་བརྟག་པར་གྱིས་ཏེ་ཁྱད་པར་མེད་དེ། སྡོང་དུམ་ལ་ལམ་སྟོན་པའི་མཐུ་མེད་པའི་ཕྱིར། སྤྱོད་པ་པ་ཆོས་ཅན། ཁྱོད་དང་རིག་བྱེད་ཀྱི་དོན་ངེས་སྨྲ་བའི་མུ་སྟེགས་གཞན་གཉིས་རང་རང་གི་འདོད་པས་རིག་བྱེད་ཀྱི་དོན་ངེས་རྗོད་པར་ཁྱད་པར་མེད་དེ། ཁྱེད་གཉིས་ཀས་རིག་བྱེད་དོན་ངེས་འདོད་པ་གང་ཞིག །རིག་བྱེད་རང་ཉིད་ལ་དོན་ངེས་བརྗོད་པའི་མཐུ་མེད་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གཅིག་གི་གསལ་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན་པའི་ཕྱིར་དང༌། བརྗོད་འདོད་ཀྱི་དོན་ངེས་པ་མ་གཏོགས་པར་གང་གིས་དབང་པོ་ལས་འདས་པ་ཤེས་པ་མེད་པའི་ཕྱིར། དེ་ཆོས་ཅན། དོན་གཅིག་ཁོ་ན་ལ་འཇུག་པ་ཅན་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། སྐྱེས་བུས་མ་བྱས་པའི་ཕྱིར། ཁྱབ་སྟེ། བརྗོད་འདོད་དེ་དོན་ངེས་པའི་རྒྱུ་ཡིན་ཞིང༌། བརྡ་ནི་དོན་ངེས་པ་དེའི་གསལ་བྱེད་ཡིན་ལ། དེ་ནི་སྐྱེས་བུས་བྱས་པ་མིན་པ་ལ་མེད་པའི་ཕྱིར། བཞི་པ་ནི། རང་བཞིན་གྱིས་དོན་རེ་རེ་ཁོ་ནའི་རྗོད་བྱེད་དུ་ངེས་པ་ཡིན་ནོ་ཞེ་ན། ཆོས་ཅན། དོན་གཞན་ལ་འདོད་པ་དེས་ཀྱང་འཇུག་ཏུ་མི་རུང་བ་དང༌། བརྡ་སྦྱར་བ་ཡང་དོན་མེད་པ་ཅན་ཉིད་དུ་འགྱུར་རོ། །བརྡ་ལས་དོན་རེ་རེ་ཁོ་ན་གསལ་བ་ཡིན་ནོ་ཞེ་ན། ཆོས་ཅན། རང་བཞིན་གྱིས་ཁྱད་པར་གྱི་དོན་རེ་རེ་གསལ་བའི་ངེས་པའང་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། བརྡ་ལས་དོན་གོ་བའི་ཕྱིར། ཆོས་ཅན། སྤྱོད་པ་པའི་འདོད་པ་ཁོ་ན་གསལ་བར་མི་འགྱུར་བར་ཐལ། འདོད་པས་བརྡ་ནི་སྦྱར་དུ་རུང་བའི་ཕྱིར། ཁྱབ་སྟེ། གང་ལ་འདོད་པར་བརྒྱུད་པའི་འཇུག་པ་དེ་ལ། དོན་མཐའ་གཅིག་ཏུ་ངེས་པ་ཞེས་བྱ་བ་གང་ཡང་མེད་པ་དེས་ནའོ། །
གཉིས་པ་ཕྱོགས་གཅིག་མི་སླུ་བས་བདེན་པ་དགག་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། ཨག་ནི་ཞེས་(༤༢བ)སོགས་ཀྱི་རིག་བྱེད་གཞན་ཡང་ཆོས་ཅན། བདེན་པའི་དོན་ཅན་དེ་འདྲ་བ་ཡིན་ཏེ། གང་གི་ཕྱིར་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན། མེས་གྲང་བ་བཟློག་པའི་ངག་བདེན་པ་བཞིན། དེ་སྐད་དུ་སྤྱོད་པ་པ་གཞན་དག་ཟེར་རོ་ལོ། །
གཉིས་པ་ལ་གསུམ། སྒྲུབ་བྱེད་མ་ངེས། བསྒྲུབ་བྱ་དགག །ཧ་ཅང་ཐལ་བའོ། །དང་པོ་ནི། རིག་བྱེད་ཀྱི་ཕྱོགས་གཅིག་འདི་འདྲ་བ་ཆོས་ཅན། ཨག་ནི་ཞེས་སོགས་ཀྱི་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པ་རིགས་པ་ཤེས་པས་བཀག་སྟེ། དེ་སྒྲུབ་ཀྱི་ལྷག་ལྡན་འཁྲུལ་པ་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན། ཤིང་ཏོག་ལྷག་མ་རྣམས་ཆོས་ཅན། ཟོས་པའི་ཤིང་ཏོག་དང་རོ་འདྲ་བ་ཡིན་ཏེ། དེ་དང་གཟུགས་ཀྱི་ངོ་བོ་མཚུངས་པའི་ཕྱིར་དང༌། ཟོས་པའི་འབྲས་ལྷག་མ་རྣམས་ཆོས་ཅན། ཚོས་པ་ཡིན་ཏེ། ཟོས་པའི་འབྲས་དང་སྣོད་གཅིག་གི་ནང་དུ་ཆུད་པ་ལ་ཡང་ཁྱད་པར་མེད་པའི་ཕྱིར་ཞེས་པ་བཞིན་ནོ། །
གཉིས་པ་ནི། སྤྱོད་པ་པ་ཆོས་ཅན། རིག་བྱེད་བདེན་པའི་དོན་ཅན་དུ་ཁས་ལེན་པ། གཡེམ་མ་མུ་ཅོར་གྱིས་བདག་པོ་ལས་རྒྱལ་བ་དང་མཚུངས་ཏེ། སྐྱེས་བུ་རྟག་པ་ལས་བྱེད་པ་པོ་ཉིད་དང༌། དངོས་པོ་རྣམས་རྟག་པ་དང༌། དབང་པོ་ལས་འདས་པའི་དོན་དབང་པོའི་གཟུང་བྱ་དང༌། དངོས་པོ་རྣམས་རྒྱུ་མི་མཉམ་པ་རྟག་པ་རྒྱུར་འདོད་པ་དང༌། གནས་པ་མི་མཉམ་པ་གྲུབ་ཟིན་རྐྱེན་གྱིས་གནས་པ་དང༌། འཇིག་པ་མི་མཉམ་པ་ཕྱིས་བྱུང་གི་རྒྱུས་འཇིག་པ་དང༌། གཞན་ཡང་ཚད་མ་རྣམ་པ་གཉིས་ཀྱིས་རྣམ་པར་བསལ་བའི་སྤྱོད་ཡུལ་ལམ། ལུང་ལ་ལྟོས་པའི་རྗེས་དཔག་དང་འགལ་བ་དག་ནི་རྗོད་པར་བྱེད་པའི། འགལ་བ་ཀུན་དུ་མ་བསལ་ཞིང༌། བསྟན་བཅོས་ཀྱི་དོན་ངེས་པར་ལེགས་པ་ཡང་མ་བསྟན་ལ། ཕྱོགས་གཅིག་མི་སླུ་བ་ཙམ་གྱིས། རིག་བྱེད་བདེན་པའི་དོན་ཅན་ནོ་ཞེས་ཁས་ལེན་པའི་ཕྱིར་རོ། །
གསུམ་པ་ནི། གལ་ཏེ་ཕྱོགས་གཅིག་མི་སླུ་བས་བདེན་པའི་དོན་ཅན་དེ་ལྟར་དུ་ཚད་མས་གྲུབ་ན། འོ་(༤༣ན)ན། ཚིག་འདི་ལ་ཚད་མིན་ཅི་ཡང་མེད་པར་ཐལ། སྐྱེས་བུ་མང་དུ་སྨྲ་བ་ལ་བདེན་པའི་དོན་གཅིག་མེད་པ་མིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། རྗོད་བྱེད་ཀྱི་སྒྲ་འདི་ཆོས་ཅན། བརྗོད་བྱའི་དངོས་པོའི་རང་བཞིན་ནམ་འབྲས་བུ་མིན་པར་ཐལ། རྗོད་པ་པོའི་བརྗོད་འདོད་ལ་གནས་པའི་ཕྱིར། འདོད་ན། བརྗོད་བྱའི་དོན་ལ་མ་འབྲེལ་བར་ཐལ་ལོ། །ཁྱབ་སྟེ། བདག་གཅིག་དང་དེ་བྱུང་འདི་ལས་རྣམ་པར་བཟློག་པས་ཀྱང༌། འབྲེལ་བ་འཁྲུལ་པ་མེད་པ་ཡོད་པ་མིན་པའི་ཕྱིར། རྗོད་བྱེད་རྣམས་ཀྱི་འཇུག་པ་ནི་བརྗོད་བྱ་མཐོང་བས་བྱེད་པའི་ཕྱིར། བརྗོད་བྱའི་འབྲས་བུ་ཡིན་ནོ་ཞེ་ན། སྒྲ་གཅིག་ཆོས་ཅན། རྟག་མི་རྟག་གི་སྒྲ་དེ་ནི་ཁྱོད་ལ་འཇུག་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྟག་མི་རྟག་ཕན་ཚུན་དག་ནི་འགལ་བའི་དོན་ཡིན་པའི་ཕྱིར། ལུང་དེ་ཆོས་ཅན། ཁྱོད་ལས་དོན་གང་ངེས་པ་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་དང་བརྗོད་བྱའི་དངོས་པོ་རྣམས་རྟོགས་པ་པོའི་རྣམ་པ་འགས་ཀྱང༌། མེད་ན་མི་འབྱུང་བའི་འབྲེལ་བ་མ་གྲུབ་པའི་ཕྱིར། བསྐལ་དོན་ལུང་གིས་མ་དམིགས་པས་ནི། མེད་ངེས་ཀྱི་འབྲས་བུ་ཅན་དུ་མི་འགྲུབ་པར་ཐལ། ལུང་དེ་ནི་ལོག་ན་ཡང་བསྐལ་དོན་གྱི་དངོས་པོ་མེད་པར་འགྲུབ་པར་མི་འགྱུར་བ་དེས་ནའོ། །
ལུང་ཚད་མར་འདོད་པ་བླུན་པོར་བསྟན་པ།
གཉིས་པ་ལུང་ཚད་མར་འདོད་པ་བླུན་པོར་བསྟན་པ་ནི། སྤྱོད་པ་པ་ཆོས་ཅན། བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཚང་བ་ཡིན་ཏེ། ནང་འགལ་སྟོན་པའི་རིག་བྱེད་ཚད་མ་དང་ནི། སྐྱེས་བུ་རྟག་པ་འགའ་ལས་བྱེད་པ་པོར་སྨྲ་བ་དང༌། ཁྲུས་ཙམ་ལས་ཆོས་འཕེལ་བར་འདོད་པ་དང༌། ཡོན་ཏན་མེད་ཀྱང་བྲམ་ཟེ་ཡིན་ནོ་ཞེས་རིགས་སྨྲ་བའི་དྲེགས་པ་དང༌། སྡིག་པ་གཞོམ་པའི་ཕྱིར་དུ་ལུས་ཀྱི་གདུང་བ་རྩོམ་པའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའི་བཤད་པའོ། །མངྒ་ལཾ།། །།
༄༅། །ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་ཚད་མ་གྲུབ་པའི་ལེའུའི་རྣམ་བཤད་བཞུགས་སོ། །
 
གཉིས་པ་ཐར་ལམ་གསལ་བྱེད་ཚད་མ་གྲུབ་པ་སྟོན་པ་ལ། ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་པོར་བཤད་ནས་སྐབས་སུ་བབ་པ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་པའི་དོན་འཆད་པ་ལ་གསུམ། ཚད་མར་གྱུར་པ་བཤད། དེའི་སྒྲུབ་བྱེད་རྒྱས་པར་བཤད། ཚད་མས་བསྟོད་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས། ཚད་མ་བཤད། གྱུར་པ། སྨོས་པའི་དགོས་པའོ། །
ཚད་མ་སྤྱིའི་མཚན་ཉིད་བཤད་པ།
དང་པོ་ལ་གཉིས། མཚོན་བྱེད་ཚད་མ་དང༌། དེས་མཚོན་པའི་ཚད་མའོ། །དང་པོ་ལ་གཉིས། མི་སླུ་བའི་ཤེས་པ་ཚད་མར་བསྟན། མ་ཤེས་དོན་གསལ་ཚད་མར་བསྟན་པའོ། །
དང་པོ་ལ་གསུམ། དངོས། རྩོད་པ་སྤང༌། མི་སླུ་བའི་ངེས་བྱེད་བསྟན་པའོ། །དང་པོ་ནི། གལ་ཏེ་བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་ཞེས་བརྗོད་ན། ཚད་མ་སྤྱིའི་མཚན་ཉིད་གང༌། ཅིའི་ཕྱིར་བཅོམ་ལྡན་འདས་ཚད་མ་ཡིན་ཞེ་ན། སྔོ་སྣང་དབང་ཤེས་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། མ་ཁྱབ་པ་སྤང༌། ཁྱབ་ཆེས་པ་སྤང༌། ཤེས་པ་སྨོས་པའི་དགོས་པའོ། །དང་པོ་ནི། གལ་ཏེ་མི་སླུ་བའི་(༢ན)ཤེས་པ་ཚད་མའི་མཚན་ཉིད་ཡིན་ན། རྗེས་དཔག་ལ་མ་ཁྱབ་པར་འགྱུར་ཏེ། རྗེས་དཔག་གིས་རང་མཚན་གཟུང་ཡུལ་དུ་མི་བྱེད་པའི་ཕྱིར་ཞེ་ན། དུ་ལྡན་ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་ཆོས་ཅན། མི་སླུ་བ་ཡིན་ཏེ། བཙོ་སྲེག་གི་དོན་བྱེད་ནུས་པར་གནས་པ་ནི་རྟོགས་པའི་བློ་ཡིན་པའི་ཕྱིར། གལ་ཏེ་མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་མི་རིགས་ཏེ། སྒྲ་བྱུང་ཚད་མ་ལ་མ་ཁྱབ་པའི་ཕྱིར་ཞེ་ན། སྒྲ་ལས་བྱུང་བའི་ཚད་མ་ཡང་ཆོས་ཅན། མི་སླུ་བ་ཡིན་ཏེ། མངོན་པར་འདོད་པའི་འཇུག་ཡུལ་སྟོན་པའི་ཕྱིར་རོ། །དེའི་རྒྱུ་མཚན། བུམ་པ་ཞེས་པའི་སྒྲ་ནི་ཆོས་ཅན། རང་སྨྲ་བ་པོའི་རྒྱུད་ལ་བྱེད་པའི་ཡུལ་དོན་བུན་པ་གང་གི་རྣམ་པ་བློ་ལ་རབ་ཏུ་གསལ་བར་སྒྲུབ་པ་དེ་ལ་ཚད་མ་ཉིད་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དེ་ཉིད་ཆོས་ཅན། གཞི་འགའ་ཞིག་ཏུ་བུམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། བུམ་པའི་དོན་གྱི་རྒྱུ་ཅན་མིན་པའི་ཕྱིར། གཉིས་པ་ནི། མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ན། བཅད་ཤེས་ཀྱང་ཚད་མར་འགྱུར་རོ་ཞེ་ན། ཀུན་རྫོབ་པའི་བློ་བཅད་ཤེས་ནི་ཆོས་ཅན། གསར་དུ་མི་སླུ་བའི་ཤེས་པར་མི་འདོད་དེ། རང་གི་ཉེར་ལེན་ཚད་(༢བ)མ་སྔ་མས་བཟུང་བ་འཛིན་པའི་དྲན་བློ་ཡིན་པའི་ཕྱིར། གསུམ་པ་ནི། དབང་པོ་གཟུགས་ཅན་པའང་ཚད་མ་ཡིན་ནམ། ཅིའི་ཕྱིར་མི་སླུ་བའི་ཤེས་པ་ཉིད་ཚད་མ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། གསར་དུ་མི་སླུ་བའི་བློ་ནི་ཚད་མ་ཉིད་ཡིན་ཏེ། བླང་བྱ་དང་དོར་བྱའི་དངོས་པོའི་རྗེས་སུ་འཇུག་ལྡོག་བྱེད་པ་ལ། གསར་དུ་མི་སླུ་བའི་ཤེས་པ་དེ་གཙོ་བོ་ཡིན་པའི་ཕྱིར་དང༌། དོན་གྱི་རྣམ་པ་ཤར་བ་དེ་ཡོད་ན་དོན་རྟོགས་པ་འདི་ཡོད་པའི་ཕྱིར་ཏེ། ཡུལ་གྱི་རྣམ་པ་ཅན་གྱི་བློ་ནི་ཐ་དད་པས། བློ་ཡིས་དོན་རྟོགས་པ་ཐ་དད་དུ་འཇོག་པའི་ཕྱིར།
གསུམ་པ་ནི། མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ན། མི་སླུ་བ་རང་ངམ་གཞན་ལས་ངེས་ཞེ་ན། སྔོ་འཛིན་དབང་མངོན་ཆོས་ཅན། མི་སླུ་བ་རང་ངམ་གཞན་ཁོ་ན་ལས་ངེས་པས་མ་ཁྱབ་སྟེ། རང་རིག་མངོན་སུམ་ལས་རང་གི་ངོ་བོ་རྟོགས་ལ། ཕྱིས་འབྱུང་བའི་ཐ་སྙད་པའི་ཚད་མ་ལས་ནི་སྔོན་པོ་ལ་ཚད་མ་ཉིད་ཡིན་པ་རྟོགས་དགོས་པའི་ཕྱིར། མི་སླུ་བ་རང་ངམ་གཞན་ལས་ངེས་ན། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་དུ་འགྱུར་རོ་ཞེ་ན། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཆོས་ཅན། དགོས་པ་ཡོད་དེ། ཚད་མའི་མཚན་ཉིད་ལ་རྨོངས་པ་ཟློག་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། མི་སླུ་བའི་ཤེས་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྔར་མ་ཤེས་པའི་དོན་གྱི་གསལ་བྱེད་ཀྱང་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་དགོས་པའི་ཕྱིར། སྔོན་པོ་རང་གི་ངོ་བོ་རྟོགས་པའི་འོག་ཏུ་སྔོན་པོའི་སྤྱི་འཛིན་པའི་རྣམ་པར་ཤེས་པ་ཆོས་(༣ན)ཅན། སྔོན་པོ་ལ་ཚད་མ་ཡིན་པ་ཐོབ་པར་ཐལ། སྔོན་པོའི་སྤྱི་གསར་དུ་ཤེས་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པར་ཐལ། སྔོན་པོ་ལ་ཚད་མ་ཡིན་ན་སྔོན་པོ་རང་གི་མཚན་ཉིད་སྔར་མི་ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་ཞིག་དགོས་སོ་ཞེས་དགོངས་པའི་ཕྱིར་ཏེ། སྔོན་པོ་ལ་ཚད་མ་ཡིན་ན། སྔོན་པོ་རང་གི་མཚན་ཉིད་ལ་དཔྱད་ནས་འཇུག་པ་ཡིན་པའི་ཕྱིར།
ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་མཚན་ཉིད་དེ་དང་ལྡན་པར་བསྟན་པ།
གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། གདུལ་བྱ་མངོན་མཐོ་དང་ངེས་ལེགས་ལ་མི་སླུ་བར་མཛད་ཅིང༌། བདེན་བཞིའི་གནས་ལུགས་གསར་དུ་ཤེས་པ་དེ་དང་ལྡན་པའི་ཕྱིར།
གཉིས་པ་ལ་གཉིས། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་ཚད་མ་ཞེས་སྨོས་པས་ཆོག་མོད། ཅིའི་ཕྱིར་གྱུར་པ་ཞེས་སྨོས་ཞེ་ན། ཚད་མར་གྱུར་པ་ཉིད་ཅེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མ་སྐྱེས་པ་རང་བྱུང་གི་ཚད་མ་ནི་བཟློག་པའི་དོན་དུ་བྱས་པ་དེའི་ཕྱིར་དང༌། བཅོམ་ལྡན་འདས་དེ་སྒྲུབ་བྱེད་ཕུན་སུམ་ཚོགས་པ་ལ་ལྟོས་ནས་ཚད་མའི་སྐྱེས་བུ་ཡིན་པར་རིགས་སོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར།
རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་དགག་པ།
གཉིས་པ་ལ་གཉིས། རྣམ་བཅད་ཀྱི་དགོས་པ་ལ་རྩོད་པ་སྤང༌། ཡོངས་གཅོད་ཀྱི་དགོས་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། རང་བྱུང་ཚད་མ་ཡིན་པ་དགག །རང་བྱུང་ཡོད་པའི་སྒྲུབ་བྱེད་དགག་པའོ། །
དང་པོ་ནི། མ་སྐྱེས་པ་ནི་བཟློག་དོན་དུ། །ཞེས་པ་མི་འཐད་དེ། དབང་ཕྱུག་དེ་རྟག་པ་རང་བྱུང་གི་ཚད་མ་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཚད་མ་རྟག་པ་ཉིད་ཡོད་པ་མིན་(༣བ)པར་ཐལ། དངོས་པོར་ཡོད་པ་རྟོགས་པའི་བློ་དེ་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་བྱ་མི་རྟག་པ་ཉིད་ཀྱིས། ཚད་མ་དེ་ནི་མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །དབང་ཕྱུག་གི་ཤེས་པ་མི་རྟག་ཀྱང་དབང་ཕྱུག་རྟག་གོ་ཞེ་ན། དབང་ཕྱུག་གི་ཤེས་པ་སྔ་ཕྱི་དག་ནི་ཆོས་ཅན། རྟག་པ་ལས་སྐྱེ་བ་མི་འཐད་པར་ཐལ། རིམ་བཞིན་སྐྱེ་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་ལ་རྐྱེན་གྱི་རྣམ་པ་འགས་ཕན་གདགས་པར་བྱ་བ་མིན་པའི་ཕྱིར་ཏེ། རྟག་པ་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར། མི་རྟག་པ་རང་བྱུང་གི་ཚད་མ་ཡོད་དོ་ཞེ་ན་ཡང༌། མི་རྟག་པ་རང་བྱུང་གི་ཚད་མ་མེད་པར་ཐལ། དེའི་སྒྲུབ་བྱེད་ཚད་མ་མེད་པ་ཉིད་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །
དང་པོ་ནི། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་ཆོས་ཅན། སྐྱེས་བུས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། གཞལ་ཡས་ཁང་བཞིན། དོན་བྱེད་ནུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར། དགྲ་སྟ་བཞིན། དེ་ཡང་དབང་ཕྱུག་ལས་གཞན་གྱིས་བྱེད་པར་མི་ནུས་པས། དབང་ཕྱུག་གིས་བྱས་པར་གྲུབ་བོ་ཞེ་ན།
གཉིས་པ་ལ་གསུམ། བསྒྲུབ་བྱ་དགག །སྒྲུབ་བྱེད་དགག །དབང་ཕྱུག་ཀུན་གྱི་རྒྱུ་ཡིན་པ་དགག་པའོ། །
དང་པོ་ནི། འཇིག་རྟེན་གནས་ལུས་སོགས་སྐྱེས་བུས་བྱས་པར་སྒྲུབ་ན། སྤྱིར་སྐྱེས་བུའི་བློ་སྔོན་སོང་ཙམ་སྒྲུབ་བམ། སྐྱེས་བུ་རྟག་པས་བྱས་པར་སྒྲུབ། དང་པོ་ལྟར་ན། ཆོས་ཅན། སངས་རྒྱས་པའི་ངོར་བློ་སྔོན་སོང་ཙམ་དུ་བསྒྲུབ་མི་དགོས་པར་ཐལ། སངས་རྒྱས་པས་བློ་སྔོན་སོང་ཙམ་དུ་འདོད་པ་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། སྐྱེས་བུ་རྟག་པས་བྱས་པར་བསྒྲུབ་མི་ནུས་པར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་མ་གྲུབ་པའི་(༤ན)ཕྱིར། ཡང་ན་དོན་བྱེད་ནུས་པ་ཆོས་ཅན། འཇིག་རྟེན་གྱི་གནས་ལུས་སོགས་སྐྱེས་བུས་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། དངོས། ཚུལ་དེས་རིགས་ཅན་གཞན་ཡང་ཁེགས་པ། དེས་གྲུབ་པའི་དོན་ནོ། །
དང་པོ་ལ་གཉིས། དབྱིབས་ཀྱི་དོན་རྟགས་སུ་མི་རུང༌། དབྱིབས་ཀྱི་སྒྲ་རྟགས་སུ་མི་རུང་བའོ། །
དང་པོ་ནི། གལ་ཏེ་དབྱིབས་དེ་སྒྲུབ་ཀྱི་རྟགས་སུ་འགོད་ན། དབྱིབས་ཀྱི་ཁྱད་པར་རྟགས་སུ་འགོག་དམ། དབྱིབས་ཙམ་རྟགས་སུ་འགོད། དང་པོ་ལྟར་ན། རང་བྱིན་གྱིས་རློབ་པ་པོ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་སོགས་ཅི་འདྲ་རབ་ཏུ་གྲུབ་པ་དེ་ཆོས་ཅན། ཁྱོད་ལས་ཁང་བཟང་གི་དབྱིབས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། ཆོས་ཅན། ཁྱོད་རིའི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། རིགས་ལས་ཐ་དད་པའི་དངོས་པོ་ལ་རབ་ཏུ་གྲུབ་པའི་དབྱིབས་དང༌། དབྱིབས་ཞེས་པའི་སྒྲ་འཇུག་པར་མཚུངས་པས་དབྱིབས་ཙམ་དུ་ཐ་དད་མེད་པའི་ཕྱིར་ཞེས་པའི་རྟགས་ལས། རིའི་དབྱིབས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་རིགས་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། དཔེར་ན། སྐྱ་བོའི་རྗེས་ལས་མེ་ཡོད་པར་དཔོག་པ་བཞིན་ནོ། །ཁྱབ་པ་མ་ངེས་པ་དེ་ལྟ་མིན་ན། གྲོག་མཁར་ཡང་ཆོས་ཅན། རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་པར་ཐལ། རྫ་མཁན་གྱིས་བྱས་པའི་བུམ་པ་ལ་སོགས་པ་དང༌། འཇིམ་པའི་རྣམ་འགྱུར་འགའ་(༤བ)ཞིག་བྱེད་པར་འདྲ་བའི་ཕྱིར། གལ་ཏེ་དབྱིབས་རྟགས་སུ་བཀོད་པ་ལ་དབྱིབས་ཀྱི་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པ་འདི། འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ནོ་ཞེ་ན། འབྲས་བུའི་སྤྱི་བྱས་པས་ཀྱང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག །བསྒྲུབ་བྱའི་ཆོས་ཀྱི་རྗེས་འགྲོའི་ཁྱབ་པ་རྣལ་མར་ངེས་པའི་ཕྱིར། དེ་ལྟར་ཡིན་པ་ལ། སྒྲའི་བྱས་པ་བུམ་པ་ལ་མ་གྲུབ། བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་པས། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ནོ་ཞེས་འབྲེལ་བ་ཅན་སྒྲ་བུམ་ནི་ཐ་དད་པས་ཐ་དད་དུ་བརྟགས་ནས་སྐྱོན་བརྗོད་པའི་སུན་འབྱིན་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར། དབྱིབས་ཁྱད་པར་ཅན་ཕྱོགས་ཆོས་མ་གྲུབ། དབྱིབས་ཙམ་ཁྱབ་པ་མ་ངེས་པས། དབྱིབས་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ནོ་ཞེས་སུན་འབྱིན་པའི་སུན་འབྱིན་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་མ་ཡིན་ཏེ། བསྒྲུབ་བྱ་སྒྲུབ་ནུས་ཀྱི་སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་ལ་བརྟགས་ནས་སུན་འབྱིན་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར། གཉིས་པ་ནི། དབྱིབས་ལྡན་གྱི་རིགས་ཀྱི་ཁྱད་པར་ལ་གྲུབ་པ་དང༌། དབྱིབས་ཞེས་པའི་སྒྲའི་སྤྱི་ནི་འཇུག་པར་མཚུངས་པར་མཐོང་བ་ལས། རིའི་དབྱིབས་སུ་སྐྱེས་བུས་བྱས་པར་སྒྲུབ་པར་བྱེད་པ་མི་རིགས་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། དཔེར་ན། ངག་ལ་སོགས་པ་ཆོས་ཅན། རྭ་ཅན་ཡིན་ཏེ། གོ་ཉིད་ཀྱི་སྒྲ་འཇུག་པའི་ཕྱིར་ཞེས་པ་བཞིན་ནོ། །རྟགས་མ་གྲུབ་ན། ཤེས་བྱ་ཆོས་ཅན། སྐྱེས་བུ་ཐམས་ཅད་ཀྱི་ནི་དོན་ཐམས་ཅད་(༥ན)འབད་མེད་དུ་གྲུབ་པར་ཐལ། སྒྲ་དེ་ཡོད་པས་ནི་དོན་ཡོད་པར་གྲུབ་པའི་ཕྱིར། ཁྱབ་སྟེ། སྒྲ་རྣམས་གང་ནའང་འཇུག་རུང་དུ་མེད་པ་མ་ཡིན་པའི་ཕྱིར་ཏེ། སྒྲ་རྣམས་བརྗོད་པར་འདོད་པའི་གཞན་དབང་གིས་འཇུག་པའི་ཕྱིར། གཉིས་པ་ནི། དབྱིབས་རྟགས་ཡང་དག་མ་ཡིན་པར་བསྟན་པའི་རིགས་པ་འདིས་ནི་དཔྱད་པ་ཡིན་ནོ། །གང་ལ་དཔྱད་ན། སེར་སྐྱ་བ་ལ་སོགས་ཀྱིས་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། མི་རྟོག་པ་དང༌། སོགས་པ་སྐྱེ་བ་ཅན་ཡིན་པའི་ཕྱིར་དང༌། གཅེར་བུ་པས་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་ནི་འཆི་བའི་ཕྱིར། ཞེས་པ་ལ་དཔྱད་དོ། །ཇི་ལྟར་དཔྱད་ན། ཤུན་པ་བཤུས་ན་འཆི་བ་ཆོས་ཅན། ཤིང་སེམས་ལྡན་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། ཤིང་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། ཞེས་སོགས་སྦྱར་རོ། །གསུམ་པ་ནི། ཤེས་བྱ་ཆོས་ཅན། རྟགས་ཀྱི་ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ནས་ངོ་བོ་གཙོ་ཆེ་བ་ཡིན་ཏེ། རྟགས་ཀྱི་དངོས་པོའི་ངོ་བོ་ཆོས་ཅན་ལ་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པའི་ཚུལ་འདི་འཐད་ཀྱི། རྟགས་ཀྱི་ངོ་བོ་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་གྲུབ་ན་རྟགས་ཀྱི་ཁྱད་པར་མ་གྲུབ་ཀྱང་ཕྱོགས་ཆོས་འགྲུབ་པ་ལ་གནོད་བྱེད་མ་ཡིན་པའི་ཕྱིར། དཔེར་ན། སྒྲའི་སྟེང་དུ་ནམ་མཁའ་ལ་བརྟེན་པའི་བྱས་པ་མ་གྲུབ་ཀྱང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་ལ་མི་གནོད་པ་བཞིན་ནོ། །འོ་ན། ཆོས་ཅན་ལ་རྟགས་ཀྱི་སྒྲ་མ་གྲུབ་པ་ལ་དོན་གྲུབ་པ་དེ་ལ་ཅིར་འགྱུར་ཞེ་ན། ཆོས་ཅན་ལ་རྟགས་ཀྱི་སྒྲ་མ་གྲུབ་ཀྱང་རྟགས་ཀྱི་དངོས་པོ་ནི་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། དཔེར་ན། འུག་པ་པ་ལ་སངས་རྒྱས་པས་འབྱུང་བཞིའི་(༥བ)རྡུལ་ཕྲན་མི་རྟག་པར་སྒྲུབ་པ་ལ། ལུས་ཅན་དང་སོགས་པ་ཐོགས་བཅས་སྒྲུབ་བྱེད་དུ་བཤད་པ་བཞིན་ནོ། །རེག་བྱ་ཅན་ཆོས་ཅན། བྱེ་བྲག་པས་ལུས་ཅན་ཞེས་པའི་སྒྲ་དེ་འབྱུང་བཞིའི་རྡུལ་ཕྲན་གྱི་སྟེང་དུ་མ་གྲུབ་ཀྱང༌། ཁྱོད་བྱེ་བྲག་པའི་ངོར་འབྱུང་བཞིའི་རྡུལ་ཕྲན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་མ་གྲུབ་ཀྱང་ཁྱོད་དེའི་ངོར་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྟགས་ཀྱི་དོན་དེ་ཉིད་འཁྲུལ་པ་ལ་སོགས་པ་ཡིན་ནོ། །སྒྲ་ནི་འཁྲུལ་པ་མེད་ན་ཡང་སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། འབྲས་བུ་དང་ཁྱབ་བྱའི་དངོས་པོ་ལས་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་ནི་གྲུབ་པའི་ཕྱིར། སྒྲ་མ་འཁྲུལ་ཡང་དོན་འཁྲུལ་པ་དཔེར་ན། བ་ཁྲ་མོ་ཆོས་ཅན། རྭ་ཅན་ཡིན་ཏེ། འགྲོ་བའི་ཕྱིར་དང༌། གླང་པོ་ཆེའི་ཕྲུ་གུ་ཆོས་ཅན། གླང་པོ་ཆེ་ཡིན་ཏེ། ལག་ལྡན་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་བཞིན་ནོ། །གླང་ཆེན་འདིའི་མིང་ལ་ལག་ལྡན་ཞེས་པའི་སྒྲ་ཆོས་ཅན། གླང་ཆེན་གྱི་མིང་དུ་མི་འཁྲུལ་ཏེ། བརྗོད་བྱ་གླང་ཆེན་ལ་ནི་གྲགས་པས་བརྡ་སྦྱར་བ་ཡིན་པའི་ཕྱིར། བརྗོད་བྱར་འདོད་པའི་ལག་པ་དང་ལྡན་པ་ཆོས་ཅན། གླང་ཆེན་ལ་དོན་མི་འཁྲུལ་པ་མ་ཡིན་ཏེ། མི་དེ་ཁྱོད་ཡིན་པའི་ཕྱིར།
གསུམ་པ་དབང་ཕྱུག་ཀུན་གྱི་རྒྱུ་ཡིན་པ་དགག་པ་ནི། དབང་ཕྱུག་གི་དངོས་པོ་དེ་ཆོས་ཅན། གང་གིས་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་པ་མི་འཐད་པར་ཐལ། ཇི་ལྟར་རྒྱུ་ཡིན་པ་དེ་ལྟ་དེ་ཉིད་གང་གི་ཚེ་རྒྱུ་མ་ཡིན་པའི་དབང་ཕྱུག་དང་ཁྱད་པར་མེད་པའི་ཕྱིར། མ་ཁྱབ་ན། ཤེས་བྱ་ཆོས་ཅན། འབྲེལ་མེད་སྡོང་དུམ་ཡང་ཅིའི་ཕྱིར་ནག་པའི་རྨ་དང་དེ་སོས་པའི་རྒྱུ་ཉིད་དུ་ནི་རྟོག་པར་མི་བྱེད་དེ་བྱེད་རིགས་པར་ཐལ། རྒྱུ་མ་ཡིན་པ་དང་ཁྱད་པར་མེད་ཀྱང་རྒྱུ་ཡིན་པ་ཡོད་པའི་ཕྱིར། འདོད་མི་(༦ན)ནུས་ཏེ། མཚོན་དང་སྨན་སོགས་དང་འབྲེལ་བ་ལས་ནག་པའི་རྨ་དང་དེ་འདྲུབས་པ་འབྱུང་བ་ཡིན་པའི་ཕྱིར། རྐྱེན་ལ་ལྟོས་ནས་འབྲས་བུ་བྱེད་པ་ཡིན་ནོ་ཞེ་ན། དབང་ཕྱུག་ཆོས་ཅན། རྐྱེན་ལ་ལྟོས་ནས་འབྲས་བུ་བྱེད་པར་ཡང་ནི་མི་རུང་བར་ཐལ། འབྲས་བུ་མི་བྱེད་པའི་དབང་ཕྱུག་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར། ཆོས་ཅན། འབྲས་བུ་སྐྱེད་པའི་ནུས་པ་ཉིད་ཀྱང་རྟོགས་པར་དཀའ་བར་ཐལ། ཁྱོད་ལོག་པས་འབྲས་བུ་ལྡོག་པ་མེད་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། རྩ་བར་མ་ཁྱབ་ན། ཤེས་བྱ་ཆོས་ཅན། འབྲས་བུ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་ཏེ། རྒྱུ་གང་དག་ཡོད་ན་འབྲས་བུ་གང་སྐྱེ་བར་འགྱུར་བ་ཉིད་དེ་དག་ལས་གཞན་པའང་འབྲས་བུ་དེའི་རྒྱུར་རྟོག་པ་རིགས་པ་ཡིན་པའི་ཕྱིར། གལ་ཏེ་ས་སོགས་ཆོས་ཅན། མྱུ་གུ་མི་སྐྱེད་པར་ཐལ། མྱུ་གུ་མི་སྐྱེད་པའི་ས་སོགས་དང་ཁྱད་པར་མེད་པའི་ཕྱིར་ཞེ་ན། ས་ལ་སོགས་པ་ཆོས་ཅན། མྱུ་གུ་མི་སྐྱེད་པའི་ས་སོགས་ལས་རང་བཞིན་ཡོངས་སུ་འགྱུར་ན་ནི་མྱུ་གུ་སྐྱེ་བ་ལ་རྒྱུ་ཡིན་ཏེ། ཁྱོད་རྐྱེན་གྱིས་ལེགས་པར་བྱས་པ་ན་མྱུ་གུ་དེའི་ཁྱད་པར་བཟང་བར་མཐོང་བའི་ཕྱིར། གལ་ཏེ་ཇི་ལྟར་ཡུལ་དང་དབང་པོའི་ཚོགས་པ་དེ་ཡུལ་དབང་མ་ཚོགས་པ་དང་ཁྱད་པར་མེད་ཀྱང་དབང་བློའི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་འདི་ཡང་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཡུལ་དབང་ཚོགས་མ་ཚོགས་ཁྱད་པར་མེད་པ་མ་ཡིན་པར་ཐལ། དབང་ཤེས་དེ་ལ་ཡང་གསལ་མི་གསལ་གྱི་ཁྱད་པར་ཡོད་པའི་ཕྱིར། དེ་ལྟ་མིན་ན་ཡུལ་དབང་ཚོགས་པས་ཀྱང་ཆོས་ཅན། དབང་ཤེས་སྐྱེད་པའི་ནུས་པ་མེད་པར་འགྱུར་ཏེ། ཡུལ་དབང་སོ་སོ་སོ་སོར་དབང་ཤེས་སྐྱེད་པའི་ནུས་མེད་རྣམས་དང་རང་བཞིན་ཁྱད་པར་(༦བ)མེད་པས་ནའོ། །ཆོས་ཅན། ཡུལ་དབང་མ་ཚོགས་པ་དང་ཁྱད་པར་གྲུབ་པ་ཡིན་ཏེ། ཡུལ་དབང་མ་ཚོགས་པས་དབང་ཤེས་སྐྱེད་མི་ནུས། ཁྱོད་ཀྱིས་དབང་ཤེས་སྐྱེད་ནུས་པ་དེའི་ཕྱིར། དབང་ཕྱུག་སོགས་ཆོས་ཅན། རྒྱུ་མ་ཡིན་ཏེ། རྒྱུ་མ་ཡིན་པ་དང་ཁྱད་པར་མེད་པའི་ཕྱིར། ཁྱབ་སྟེ། སོ་སོར་འབྲས་བུ་གང་སྐྱེད་ནུས་སུ་མེད་པ་ལ་ཚོགས་ན་འབྲས་བུ་སྐྱེད་པའི་ཡོན་ཏན་སྲིད་པར་འགྱུར་བ་དེ་དག་རྒྱུ་ཡིན་པའི་ཕྱིར།
ཐམས་ཅད་ཀྱི་གནས་ལུགས་ཇི་ལྟར་གནས་པ་མངོན་སུམ་དུ་ཤེས་པ་ཀུན་མཁྱེན་དུ་བསྒྲུབ་པ།
གཉིས་པ་ཡོངས་གཅོད་ཀྱི་དགོས་པ་ལ་རྩོད་པ་སྤང་བ་ལ་གཉིས། རྩོད། ལན་ནོ། །དང་པོ་ནི། རྒྱང་འཕེན་ཁ་ཅིག་ན་རེ། བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་མི་རིགས་ཏེ། ཚད་མའི་སྐྱེས་བུ་ཡིན་ན། ལྐོག་གྱུར་གྱི་དོན་མཐའ་དག་ཤེས་པ་ཡིན་དགོས་པ་ལ། དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། དེའི་ཐབས་ལ་ནན་ཏན་བྱེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་ནི་རབ་ཏུ་རྗོད་དོ། །གཉིས་པ་ལ་གསུམ། ཀུན་མཁྱེན་ཚོལ་བའི་རྒྱུ་མཚན། ཚོལ་བའི་ཚུལ། ཀུན་མཁྱེན་ངོས་གཟུང་བའོ། །དང་པོ་ནི། སྡུག་བསྔལ་ཞི་བའི་ཐབས་མི་ཤེས་བཞིན་དུ་སྟོན་པར་བྱེད་པ་ལ་སྟོན་པ་ཡང་དག་ཏུ་འཁྲུལ་བར་དོགས་པ་ཅན་གྱི་གྲོལ་བ་དོན་གཉེར་རྣམས་ཆོས་ཅན། སྡུག་བསྔལ་ཞི་བའི་ཐབས་ཤེས་པ་དང་ལྡན་པ་འགའ་ཞིག་ཚོལ་བར་བྱེད་པའི་རྒྱུ་མཚན་ཡོད་དེ། སྟོན་པ་དེས་བཤད་པའི་ཐབས་ལ་ནན་ཏན་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། སྟོན་པ་འདི་ཡིས་གྲོལ་བ་དོན་གཉེར་དེ་ཡི་བསྒྲུབ་བྱ་རུ་གྱུར་པའི་སྡུག་བསྔལ་ཞི་བའི་ཐབས་མ་བྱིན་པའི་ཡེ་ཤེས་ཡོད་མེད་རྣམ་པར་དཔྱད་པར་བྱའི། སྲིན་བུའི་གྲངས་མཁྱེན་མི་མཁྱེན་དཔྱད་བྱ་མ་ཡིན་ཏེ། གྲོལ་བ་དོན་གཉེར་ངེད་ལ་སྲིན་བུའི་གྲངས་མཁྱེན་པ་འགར་ཡང་ཉེར་མཁོ་མེད་པའི་ཕྱིར། གསུམ་པ་ནི། བཅོམ་ལྡན་འདས་(༧ན)གང་ཡིན་པ་དེ་ཆོས་ཅན། ཚད་མའི་སྐྱེས་བུ་ཉིད་དུ་འདོད་དེ། བླང་བྱ་དང་དོར་བྱའི་དེ་ཉིད་ནི་ཐབས་དང་བཅས་པ་རིག་པར་མཛད་པ་མཐར་ཕྱིན་པའི་ཕྱིར། ཆོས་ཅན། སྲིན་བུའི་གྲངས་ཐམས་ཅད་རིག་པར་མཛད་པས་ཚད་མའི་སྐྱེས་བུ་མ་ཡིན་ཏེ། དེས་གྲོལ་བ་དོན་གཉེར་ལ་ཉེར་མཁོ་མེད་པའི་ཕྱིར། ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། ཐག་རིང་པོ་མཐོང་ངམ་མིན་ཡང་རུང༌། འདོད་པའི་དེ་ཉིད་མཐོང་བ་མཐར་ཕྱིན་པ་ཡིན་པའི་ཕྱིར། གལ་ཏེ་རིང་པོ་མཐོང་བ་ཙམ་ཚད་མའི་སྐྱེས་བུ་ཡིན་ནོ་ཞེ་ན། གྲོལ་བ་དོན་གཉེར་ཚུར་ཤོག་བྱ་རྒོད་སྟོན་པར་སྟེན་པར་གྱིས་ཤིག་ཅེས་གདམས་རིགས་པར་ཐལ། དེས་ཀྱང་རིང་པོ་མཐོང་བའི་ཕྱིར།
ལུགས་འབྱུང་གི་སྒོ་ནས་ཚད་མར་བསྒྲུབ་པ།
གཉིས་པ་དེའི་སྒྲུབ་བྱེད་རྒྱས་པར་བཤད་པ་ལ་གཉིས། ལུགས་འབྱུང་གི་སྒོ་ནས་ཚད་མར་བསྒྲུབ་པ་དང༌། ལུགས་བཟློག་གི་སྒོ་ནས་ཚད་མར་བསྒྲུབ་པའོ། །དང་པོ་ལ་གཉིས། རྒྱུ་ཕུན་ཚོགས་དང༌། འབྲས་བུ་ཕུན་ཚོགས་སོ། །དང་པོ་ལ་གཉིས། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས། དངོས་དང༌། རྩོད་སྤང་ངོ། །དང་པོ་ནི། བཅོམ་ལྡན་འདས་དེ་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། དེའི་སྒྲུབ་བྱེད་ཐུགས་རྗེ་ཆེན་པོ་གོམས་པ་ལས་འཁྲུངས་པའི་ཕྱིར། ཐུགས་རྗེ་ཆེན་པོ་ཆོས་ཅན། རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་ལས་བྱུང་བའི་ཕྱིར། གཉིས་པ་ལ་གཉིས། སྐྱེ་བ་དུ་མར་གོམས་པ་མེད་པ་སྤང༌། གོམས་ཀྱང་མཐའ་མེད་དུ་འཕེལ་བ་མེད་པ་སྤང་བའོ། །
སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་བཤད་པ།
དང་པོ་ལ། རྩོད་ལན་གཉིས། དང་པོ་ནི། རྒྱང་འཕེན་ན་རེ། སྐྱེ་བ་སྔ་ཕྱིར་གོམས་པས་སྙིང་རྗེ་གྲུབ་པ་མེད་དེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཏེ། ལུས་ཞིག་པ་ན་སེམས་ཞིག་པའི་ཕྱིར་ཏེ། ཡིད་བློ་ནི་(༧བ)ལུས་ལ་བརྟེན་པའི་ཕྱིར་ཞེ་ན།
གཉིས་པ་ལ། བསྟན་བཤད་གཉིས།
དང་པོ་ནི། ཡིད་བློ་ཆོས་ཅན། ལུས་དེ་ཁྱོད་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་ཏེ། ལུས་ཁྱོད་ཀྱི་རྟེན་ཁྱད་པར་ཅན་ཡིན་པ་ནི་རིགས་པས་བཀག་པའི་ཕྱིར་རོ། །
གཉིས་པ་ལ་གཉིས། སྐྱེ་བ་སྔ་ཕྱི་ཡོད་པར་བསྟན། མེད་པའི་སྒྲུབ་བྱེད་དགག་པའོ། །
དང་པོ་ནི། སྐྱེ་བ་ཡོངས་སུ་ལེན་པ་ན་དབུགས་དབྱུང་རྔུབ་དང་དབང་པོ་དང་བློ་དག་ནི་རང་གི་རིགས་འདྲ་ལ་ལྟོས་པ་མེད་པ་ཅན་དུ་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། ཡིན་ན་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ད་ལྟ་རིག་པ་སྔ་མས་རིག་པ་ཕྱི་མ་མཚམས་སྦྱོར་བར་ནུས་ལྡན་དུ་མཐོང་བ་གང་དེ་ལ་རྒྱུ་ལྷག་པོ་ཅི་ཞིག་ཡོད་པར་གྱུར་ལ། རྒྱུ་གང་མེད་པའི་རྒྱུ་མཚན་གང་གིས་ཕྱི་ནས་སེམས་ཕྱི་མ་མཚམས་སྦྱོར་བ་མེད་པ་མི་འཐད་དོ། །ངག་དོན་ནི། མངལ་དུ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ད་ལྟར་གྱི་རིག་པ་འདི་བཞིན། ཐ་མལ་པའི་འཆི་སེམས་ཆོས་ཅན། རིག་པ་ཕྱི་མ་མཚམས་སྦྱོར་ཏེ། ཆགས་བཅས་ཀྱི་རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་འདི་བཞིན་ཞེས་པའོ། །ཧ་ཅང་ཐལ་བའི་སྐྱོན་ཇི་ལྟར་ཡོད་ཅེ་ན། ཤེས་བྱ་ཆོས་ཅན། ས་སོགས་ཐམས་ཅད་སེམས་ཅན་གྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ། གང་དུ་དྲོད་གཤེར་སྐྱེས་ལ་སོགས་པ་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་སོགས་ཀྱི་ཆ་དེ་འགའ་ཡང་མེད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། དབང་སོགས་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་ནི་འབྱུང་བ་འབའ་ཞིག་ལས་སྐྱེ་བ་ཡིན་ན། ཇི་ལྟར་འབྱུང་བ་གཅིག་ནི་སྲོག་ཆགས་སུ་ཡོངས་སུ་གྱུར་པ་བཞིན་དུ། འབྱུང་བ་ཀུན་སྲོག་ཆགས་སུ་འགྱུར་བར་ཐལ། དེ་དག་གི་རྒྱུ་འབྱུང་(༨ན)བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ལུས་ཡིད་བློའི་རྟེན་ཁྱད་པར་ཅན་ཡིན་ན། དབང་པོ་དང་བཅས་པའི་ལུས་ཡིན་ནམ། དབང་པོ་མེད་པའི་ལུས་ཡིན། གཉིས་པ་འོག་ཏུ་འགོག །དང་པོ་ལྟར་ན། ཡིད་བློ་ཆོས་ཅན། དབང་པོ་དང་བཅས་པའི་ལུས་དེ་ཁྱོད་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་པར་ཐལ། དབང་པོ་རྣམས་རེ་རེ་ལ་གནོད་པ་ཡོད་ན་ཡང༌། ཁྱོད་ལ་དངོས་སུ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར། འདི་ཆོས་ཅན། ལུས་ཀྱི་རྟེན་ཡིན་ཏེ། ཁྱོད་འགྱུར་ན་ནི་ལུས་དེ་དག་ཀྱང་འགྱུར་བ་དག་ཏུ་མཐོང་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡིད་བློ་ལས་དབང་པོ་སྐྱེ་བ་ཡིན་ཏེ། བློ་ཕྱི་མ་གནས་པའི་རྟེན། བློ་སྔ་མ་ཉིད་ལ་ནི་བརྟེན་པའི་ལས་འགའ་དབང་པོ་རྣམས་ཀྱི་རྒྱུ་ཡིན་པ་དེའི་ཕྱིར། འཆི་ཁ་མའི་དབང་སོགས་ཆོས་ཅན། ཕྱིས་ཀྱང་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་དེ་འདྲར་འགྱུར་བ་ཡིན་ཏེ། དེ་འདྲའི་འཕེན་བྱེད་ཡོད་པར་གྱུར་པའི་ཕྱིར། ལུས་ཡིད་བློའི་རྟེན་ཁྱད་པར་ཅན་མ་ཡིན་ན། མདོ་ལས། ལུས་དང་སེམས་དག་ནི་ཕན་ཚུན་རྗེས་སུ་བྱེད་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ལུས་དེའི་ཤེས་པས་ཡིད་བློ་ལ་ཕན་འདོགས་པའི་རྒྱུ་མཚན་གྱིས། ཡིད་ནི་ལུས་ལ་བརྟེན་པར་བཤད་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་དབང་པོ་ཆོས་ཅན། ཡིད་བློའི་རྟེན་ཡིན་ཏེ། ཁྱེད་མེད་པར་ཡིད་བློ་སྐྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། ཡིད་བློ་དེ་ཆོས་ཅན། ལུས་ཀྱི་རྟེན་ཡིན་པར་ཐལ། ལུས་དེ་ཡང་ཁྱོད་མེད་པར་སྐྱེ་བ་མ་ཡིན་པའི་ཕྱིར། འདོད་པ་དེ་ལྟ་ནའང༌། ཤེས་བྱ་ཆོས་ཅན། ལུས་སེམས་ཕན་ཚུན་རྒྱུ་ཉིད་ཡིན་པར་ཐལ། ལུས་ཀྱང་སེམས་ཀྱི་རྟེན་ཡིན། སེམས་ཀྱང་ལུས་ཀྱི་རྟེན་ཡིན་པའི་ཕྱིར། འདོད་ན།(༨བ) རྒྱུན་ལ་ལྟོས་ནས་ལུས་སེམས་ཕན་ཚུན་རྒྱུ་ཅན་ཡིན་པར་ཐལ། དེའི་ཕྱིར། ལུས་ཆོས་ཅན། ཁྱོད་ལས་ཡིད་བློ་རིམ་ཅན་དུ་སྐྱེ་བ་མིན་པར་ཐལ། ཁྱོད་རིམ་ཅན་མིན་པའི་རྟག་པ་ཡིན་པའི་ཕྱིར། རྟག་ཀྱང་རྐྱེན་ལ་ལྟོས་ནས་ཡིད་བློ་རིམ་ཅན་དུ་སྐྱེད་དོ་ཞེ་ན། ཆོས་ཅན། རྐྱེན་ལ་ལྟོས་པའང་མེད་པར་ཐལ། རྐྱེན་གྱི་ཁྱད་པར་ཅན་མ་ཡིན་པའི་ཕྱིར། ཡིད་བློ་སྔ་མ་ལ་ལྟོས་ནས་ལུས་ལས་རིམ་གྱིས་བློ་ཕྱི་མ་སྐྱེ་བར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། ལུས་དེའི་ཡང་རིམ་པ་གསལ་བར་བྱེད་པར་ཐལ། ཕྱོགས་སྔ་དེའི་ཕྱིར། འདོད་ན། ལུས་སེམས་སྔ་མ་ནི་ལུས་སེམས་ཕྱི་མའི་རྒྱུར་ཐམས་ཅད་ཀྱི་ཚེ་ན་མཐོང་བ་ཉིད་ཡིན་པར་ཐལ། ལུས་སེམས་སྐད་ཅིག་སྔ་མ་སྔ་མ་ནི། སྔོན་མེད་པའི་ལུས་སེམས་སྐད་ཅིག་རེ་རེ་བ་དེའི་རྒྱུ་ཡིན་པ་དེའི་ཕྱིར།
གཉིས་པ་ལ་གསུམ། བསྟན། བཤད། བསྡུ་བའོ། །དང་པོ་ནི། ཐ་མལ་པའི་འཆི་སེམས་ཆོས་ཅན། སེམས་ཕྱི་མ་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དཔེར་ན། དགྲ་བཅོམ་པའི་འཆི་སེམས་བཞིན་ཞེ་ན། ཐ་མ་འཆི་ཁའི་སེམས་ནི་ཆོས་ཅན། ཐ་མལ་པའི་འཆི་སེམས་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར། དགྲ་བཅོམ་པའི་འཆི་སེམས་གང་ཡིན་པ་དེ་ཡང༌། རྒྱུ་མཚན་གང་ལས་སེམས་ཕྱི་མ་མཚམས་སྦྱོར་བ་མེད་པར་འདོད་ཅེས་དྲིས་པས། སངས་རྒྱས་པའི་ལུང་ལས་དེ་ལྟར་བཤད་པས་སོ་ཞེ་ན། སངས་རྒྱས་པའི་གྲུབ་མཐའ་ཆོས་ཅན། ཁྱོད་ཀྱི་རྗེས་སུ་འབྲང་ངམ་ཅི་སྟེ་འབྲང་མི་རིགས་པར་ཐལ། ཚད་མས་མ་གྲུབ་པའི་དོན་ཅན་ཡིན་པའི་ཕྱིར། གལ་ཏེ་དགྲ་བཅོམ་པའི་འཆི་སེམས་(༩ན)ཆོས་ཅན། སེམས་ཕྱི་མ་མཚམས་མི་སྦྱོར་ཏེ། དེའི་རྒྱུ་དབུགས་ལུས་དང་བྲལ་བའི་ཕྱིར་ཞེ་ན། རྒྱུ་དབུགས་ལུས་དང་བྲལ་བ་དེ་ཉིད་ཆོས་ཅན། ཐ་མལ་པའི་འཆི་སེམས་ཕྱི་མ་མཚམས་མི་སྦྱོར་བར་བསྒྲུབ་པ་འདིར་ནི་རྟགས་སུ་ཅིས་མ་བརྗོད་དེ་བརྗོད་རིགས་པར་ཐལ། ཁྱོད་དང་འཆི་སེམས་གང་རུང་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག །འཆི་སེམས་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། བདག་རྐྱེན་ཡིན་པ་དགག །ཉེར་ལེན་ཡིན་པ་དགག །རྩོད་པ་སྤང་བའོ། །དང་པོ་ནི། ལུས་ཡིད་བློའི་རྟེན་ཁྱད་པར་ཅན་ཡིན་ན། བདག་རྐྱེན་ཡིན་ནམ། ཉེར་ལེན་ཡིན། དང་པོ་ལྟར་ན། ཡིད་ཤེས་རྟོག་པ་ཆོས་ཅན། དབང་པོ་དང་བཅས་པའི་ལུས་ཀྱིས་བདག་རྐྱེན་བྱས་པ་ལས་སྐྱེ་བ་མ་ཡིན་པར་ཐལ། དེ་ཡིན་ན། དབང་པོ་དེའི་བློ་བཞིན་དུ་ཡུལ་གསལ་བར་འཛིན་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དབང་པོ་ཀུན་ཚོགས་པ་ལས་ཀྱང་ནི་ཡིད་ཤེས་སྐྱེ་དགོས་པ་མ་ཡིན་པར་ཐལ། དབང་པོ་རྣམས་དབང་ཤེས་སྐྱེད་པའི་ནུས་པ་ཐ་དད་པའི་ཕྱིར། གཞན་སྐྲ་སེན་སོགས་ཆོས་ཅན། ཁྱོད་ཀྱིས་བདག་རྐྱེན་བྱས་པ་ལས་ཡིད་ཤེས་སྐྱེ་བ་མ་ཡིན་པར་ཐལ། སེམས་མེད་ཉིད་ཡིན་པའི་ཕྱིར། འོ་ན། ལུས་སེམས་ལྷན་ཅིག་གནས་པར་འགལ་ལོ་ཞེ་ན། ལུས་སེམས་ཆོས་ཅན། ལྷན་ཅིག་གནས་སུ་རུང་སྟེ། རྒྱུ་ཚོགས་གཅིག་ལས་སྐྱེས་པའི་ཕྱིར། དཔེར་ན། དབང་པོ་ལྔ་པཞིན་དང༌། གཟུགས་དང་རོ་བཞིན་ནོ། །ལུས་ཆོས་ཅན། ཡིད་བློའི་རྟེན་ཡིན་ཏེ། ཁྱོད་འགྱུར་བས་ཡིད་བློ་འགྱུར་བ་མཐོང་བའི་ཕྱིར་ཞེ་ན། ཕྱི་དོན་ཆོས་ཅན། ཡིད་བློའི་རྟེན་ཡིན་པར་ཐལ། ཁྱོད་ཀྱི་(༩བ)སྒོ་ནས་ཡིད་བློ་འགྱུར་བ་མཐོང་བ་ཡིན་པའི་ཕྱིར། འོ་ན་འབྲས་བུའི་ལྡོག་རྒྱུ་ཁྱད་པར་ཅན་ཇི་ལྟ་བུ་ཞེ་ན། སྒྲོན་མེའི་འོད་ཆོས་ཅན། སྒྲོན་མེ་དེ་ཁྱོད་ཀྱི་རྒྱུ་ཁྱད་པར་ཅན་ཡིན་ཏེ། སྒྲོན་མེ་གང་ཞིག་ཁྱོད་ཀྱི་སྔ་ལོགས་སུ་ཡོད་པས། ཁྱོད་ལ་དངོས་སུ་ཕན་འདོགས་བྱེད་ཡིན་པའི་ཕྱིར་ཏེ། རྟག་ཏུ་སྒྲོན་མེ་དེའི་ཉེར་ལེན་གྱི་རྗེས་སུ་འཇུག་པའི་ཕྱིར། འདི་ཡོད་ན་འདི་འབྱུང་ཞེས་པའི་བདུན་པ་དང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་པའི་ལྔ་པའི་སྒྲ་ནི་བཤད་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། འབྲས་བུ་དེའི་ལྡོག་རྒྱུ་ཁྱད་པར་ཅན་ཡིན་ན། འབྲས་བུ་དེའི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་སྒོ་ནས་ཕན་འདོགས་པ་ཞིག་དགོས་སོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། ལུས་དེ་དུས་འགའ་ཞིག་གི་ཚེ་ན་སེམས་རྒྱུན་ལ་ཕན་འདོགས་བྱེད་ཡིན་པའང་སླ་སྟེ། དེ་ཙམ་གྱིས་ནི་ལུས་ལོག་པས་སེམས་ལྡོག་པ་མིན་ཏེ། གཟུགས་མེད་ཁམས་ནའང་སེམས་ཡོད་པའི་ཕྱིར། དཔེར་ན། བུམ་སོགས་ལ་ནི་མེ་སོགས་ཀྱིས་གནས་སྐབས་ཕན་འདོགས་པ་བཞིན་ནོ། །
གཉིས་པ་ལ་གཉིས། ལུས་ཀྱིས་ཉེར་ལེན་བྱེད་ཚུལ་ལ་བརྟགས་ནས་དགག །ལུས་ཀྱི་ངོ་བོ་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས། ཉེར་ལེན་ཡིན་པ་ལ་གནོད་བྱེད་བརྗོད་པ། ཉེར་ལེན་མ་ཡིན་པའི་སྒྲུབ་བྱེད་བརྗོད་པའོ། །དང་པོ་ལ་གཉིས། སྔ་ཕྱི་ལ་བརྟགས་ནས་དགག །དུས་མཉམ་ལ་བརྟགས་ནས་དགག་པའོ། །
དང་པོ་ལ་གསུམ། ཐལ་བ་དགོད། དེའི་ལན་དགག །ཉེར་ལེན་གྱི་མཚན་ཉིད་བཤད་པའོ། །
དང་པོ་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་ནོ་ཞེ་ན། ཤི་བའི་ལུས་ཆོས་ཅན། སེམས་ལྡོག་པ་མེད་པར་འགྱུར་བར་ཐལ། ཉེར་ལེན་ལུས་ནི་གནས་པ་ཉིད་ཡིན་པའི་ཕྱིར།
གཉིས་(༡༠ན)པ་ལ་གཉིས། མཐུན་རྐྱེན་མ་ཚང་བའི་ལན་དགག །འགལ་རྐྱེན་གྱིས་བཅོམ་པའི་ལན་དགག་པའོ། །དང་པོ་ནི། ཉེར་ལེན་ལུས་ཡོད་ཀྱང་རྐྱེན་དབུགས་མེད་པས་སེམས་མི་ལྡོག་པའི་སྐྱོན་མེད་དོ་ཞེ་ན། ཡིད་བློ་དེ་ཆོས་ཅན། ཁྱོད་ལས་དབུགས་འབྱུང་རྔུབ་འབྱུང་གི །དེ་ཁྱོད་ཀྱི་རྟེན་ཁྱད་པར་ཅན་མ་ཡིན་པར་ཐལ། ཁྱོད་ཡོད་སྟབས་ཀྱིས་དབུགས་འབྱུང་རྔུབ་དེ་ཡོད་པ་དང༌། ཁྱོད་ཀྱི་དབང་གིས་དབུགས་དྲག་ཞན་དུ་འགྱུར་བའི་ཕྱིར་ཏེ། རླུང་འབྱིན་པ་དང་འདྲེན་པ་ནི། ཁྱོད་ཀྱི་འབད་རྩོལ་མེད་པར་གང་ལས་འབྱུང་བ་ཡིན་ཏེ་མ་ཡིན་པའི་ཕྱིར། ཆོས་ཅན། དབུགས་དེ་དག་ཕུལ་དུ་བྱུང་བ་དང་འགྲིབ་པ་ལས་ཁྱོད་ཕུལ་དུ་བྱུང་བ་དང་འགྲིབ་པ་ཐོབ་པར་འགྱུར་བར་ཐལ། དབུགས་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། དབུགས་དེ་དག་ཆོས་ཅན། ཤི་བའི་ལུས་ལ་ཡང་ལྡོག་པ་མེད་པར་ཐལ་བ་མཚུངས་ཏེ། ཉེར་ལེན་ལུས་གནས་པའི་ཕྱིར། ཁྱོད་རང་ལ་ཡང་ཤི་བའི་ལུས་ལ་སེམས་མི་ལྡོག་པར་ཐལ། སེམས་སྔ་མ་སེམས་ཕྱི་མའི་ཉེར་ལེན་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། སེམས་སྔ་མ་སེམས་ཕྱི་མའི་ཉེར་ལེན་གྱི་རྒྱུ་ཡིན་ན། ཤི་བའི་ལུས་ལ་སེམས་མི་ལྡོག་པའི་ཉེས་པ་མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར་འཕེན་བྱེད་ཀྱི་ལས་གཞན་དག་ཀྱང༌། ལུས་སེམས་ལྷན་ཅིག་གནས་པའི་རྒྱུ་ནི་ཡིན་པར་འདོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྔགས་ཀྱིས་བཏབ་པའི་སྡོང་བུ་ལ་སོགས་པ་མེའི་རྒྱུ་མིན་པ་བཞིན་དུ། ཤི་བའི་ལུས་ཆོས་ཅན། སེམས་ཀྱི་རྒྱུ་མིན་ཏེ། རླུང་མཁྲིས་སོགས་ཉེས་པས་སེམས་གནས་པ་དང་མི་མཐུན་པར་བྱས་པའི་ཕྱིར་ཞེ་ན།(༡༠བ) ཤི་བའི་ཚེ་ལུས་ཆོས་ཅན། སེམས་སླར་ཡང་འཚོ་བ་དག་ཏུ་འགྱུར་བར་ཐལ། ཉེར་ལེན་ལུས་གནས་ཤིང༌། ཉེས་པ་ཉམས་པར་འགྱུར་བའི་ཕྱིར། གལ་ཏེ་མེ་ནི་ལྡོག་ན་ཡང་མེས་བྱས་པའི་ཤིང་གི་འགྱུར་བ་མི་ལྡོག་པ་བཞིན་དུ། ནད་ལོག་ཀྱང་ནད་ཀྱི་འགྱུར་བ་དེ་ནི་ལྡོག་པ་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། ནད་ཀྱི་འགྱུར་བ་ལྡོག་མི་རུང་བ་ཡིན་པར་ཐལ། ནད་གསོ་བའི་སྦྱོར་བ་དོན་ཡོད་པའི་ཕྱིར། འགྱུར་བ་ཡིན་ན་སླར་ལྡོག་མི་རུང་བ་ཡིན་པས་མ་ཁྱབ་པར་ཐལ། འགྱུར་བྱེད་འགའ་ཞིག་ནི་ལ་ལར་སླར་མི་འབྱུང་བར་འགྱུར་བ་སྐྱེད་པར་བྱེད་ལ། འགྱུར་བྱེད་འགའ་ཞིག་སླར་ལྡོག་པའི་འགྱུར་བ་སྐྱེད་པ་ཡིན་པའི་ཕྱིར། དཔེར་ན། ཤིང་དང་གསེར་ལ་མེ་བཞིན་ནོ། །འགྱུར་བ་དང་པོ་ཆོས་ཅན། ཆུང་ཡང་སླར་ལྡོག་པ་མིན་ཏེ། རང་རྒྱུ་ལས་སླར་ལྡོག་མི་རུང་དུ་སྐྱེས་པའི་ཕྱིར། སླར་ལྡོག་ཏུ་རུང་བར་བྱས་པའི་འགྱུར་བ་གང་ཡིན་པ་དེ་ནི་ཆོས་ཅན། སླར་འབྱུང་བར་འགྱུར་ཏེ། རང་རྒྱུ་ལས་སླར་ལྡོག་རུང་དུ་སྐྱེས་པའི་ཕྱིར། དཔེར་ན། གསེར་གྱི་སྲ་བ་ཉིད་བཞིན་ནོ། །ནད་ཀྱི་འགྱུར་བ་ལྡོག་ཏུ་རུང་ན། གསོར་མི་རུང་གི་ནད་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཅུང་ཟད་གསོ་བྱ་མིན་པའི་ནད་བརྗོད་པ་ནི། འཆོས་བྱེད་སྨན་དང་སྨན་པ་རྙེད་པར་དཀའ་བའི་ཕྱིར་རམ། ནད་པའི་ཚེ་ཟད་པ་ལ་དགོངས་པའི་ཕྱིར་རོ། །གསོ་བྱ་མིན་པའི་ནད་མེད་པ་ཉིད་ཡིན་པར་ཐལ། མཐུན་རྐྱེན་མ་ཚང་བ་ལ་མི་ལྟོས་པར། ཉེས་པ་ནད་འགའ་ཞིག་གིས་འཆི་བ་ཡིན་པའི་ཕྱིར། ཤི་བའི་ལུས་ཆོས་ཅན། སེམས་དེ་ཅིས་སླར་ཡང་འཆི་བར་མི་འགྱུར་ཏེ་འགྱུར་བར་ཐལ། ཉེར་ལེན་ལུས་གནས་ཤིང༌། འགལ་རྐྱེན་དུག་ལ་སོགས་པ་ལྡོག་པའི་ཕྱིར་རམ། དུག་སྦྲུལ་དེ་ཡི་སོས་ཟིན་པ་བཅད་པ་ལས་ཀྱང༌། ནད་ཅི་འགྱུར་བའི་རྒྱུ་དང་བྲལ་(༡༡ན)བས་ནའོ། །གསུམ་པ་ནི། ཉེར་ལེན་འགྱུར་བ་མེད་པར་ནི་ཉེར་ལེན་ཅན་དག་འགྱུར་བར་ནི་བྱེད་པར་མི་ནུས་ཏེ། དཔེར་ན། འཇིམ་པ་འགྱུར་བ་མེད་པར་བུམ་སོགས་མི་འགྱུར་བ་བཞིན་ནོ། །དངོས་པོ་གང་འགྱུར་བ་མེད་པར་ནི་དངོས་པོ་གང་ཞིག་རྣམ་པར་འགྱུར་བ་དེ་དེའི་ཉེར་ལེན་དུ་མི་རིགས་ཏེ། བ་ལང་དང་བ་མིན་ལ་སོགས་པ་བཞིན། སེམས་དང་ལུས་ཀྱང་དེ་བཞིན་ནོ། །ལུས་ཆོས་ཅན། སེམས་ཀྱི་ཉེར་ལེན་མ་ཡིན་ཏེ། ཁྱོད་མི་འགྱུར་བར་སེམས་འགྱུར་བ་ཡོད་པའི་ཕྱིར། འོ་ན་ལུས་སེམས་ལྷན་ཅིག་གནས་པ་འགལ་ལོ་ཞེ་ན། འབྲས་བུ་སེམས་ཆོས་ཅན། ལུས་དང་ལྷན་ཅིག་གནས་ཏེ། ལུས་དེའི་ཉེར་ལེན་གྱི་རྒྱུས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་སྐྱེ་བའི་ཕྱིར། དཔེར་ན། མེ་དང་ཟངས་མའི་ཞུ་བ་ཉིད་བཞིན་ནོ། །
གཉིས་པ་དུས་མཉམ་ལ་བརྟགས་ནས་དགག་པ་ལ་གསུམ། དུས་མཉམ་པའི་རྟེན་དགག །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས། དོན་བསྡུ་བའོ། །དང་པོ་ནི། ལུས་དེ་ཡིད་བློའི་དུས་མཉམ་པའི་རྟེན་ཡིན་ནོ་ཞེ་ན། ཡིད་བློ་ཆོས་ཅན། ལུས་དེ་ཁྱོད་ཀྱི་དུས་མཉམ་པའི་རྟེན་དོན་གཞན་མ་ཡིན་ཏེ། ཁྱོད་དངོས་པོར་ཡོད་པ་དང་མེད་པ་དག་ལ་རྟེན་དོན་གཞན་མེད་པའི་ཕྱིར། རྟགས་གྲུབ་པ་མ་ཡིན་ཏེ། དངོས་པོར་ཡོད་པ་གནས་པའི་རྒྱུ་ནི་རྟེན་དོན་གཞན་ཡིན་ནོ་ཞེ་ན། ཆོས་ཅན། ལུས་འདི་ཁྱོད་གྲུབ་ཟིན་གནས་པའི་རྟེན་དུ་མེད་པར་ཐལ། ཁྱོད་ཀྱི་གནས་པ་པོ་ཁྱོད་ལས་གཞན་མིན་པར་རྫས་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། རྫས་གཞན་ཡིན་ནོ་ཞེ་ན་ཡང༌། ཆོས་ཅན། ལུས་དེས་ནི་ཁྱོད་ཀྱི་དངོས་པོ་ཅི་ཞིག་གནས་པར་བྱས་ཏེ་མ་བྱས་པར་ཐལ། ལུས་དེ་ཁྱོད་ཀྱི་གནས་པ་རྫས་གཞན་དེའི་རྒྱུ་ཉིད་(༡༡བ)ཡིན་པའི་ཕྱིར། ཆོས་ཅན། འཇིག་པ་མེད་པར་འགྱུར་བར་ཐལ། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་སྡོད་པའི་ཕྱིར། གལ་ཏེ་ཡིད་བློ་འཇིག་རྒྱུ་ལས་འཇིག་པར་འདོད་དོ་ཞེ་ན། ཆོས་ཅན། འཇིག་རྒྱུས་འཇིག་པ་མ་ཡིན་པར་ཐལ། འཇིག་རྒྱུས་འཇིག་པ་དེ་ལའང་གོང་གི་ཐལ་བ་མཚུངས་པ་ཡིན་པའི་ཕྱིར། ཆོས་ཅན། གནས་པའི་རྒྱུས་ཀྱང་ཅི་ཞིག་བྱས་ཏེ་གནས་མི་ནུས་པར་ཐལ། འཇིག་རྒྱུ་ལས་འཇིག་པའི་ཕྱིར། གལ་ཏེ་འཇིག་རྒྱུ་དང་མ་ཕྲད་བར་དུ་ལུས་དེས་གནས་པར་བྱས་སོ་ཞེ་ན། ཆོས་ཅན། གནས་པའི་རྒྱུས་ནི་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། འཇིག་པ་དངོས་པོའི་ཆོས་ཉིད་དུ་ཡོད་པ་འདི་ལ་གནོད་པ་མེད་པའི་ཕྱིར། གལ་ཏེ་དཔེར་ན་བུམ་པ་དེ་ཆུ་སོགས་ཀྱི་རྐྱེན་ཡིན་པ་བཞིན་དུ། ལུས་ཀྱང་སེམས་ཀྱི་རྟེན་ཡིན་ནོ་ཞེ་ན། བུམ་པ་ཆོས་ཅན། རང་ནང་གི་ཆུའི་དུས་མཉམ་པའི་རྟེན་ཡིན་པར་ཐལ། དེ་ལྟར་འདོད་པ་འདི་ལའང༌། ཡོད་མེད་དག་ལ་རྟེན་མེད་ཕྱིར། ཞེས་པའི་ཐལ་བ་མཚུངས་པའི་ཕྱིར། འོ་ན་བུམ་པ་རང་ནང་གི་ཆུའི་རྟེན་དུ་གྲགས་པ་ཇི་ལྟར་ཡིན་ཞེ་ན། ཆོས་ཅན། རང་ནང་གི་ཆུ་དེའི་རྟེན་ཡིན་ཏེ། རང་ནང་གི་ཆུའི་དངོས་པོ་རྣམས་སྐད་ཅིག་རེ་རེར་ནི་འཇིག་པ་ན། རང་ནང་གི་ཆུའི་དངོས་པོའི་རྒྱུན་ཕྱི་མ་རྣམས་ཁོ་རང་གི་ཉེར་ལེན་དང་གོ་ས་མཚུངས་པ་དེ་ལྟ་བུར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཅན། རང་ནང་གི་ཆུའི་རྟེན་དོན་གཞན་དུ་རིགས་པ་མ་ཡིན་པར་ཐལ། རང་ནང་གི་ཆུ་ལ་ཕན་འདོགས་པ་དེ་ལྟ་མ་ཡིན་པའི་ཕྱིར། ཆོས་ཅན། རང་ནང་གི་ཆུ་སོགས་ཀྱི་ནི་རྟེན་དུ་འགྱུར་ཏེ། རང་ནང་གི་ཆུ་འཐུར་དུ་འབོ་བ་ཡི་ནི་གེགས་བྱེད་པའི་ཕྱིར། མི་རྟག་(༡༢ན)པ་ལ་རྟེན་དོན་གཞན་འཐད་ཀྱི། ཡོན་ཏན་དང་སྤྱི་དང་ལས་རྣམས་ཆོས་ཅན། ཁྱོད་ལ་ནི་རྟེན་དོན་གཞན་ཅི་དགོས་ཏེ་མི་དགོས་པར་ཐལ། འགྲོ་བ་མེད་པ་ཅན་གྱི་རྟག་པ་ཡིན་པའི་རྐྱེན།
གཉིས་པ་ནི། ཡོད་མེད་དག་ལ་རྟེན་མེད་ཕྱིར་ཞེས་པའི་རིགས་པ་འདིས་ནི་ཆོས་ཅན། ཡོན་ཏན་རྫས་ལ་འཕྲོད་པ་འདུ་བ་དང༌། རྫས་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་དང༌། གསལ་བ་ལ་རིགས་གནས་པ་དང༌། སོགས་པ་འབྱུང་བ་ལ་འབྱུང་རྒྱུར་དང༌། འབྱུང་བ་ལ་སེམས་དང༌། ཆོས་ཅན་ལ་ཆོས་ཉིད་རྣམ་པར་གནས་པ་ཉིད་བསལ་བ་ཡིན་ཏེ། དུས་མཉམ་པའི་རྟེན་དོན་གཞན་མེད་པར་བསྟན་པའི་ཕྱིར།
གསུམ་པ་ནི། གལ་ཏེ་ཡིད་བློ་ཆོས་ཅན། ལུས་དེའི་གནས་རྒྱུས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། འཇིག་རྒྱུ་གཞན་ལས་འཇིག་པའི་ཕྱིར། རྟགས་མ་གྲུབ་སྟེ། དེ་འཇིག་རྒྱུ་གཞན་མེད་པར་འཇིག་གོ་ཞེ་ན་ཡང༌། ཆོས་ཅན། གནས་པའི་རྒྱུ་རྣམས་ནུས་མེད་དུ་ཐལ་ལོ། །ཆོས་ཅན། དངོས་པོ་ཐམས་ཅད་ནི་འགའ་ཞིག་གི་ཚེ་ནའང་འཇིག་པར་མི་འགྱུར་བར་ཐལ། སྐྱེ་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྟེན་བཅས་ཐམས་ཅད་གནས་ལྡན་དང༌། སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན་པར་ཁས་བླངས་པ་དེའི་ཕྱིར། དེ་ཆོས་ཅན། གནས་བྱེད་གཞན་གང་ཡང་མེད་པར་ཐལ། གལ་ཏེ་རང་འཇིག་པའི་ངང་ཚུལ་ཅན་གྱི་བདག་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཆོས་ཅན། གཞན་བྱེད་གཞན་གང་དགོས་ཏེ་དོན་མེད་པར་ཐལ། གལ་ཏེ་རང་འཇིག་པའི་ངང་ཚུལ་ཅན་གྱི་བདག་ཉིད་མིན་པའི་ཕྱིར།
གཉིས་པ་ཉེར་ལེན་མ་ཡིན་པའི་སྒྲུབ་བྱེད་བརྗོད་པ་ལ་གསུམ། དངོས། ལུས་སེམས་རྫས་གཅིག་(༡༢བ)དགག །འཁོར་བའི་རྒྱུ་ངོས་གཟུང་བའོ། །
དང་པོ་ནི། ཤེས་རབ་དང་འདོད་ཆགས་ལ་སོགས་པ་ཆོས་ཅན། ལུས་དེ་ཁྱོད་ཀྱི་ཉེར་ལེན་མ་ཡིན་ཏེ། ལུས་ཀྱི་ཕུལ་དུ་བྱུང་བ་དང་འགྲིབ་པ་ལ་ལྟོས་པ་མེད་པར། བློའི་བྱེད་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བ་དང་འགྲིབ་པའི་ཁྱད་པར་དག་ཏུ་འགྱུར་བ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་འཕེལ་འགྲིབ་ཀྱི་རྗེས་སུ་བྱེད་པ་འདི་ནི་མར་མེའི་འོད་ལ་སོགས་པ་ཉེར་ལེན་བེམ་པོ་ལ་བརྟེན་པ་རྣམས་ལ་ཡོད་པ་མ་ཡིན་པའི་ཕྱིར། ལུས་བཅུད་ལེན་གྱིས་རྒྱས་པ་ལས་ཤེས་རབ་འཕེལ་བ་མཐོང་བའི་ཕྱིར། རྩ་བའི་རྟགས་མ་གྲུབ་བོ་ཞེ་ན། ཤེས་རབ་འདི་ཆོས་ཅན། ལུས་བཅུད་ལེན་གྱིས་རྒྱས་པ་དེ་ལས་ཀྱང་ཁྱོད་ཁྱད་པར་དུ་འགྱུར་མོད་ཀྱི། ལུས་དེ་ཁྱོད་ཀྱི་དངོས་རྒྱུ་མིན་ཏེ། ལུས་ཀྱིས་དབང་པོའི་སེམས་ལ་ཕན་འདོགས་པ་མེད་པར་ཁྱོད་སྐྱེ་བ་མིན་པའི་ཕྱིར། ལུས་རྒྱས་པ་ལས་འདོད་ཆགས་དང༌། རྒུད་པ་ལས་ཞེ་སྡང་སྐྱེ་བར་མཐོང་བས། རྩ་བའི་རྟགས་མ་གྲུབ་བོ་ཞེ་ན། དུས་འགའ་ཞིག་གི་ཚེ་ན་ལུས་རྒྱས་རྒུད་སོགས་ཀྱིས་འཕེལ་བའི་ཡིད་ཤེས་འཁོར་གྱི་ཆགས་སྡང་སོགས་ཆོས་ཅན། ལུས་དེ་ཁྱོད་ཀྱི་ཉེར་ལེན་མ་ཡིན་ཏེ། དབང་ཤེས་འཁོར་གྱི་བདེ་བ་དང་སྡུག་བསྔལ་ལས་སྐྱེས་པ་ཡིན་པའི་ཕྱིར། དབང་ཤེས་འཁོར་གྱི་བདེ་སྡུག་དེ་ཡང་ཆོས་ཅན། ཆོས་འདྲ། ཁམས་སྙོམས་མི་སྙོམས་ལ་སོགས་པ་ནང་གི་རེག་བྱའི་གཟུང་དོན་ནི་ཉེ་བ་ལས་སྐྱེས་པའི་ཕྱིར། ཤེས་བྱ་ཆོས་ཅན། བཤད་མ་ཐག་པའི་རིགས་པ་འདིས་ནི་འདུས་པ་ལ་སོགས་པས་དྲན་པ་ཉམས་པ་སོགས་ལ་ལུས་ཉེར་ལེན་དུ་མེད་པར་བཤད་པ་ཡིན་ཏེ། ནང་གི་རེག་བྱ་གཟུང་དོན་དུ་ཉེ་བའི་ཁྱད་པར་ལས་སྐྱེས་(༡༣ན)པའི་དབང་བློས་ནི་འགྱུར་བ་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །དཔེར་ན། རྒྱུད་ཀྱི་ཁྱད་པར་འགའ་ཞིག་ལ་སྟག་ཉིད་ཀྱི་སྒྲ་ཐོས་པ་དང་ནི། ཁྲག་ལ་སོགས་པ་མཐོང་བ་ལས་རྨོངས་པ་ལ་སོགས་པ་འབྱུང་བ་འགྱུར་བ་བཞིན་ནོ། །སེམས་ཕྱི་མ་ནི་ཆོས་ཅན། སེམས་སྔ་མ་ལ་བརྟེན་པ་ཡིན་ཏེ། སེམས་སྔ་མ་དེ་ཉེར་ལེན་དུ་མེད་ན་མི་འབྱུང་བ་དེའི་ཕྱིར་ཏེ། ངེས་པར་སེམས་སྔ་མ་གང་ཡང་རུང་བ་ཉིད་ཀྱི་འདུ་བྱེད་ཀྱི་ནི་རྗེས་སུ་འཇུག་པའི་སེམས་ཡིན་པའི་ཕྱིར།
གཉིས་པ་ནི། སེམས་ཕྱི་མ་དེ་སེམས་སྔ་མ་ལ་བརྟེན་པར་བསྒྲུབས་པས། ལུས་ཉེར་ལེན་ཡིན་པ་མི་གནོད་དེ། ལུས་སེམས་རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཇི་ལྟར་སེམས་སྔ་མ་ལ་བརྟེན་པར་བྱས་ནས་ཐོས་སོགས་འདུ་བྱེད་པའི་ཡོན་ཏན་སེམས་ལ་ནི་དུས་འགའ་ཞིག་གི་ཚེ་གསལ་བ་དེ་ལྟར། ལུས་ལའང་ཡོན་ཏན་དེ་གསལ་བར་འགྱུར་བར་ཐལ། ལུས་སེམས་ཐ་དད་མེད་པའི་ཕྱིར།
གསུམ་པ་ནི། ལུས་སེམས་ཀྱི་ཉེར་ལེན་མ་ཡིན་ན་འཁོར་བའི་རྒྱུ་གང་ཞེ་ན། ཆོས་ཅན། ཐ་མལ་པ་རྣམས་བདག་ལ་ཆགས་པ་དང་ལྡན་པས་སེམས་ཅན་གཞན་གྱིས་བཀྲི་བ་མིན་པར། བདེ་བ་ཐོབ་པར་འདོད་པ་དང་སྡུག་བསྔལ་འདོར་བར་འདོད་པས་དམན་པའི་གནས་ནི་ཡོངས་སུ་ལེན་ཏེ། སྡུག་བསྔལ་ལ་བདེ་བར་ཕྱི་ཅི་ལོག་གི་བློ་དང༌། སྲེད་པའི་ཀུན་ནས་འཆིང་བ་ནི་ཐ་མལ་པ་འཁོར་བར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། གལ་ལ་ལོག་སྲེད་དེ་མེད་པ་དེ་ནི་འཁོར་བར་སྐྱེ་བར་མི་འགྱུར་བའི་ཕྱིར། གལ་ཏེ་སྐྱེ་བ་གཞན་དུ་འགྲོ་འོང་མེད་དེ། དེ་མ་མཐོང་བའི་ཕྱིར་ཞེ་ན། རྒྱང་འཕེན་ཆོས་ཅན། ཁྱོད་ཀྱིས་བར་སྲིད་མ་མཐོང་བས་མེད་པར་མི་འགྲུབ་པར་ཐལ། ཁྱོད་བར་སྲིད་ལྟ་བ་ལ་དབང་པོ་མི་གསལ་བའི་(༡༣བ)ཕྱིར། དཔེར་ན། མིག་མི་གསལ་བ་ཡིས་དུ་བ་ཆུང་ངུ་མི་མཐོང་བ་བཞིན་ནོ། །བར་དོའི་ལུས་ཆོས་ཅན། ཐོགས་བཅས་ཡིན་པར་ཐལ། ལུས་ཅན་ཡིན་པའི་ཕྱིར་ཞེ་ན། བར་དོའི་ལུས་འགའ་ཞིག་ཆོས་ཅན། ལུས་ཅན་ཡིན་ཡང་ལ་ལར་ཐོགས་མེད་ཡིན་ཏེ། ཕྲ་ཞིང་དྭངས་པའི་ལུས་ཅན་ཡིན་པའི་ཕྱིར། དཔེར་ན། རྫ་སོ་མ་ལ་ཆུ་བཞིན་དང༌། གསེར་ལ་དངུལ་ཆུ་བཞིན་ནོ། །རྒྱང་འཕེན་ཆོས་ཅན། ཁྱོད་ཀྱིས་བར་སྲིད་མ་མཐོང་བའི་ཕྱིར་ན་མེད་པ་མིན་པར་ཐལ། དེ་ཁྱོད་ཀྱིས་མ་མཐོང་ཡང་ཡོད་སྲིད་པའི་ཕྱིར།
གཉིས་པ་ལུས་ཀྱི་ངོ་བོ་ལ་བརྟགས་ནས་དགག་པ་ལ་གཉིས། ལུས་གཅིག་ཉེར་ལེན་ཡིན་པ་དགག །ལུས་དུ་མ་ཉེར་ལེན་ཡིན་པ་དགག་པའོ། །
དང་པོ་ལ་གསུམ། དངོས། རྩོད་སྤང༌། རྫས་ལ་བརྟེན་པའི་ཆོས་གཞན་དགག་པའོ། །
དང་པོ་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་ན། ལུས་རགས་པ་ཆ་མེད་གཅིག་ཡིན་ནམ། ཡན་ལག་དུ་མ་ཡིན། དང་པོ་ལྟར་ན། སྐྱེས་བུ་ཆོས་ཅན། ལག་སོགས་གཡོ་ན་ཡན་ལག་ཐམས་ཅད་གཡོ་བར་འགྱུར་བར་ཐལ། ལུས་རགས་པ་ཆ་མེད་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། གཡོ་མི་གཡོའི་འགལ་བ་ཅན་གྱི་ལས་ནི། ཆ་མེད་གཅིག་ལ་གཞི་མཐུན་དུ་མི་རུང་བའི་ཕྱིར། ཆོས་ཅན། ཆ་ཐ་དད་དུ་གྲུབ་པར་ཐལ། ལག་པ་གཡོ་བའི་ཚེ་རྐང་པ་གཡོ་བ་ལས་གཞན་དུ་མི་གཡོ་བའི་ཕྱིར། ཆོས་ཅན། གདོང་གཅིག་བསྒྲིབས་པ་ན། ཡན་ལག་ཐམས་ཅད་བསྒྲིབས་པར་འགྱུར་བའམ། ཡན་ལག་གཞན་མ་བསྒྲིབས་ན། གདོང་ཡང་མ་བསྒྲིབས་པར་མ་མཐོང་བར་འགྱུར་བར་ཐལ། ལུས་རགས་པ་ཆ་མེད་གཅིག་ཡིན་པའི་ཕྱིར། ཆོས་ཅན། གདོང་ཚོན་གྱིས་བསྒྱུར་ན་ཡན་ལག་ཐམས་ཅད་ཚོན་གྱིས་བསྒྱུར་བའམ། ཡན་ལག་གཞན་(༡༤ན)མ་བསྒྱུར་ན། གདོང་ཡང་ཚོན་གྱིས་མ་བསྒྱུར་བར་རྟོགས་པར་འགྱུར་བར་ཐལ། རྟགས་འདྲ། སྐྱེས་བུའི་ལུས་ཆོས་ཅན། ཚོགས་པ་ཆ་མེད་གཅིག་ཏུ་ཡོད་པ་མིན་ཏེ། གཡོ་མི་གཡོ་བསྒྲིབས་མི་བསྒྲིབས་བསྒྱུར་མ་བསྒྱུར་སོགས་འགལ་བའི་ཆོས་དུ་མ་ལྡན་པ་དེའི་ཕྱིར།
གཉིས་པ་ནི། བུམ་གཟུགས་ཆོས་ཅན། རྡུལ་དུ་མ་ཉིད་ཡིན་པར་ཐལ། ཕྱི་དོན་གང་ཞིག་རགས་པ་ཆ་མེད་མ་ཡིན་པའི་ཕྱིར། འདོད་ནའང་ཆོས་ཅན། སྔ་མ་རྡུལ་ཕྲན་རེ་རེ་བ་བཞིན་དུ། དབང་ཤེས་ཀྱིས་རྟོགས་པ་མ་ཡིན་པར་ཐལ། རྡུལ་རེ་རེ་བ་དང་ཁྱད་པར་མེད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ཡིན་པའི་ཕྱིར་ཞེ་ན། བུམ་གཟུགས་རྣམས་ནི་ཆོས་ཅན། རྡུལ་རེ་རེ་བ་དང་ཁྱད་པར་མེད་པར་མ་གྲུབ་པར་ཐལ། དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཁྱད་པར་ཅན་ཡིན་པའི་ཕྱིར། ཆོས་ཅན། རྡུལ་ཕྲན་མིན་པར་ཐལ། དབང་ཤེས་ཀྱིས་ངེས་པ་འདྲེན་ནུས་ཀྱི་ཡུལ་ཡིན་པ་དེའི་ཕྱིར། བཤད་མ་ཐག་པའི་རིགས་པ་འདིས་ནི་ཆོས་ཅན། དགོས་པ་ཡོད་དེ། བུམ་གཟུགས་ལ་སྒྲིབ་བྱེད་ལ་སོགས་པ་མེད་པ་དག་ཀྱང་བསལ་བ་ཡིན་པའི་ཕྱིར། དངུལ་ཆུ་གསེར་སོགས་དང་འདྲེས་པའམ། རྡོ་ཚན་ལ་སོགས་པ་ཆོས་ཅན། དབང་ཤེས་ལ་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་ཆ་མེད་གཅིག་མེད་པའི་ཕྱིར། རྐྱེན་གསུམ་ཚོགས་པ་ཆོས་ཅན། དབང་ཤེས་སྐྱེད་ནུས་སུ་རྟོགས་པ་དག་ནི་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དབང་སོགས་སོ་སོར་ནུས་མེད་རྣམ་པ་དང་ཁྱད་པར་མེད་པའི་ཕྱིར། རྟགས་ཁས་བླངས། གལ་ཏེ་ཚོགས་པ་ལས་ལྡན་པ་སྐྱེ་ལ། ལྡན་པ་ལས་དབང་ཤེས་སྐྱེའོ་ཞེ་ན། ཆོས་ཅན། ལྡན་པ་མི་སྐྱེད་པར་(༡༤བ)ཐལ། ལྡན་པ་སྐྱེད་པ་འདིར་ཡང་ཐལ་བ་མཚུངས་པའི་ཕྱིར། གལ་ཏེ་གསེར་དང་དངུལ་ཆུ་ལ་ནི་ལྡན་པ་ཡོད་པས། དེ་དབང་ཤེས་ལ་སྣང་བ་ཡིན་ནོ་ཞེ་ན། དབང་ཤེས་ཆོས་ཅན། རྡུལ་གྱི་ལྡན་པ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། རྟེན་རྡུལ་མཐོང་བ་མེད་པའི་ཕྱིར། ཇ་དཀར་གྱི་བཏུང་བ་ཆོས་ཅན། རོ་གཟུགས་ལ་སོགས་ལྡན་པར་འགལ་བར་ཐལ། ཡོན་ཏན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་མི་ནུས་ཏེ། བཏུང་བ་གཟུགས་བཟང་པོ། རོ་ཞིམ་པོ་ཞེས་པའི་ཐ་སྙད་དང་འགལ་ལོ། །གལ་ཏེ་རོ་གཟུགས་ཀྱི་སྒྲ་ཉེ་བར་བཏགས་པ་ལས་འཇུག་པར་འདོད་དོ་ཞེ་ན། ཆོས་ཅན། ཁྱོད་དང་འོ་མ་གཉིས་རོ་མཚན་ཉིད་པ་ཡོད་མེད་བློ་ལ་ཐ་དད་པར་སྣང་བར་འགྱུར་བར་ཐལ། ཁྱོད་དང་འོ་མ་གཉིས་རོ་མཚན་ཉིད་པ་ཡོད་མེད་ཐ་དད་པའི་ཕྱིར། གཞན་ཡང་བྱའི་ཕྲེང་བ་ཆོས་ཅན། ཇི་ལྟར་ཕྲེང་བ་རིང་པོ་ཞེས་བྱ་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ལས་དོན་གཞན་པའི་ཕྲེང་བ་རིང་པོ་མེད་པའི་ཕྱིར།
གསུམ་པ་ལ་གཉིས། མ་དམིགས་པས་དགག་པ། རྩོད་པ་སྤང་བའོ། །
དང་པོ་ནི། གྲངས་སོགས་དེ་དང་ལྡན་པའི་བུམ་པ་རང་གི་ངོ་བོ་དང༌། བུམ་པ་བརྗོད་པའི་སྒྲ་དག་ཆོས་ཅན། ཁྱོད་ལས་རྫས་ཐ་དད་པར། གྲངས་དང་ལྡན་པ་དང་ལས་ལ་སོགས་པའི་ངོ་བོ་མེད་དེ། དེ་བློ་མ་འཁྲུལ་བ་ལ་མི་སྣང་བའི་ཕྱིར།
གཉིས་པ་ལ་གཉིས། སྒྲ་རྟོག་ཐ་དད་མི་འཇུག་པའི་ཉེས་པ་མེད་པ། དྲུག་སྒྲ་མི་རུང་བའི་ཉེས་པ་མེད་པའོ། །
དང་པོ་ནི། ཆོས་ཅན། བུམ་པའི་གྲངས་སོགས་ལས་རྫས་ཐ་དད་ཡིན་པར་ཐལ། དེ་དང་ཐ་དད་དུ་བློ་ལ་སྣང་བའི་ཕྱིར་ཞེ་ན། བུམ་པ་དང་གྲངས་ལ་སོགས་པ་འཇལ་བའི་སྒྲ་དང་ཤེས་པ་ཆོས་ཅན། སྣང་ཡུལ་དངོས་པོར་མེད་དེ། དངོས་པོ་(༡༥ན)ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་རྟོག་གིས་བཏགས་པའི་དོན་ཅན་ཡིན་པའི་ཕྱིར། དཔེར་ན། ཡོན་ཏན་ལ་སོགས་པའམ། ཞིག་པ་དང་མ་སྐྱེས་པ་དག་ལ་གཅིག་གཉིས་ལ་སོགས་པའི་སྒྲ་འཇུག་པ་བཞིན་ནོ། །གལ་ཏེ་འདས་སོགས་འདིར་ནི་གྲངས་སོགས་བཏགས་མིང་དུ་འདོད་དོ་ཞེ་ན། རྒྱུ་མཚན་གང་གིས་འདས་སོགས་ལ་གྲངས་སོགས་ཀྱི་སྒྲ་དེ་བཏགས་མིང་དུ་འཇུག་པར་འདོད་པ་དེ་ནི། དངོས་པོ་ཐམས་ཅད་ལ་གྲངས་སོགས་དེ་དག་གི་སྒྲ་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་དུ་ཅིས་མི་འདོད་ཅེས་དྲིས་པས། གལ་ཏེ་ཀུན་ལ་ཉེ་བར་བཏགས་པའི་མིང་འཇུག་པ་མིན་ཏེ། ཁྱད་པར་བྱེད་ཆོས་རྫས་ཐ་དད་པ་ཡོད་པ་ལ་གཙོ་བོ་དངོས་མིང་ཡིན་པའི་ཕྱིར་ཞེ་ན། དེ་དངོས་མིང་ཡིན་ནོ་ཞེས་བྱ་བ་འདི་ཉིད་གང་ལས་ངེས་དྲིས་པས། རྫས་ཐ་དད་མེད་པ་ལ་སྒྲ་ཐ་དད་དོན་མེད་དེ། སྒྲ་རྣམ་གྲངས་པར་འགྱུར་བའི་ཕྱིར་ཞེ་ན། བརྗོད་བྱ་རྫས་ཐ་དད་པ་མེད་ན་སྒྲ་རྣམ་གྲངས་པ་ཡིན་མི་དགོས་ཏེ། དོན་གཞན་རྒྱུ་མཚན་ཅན་མིན་ཡང༌། དཀར་པོ་ལ་སོགས་པ་གྲངས་སོགས་དེ་དང་ལྡན་པའི་སྒྲ་ནི་རྣམ་གྲངས་པ་མིན་པའི་ཕྱིར། གལ་ཏེ་དཀར་པོ་དེ་ལ་ཡང་ཡོན་ཏན་དོན་གཞན་ཡོད་དོ་ཞེ་ན། ཡོན་ཏན་དང་རྫས་ནི་ཁྱད་མེད་དུ་འགྱུར་བར་ཐལ་ལོ། །རྫས་ཐ་དད་མེད་ཀྱང་སྒྲ་ཐ་དད་འཇུག་པ་མི་འགལ་ཏེ། དོན་གཞན་ཡོད་པ་མིན་ཡང་ལྡོག་པའི་དབྱེ་བས་སྒྲ་ཐ་དད་འཇུག་པ་ཡིན་པའི་ཕྱིར། དཔེར་ན། ལས་རྫས་མིན་ཞེས་པའི་སྒྲ་བཞིན་ནོ། །
གཉིས་པ་ནི། བུམ་པ་དང་གྲངས་ཆོས་ཅན། རྫས་ཐ་དད་ཡིན་ཏེ། དྲུག་པའི་སྒྲས་ཐ་དད་དུ་བརྗོད་པའི་ཕྱིར་ཞེ་ན། དངོས་པོ་ཆོས་རྗོད་པའི་སྒྲ་རྣམས་ཀྱིས་གྲངས་སོགས་(༡༥བ)དེ་དང་ལྡན་པ་ལས་ཐ་དད་པ་བཞིན་དུ་བསྟན་པ་གང་དེའང་ཆོས་ཅན། དོན་ཡོད་དེ། གྲངས་དེ་བུམ་པའི་ཆོས་གཞན་ལས་ཁྱད་པར་དུ་བྱེད་པའི་ཆེད་ཡིན་པའི་ཕྱིར། ལ་ལར་སོར་མོའི་ལྡན་པ་ཞེས་ལྡན་པ་སོར་མོ་ལས་ཐ་དད་པའི་ཆོས་བཞིན་དུ་བརྗོད་པར་བྱེད་པ་ཆོས་ཅན། དོན་ཡོད་དེ། སོར་མོའི་ལྡན་པ་དེ་ཙམ་ཤེས་པར་འདོད་པ་ལ། ཁྱད་ཆོས་གཞན་ཀུན་འཕངས་པ་མེད་པར་ནི་སོར་མོའི་ལྡན་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། སོར་མོ་ལྡན་པར་འགྱུར་ཞེས་པའི་སྒྲ་ཆོས་ཅན། ཆོས་ཅན་རྗོད་པར་གྲགས་པ་ཡིན་ཏེ། སོར་མོའི་ཁྱད་ཆོས་ཐམས་ཅད་ནི་འཕེན་པའི་སྒོ་ནས་སོར་མོ་ལ་ལྡན་པ་གོ་བྱེད་ཡིན་པའི་ཕྱིར། སྒྲ་དེ་གཉིས་ཀྱིས་དོན་གཅིག་བརྗོད་ཀྱང༌། ཆོས་དང་ཆོས་ཅན་རྗོད་པའི་བརྡ་ཐ་དད་པར་ནི་བྱས་པ་ཆོས་ཅན། དོན་ཡོད་པ་ཡིན་ཏེ། ཁྱད་པར་གཞན་སྤོང་མི་སྤོང་གི་སྒོ་ནས་དོན་དེ་ཤེས་པའི་ཆེད་ཡིན་པའི་ཕྱིར། བུམ་པ་དང་གཟུགས་རྫས་ཐ་དད་པ་མིན་ན་གཞི་མཐུན་དུ་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། བུམ་པ་གཟུགས་སོ་ཞེས་གཞི་གཅིག་པ་ཅན་གྱི་སྒྲ་འཇུག་པ་མ་ཡིན་ཏེ། གཟུགས་སོགས་ཀྱི་ནུས་པའི་ཁྱད་པར་ནི་བརྗོད་བྱར་སྤོང་བའི་སྒོ་ནས། གཟུགས་སོགས་དེའི་མཚུངས་པའི་འབྲས་བུའི་རྒྱུ་མིན་པ་ནི་རྣམ་པར་གཅོད་པའི་ལྟོ་ལྡིར་བ་ལ་བུམ་པའི་སྒྲ་ནི་འཇུག་པར་འགྱུར་བ་དེས་ནའོ། །ཆོས་ཅན། རིགས་རྗོད་ཀྱིས་རིགས་དོན་གཞན་དང༌། ཚོགས་རྗོད་ཀྱིས་ཚོགས་པ་དོན་གཞན་རྗོད་པ་མིན་ཏེ། རིགས་རྗོད་ཀྱིས་རིགས་ཅན་བརྗོད་བྱར་མི་སྤོང༌། ཚོགས་རྗོད་ཀྱིས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་འདི་ནི། རིགས་དང་ནི་ཚོགས་པ་རྗོད་པའི་ཁྱད་པར་ཡིན་པའི་ཕྱིར། བུམ་པ་དང་གཟུགས་རྫས་ཐ་དད་མིན་ན། བུམ་པའི་(༡༦ན)གཟུགས་ཞེས་བརྗོད་པ་དོན་མེད་དུ་འགྱུར་རོ་ཞེ་ན། ཚོགས་སྤྱི་བུམ་པ་དེའི་ཡན་ལག་ཏུ་བྱས་ཏེ་བུམ་པ་ཡི་ནི་གཟུགས་སོ་ཞེས་བརྗོད་པ་ཆོས་ཅན། དོན་ཡོད་དེ། བུམ་པས་མིག་ཤེས་སྐྱེད་པའི་ནུས་པའི་ཁྱད་པར་སྟོན་པར་བྱེད་པའི་ཕྱིར། ཕྱོགས་འདིས་གཞན་ལའང་བརྗོད་པར་བྱའོ། །ཇི་ལྟར་ན། ཙན་དན་གྱི་དྲི་ཞེས་པའི་སྒྲ་ཆོས་ཅན། དོན་ཡོད་དེ། ཙན་དན་གྱི་དྲི་དེ་ཤུག་པའི་དྲི་ལས་ཁྱད་པར་དུ་བྱས་ནས་བསྟན་པའི་ཆེད་ཡིན་པའི་ཕྱིར།
གཉིས་པ་ལུས་དུ་མ་ཉེར་ལེན་ཡིན་པ་དགག་པ་ལ་གཉིས། ཡན་ལག་ཚོགས་པ་རྒྱུར་མི་འཐད། ཡན་ལག་རེ་རེ་བ་རྒྱུར་མི་འཐད་པའོ། །དང་པོ་ནི། ཡན་ལག་དུ་མ་ཡིད་བློའི་རྒྱུ་ཡིན་ན། ཡན་ལག་མ་ལུས་པ་རྒྱུ་ཡིན་ནམ། ཡན་ལག་རེ་རེ་བ་རྒྱུ་ཡིན། དང་པོ་ལྟར་ན། ཡིད་བློ་ཆོས་ཅན། ཡན་ལག་གཅིག་དང་བྲལ་ནའང་སྐྱེ་བ་མ་ཡིན་པར་ཐལ། ཡན་ལག་མ་ལུས་པ་རྒྱུ་ཉིད་དུ་དགོས་པ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། ཐལ་བ་དགོད། སྐྱོན་སྤོང་དགག །མཚུངས་པ་སྤང་བའོ། །
དང་པོ་ནི། གཉིས་པ་ལྟར་ན། ཆོས་ཅན། ཅིག་ཅར་མང་པོ་འབྱུང་བར་འགྱུར་བར་ཐལ། ཡན་ལག་རེ་རེས་སྐྱེད་ནུས་པ་ཉིད་ཡིན་པའི་ཕྱིར།
གཉིས་པ་ནི། དབུགས་དེ་ཡིད་བློ་རེ་རེ་ཁོ་ན་གསལ་བྱེད་ཡིན་པས་སྐྱོན་མེད་དོ་ཞེ་ན། དབུགས་དབྱུང་རྔུབ་དག་ནི་ཆོས་ཅན། ཡིད་བློ་རེ་རེའི་གསལ་བྱེད་དུ་ངེས་བྱེད་མིན་པར་ཐལ། དུ་མ་ཉིད་དུ་མཚུངས་པའི་ཕྱིར། རྟགས་མ་གྲུབ་སྟེ། རྟག་པ་གཅིག་ཉིད་ཡིན་ནོ་ཞེ་ན་ཡང༌། ཆོས་ཅན། ཡིད་བློ་མང་པོ་ཅིག་ཅར་གསལ་བར་འགྱུར་བར་ཐལ། དེའི་རྒྱུ་རྟག་ཏུ་ཉེ་བའི་ཕྱིར། གལ་ཏེ་ཅིག་ཅར་ཡིད་(༡༦བ)བློ་དུ་མའི་རྒྱུ་མིན་ནོ་ཞེ་ན། ཆོས་ཅན། ཡིད་བློ་རིམ་གྱིས་ཀྱང་སྐྱེད་པ་མ་ཡིན་པར་ཐལ། ཅིག་ཅར་མི་སྐྱེད་པ་གང་ཞིག །སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། དབུགས་དེ་ཆོས་ཅན། ཁྱོད་ལས་ཡིད་བློ་རེ་རེ་སྐྱེ་བར་ངེས་པ་མ་ཡིན་པར་ཐལ། ཁྱོད་གཅིག་གི་ཡུན་ལ་ཡང་དོན་དུ་མ་འཛིན་པའི་ཕྱིར། མ་ཁྱབ་སྟེ། དོན་དུ་མ་བློ་གཅིག་གིས་ཤེས་པའི་ཕྱིར་ཞེ་ན། ཡིད་བློ་ཆོས་ཅན། དོན་དུ་མ་དེ་ནི་ཅིག་ཅར་ཉིད་དུ་འཛིན་པར་འགྱུར་ཏེ། དེ་འཛིན་པ་གང་ཞིག །རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པས་འཛིན་ན་ཅིག་ཅར་འཛིན་པ་ལ་འགལ་བ་མེད་པའི་ཕྱིར། ཆོས་ཅན། དོན་དུ་མ་རིམ་གྱིས་ཀྱང་འཛིན་པར་མི་འགྱུར་བར་ཐལ། ཅིག་ཅར་མི་འཛིན་པ་གང་ཞིག །སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་རང་གི་རིགས་འདྲ་སྔ་མ་ལས་བྱུང་བ་མིན་པའི་དུས་ཅན་གྱི་དབུགས་ཀྱི་སྐད་ཅིག་མ་མང་པོ་དག་སྔ་ཕྱི་དེ་འདྲའི་སེམས་ཉིད་ཀྱི་རྒྱུ་ཡིན་པར་ནི་རྟོག་པར་བྱེད་ན། དབུགས་དེ་དག་ཆོས་ཅན། རིམ་ལྡན་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གོ་རིམ་དང་ལྡན་པའི་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། རང་རིགས་སྔ་མ་རྒྱུ་ཉིད་ཡིན་ནོ་ཞེ་ན། མངལ་དུ་དབུགས་ཀྱི་སྐད་ཅིག་མ་དང་པོ་འབྱུང་བར་མི་འགྱུར་ཏེ། དེའི་རྒྱུ་རིགས་འདྲ་སྔ་མ་དེ་འདྲ་བ་ཡོད་པ་མ་ཡིན་པའི་ཕྱིར། རྟགས་ཁས། དབུགས་དབྱུང་རྔུབ་ཆོས་ཅན། རིགས་འདྲ་སྔ་མ་ཡོད་ཀྱང་ཆ་དུ་མ་ཉིད་དུ་ངེས་པར་ཐལ། ཡུལ་ཐ་དད་པར་ཁྱབ་པ་ཅན་ཡིན་པའི་ཕྱིར། འདོད་ན། བློ་དུ་མ་ནི་ཆོས་ཅན། ཅིག་ཅར་སྐྱེ་བར་ཐལ། རྒྱུ་ལུས་དང་རྐྱེན་དབུགས་དུ་མ་ཉེ་བར་ཡོད་པ་དེའི་ཕྱིར། མ་ཁྱབ་སྟེ། གལ་ཏེ་དབུགས་དུ་མའང་དུས་གཅིག་པ་ཅན་གྱི་སེམས་གཅིག་གི་ནི་རྒྱུ་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དབུགས་རྒྱུ་བ་ཞན་པ་ལ་སོགས་པའི་གནས་སྐབས་སུ་(༡༧ན)ཡིད་བློ་མི་འབྱུང་བར་འགྱུར་བར་ཐལ། དེའི་ཚེ་དབུགས་གཅིག་མ་ཚང་བའི་ཕྱིར། ཁྱབ་པ་ཁས་བླངས། ཅི་སྟེ་དབུགས་ཇི་ལྟར་ཡོད་པ་རྒྱུ་ཡིན་པས་སྐྱོན་མེད་དོ་ཞེ་ན། ཡིད་ཀྱི་ཤེས་པ་ཆོས་ཅན། དབུགས་འཕེལ་འགྲིབ་ཀྱིས་ཁྱོད་ལའང་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་པར་འགྱུར་བར་ཐལ། དབུགས་ཀྱི་དངོས་འབྲས་ཡིན་པའི་ཕྱིར། ཁྱབ་སྟེ། གང་ཞིག་རྒྱུ་གང་གི་འཕེལ་འགྲིབ་ཐ་དད་ལས། འཕེལ་འགྲིབ་ཐ་དད་མིན་པ་དེ། རྒྱུ་དེའི་དངོས་འབྲས་མིན་པའི་ཕྱིར། གསུམ་པ་ནི། བློ་དུ་མ་ཅིག་ཅར་སྐྱེ་བའི་ཉེས་པ་ཁྱོད་རང་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། བློ་སྔ་མ་གཅིག་ནི་ཕྱི་མ་གཅིག་གི་རྒྱུ་ཡིན་ཏེ། རྣམ་ཤེས་སྔ་མ་རེ་རེས་ཕྱི་མ་རེ་རེ་སྐྱེད་པའི་ནུས་པ་ངེས་པའི་ཕྱིར་ཏེ། རྣམ་ཤེས་དོན་གཞན་ལ་ཆགས་པ་ཡིས། དོན་གཞན་སྒྲ་འཛིན་པའི་ནུས་མེད་དུ་བྱས་ནས་སྒྲ་མི་འཛིན་པའི་ཕྱིར། གལ་ཏེ་དང་པོ་ལུས་ལས་ཅིག་ཅར་བློ་སྐྱེས་ཤིང༌། ཕྱིས་ནི་བློ་རང་གི་རིགས་འདྲ་ལས་སྐྱེ་བར་ངེས་པས། བློ་དུ་མ་ཅིག་ཅར་མི་སྐྱེའོ་ཞེ་ན། ལུས་ཆོས་ཅན། ཕྱིས་ཁྱོད་ཀྱི་ནུས་པ་ནི་ཅིའི་ཕྱིར་ན་ལྡོག་པ་ཡིན་ཏེ་མ་ཡིན་པར་ཐལ། རྟག་པའི་ཕྱིར།
གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་ཤི་བའི་ཚེ་ལུས་ནི་ལྡོག་པ་ན་སེམས་འབའ་ཞིག་གནས་པར་འགྱུར་ཏེ། སེམས་རྒྱུན་མ་ཆད་པ་གང་ཞིག །ལུས་སེམས་ཀྱི་རྟེན་མིན་པའི་ཕྱིར་ཞེ་ན། གལ་ཏེ་འདོད་ཁམས་ནས་གཟུགས་མེད་དུ་སྐྱེ་འགྱུར་གྱི་སྐྱེས་བུ་འཆི་ཁ་མ་ཆོས་ཅན། ཤི་བའི་འོག་ཏུ་རེ་ཞིག་སེམས་འབའ་ཞིག་གནས་པར་འགྱུར་ཏེ། སེམས་ཀྱི་རྒྱུན་གནས་པའི་རྒྱུ་འཆི་ཁའི་སེམས་དེ་ལུས་ཕྱི་མ་དེའི་རྒྱུ་འཇུག་པ་ཐོབ་པའི་ཕྱིར་དུ་རྐྱེན་གྱི་ཡན་ལག་ཏུ་མི་འགྱུར་བའི་ཕྱིར། འདོད་(༡༧བ)ཁམས་ནས་འདོད་ཁམས་སུ་འཆི་ཁའི་སྐྱེས་བུ་ཆོས་ཅན། ཤི་བའི་འོག་ཏུ་སེམས་འབའ་ཞིག་གནས་པ་མིན་ཏེ། འཆི་ཁའི་སེམས་དེ་ལུས་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། འོ་ན་ལུས་ཕྱི་མའི་ཉེར་ལེན་གང་ཞེ་ན། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ཐ་མ་ལྔ་ཆོས་ཅན། ལུས་གཞན་སྐྱེད་པའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ཏེ། ཕྱི་མའི་ལུས་ཀྱི་ངོ་བོ་ལ་གཙོ་བོར་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཕྱི་མའི་ལུས་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་ཉེར་ལེན་དུ་མ་དམིགས་པ་ཆོས་ཅན། འཆི་ཁའི་ལུས་སེམས་དེའི་ཡན་ལག་གི་དངོས་པོ་དང་རྒྱུ་ཉིད་འགོག་པར་ངེས་བྱེད་མིན་པར་རབ་ཏུ་བཤད་དེ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པ་ཡིན་པའི་ཕྱིར། དབང་སོགས་ཀྱང་ནི་ཆོས་ཅན། འཆི་ཁའི་དབང་པོ་དེ་དབང་པོ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དབང་པོ་སྔ་མ་ལས་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་འགྲུབ་པ་ཉིད་ཡིན་ཏེ། དབང་པོ་སྔ་མའི་རྗེས་སུ་ཕྱི་མ་འགྱུར་བ་མཐོང་བའི་ཕྱིར། དཔེར་ན་ད་ལྟ་དབང་པོ་སྔ་མ་རང་རིགས་ལ་ཕན་པའི་ནུས་པ་དག་ནི་མཐོང་བ་བཞིན་ནོ། །མ་གྲུབ་སྟེ། གལ་ཏེ་ལུས་ལས་དབང་པོ་དེ་སྐྱེའོ་ཞེ་ན། དབང་པོ་ཆོས་ཅན། སྔ་མ་བཞིན་དུ་ཅིག་ཅར་སྐྱེ་བར་འགྱུར་བར་ཐལ། རྒྱུ་ལུས་རྟག་པ་ཉེ་བར་ཡོད་པའི་ཕྱིར། དབང་པོ་དེ་སེམས་ལས་སྐྱེའོ་ཞེ་ན། ཕྱི་མའི་ལུས་གཞན་ཡང་སེམས་འདི་ཉིད་ལས་ནི་སྐྱེ་བར་འགྱུར་བར་ཐལ་ལོ། །གསུམ་པ་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཐ་མ་ཡི་ནི་སེམས་རྣམས་ཀུན་སེམས་ཕྱི་མ་མཚམས་སྦྱོར་བ་མེད་པ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་ལུས་དང་བྲལ་བའི་ཕྱིར་ཞེས་པ་རིགས་པ་མིན་ཏེ། ལུས་སེམས་ཀྱི་ཉེར་(༡༨ན)ལེན་མིན་པ་དེས་ནའོ། །འཆི་སེམས་དེ་འདྲའི་སྒྲུབ་བྱེད་ཆོས་ཅན། ཐ་མལ་པའི་འཆི་སེམས་དེ་སེམས་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་ལྷག་ལྡན་དུ་འདོད་པའི་ཕྱིར།
གཉིས་པ་གོམས་ཀྱང་འཕེལ་བ་མེད་པ་སྤང་བ་ལ། རྩོད་ལན་གཉིས། དང་པོ་ནི། སྙིང་རྗེ་གོམས་པ་ལས་ཁྱད་པར་དུ་འགྱུར་ན་ཡང༌། སྔར་གྱི་རང་བཞིན་ལས་འདས་ནས་མཐའ་མེད་དུ་འཕེལ་བ་མིན་ཏེ། མཆོངས་པ་དང་ཆུའི་དྲོད་བཞིན་དུའོ་ཞེ་ན། གཉིས་པ་ལ་གཉིས། དཔེ་དོན་མི་མཚུངས། རྩོད་པ་སྤང་བའོ། །
དང་པོ་ནི། སྙིང་རྗེ་ཆོས་ཅན། མཐའ་མེད་དུ་མི་འཕེལ་བའི་རང་བཞིན་དེ་འདྲའང་མིན་ཏེ། གལ་ཏེ་གོམས་པར་བྱས་པ་དེ་སླར་ཡང་ནི་འབད་རྩོལ་ལ་ནི་ལྟོས་པར་འགྱུར་རམ། རྟེན་མི་བརྟན་པ་ཉིད་དུ་འགྱུར་ན་ཁྱད་པར་དག་ནི་མི་འཕེལ་ནའང༌། རྟེན་བརྟན་ཞིང༌། གོམས་པས་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་ཡོན་ཏན་ཡིན་པའི་ཕྱིར། མཆོངས་པ་ཆོས་ཅན། ཁྱད་པར་འཕེལ་ཡང་མཐའ་མེད་དུ་འཕེལ་བའི་རང་བཞིན་དེ་འདྲའང་མིན་ཏེ། ཁྱོད་ཀྱི་ཁྱད་པར་སྔ་མ་དེ་ལ་ཕན་འདོགས་པའི་ནུས་པ་རྣམས་ཁྱད་པར་ཕྱི་མ་དག་ལ་ནི་ཕན་པ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང༌། ཆུ་དྲོན་ཆོས་ཅན། ཆོས་འདྲ། རྟག་ཏུ་རྟེན་གནས་པ་མིན་པར་སྐམ་པའི་ཕྱིར། མཆོངས་པ་ཆོས་ཅན། མཐའ་མེད་དུ་འཕེལ་བར་ཐལ། གང་གི་ཚེ་གོམས་པར་བྱས་པར་གྱུར་པ་ཡང༌། རྩོལ་བ་ལ་ལྟོས་པར་མི་འགྱུར་བའི་རྩོལ་བ་གཞན་གོང་ནས་གོང་དུ་ཁྱད་པར་འགྱུར་བའི་ཕྱིར། རྟགས་ཁས་བླངས། གོམས་པ་དེ་དག་ལས་སྐྱེས་པའི་བརྩེ་སོགས་དེ་ཆོས་ཅན། གོམས་པའི་རྩོལ་བ་ཕྱི་(༡༨བ)མ་དང་ཕྱི་མ་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པ་ཡིན་ཏེ། སེམས་ཀྱི་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པའི་ཕྱིར་ཏེ། སེམས་ལ་གོམས་པ་ལས་སྐྱེ་བ་གང་ཞིག །རང་གི་ངང་གིས་འཇུག་པར་འགྱུར་བའི་ཕྱིར། དཔེར་ན། མེ་ལ་སོགས་པས་ཤིང་དག་ལ་རང་གི་ངང་གིས་འཇུག་པ་དང༌། དངུལ་ཆུ་དང་ནི་གསེར་སོགས་ཁ་སྦྱར་དུ་བཞུ་བ་དེ་ཞུ་བ་གཉིས་པ་ལ་མི་ལྟོས་པ་བཞིན། བརྩེ་བ་ལ་སོགས་པའི་བློ་དེ་དག་ཆོས་ཅན། གོམས་པར་གྱུར་ན་ཚད་གང་ན་གནས་ཏེ་མི་གནས་པར་འཕེལ་ཏེ། གང་གི་ཕྱིར་རིགས་མཐུན་སྔ་མའི་ས་བོན་ལས་ནི་འཕེལ་བ་ཅན་གྱི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། གཉིས་པ་ནི། བརྩེ་སོགས་གོམས་པ་ལས་མཐའ་མེད་དུ་འཕེལ་ན། མཆོངས་པའང་མཐའ་མེད་དུ་མཆོངས་པར་འགྱུར་རོ་ཞེ་ན། བརྩེ་སོགས་དེ་ལྟར་མཆོངས་པ་རིགས་འདྲ་སྔ་མ་ཉིད་ལས་ཕྱི་མ་མཐའ་མེད་དུ་མཆོངས་པ་མིན་ཏེ། མཆོངས་པ་ཚད་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དེའི་རྒྱུ་སྟོབས་དང་འབད་རྩོལ་དག་གི་ནུས་པ་ཚད་ངེས་པ་ཉིད་ཀྱི་ཕྱིར། འོ་ན་དང་པོ་ནས་ཕྱིས་བཞིན་དུ་མཆོངས་པར་འགྱུར་རོ་ཞེ་ན། མཆོངས་པ་སྦྱོང་བའི་སྐྱེས་བུ་དེ་ཆོས་ཅན། དང་པོ་ནས་ཕྱིས་བཞིན་དུ་མཆོངས་པ་མིན་ཏེ། བད་ཀན་སོགས་ཀྱིས་ལུས་ཡང་བ་དང་མི་མཐུན་པར་བྱས་པའི་ཕྱིར། ཆོས་ཅན། རྩོལ་བས་རིམ་གྱིས་མི་མཐུན་པ་བསལ་ནའང་མཐའ་མེད་དུ་མཆོངས་པ་མིན་ཏེ། རང་རྒྱུ་ལུས་ཀྱི་སྟོབས་ཚད་ངེས་པ་ཉིད་དུ་གནས་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོད་པར་ཐལ། སྙིང་རྗེ་རིགས་འདྲ་སྔ་མ་ལས་སྐྱེ་ཞིང་ཐོག་མ་མེད་པའི་ཕྱིར་ཞེ་ན། བརྩེ་བ་ཆོས་ཅན། གལ་ཏེ་རང་གི་ས་བོན་གྱི་རྒྱུ་ཅན་གྱི་མི་མཐུན་(༡༩ན)ཕྱོགས་ཀྱིས་གནོད་པ་མེད་ན། སེམས་ལ་རང་གི་ངང་གིས་འཇུག་པ་དེའི་བདག་ཉིད་དུ་འགྱུར་ཏེ། རང་གི་ས་བོན་ལས་བྱུང་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཆོས་ཅན། གོམས་པ་ལས་བརྩེ་བའི་བདག་ཉིད་དུ་འགྱུར་ཏེ། འདི་ལྟར་གོམས་པ་སྔ་མ་དང་སྔ་མའི་སེམས་ཀྱི་ཆོས་བརྩེ་བ་དང༌། ཆགས་བྲལ་གྱི་བློ་སོགས་རིགས་འདྲ་གཞན་དག་གིས་ནི་གསལ་བ་ཡི་ནི་རྩ་བ་ཡིན་པའི་ཕྱིར། དཔེར་ན། དགྲ་བཅོམ་ལ་ཆགས་བྲལ་གྱི་བློ་དང༌། ཆགས་ཅན་ལ་འདོད་ཆགས་དང༌། རྣལ་འབྱོར་པ་ལ་ཡིད་ལོག་རང་གི་ངང་གིས་འབྱུང་བ་བཞིན་ནོ། །
སྦྱོར་བ་ཕུན་ཚོགས་བཤད་པ།
གཉིས་པ་སྦྱོར་བ་ཕུན་ཚོགས་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། བརྩེ་ལྡན་སྦྱོར་ལམ་པ་ཆོས་ཅན། སྡུག་བསྔལ་ཞི་བའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བ་གོམས་པར་མཛད་དེ། གཞན་གྱི་སྡུག་བསྔལ་གཞོམ་པར་འདོད་པའི་སོ་སྐྱེ་ཡིན་པའི་ཕྱིར། ཁྱབ་སྟེ། ཐབས་བྱུང་དང་དེའི་རྒྱུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ན། དེ་གཞན་ལ་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར།
གཉིས་པ་ནི། འོ་ན་བདེན་བཞི་ལ་རྟོག་པའི་ཐབས་གང་ཞེ་ན། ཆོས་ཅན། བདེན་བཞི་ལ་རྟོག་པའི་ཐབས་ཡོད་དེ། བདེན་བཞི་ལ་ལུང་དང་རིགས་པས་རྣམ་པར་དཔྱོད་པའི་ཕྱིར། ཆོས་ཅན། སྡུག་བསྔལ་ཉིད་ཀྱི་ཁྱད་པར་རེས་འགའ་སྐྱེ་བའི་རྟགས་ཀྱིས། སྡུག་བསྔལ་གྱི་རྒྱུ་དང་རྒྱུ་དེ་མི་རྟག་པ་ལ་སོགས་པའི་རང་བཞིན་ལ་རྟོག་པར་མཛད་དེ། གང་གི་ཕྱིར་དེ་ལྟར་རྒྱུ་རྟག་པར་གནས་ན། འབྲས་བུ་ལོག་པ་གཟིགས་པ་མེད་པའི་ཕྱིར་རོ། །ཆོསཅན། ཀུན་འབྱུང་དེའི་མི་མཐུན་ཕྱོགས་ལ་རྟག་པ་མཛད་དེ། སྡུག་བསྔལ་དེའི་རྒྱུ་གཞོམ་པར་འདོད་པའི་ཕྱིར། ཆོས་ཅན། ཀུན་འབྱུང་དེའི་མི་མཐུན་(༡༩བ)ཕྱོགས་ཀྱང་ངེས་པར་འགྱུར་ཏེ། ཀུན་འབྱུང་གི་རྒྱུའི་ངོ་བོ་རྟོགས་པའི་ཕྱིར། འོ་ན་སྡུག་བསྔལ་གྱི་རྒྱུ་དང་དེའི་གནོད་བྱེད་གང་ཞེ་ན། བདག་དང་བདག་གིར་འཛིན་པས་བྱས་པའི་འདུས་བྱས་ཀྱི་སྤྱོད་ཡུལ་ཅན་གྱི་འདོད་ཆགས་ནི་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དེའི་རྩ་བ་ཡིན་པའི་ཕྱིར། བདག་མེད་མཐོང་བའི་ཤེས་རབ་ཆོས་ཅན། བདག་འཛིན་དེའི་གནོད་བྱེད་ནི་ཡིན་ཏེ། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་སུན་འབྱིན་པར་བྱེད་པའི་ཕྱིར། འོ་ན་གོམས་པ་ལས་མངོན་སུམ་དུ་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཐུབ་ཆེན་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་བག་ཆགས་སྤངས་པ་ཡིན་ཏེ། བླང་དོར་ལ་ཐུགས་ཀྱང་གསལ་བ་མཐར་ཕྱིན་པའི་ཕྱིར། ཁྱེད་ལ་སྐྱོན་དང་ཡོན་ཏན་དག་ཀྱང་རབ་ཏུ་གསལ་བ་ཉིད་དུ་འགྱུར་ཏེ། རྣམ་པ་དུ་མར་ཐབས་མང་པོ་ཡུན་རིང་པོ་གྲངས་མེད་གསུམ་གྱི་དུས་སུ་གོམས་པ་ལས་དེ་ལྟར་འགྱུར་བའི་ཕྱིར། ཆོས་ཅན། བསེ་རུ་ལྟ་བུ་ལ་སོགས་པ་ལས་ཁྱད་ཞུགས་པ་འདི་ཡིན་ཏེ། གཞན་དོན་ལ་འཇུག་པ་མཐར་ཕྱིན་པ་ཅན་ཡིན་པའི་ཕྱིར།
གསུམ་པ་ནི། ཐབས་བདག་མེད་རྟོགས་པའི་ཤེས་རབ་གོམས་པར་བྱེད་པ་དེ་ཉིད་ཆོས་ཅན། སྐབས་འདིར་སྟོན་པ་ཡིན་པར་འདོད་དེ། སྟོན་པ་མཐར་ཐུག་དེའི་རྒྱུའི་དོན་ཡིན་པའི་ཕྱིར། བསམ་སྦྱོར་གཉིས་པོ་འདི་ནི་ཆོས་ཅན། འབྲས་བུ་ཕུན་ཚོགས་ཀྱི་རྒྱུ་རུ་བཤད་དེ། དོན་གཉིས་གྲུབ་པ་ལས་དང་པོར་འབྱུང་བའི་ཕྱིར།
འབྲས་བུ་ཕུན་ཚོགས་བཤད་པ།
གཉིས་པ་འབྲས་བུ་ཕུན་ཚོགས་ལ་གཉིས། བདེ་གཤེགས། སྐྱོབ་པའོ། །དང་པོ་ལ་གཉིས། དངོས་དང༌། རྩོད་སྤང་ངོ༌། དང་པོ་ནི། བཅོམ་ལྡན་འདས་ཆོས་ཅན། ཡོན་ཏན་གསུམ་ལྡན་གྱི་བདེ་གཤེགས་ཉིད་བརྙེས་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་(༢༠ན)མ་ལུས་པར་སྤངས་པའི་ཕྱིར། ཡོན་ཏན་གསུམ་གང་ཞེ་ན། ལེགས་པར་སྤངས་པ་ཡིན་ཏེ། སྡུག་བསྔལ་གྱི་རྟེན་མིན་པའི་སྤངས་པ་བརྙེས་པའི་ཕྱིར། ཆོས་ཅན། རྒྱུ་ལེགས་པ་སྔོན་དུ་སོང་སྟེ། བདག་མེད་པ་མངོན་སུམ་དུ་མཐོང་བའམ། མཐོང་ཟིན་གོམས་པའི་སྦྱོར་བ་ལས་ཐོབ་པ་ཡིན་པའི་ཕྱིར། ཆོས་ཅན། འཁོར་བར་སླར་མི་གཤེགས་པ་ཉིད་ཡིན་ཏེ། བདག་ལྟའི་ས་བོན་སྤངས་པ་ཡིན་པའི་ཕྱིར། ཁྱབ་སྟེ། འཁོར་བར་སྐྱེ་བ་དང་སྐྱོན་ནི་ཀུན་དུ་འབྱུང་བ་དག་སླར་ཡང་ལྡོག་ཅེས་བཤད་པ་ཡིན་པའི་ཕྱིར། བདག་འཛིན་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཇི་ལྟར་གནོད་ཅེ་ན། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། བདག་འཛིན་ལ་གནོད་བྱེད་ཡིན་ཏེ། དེ་དང་འཛིན་སྟངས་ཐ་དད་པའི་བདག་ཉིད་ཀྱིས་འགལ་བ་གང་ཞིག །བདེན་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར། ཉན་ཐོས་དགྲ་བཅོམ་ཆོས་ཅན། ལུས་ངག་སེམས་ཀྱི་གནས་ངན་ལེན་ལུས་པ་ཡིན་ཏེ། ཉོན་མོངས་མེད་པ་དང་ནད་མེད་ཀྱང༌། ལམ་ལ་བཤད་པ་མཛད་ན་ཐུགས་མི་གསལ་བ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཆོས་ཅན། སྐྱོན་མ་ལུས་པར་སྤངས་པ་ཉིད་ཡིན་ཏེ། གཉེན་པོ་གོམས་པ་མཐར་ཕྱིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། སྐྱོན་ཟད་པ་མིན་ཏེ། ངག་སྨྲ་བ་ལ་སོགས་པ་ཡིན་པའི་ཕྱིར་ཞེས་རྒྱང་འཕེན་ཁ་ཅིག་ཟེར་རོ། །ངག་སྨྲ་བ་འདི་ཆོས་ཅན། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་ཏེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་ཕྱིར། གཞན་ཡང་སྐྱོན་རྣམས་རྟག་པ་ཉིད་ཡིན་པའི་ཕྱིར་རམ། མི་རྟག་ཀྱང་སྤོང་བའི་ཐབས་མེད་པའི་ཕྱིར་རམ། ཡང་ན་ཐབས་ནི་མི་ཤེས་པའི་ཕྱིར་རམ། སྐྱོན་རྣམས་མི་ཟད་པ་ཉིད་ཅེས་(༢༠ན)བྱ་བར་ཡོངས་སུ་རྟོག་གྲང་ན། དེ་ཐམས་ཅད་མི་རིགས་ཏེ། སྐྱོན་གྱི་རྒྱུ་ཡོད་པའི་ཕྱིར་དང༌། རྒྱུའི་ནི་གཉེན་པོ་གོམས་པས་ཟད་སྲིད་པའི་ཕྱིར་དང༌། སྐྱོན་གྱི་རྒྱུའི་རང་བཞིན་ཤེས་པ་ཡིས་ཐབས་དེ་ཤེས་པའང་གྲུབ་པ་ཡིན་པའི་ཕྱིར།
གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། ཉིད་ཀྱིས་གཟིགས་པའི་ལམ་གསུང་བ་མཐར་ཕྱིན་པའི་ཕྱིར། ཆོས་ཅན། རྫུན་མི་གསུང་སྟེ། རྫུན་གསུངས་པ་ལ་འདོད་བྱའི་འབྲས་བུ་མེད་པར་མངོན་སུམ་དུ་གཟིགས་པའི་ཕྱིར། ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། ཐུགས་བརྩེ་བ་དང་ལྡན་པའི་ཕྱིར་དང༌། ལམ་གྱི་རྩོམ་པ་ཀུན་ཀྱང་གཞན་གྱི་དོན་དུ་སྦྱོར་བའི་ཕྱིར་རོ། །
ལུགས་ལྡོག་གི་སྒོ་ནས་ཚད་མར་སྒྲུབ་ཚུལ་བཤད་པ།
གཉིས་པ་ལུགས་བཟློག་གི་སྒོ་ནས་ཚད་མར་སྒྲུབ་པ་ལ་གཉིས། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས། འབྲས་བུ་ཕུན་ཚོགས་དང་རྒྱུ་ཕུན་ཚོགས་སོ། །དང་པོ་ལ་གཉིས། སྐྱོབ་པ་དང༌། བདེ་གཤེགས་སོ། །དང་པོ་ལ་གཉིས། བདེན་བཞི་སྟོན་པས་སྐྱོབ་པར་བསྟན། བསྟན་བྱའི་བདེན་བཞི་གཏན་ལ་དབབ་པའོ། །དང་པོ་ནི། ལུགས་མཐུན་གྱི་སྒོ་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པ་ལས་ཡང་ན། བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། བདེན་པ་བཞི་ནི་སྟོན་པར་མཛད་པ་མཐར་ཕྱིན་པའི་ཕྱིར།
བདེན་བཞི་བཤད་པ།
གཉིས་པ་ནི། བདེན་བཞི་སྟོན་པ་སྐྱོབ་པ་ཡིན་ན། བདེན་པ་བཞི་པོ་གང་ཞེ་ན། འདི་ལ་བཞི། སྡུག་བསྔལ། ཀུན་འབྱུང༌། འགོག་བདེན། ལམ་བདེན་ནོ། ། དང་པོ་ལ་བཞི། སྡུག་བསྔལ་ངོས་གཟུང༌། དེ་ཐོག་མེད་དུ་བསྒྲུབ། ཐོག་མ་ཡོད་པ་དགག །བདེན་པའི་རྣམ་པ་བཤད་པའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ཐོག་མ་མེད་པ་ནས་འཁོར་བ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་(༢༡ན)གཉིས། རྟགས་དགོད། ཚུལ་བསྒྲུབ་པའོ། །དང་པོ་ནི། རྒྱང་འཕེན་ན་རེ། རྟགས་མ་གྲུབ་སྟེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཞེ་ན། སྐྱེས་མ་ཐག་པའི་འདོད་ཆགས་སོགས་ཆོས་ཅན། རིགས་འདྲ་སྔ་མ་སྔོན་དུ་སོང་སྟེ། གོམས་པ་ལས་གསལ་བར་མཐོང་བའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་མེད་དུ་སྐྱེ་བ་དགག་པ། མི་མཐུན་པའི་རྒྱུ་ལས་སྐྱེ་བ་དགག་པའོ། །དང་པོ་ནི། ཆོས་ཅན། རྒྱུ་མེད་པར་འདོད་རྒྱལ་དུ་བྱུང་བ་ཉིད་མིན་ཏེ། རེས་དགའ་སྐྱེ་བའི་ཕྱིར། ཁྱབ་སྟེ། རྒྱུ་མེད་ན་སྐྱེ་བ་འགལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས། ནད་གསུམ་རྒྱུ་ཡིན་པ་དགག །འབྱུང་བཞི་རྒྱུ་ཡིན་པ་དགག་པའོ། །དང་པོ་ལ་གཉིས། བསྟན། བཤད་དོ། །དང་པོ་ནི། དུག་གསུམ་རིགས་འདྲ་སྔ་མ་ལས་སྐྱེ་བ་མིན་གྱི། ནད་གསུམ་ལས་རིམ་བཞིན་སྐྱེའོ་ཞེ་ན། ཆོས་ཅན། རླུང་སོགས་ཀྱི་དངོས་འབྲས་ཀྱི་ཆོས་མ་ཡིན་ཏེ། རླུང་སོགས་ལ་འཁྲུལ་བའི་ཕྱིར་ཏེ། བད་ཀན་ཅན་ཞེ་སྡང་ཤས་ཆེ་བ་མཐོང་བའི་ཕྱིར། གལ་ཏེ་བད་ཀན་ལ་མཁྲིས་པའི་རང་བཞིན་འདྲེས་པའི་ཕྱིར། འཁྲུལ་བའི་སྐྱོན་མེད་དོ་ཞེ་ན། བད་ཀན་ལས་མཁྲིས་པ་དེའི་ཆོས་ཞེ་སྡང་དེ་ལས་གཞན་ཤ་སེར་བ་ལ་ཡང་ཅིས་མ་མཐོང་སྟེ་མཐོང་བར་ཐལ། དེ་ལ་དངོས་རྒྱུ་མཁྲིས་པ་ཚང་བའི་ཕྱིར། ཆོས་ཅན། ནད་ཀུན་གྱི་དངོས་འབྲས་ཀྱི་ཆོས་མ་ཡིན་པར་ཐལ། དེ་ཡིན་ན་ནད་གསུམ་ཆ་མཉམ་པའི་སྐྱེས་བུ་ཐམས་ཅད་འདོད་ཆགས་ཆེ་ཆུང་མཚུངས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྒྱུ་འབྱུང་བ་མཚུངས་ཀྱང་གཟུགས་སོགས་ཆེ་ཆུང་མི་མཚུངས་པ་བཞིན་ཡིན་པས་སྐྱོན་མེད་དོ་ཞེ་ན། གཟུགས་དེར་ཡང་ཆེ་ཆུང་མེད་པའི་རྩོད་པ་མཚུངས་པ་ཡིན་པར་ཐལ། གལ་ཏེ་གཟུགས་དེ་ལ་ཁྱད་པར་ཅན་གྱི་ལས་རྣམས་བདག་པོའི་རྐྱེན་མ་(༢༡བ)ཡིན་པར་རྒྱུ་འབྱུང་བ་མཚུངས་པའི་ཕྱིར། གཉིས་པ་ནི། ཆོས་ཅན། ནད་ཀུན་ལས་དངོས་སུ་སྐྱེས་པའང་མིན་ཏེ། སྐྱོན་རྣམས་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་ན་ཡང༌། ཁྱོད་འཕེལ་འགྲིབ་ཁྱད་པར་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། མཁྲིས་པས་ལུས་གདུངས་པ་ལས་ཞེ་སྡང་སྐྱེ་བའི་ཕྱིར་ཞེ་ན། དེ་ཙམ་གྱིས་རྟགས་མ་གྲུབ་པ་ཉིད་མ་ཡིན་ཏེ། ནད་ཐམས་ཅད་འགྱུར་བ་ཡིས་ཞེ་སྡང་སྐྱེ་བར་འགྱུར་བའི་ཕྱིར། རྩ་བར་ཁྱབ་སྟེ། རྒྱུ་ནི་འཕེལ་བར་གྱུར་པ་ན་འབྲས་བུ་འགྲིབ་པར་མི་རུང་བའི་ཕྱིར། དཔེར་ན། མཁྲིས་པ་འཕེལ་བ་ལས་ཚ་བ་སོགས་འཕེལ་བ་བཞིན་ནོ། །ཆགས་སོགས་ཀྱི་འགྱུར་བ་ཆོས་ཅན། ནད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། བདེ་སྡུག་ལས་སྐྱེས་པ་ཡིན་པའི་ཕྱིར། གལ་ཏེ་ནད་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་འདོད་ཆགས་མི་སྐྱེད་ན། ཅིས་སྐྱེད་སྨོས་ཤིག་བྱས་པས། ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ་ལ། དེ་ལས་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། ནད་གསུམ་ཆ་མི་མཉམ་པ་ལའང་ཆགས་ཅན་མཐོང་བའི་ཕྱིར་དང༌། རྣལ་འབྱོར་པ་གཞན་ནི་ནད་གསུམ་ཆ་མཉམ་ནའང་ཆགས་ཅན་མིན་པའི་ཕྱིར་དང༌། སྐྱེས་བུ་གཞན་ནི་ཁུ་བ་ཟད་ནས་ཁྲག་འཛག་ཀྱང་འདོད་ཆགས་སྐྱེ་བ་མཐོང་བའི་ཕྱིར། བུད་མེད་གཅིག་ལ་ཆགས་པའི་སྐྱེས་བུ་དེ་ཆོས་ཅན། བུད་མེད་གཅིག་པོ་དེ་ལ་ཆགས་པ་དྲག་པོ་ཅན་དུ་མི་འགྱུར་བར་ཐལ། བུད་མེད་གཅིག་པོ་དེ་ལ་ཁུ་བ་འཕེལ་བའི་ངེས་པ་མེད་པའི་ཕྱིར། གལ་ཏེ་གཟུགས་མཛེས་སོགས་ཀྱང་འདོད་ཆགས་ཀྱི་ཡན་ལག་ཏུ་དགོས་སོ་ཞེ་ན། བུད་མེད་ཀྱི་གཟུགས་མཛེས་ཆོས་ཅན། འདོད་ཆགས་ཀྱི་དངོས་རྒྱུར་དགོས་པ་མ་ཡིན་པར་ཐལ། ཁྱོད་དང་ལྡན་པ་ཀུན་ལ་འདོད་ཆགས་སྐྱེ་བར་མ་ངེས་(༢༢ན)པའི་ཕྱིར་དང༌། ཁྱོད་ཡོད་པའི་ངེས་པ་མེད་པར་འདོད་ཆགས་འབྱུང་བའང་མིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང༌། ཁྱོད་ལ་ཡོན་ཏན་དུ་མི་འཛིན་པ་ལའང་འདོད་ཆགས་སྐྱེ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པ་དེ་ཡང་འདོད་ཆགས་ཀྱི་ཡན་ལག་ཡིན་ནོ་ཞེ་ན། བུད་མེད་ཀྱི་གཟུགས་མཛེས་ཉེ་བར་ཡོད་པའི་སྐྱེས་བུ་ཐམས་ཅད་ཆོས་ཅན། ཁྱོད་ཀྱིས་གཟུགས་མཛེས་པ་ལ་ཡོན་ཏན་དུ་འཛིན་པ་ཅན་དུ་འགྱུར་ཏེ། དེའི་རྒྱུ་ཡོད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གནས་སྐབས་གང་ལ་བད་ཀན་ཤས་ཆེ་བའི་སྐྱེས་བུ་དེ་འདྲ་ཆོས་ཅན། ཞེ་སྡང་ཅན་དུ་མི་འགྱུར་བར་ཐལ། འདོད་ཆགས་དྲག་པོ་ཅན་དུ་འདོད་པའི་ཕྱིར། ཁྱབ་སྟེ། ཆགས་སྡང་དེ་གཉིས་འཛིན་སྟངས་ངོ་བོ་མི་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། བད་ཀན་ཅན་འདི་ལ་ཞེ་སྡང་མི་སྐྱེ་བ་ངེས་པར་མཐོང་བའང་མེད་པའི་ཕྱིར། བད་ཀན་ཅན་ལ་ཞེ་སྡང་མི་སྐྱེ་བའི་ཉེས་པ་ཁྱེད་རང་ལའང་མཚུངས་སོ་ཞེ་ན། སངས་རྒྱས་པ་གང་གི་ལུགས་དེ་ལ་ཆོས་ཅན། བད་ཀན་ཅན་ལ་ཞེ་སྡང་མི་སྐྱེ་བའི་སྐྱོན་འདིར་ཐལ་བ་མེད་དེ། འདོད་ཆགས་ལ་སོགས་པ་རིགས་མཐུན་པའི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པས་ནི་འཇུག་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཆགས་སོགས་ནད་གསུམ་གྱི་དངོས་འབྲས་མིན་ཡང༌། འབྱུང་བའི་དངོས་འབྲས་ཡིན་ནོ་ཞེ་ན། ཆགས་སོགས་ནད་གསུམ་གྱི་དངོས་འབྲས་ཡིན་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། དོན་ཡོད་དེ། ཆགས་སོགས་འབྱུང་བའི་དངོས་འབྲས་ཀྱི་ཆོས་ཉིད་ཡིན་པའང་བཀག་པའི་ཕྱིར། གལ་ཏེ་འབྱུང་བ་དེ་ཆགས་སོགས་གྲུབ་ཟིན་གནས་པའི་རྟེན་ཡིན་ནོ་ཞེ་ན། འབྱུང་བ་ཆོས་ཅན།(༢༢བ) ཆགས་སོགས་གྲུབ་ཟིན་གནས་པའི་རྟེན་ཡང་མིན་པར་ཐལ། དེ་ཡང་བཀག་ཟིན་པ་ཉིད་ཀྱི་ཕྱིར་རོ། །རྟེན་དོན་གཞན་ཐམས་ཅད་འགོག་ན། འབྱུང་བ་འབྱུང་གྱུར་གྱི་རྟེན་དུ་བཤད་པ་དང་འགལ་ལོ་ཞེ་ན། དཀར་པོ་ལ་སོགས་ཆོས་ཅན། ས་སོགས་འབྱུང་བ་ལ་དུས་མཉམ་བརྟེན་པ་ཉིད་ནི་མ་ཡིན་པར་ཐལ། འབྱུང་བ་དང་རྒྱུ་འབྲས་ཡིན་པའི་ཕྱིར། ཆོས་ཅན། འབྱུང་བ་དེ་དུས་མཉམ་པའི་རྟེན་དོན་གཞན་དུ་འཐད་པ་མིན་པར་ཐལ། ཁྱོད་འབྱུང་བ་དེ་ལ་བརྟེན་པའི་སྒྲའི་དོན་ཡང་འབྱུང་བ་རྒྱུའི་དོན་ནམ། ཡང་ན་རང་གི་རྟེན་དག་དང་དབྱེར་མེད་པར་ནི་གནས་པའི་རྒྱུ་མཚན་གྱིས་རྟེན་དུ་བཤད་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། གལ་ཏེ་ཆང་དང་མྱོས་པའི་ནུས་པ་བཞིན་དུ། འབྱུང་སེམས་རྟེན་དང་བརྟེན་པ་ཡིན་ཡང་དབྱེར་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། མྱོས་པའི་ནུས་པ་འཇིག་ན། ཆང་གི་དངོས་པོ་འཇིག་པར་འགྱུར་ཞིང༌། རྟེན་ཆང་ཚང་བར་གནས་ན་བརྟན་པ་མྱོང་པའི་ནུས་པ་འཇིག་པ་མ་ཡིན་པར་ཐལ། ཆང་གི་དངོས་པོ་ལས་མྱོས་པའི་ནུས་པ་དོན་གཞན་ཉིད་མ་ཡིན་པའི་ཕྱིར། གལ་ཏེ་འབྱུང་སེམས་རྫས་གཅིག་པ་དེ་མཚུངས་སོ་ཞེ་ན། འབྱུང་སེམས་ཆོས་ཅན། རྫས་གཅིག་མིན་ཏེ། རྫས་ཐ་དད་པ་ཉིད་ཡིན་པའི་ཕྱིར་ཏེ། བློ་མ་འཁྲུལ་བས་སྣང་བ་ཐ་དད་པ་ཅན་དུ་རྟོགས་པས་སོ། །ཡིད་ཆོས་ཅན། ཇི་སྲིད་ལུས་ཀྱི་འབྱུང་བ་ནི་འགྱུར་གྱི་བར་དུ་གཟུགས་སོགས་མི་འགྱུར་བ་བཞིན་དུ། ཁྱོད་ཀྱི་ངོ་བོ་མཚུངས་པར་འགྱུར་བར་ཐལ། འབྱུང་བ་དེ་ཁྱོད་མི་འཇིག་པར་གནས་པའི་རྟེན་ཡིན་པའི་ཕྱིར། གཟུང་དོན་གྱི་དབང་གིས་གཞན་དུ་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་ནི་ཆོས་ཅན། གཟུང་དོན་གྱི་གཞན་དབང་ཅན་ཉིད་གང་ལས་ཡིན་ཏེ་མ་(༢༣ན)ཡིན་པར་ཐལ། སྒྲོ་བཏགས་པའི་ཡུལ་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཤེས་པ་སྔ་མ་འགའ་ཞིག་ལས་ཕྱི་མ་འགའ་ཞིག་སྐྱེ་བ་ཡིན་ཏེ། གང་གི་ཚེ་ལུས་ལ་ལྟོས་པ་མེད་པར། ཤེས་པ་སྔ་མ་འགའ་ཞིག་ཕྱི་མ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བ་དེས་ནའོ། །
གསུམ་པ་ཐོག་མ་ཡོད་པ་དགག་པ་ལ་གཉིས། རྟགས་ཀྱིས་དགག །ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། འཁོར་བ་ཐོག་མེད་དུ་གྲུབ་སྟེ། རྣམ་ཤེས་ཀྱི་ཉེར་ལེན་ཡོད། རྣམ་ཤེས་མ་ཡིན་པ་རྣམ་ཤེས་ཀྱི་ཉེར་ལེན་མིན་པའི་ཕྱིར། གལ་ཏེ་དངོས་པོ་ཐམས་ཅད་ནི་རྣམ་ཤེས་སྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་མིན་པར་ཁོ་བོ་ཅག་ཀྱང་འདོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། རྒྱུ་རྩྭ་སོགས་ཀྱི་རྩེ་ན་འབྲས་བུ་གླང་ཆེན་བརྒྱ་སྔོན་གྱི་ཚེ་མ་མཐོང་བའི་ཚུལ་གྱིས་ཡོད་དོ་ཞེས་དེ་སྐད་གྲངས་ཅན་ཕྱུགས་ལྟ་བུ་ལས་གཞན་ངོ་ཚར་བཅས་པ་སུ་ཡང་བརྗོད་པར་རྩོལ་བ་མི་རིགས་པར་ཐལ། འབྲས་བུ་དེ་ནི་རྒྱུའི་ངོ་བོར་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། རྒྱུ་ནི་ལན་བརྒྱར་རྣམ་པར་ཕྱེ་ཡང་འབྲས་བུའི་ངོ་བོ་གང་ཞིག་སྣང་བར་འགྱུར་བའི་ངོ་བོ་དེ་ནི། སྔར་རྒྱུའི་དུས་ན་མི་སྣང་བའི་ཕྱིར།
གཉིས་པ་ལ་གཉིས། ཐལ་བ་དགོད། སྐྱོན་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་འཁོར་བ་ལ་ཐོག་མ་ཡོད་ན། ཆགས་སོགས་ཆོས་ཅན། སེམས་ཅན་ཀུན་ལ་སྐྱེ་བའི་ངེས་མེད་དུ་འགྱུར་བར་ཐལ། རིགས་འདྲ་སྔ་ན་མེད་པར་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ཆགས་སོགས་ཡོད་པའི་སྒྲུབ་བྱེད་དགག །ཁྱབ་པ་མ་ངེས་པ་དགག །མཇུག་(༢༣བ)བསྡུ་བའོ། །དང་པོ་ནི། གལ་ཏེ་སེམས་ཅན་ཀུན་ཆགས་སོགས་དང་ལྡན་ཏེ། འབྱུང་བའི་བདག་ཉིད་ལས་མ་འདས་པའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཆོས་ཅན། འདོད་ཆགས་ཆེ་ཆུང་མཚུངས་པར་འགྱུར་བར་ཐལ། རྒྱུ་འབྱུང་བ་མཚུངས་པའི་ཕྱིར། གལ་ཏེ་འབྱུང་བའི་ཁྱད་པར་ལས་འདོད་ཆགས་ཆེ་ཆུང་དུ་འགྱུར་རོ་ཞེ་ན། ཆགས་སོགས་དེ་ཆོས་ཅན། སྔར་ཡོད་པ་ལས་ཕྱིས་མེད་པར་འགྱུར་བར་ཐལ། འབྱུང་བ་རྣམས་ལ་ཆེས་སྲོག་ཆགས་སོགས་ཀྱི་ཁྱད་པར་མེད་ཀྱང༌། ཁྱོད་འཕེལ་འགྲིབ་ཀྱི་ཁྱད་པར་འདིའི་རྟེན་འབྱུང་བ་གང་ཡིན་པ་དེ་ནི། ཕུལ་དུ་བྱུང་བ་དང་འགྲིབ་པའི་ཁྱད་པར་བཞིན་དུ་འགྱུར་བའི་ཕྱིར། གལ་ཏེ་ཆགས་སོགས་འཕེལ་འགྲིབ་ཐ་དད་ཀྱང༌། གཏན་ཟད་པ་སྲིད་པ་མིན་ཏེ། རྒྱུ་འབྱུང་བ་མཚུངས་པའི་བདག་ཉིད་མི་ལྡོག་པའི་ཕྱིར་ཞེ་ན། སེམས་ཅན་ཀུན་ལ་ཆོས་ཅན། འདོད་ཆགས་འདྲ་བར་འགྱུར་བར་ཐལ། རྒྱུ་འབྱུང་བའི་བདག་ཉིད་འདྲ་བའི་ཕྱིར། དཔེར་ན། གྲངས་ཅན་གྱི་ལུགས་ལ་བ་ལང་དུ་མཚུངས་པའི་བདག་ཉིད་ལས་བྱུང་བའི་བ་ལང་གི་ཤེས་པའི་ཡུལ་ལ་ཆེས་བ་ལང་སོགས་ཀྱི་ཁྱད་པར་མེད་པའམ། རྒྱང་འཕེན་གྱི་ལུགས་འདིར་ཡང་ས་སོགས་ལ་ཆེས་སྲོག་ཆགས་ཉིད་སོགས་ཀྱི་ཁྱད་པར་གྱི་རིམ་པ་ལ་ལར་ཡོད་པ་མིན་པ་བཞིན་ནོ། །གལ་ཏེ་མེ་ལ་དྲོ་རིམ་གྱི་ཁྱད་པར་ཡོད་ན་ཡང༌། དྲོ་བ་མེད་པའི་མེ་འགའ་ཡོད་པ་མིན་པ་དེ་བཞིན་དུ། སེམས་ཅན་འདིར་ཡང་ཆགས་སོགས་ཆེ་ཆུང་ཁྱད་པར་ཡོད་ཀྱང་ཆགས་སོགས་མེད་པའི་སེམས་ཅན་མེད་དོ་ཞེ་ན། དཔེ་དོན་མཚུངས་པ་མིན་ཏེ། དྲོ་བ་ལས་མེ་གཞན་བཀག་པའི་ཕྱིར་རོ། །ཆགས་སོགས་དེ་དག་ཆོས་ཅན། ལུས་དེའི་(༢༤ན)ཁྱད་པར་ནི་ལ་ལར་འཆད་པར་འགྱུར་ཏེ། ལུས་ལས་དོན་གཞན་དུ་ཡོད་པའི་ཡོན་ཏན་གང་ཞིག །འཕེལ་འགྲིབ་ཀྱི་ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཕྱིར། དཔེར་ན། སྣམ་བུ་ལ་དཀར་སོགས་བཞིན་ནོ། །གཉིས་པ་ནི། གལ་ཏེ་འབྱུང་བ་ལ་གཟུགས་སོགས་འབྲལ་མི་ཤེས་ཡིན་པ་བཞིན་དུ་ཆགས་སོགས་ཀྱང་ཡིན་པས། སྔ་ན་མེད་པ་འབྱུང་བ་ལ་ཞེས་པའི་ཁྱབ་པ་མ་ངེས་སོ་ཞེ་ན། ཤེས་བྱ་ཆོས་ཅན། འབྱུང་བ་ལ་གཟུགས་སོགས་བཞིན་དུ་ཆགས་སོགས་འབྲལ་མི་ཤེས་སུ་ངེས་པ་མིན་ཏེ། གཟུགས་སོགས་དེ་དག་འབྱུང་བ་དང་དབྱེར་མེད་གང་ཞིག །ཆགས་སོགས་འབྱུང་བ་དང་དབྱེར་ཡོད་པའི་ཕྱིར། གལ་ཏེ་འབྱུང་བ་ལ་གཟུགས་སོགས་དང་ཆགས་སོགས་དབྱེར་མེད་པ་དེ་མཚུངས་སོ་ཞེ་ན། དེ་མཚུངས་པ་མ་ཡིན་ཏེ། མཚུངས་ན་ཆགས་སྡང་སོགས་ལྷན་ཅིག་སྐྱེ་བར་ཐལ་བའི་ཕྱིར། གཟུང་དོན་གྱི་དབང་གིས་རིམ་པ་བཞིན་སྐྱེའོ་ཞེ་ན། ཆགས་སྡང་ཆོས་ཅན། གཟུང་ཡུལ་ཡང་རིམ་པ་བཞིན་དུ་སྐྱེ་བར་ངེས་བྱེད་མ་ཡིན་པར་ཐལ། རྟོག་པས་རྣམ་པར་བརྟགས་པའི་ཡུལ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། ཆགས་སོགས་ཆོས་ཅན། སེམས་ཅན་ཀུན་ལ་སྐྱེ་བའི་ངེས་པ་མེད་པར་ཐལ། སྐལ་མཉམ་གྱི་རྒྱུ་དང་བྲལ་བའི་ཕྱིར། སྐྱོན་མེད་དེ། འབྱུང་བ་རྟག་པ་རྒྱུ་ཡིན་པའི་ཕྱིར་ཞེ་ན། བློ་རྣམས་ཀུན་ཆོས་ཅན། སེམས་ཅན་ཐམས་ཅད་ལ་ཀུན་གྱི་ཚེ་སྐྱེ་བར་འགྱུར་བར་ཐལ། རྒྱུ་འབྱུང་བ་རྟག་པ་ནི་ཉེ་བའི་ཕྱིར།
བཞི་པ་བདེན་པའི་རྣམ་པ་བཤད་པ་ནི། ཉེར་ལེན་གྱི་ཕུང་པོ་དེ་ནི་ཆོས་ཅན། མི་རྟག་སྟེ། རེས་འགའ་སྐྱེ་བར་དམིགས་པའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ཉེས་པའི་རྟེན་ཡིན་པའི་ཕྱིར་དང༌། རྒྱུ་ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། གང་(༢༤བ)ཟག་གི་བདག་མིན་ཏེ། མི་རྟག་པ་དང་སྡུག་བསྔལ་བ་ཡིན་པའི་ཕྱིར། ཆོས་ཅན། སྟོང་པ་ཉིད་ཡིན་ཏེ། བདག་གིས་བྱིན་གྱིས་བརླབས་པའང་མིན་པའི་ཕྱིར་ཏེ། བདག་དེ་བྱིན་གྱིས་རློབ་པ་པོ་མིན་པའི་ཕྱིར་ཏེ། བདག་དེ་རྒྱུ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། རྟག་པ་གཅིག་ལས་འབྲས་བུ་དུ་མ་ནི་དུས་ཐ་དད་པར་སྐྱེ་བར་མི་འགྱུར་བར་ཐལ། རྟག་པའང་ཇི་ལྟར་སྐྱེ་བྱེད་ཡིན་ཏེ་མ་ཡིན་པ་དེའི་ཕྱིར། རྟག་པ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་དེ། རྒྱུ་གཞན་དག་ནི་ཚོགས་ན་ཡང་འབྲས་བུ་རེས་འགའ་སྐྱེ་བ་མེད་པའི་ཕྱིར་ཏེ། རྒྱུ་གཞན་རྗེས་སུ་དཔོག་པར་འགྱུར་ན། རྗེས་སུ་འགྲོ་ལྡོག་དེ་ནི་རྟག་པ་རྣམས་ལ་ཡོད་པ་མིན་པའི་ཕྱིར།
གཉིས་པ་ཀུན་འབྱུང་ལ་བཞི། རྒྱུ། ཀུན་འབྱུང༌། རབ་སྐྱེ། རྐྱེན་གྱི་རྣམ་པའོ། །དང་པོ་ནི། སྡུག་བསྔལ་འདི་ཆོས་ཅན། རྒྱུ་དང་བཅས་པ་ཉིད་དུ་གྲུབ་སྟེ། རེས་འགའ་སྐྱེ་བ་ཉིད་ཡིན་པས་ནའོ། །རྒྱུ་མེད་དུ་འབྱུང་ངོ་ཞེ་ན། ཆོས་ཅན། གཞན་ལ་མི་ལྟོས་པར་འབྱུང་བར་ཐལ། རྒྱུ་མེད་དུ་འབྱུང་བའི་ཕྱིར། འདོད་ན། རྟག་ཏུ་ཡོད་པའམ་མེད་པར་འགྱུར་བར་ཐལ་ལོ། །ཇི་ལྟར་ཚེར་མ་ལ་སོགས་ཀྱི་རྣོ་བ་ཉིད་སོགས་རྒྱུ་མེད་པ་དེ་ལྟར་དངོས་པོ་འདི་དག་རྒྱུ་མེད་དུ་འགྱུར་རོ་ཞེས་ནི་རྒྱང་འཕེན་ཁ་ཅིག་རབ་ཏུ་རྗོད་དོ། །ཚེར་མའི་རྣོ་བ་སོགས་དེ་རྣམས་ཆོས་ཅན། རྒྱུ་ཡོད་དེ། རྒྱུ་གང་ཡོད་པ་ཉིད་ན་གང་སྐྱེ་བའམ། རྒྱུ་གང་འགྱུར་ན་ཡང་རྣམ་པར་འགྱུར་བ་དེ་ནི་དེའི་རྒྱུར་རབ་ཏུ་བརྗོད་ལ། དེ་ནི་ཁྱོད་ལའང་ཡོད་པའི་ཕྱིར། འོ་ན་རིག་པ་ཆོས་ཅན། གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་ཡིན་པར་ཐལ། ཁྱོད་ཡོད་ན་གཟུགས་འཛིན་དབང་ཤེས་སྐྱེ། མེད་ན་མི་སྐྱེ་བའི་ཕྱིར་ཞེ་ན། རིག་པ་ཆོས་ཅན། གཟུགས་མཐོང་བའི་དབང་ཤེས་ལ་ནི་རྒྱུ་མཚན་ཡིན་ཏེ། གཟུགས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར།(༢༥ན)
གཉིས་པ་ནི། རྒྱུ་ཡོད་མེད་རྒྱུ་དེ་རྟག་པའོ་ཞེ་ན། སྡུག་བསྔལ་ཆོས་ཅན། དབང་ཕྱུག་ལ་སོགས་པ་ལས་ཀྱང་སྐྱེ་བ་སྲིད་པ་མིན་ཏེ། དེས་ཕན་པའི་ནུས་པ་མེད་པའི་ཕྱིར་ཏེ། རྟག་པ་རྣམས་རྒྱུ་ཡིན་པ་བཀག་པའི་ཕྱིར་རོ། །
གསུམ་པ་ནི། རྒྱུ་ཡོད་ཅིང་མི་རྟག་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། སྲིད་པའི་འདོད་ཆགས་དེ་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། གང་གི་ཕྱིར་མི་རྣམས་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་པ་དེ་ནི། དེ་ཐོབ་འདོད་ཀྱི་བསམ་པས་བྱས་ལ། དེ་ནི་སྲིད་པའི་འདོད་ཆགས་ཡིན་པའི་ཕྱིར། སྲིད་པའི་སྲེད་པ་རྒྱུ་ཡིན་ན། མདོ་ལས། སྲིད་པ་གསུམ་ག་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གང་གི་ཕྱིར་ཡང་སྲོག་ཆགས་རྣམས་བདེ་བ་ཐོབ་པ་དང་སྡུག་བསྔལ་འདོར་བར་འདོད་པས་འཇུག་པ་དེ་དག་ནི་འདོད་སྲེད་དང་འཇིག་སྲེད་ཡིན་པར་འདོད་པའི་ཕྱིར།
བཞི་པ་ལ་གཉིས། དངོས་དང་རྩོད་སྤང་ངོ༌། ། དང་པོ་ནི། ཤེས་བྱ་ཆོས་ཅན། སྲེད་པ་སྲིད་པའི་རྟེན་ཡིན་ཏེ། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས་བདེ་མིན་བདེ་བར་འདུ་ཤེས་པས། ཡུལ་ཀུན་ལ་རབ་ཏུ་འཇུག་པར་འགྱུར་བ་དེའི་ཕྱིར། ཆོས་འདྲ། ཆགས་བྲལ་སྲིད་པར་སྐྱེ་བ་མ་མཐོང་བའི་ཕྱིར་ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས་པ་དེ་འཐད་པའི་ཕྱིར། འོ་ན་ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་ཐལ། ལུས་མེད་ཆགས་པ་མ་མཐོང་བའི་ཕྱིར་ཞེ་ན། ལུས་ཆོས་ཅན། ཁྱོད་ལས་ཀྱང་འདོད་ཆགས་འབྱུང་བར་འདོད་དེ། དེའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་མཚན་དུ་ཁས་བླངས་པའི་ཕྱིར། ཆོས་ཅན། གོང་དུ་འདོད་ཆགས་ཀྱི་རྒྱུ་ཡིན་པ་བཀག་པ་མིན་ཏེ། འདོད་ཆགས་ཀྱི་ཉེར་ལེན་ཉིད་ནི་བསལ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱང་འཕེན་(༢༥བ)རང་ཉིད་ཀྱིས་རང་གི་འདོད་པ་སྐྱེ་བ་སྔ་ཕྱི་མེད་པ་ལ་གནོད་པར་འགྱུར་ཏེ། འདོད་ཆགས་ལུས་ཀྱི་རྒྱུ་ཡིན་པའི་རིགས་པ་འདིའི་རྗེས་སུ་འབྲངས་ནས། ལུས་འདོད་ཆགས་ཀྱི་རྒྱུར་འདོད་པའི་ཕྱིར། གལ་ཏེ་ཆགས་པ་ལུས་ཀྱི་རྒྱུ་མ་ཡིན་ཏེ། ལུས་སྐྱེ་བ་དང་ལྷན་ཅིག་ཏུ་འབྱུང་བའི་ཕྱིར་ཏེ། ལུས་སྐྱེ་བ་ལ་ཆགས་པ་མཐོང་བའི་ཕྱིར་ཞེ་ན། ཆགས་པ་ཆོས་ཅན། ལུས་ལས་འབྱུང་བ་མ་ཡིན་པར་ཐལ། ལུས་དང་ལྷན་ཅིག་འབྱུང་བའི་ཕྱིར། རྟགས་ཁས་བླངས། འདོད་ན། རིགས་འདྲ་སྔར་གྲུབ་པ་ཡིན་པར་ཐལ། སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར། གཉིས་པ་ནི། མ་རིག་པ་དང་ལས་ཀྱང་སྲིད་པའི་རྒྱུར་མི་འཆད་པར། སྲེད་པ་རྒྱུར་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མི་ཤེས་པ་ཆོས་ཅན། སྲིད་པའི་རྒྱུ་ཡིན་ཡང་འདིར་དངོས་སུ་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་དེ་མ་ཐག་ཏུ་འགྲུབ་བྱེད་མ་ཡིན་པའི་ཕྱིར། སྲེད་པ་ཉིད་ཆོས་ཉིད། རྒྱུར་བཤད་པའི་རྒྱུ་མཚན་ཡོད་དེ། སྲིད་པའི་རྒྱུན་ནི་འཕེན་པར་བྱེད་པའི་ཕྱིར་དང༌། སྲིད་པ་དེ་མ་ཐག་ཏུ་འགྲུབ་བྱེད་ཡིན་པའི་ཕྱིར། ལས་ཀྱང་རྒྱུའི་གཙོ་བོ་མིན་ཏེ། སྲེད་པ་དེ་ཡོད་ན་ལས་སོགས་ཡོད་ལ། སྲེད་པ་མེད་ན་ལས་ཡོད་ཀྱང་སྲིད་པར་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ། །
གསུམ་པ་འགོག་པའི་བདེན་པ་ལ་གསུམ། འགོག་པ། ཞི་བ། གྱ་ནོམ་གྱི་རྣམ་པའོ། །དང་པོ་ནི། སྡུག་བསྔལ་དེ་ནི་ཆོས་ཅན། གཏན་དུ་བ་མིན་ཏེ། ཁྱོད་ཀྱི་རྒྱུ་ལ་གེགས་བྱེད་པ་སོགས་སྲིད་པའི་ཕྱིར་རོ། །གང་ཟག་གི་བདག་ཆོས་ཅན། ཐར་པ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར་ཞེ་ན། དེ་ལྟ་བུའི་ཐལ་འགྱུར་ཆོས་ཅན། སངས་རྒྱས་པ་ལ་གནོད་བྱེད་མ་ཡིན་པར་ཐལ། འདོད་ལན་དང་རྟགས་མ་གྲུབ་ཀྱི་(༢༦ན)ལན་ཐེབས་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར། གྲོལ་བ་པོའི་བདག་མེད་ན་ལམ་ལ་འབད་པ་དོན་མེད་དོ་ཞེ་ན། སོ་སྐྱེ་དེ་ནི་ཆོས་ཅན། གྲོལ་བ་པོའི་བདག་ནི་མེད་ན་ཡང༌། ལོག་པར་སྒྲོ་བཏགས་པ་གཞོམ་པའི་ཕྱིར་དུ་བརྩོན་དགོས་ཏེ། ཇི་སྲིད་བདག་ཆགས་མ་བཅོམ་ཞིང་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་གྱུར་པ་དེ་སྲིད་དུ། སྡུག་བསྔལ་ལ་བདེ་བར་སྒྲོ་བཏགས་ནས་བདེ་བའི་རང་བཞིན་དུ་ནི་གནས་པ་མེད་པའི་ཕྱིར། དགྲ་བཅོམ་པ་ཆོས་ཅན། འཁོར་བར་སྐད་ཅིག་ཀྱང་མི་གནས་པར་ཐལ། བདག་མེད་མངོན་སུམ་དུ་རྟོགས་པས་བདག་གི་དོན་ལ་རེ་བ་མེད་པའི་ཕྱིར་ཞེ་ན། འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ཆོས་ཅན། བརྩེ་བའམ་ཡང་ན་ལས་ཀྱིས་གནས་པ་ཡིན་ཏེ། ལས་ཀྱིས་འཕངས་པའི་སྡུག་བསྔལ་གྱི་ལྷག་མ་ལུས་པ་ལ་ལྡོག་འདོད་མེད་ཅིང༌། དགོས་པ་འགའ་ཞིག་མཐའ་ནས་ཀྱང་གནས་པའི་ཕྱིར་རོ། །ལས་ཀྱིས་གནས་ན་ཡང་སྲིད་དུ་སྐྱེ་བར་འགྱུར་རོ་ཞེ་ན། སྲིད་པའི་སྲེད་པ་ལས་རྣམ་པར་བརྒལ་བའི་དགྲ་བཅོམ་པ་ཆོས་ཅན། ལས་ཀྱིས་སྲིད་པ་གཞན་འཕེན་ནུས་མ་ཡིན་ཏེ། ལྷན་ཅིག་བྱེད་རྐྱེན་སྲེད་པ་ཟད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཅན། བདག་འཛིན་མ་སྤངས་པར་ཐལ། བརྩེ་ལྡན་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། བརྩེ་བ་སྐྱེ་བ་དེ་སེམས་ཅན་དུ་ལྟ་བ་དང་རྗེས་སུ་འབྲེལ་བ་ཅན་མ་ཡིན་ཏེ། སྡུག་བསྔལ་མངོན་སུམ་དུ་ཤེས་པ་ལ་འགལ་ཟླ་མེད་པར་གོམས་པའི་འདུ་བྱེད་སྔ་མའི་རྗེས་སུ་འཇུག་པ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། ཆོས་ཅན། འདོད་ཆགས་ཅན་དུ་ཐལ། བརྩེ་ལྡན་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། འདོད་ཆགས་དང་བརྩེ་བ་དམིགས་(༢༦བ)རྣམ་མི་མཚུངས་པར་ཐལ། གཙང་བ་དེ་དེའི་བདག་ཉིད་མིན་པའི་ཆོས་ལ་ནི་བདག་ཉིད་གཞན་དུ་སྒྲོ་འདོགས་པ་ལས་འདོད་ཆགས་སྐྱེ་ལ། སེམས་ཅན་སྡུག་བསྔལ་བའི་རྒྱུན་རིག་པ་ཙམ་ལས་ནི་བརྩེ་བ་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། ཆོས་ཅན། ཞེ་སྡང་ཅན་ཡིན་པར་ཐལ། བརྩེ་ལྡན་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། ཉེས་པའི་རྒྱུ་ལས་ཁྲོ་བ་སྐྱེ་བ་མ་ཡིན་ཏེ། གཏི་མུག་ཉེས་པའི་རྩ་བ་སྟེ་དེ་ཡང་སེམས་ཅན་རང་དབང་བར་འཛིན་པ་ཡིན་ལ་དེ་མེད་པའི་ཕྱིར། ཆོས་ཅན། ཁྱོད་ཀྱི་བརྩེ་བ་ཉེས་མེད་དུ་འདོད་དེ། ཁྱོད་ཀྱི་བརྩེ་བ་ཉོན་མོངས་ཀུན་གྱིས་དབེན་པ་དེས་ནའོ། །ལས་ཀྱི་གནས་ན་མ་གྲོལ་བར་འགྱུར་རོ་ཞེ་ན། ཆོས་ཅན། གྲོལ་མེད་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་ཀྱི་ནུས་པ་ཟད་ནས། སྲིད་པ་གཞན་མཚམས་མི་སྦྱོར་བའི་ཕྱིར། ཐེག་ཆེན་དགྲ་བཅོམ་པ་གང་དེ་ཆོས་ཅན། སྲིད་པར་གནས་པ་ཉེས་མེད་ཉིད་ཡིན་ཏེ། ཚོགས་གཉིས་འདུ་བྱེད་པའི་ནུས་པ་མ་ཟད་བར་གནས་པའི་ཕྱིར། སྙིང་རྗེས་འཁོར་བར་གནས་ན་རྟག་ཏུ་གནས་པར་འགྱུར་རོ་ཞེ་ན། ཐེག་དམན་དགྲ་བཅོམ་ཆོས་ཅན། སྲིད་པར་གནས་པའི་འབད་རྩོལ་ཆེན་པོ་མེད་དེ། སྙིང་རྗེ་དམན་པ་ཉིད་ཡིན་པའི་ཕྱིར། ཐེག་ཆེན་དགྲ་བཅོམ་གང་དག་ཆོས་ཅན། འཁོར་བ་ཇི་སྲིད་བར་གཞན་གྱི་ངོར་ནི་བཞུགས་པ་ཡིན་ཏེ། བརྩེ་བ་ཆེན་པོ་མཐར་ཕྱིན་པའི་གང་ཟག་ཡིན་པའི་ཕྱིར། གལ་ཏེ་འཇིག་ལྟ་འཁོར་བའི་རྩ་བ་ཡིན་ན། རྒྱུན་ཞུགས་ཆོས་ཅན། འཕགས་ལམ་དང་པོར་ནི་ཐོབ་པ་ན་སྲིད་པར་སྐྱེ་བ་མེད་པར་འགྱུར་བར་ཐལ། འཇིག་ཚོགས་ལ་ལྟར་ན་བྲལ་བའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། འཇིག་ལྟ་ལྷན་ཅིག་སྐྱེས་པ་མ་སྤངས་པའི་ཕྱིར། སྤངས་སོ་ཞེས་ནའང༌། ཆོས་ཅན། ཡང་སྲིད་པར་སྐྱེ་བ་ག་ལ་ཡོད་དེ་མེད་པར་ཐལ་ལོ། །ཆོས་ཅན། སེམས་(༢༧ན)ཅན་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ཡོད་པར་ཐལ། རང་དབང་བའི་ངའོ་སྙམ་པའི་བློ་གང་ཡིན་པ་དེ་ཡོད་པའི་ཕྱིར་ཏེ། བདག་བདེ་བར་གྱུར་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པའི་ཕྱིར། ཁྱབ་སྟེ། རང་དབང་བའི་ང་ཞེས་མཐོང་བ་མེད་པ་ནི་འགའ་ཡང་བདག་ལ་ཆགས་པ་མ་ཡིན་ལ། བདག་ལ་སྲེད་པ་མེད་པར་ཡང་བདེ་བ་འདོད་པས་མངོན་པར་རྒྱུག་པ་མིན་པའི་ཕྱིར། གསུམ་པ་ནི། གྱ་ནོམ་པའི་ཐར་པ་ཐོབ་པ་ལ། བདག་རྟག་པ་བཅིང་གྲོལ་གྱི་གཞིར་དགོས་སོ་ཞེ་ན། དེ་དགོས་པ་མ་ཡིན་པར་ཐལ། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་འཆིང་བྱེད་ཡིན་ལ། རྟག་པ་དེ་གང་ལས་ཡོད་དེ་མེད་པའི་ཕྱིར་དང༌། སྡུག་བསྔལ་མི་སྐྱེད་པའི་རྒྱུ་ཉིད་ནི་ཐར་བྱེད་ཡིན་ལ། རྟག་པ་ལ་དེ་གང་ལས་ཡོད་དེ་མེད་པའི་ཕྱིར། མང་བཀུར་བ་ན་རེ། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་བདག་དེ་འཆིང་གྲོལ་གྱི་གཞི་ཡིན་ནོ་ཞེ་ན། བདག་གང་ཡིན་པ་དེ་ཆོས་ཅན། འབྲས་བུ་འགའི་ཡང་རྒྱུ་མ་ཡིན་པར་ཐལ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། བཅིངས་པ་དང་ཐར་པ་ཇི་ལྟ་བུར་ཡང་ཡོད་པ་མ་ཡིན་པར་ཐལ། རྟག་མི་རྟག་གང་དུ་ཡང་བརྗོད་བྱ་མ་ཡིན་པའི་ཕྱིར། མང་བཀུར་བ་ཆོས་ཅན། དངོས་འགལ་བར་དུ་ཕུང་གསུམ་ཁས་ལེན་པའི་ངོ་ཚ་བའི་ལྟ་བ་འདི་སྤོང་ལ། བདག་དེ་ནི་རྟག་པར་སྨྲོས་ཤིག་སྟེ། བདག་དེ་མི་འཇིག་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། གང་གི་རང་བཞིན་འཇིག་པ་མེད་པ་དེ་ལ། མཁས་པ་རྣམས་རྟག་ཅེས་བརྗོད་པའི་ཕྱིར།
བཞི་པ་ལམ་བདེན་ལ་གཉིས། རང་ལུགས་ཀྱི་གྲོལ་ལམ་བཤད། གཞན་ལུགས་ཀྱི་གྲོལ་ལམ་དགག་པའོ། །དང་པོ་ལ་གསུམ། བདག་མེད་རྟོགས་པའི་ཤེས་རབ་གྲོལ་ལམ་དུ་བསྟན། དེ་ལ་རྩོད་པ་སྤང༌།(༢༧བ) བདག་འཛིན་སྲིད་པའི་རྩ་བར་བསྟན་པའོ། །དང་པོ་ནི། འོ་ན་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་དེ་གང་ཞེ་ན། སྔར་བཤད་ཟིན་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་ཆོས་ཅན། གྲོལ་ལམ་ཡིན་ཏེ། ཁྱོད་གོམས་པ་ལས་གནས་གྱུར་མཐར་ཕྱིན་པ་འཐོབ་པའི་ལམ་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། སྤངས་པ་སླར་ལྡོག་པའི་རྩོད་པ་སྤང༌། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོ་ཡིན་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་ལན་གཅིག་གནས་གྱུར་ཀྱང༌། ཟག་བཅས་ལས་ལམ་འབྱུང་བ་བཞིན་དུ་སླར་ཡང་སྐྱོན་ནི་འབྱུང་ངོ་ཞེ་ན། སྤངས་པ་མཐར་ཕྱིན་པའི་སྐྱེས་བུ་ཆོས་ཅན། ཉེས་པ་སླར་སྐྱེ་བ་མ་ཡིན་ཏེ། ཉེས་པ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་སེམས་ཀྱི་རང་བཞིན་འོད་གསལ་བ་དང་དྲི་མ་རྣམས་བློ་བུར་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་ཆོས་ཅན། གཟུགས་ཇི་ལྟར་ཡོད་པ་དེ་འཛིན་པ་ཡིན་ཏེ། ཡུལ་གཟུགས་ཇི་ལྟར་ཡོད་པ་བཞིན་འཛིན་པ་དེ་ཁྱོད་ཀྱི་ཆོས་སམ་རང་བཞིན་ཡིན་པའི་ཕྱིར། གཟུགས་ཆོས་ཅན། གཟུགས་འཛིན་པའི་རྣམ་ཤེས་སྐྱེད་པ་འདི་ཁྱོད་ཀྱི་རང་བཞིན་ཡིན་ཏེ། རང་ཇི་ལྟར་ཡོད་པ་ཡི་ནི་བདག་ཉིད་དེ་འཛིན་པའི་གཟུགས་འཛིན་རྣམ་ཤེས་འདི་ཡི་སྐྱེད་པར་བྱེད་པའང་ཡིན་པའི་ཕྱིར། ཕུང་པོ་རྟག་པར་འཛིན་པའི་བློ་ཆོས་ཅན། ཡུལ་ཅན་གྱི་རང་བཞིན་མ་ཡིན་ཏེ། ཡུལ་གྱི་གནས་ཚུལ་འདི་ལས་རྐྱེན་གཞན་གྱིས་ནི་གོལ་བར་འགྱུར་ཞིང༌། ཁྱོད་ལྡོག་པ་ལ་ནི་རྐྱེན་ལ་ལྟོས་པའི་ཕྱིར། ཆོས་ཅན། སེམས་ལ་འབྲལ་མི་རུང་བ་ཡིན་ཏེ། མི་བརྟན་པ་འཁྲུལ་རྒྱུས་བསླད་པ་ཡིན་པའི་ཕྱིར། དཔེར་ན། ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་བཞིན་ནོ། །ཕུང་པོ་མི་རྟག་པར་རྟོགས་(༢༨ན)པའི་བློ་ཆོས་ཅན། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་ཏེ། ཡུལ་གྱི་གནས་ཚུལ་རྟོགས་པའི་བློ་ཡིན་པའི་ཕྱིར། དྲི་མ་རྣམས་ནི་ཆོས་ཅན། བློ་བུར་བ་ཡིན་ཏེ། འཁྲུལ་རྒྱུ་ལས་སྐྱེས་པའི་ཕྱིར། ཆོས་ཅན། སེམས་རྒྱུད་བདག་མེད་རྟོགས་པའི་ཤེས་རབ་དེའི་བདག་ཉིད་དུ་གྱུར་པ་ལ་ཕྱིས་གནོད་པའི་ནུས་པ་མེད་དེ། སྔར་ཐོས་བསམ་གྱིས་དཔྱོད་པའི་ཚེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་པའི་ནུས་མེད་རྣམས་ཡིན་པའི་ཕྱིར། ཕྱིར་འོང་ཆོས་ཅན། ཉེས་པ་སྐྱེད་པའི་ནུས་པ་ཡོད་ན་ཡང༌། ཡུན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། དེ་ལྟ་ན་ཡང་བདག་འཛིན་ལ་གནོད་པ་ཅན་གྱི་གཉེན་པོ་སྐྱེད་ནུས་པའི་སྙིང་པོ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། ས་རློན་ལ་ནི་མེ་བཞིན་ནོ། །གནས་གྱུར་མཐར་ཕྱིན་པའི་སྐྱེས་བུ་ཆོས་ཅན། ཕྱིན་ཅི་ལོག་གིས་འབད་དུ་ཟིན་ཀྱང་སྤངས་པ་སླར་མི་ཟློགས་ཏེ། འཁོར་བའི་འཚེ་བ་མེད་པ་དང༌། ཡང་དག་པའི་དོན་མངོན་སུམ་དུ་རྟོགས་ཤིང་དེ་སེམས་ཀྱི་རང་བཞིན་ལ་བཞུགས་པའི་ཕྱིར་དང༌། ཁྱོད་ཀྱི་བློ་ནི་བདག་མེད་རྟོགས་པའི་ཤེས་རབ་དེའི་ཕྱོགས་འཛིན་པའི་ཕྱིར་རོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་བདག་འཛིན་གྱི་གཉེན་པོར་མི་རིགས་ཏེ། འཛིན་སྟངས་འགལ་བ་ཙམ་གྱིས་གཉེན་པོ་ཡིན་ན། ཆགས་སྡང་ཡང་ཕན་ཚུན་གཉེན་པོར་འགྱུར་བའི་ཕྱིར་ཞེ་ན། འདོད་ཆགས་དང་ཁོང་ཁྲོ་ཆོས་ཅན། ཕན་ཚུན་དུ་འཛིན་སྟངས་ཐ་དད་ན་ཡང་གནོད་བྱེད་མ་ཡིན་ཏེ། རྒྱུ་བདག་འཛིན་ལས་སྐྱེས་པར་གཅིག་པ་ཅན་ཉིད་ཡིན་པའི་ཕྱིར་དང༌། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་གཉེན་པོར་མི་རིགས་ཏེ། བྱམས་སོགས་(༢༨བ)ཀྱང་གཉེན་པོ་ཡིན་པས་སོ་ཞེ་ན། སེམས་ཅན་ལ་དམིགས་པའི་བྱམས་སོགས་ཆོས་ཅན། ཤིན་ཏུ་ཉེས་པ་ཚར་གཅོད་པ་མིན་ཏེ། རྨོངས་པ་མ་རིག་པ་དང་འཛིན་སྟངས་འགལ་བ་མེད་པའི་ཕྱིར། ཁྱབ་སྟེ། ཉེས་པ་ཀུན་མ་རིག་པ་དེའི་རྩ་བ་ཅན་ཡིན་ལ། དེ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར། གལ་ཏེ་འཇིག་ལྟ་མ་རིག་པར་མི་འཐད་དེ། འཇིག་ལྟ་ནི་ལོག་པར་རྟོག་པ་ཡིན་ལ། མ་རིག་པ་ནི་སེམས་བྱུང་མི་གསལ་བ་ཞིག་ཡིན་པའི་ཕྱིར་ཞེ་ན། མ་རིག་པ་ཆོས་ཅན། རིག་པ་མེད་ཙམ་དང་རིག་པ་ལས་གཞན་ཙམ་མ་ཡིན་ཏེ། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་དང༌། སེམས་བྱུང་ཡིན་པ་ཉིད་ཀྱིས་དམིགས་པ་འཛིན་པའི་ཕྱིར། མ་རིག་པ་དང་འཇིག་ལྟ་རྫས་གཞན་ནི་རིགས་པ་མ་ཡིན་ཏེ། ལོག་པར་དམིགས་པའི་འཇིག་ལྟ་ཉིད་མ་རིག་པར་གསུངས་པའི་ཕྱིར། ཇི་ལྟར་གསུངས་ན། ཟླ་བ་སྒྲོན་མའི་མདོ་ལས། མི་ཤེས་པ་མེད་པ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པ་ཡིན་ནོ་ཞེས་གསུངས་སོ། །འོ་ན་མ་རིག་པ་དང་འགལ་བ་དེ་གང་ཞེ་ན། འགལ་བ་གང་ཡིན་པ་དེ་འདིར་བཤད་པར་བྱ་སྟེ། སྟོང་ཉིད་རྟོགས་པའི་ལྟ་བ་ཆོས་ཅན། མ་རིག་པ་དེའི་རང་བཞིན་དང༌། དེ་ལས་བྱུང་བའི་ཉེས་པ་ཀུན་དང་འགལ་བར་རབ་ཏུ་གྲུབ་པ་ཡིན་ཏེ། མ་རིག་པ་དེ་དང་འཛིན་སྟངས་དངོས་སུ་འགལ་བ་ཡིན་པའི་ཕྱིར། ཉེས་པ་ཆོས་ཅན། སྲོག་ཆགས་ལ་ཟད་པ་མིན་ཏེ། སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན། བུམ་པའི་གཟུགས་སོགས་བཞིན་ཞེ་ན། ཆོས་ཅན། སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་མི་ཟད་པ་མིན་པར་ཐལ། དེའི་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར་(༢༩ན)དང༌། གཉེན་པོའི་ཕྱོགས་དང་འབྲེལ་བ་ན་ལྡོག་པ་དག་ཀྱང་མཐོང་བའི་ཕྱིར། ཉེས་པ་ལན་གཅིག་འགགས་ཀྱང་སླར་ཡང་སྐྱེའོ་ཞེ་ན། གནས་གྱུར་མཐར་ཕྱིན་པའི་སེམས་ཅན་ཆོས་ཅན། ཉེས་པ་རྣམ་པར་འགགས་པ་ནི་གསེར་གྱི་སྲ་བ་བཞིན་དུ་སླར་ཡང་སྐྱེ་བ་མེད་དེ། བདག་མེད་རྟོགས་པའི་ཤེས་རབ་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་འབྲེལ་བ་མེད་པའི་ཕྱིར་དང༌། གཉེན་པོ་ལོག་ཀྱང་སྤང་བྱ་སླར་སྐྱེ་བར་མ་ངེས་པའི་ཕྱིར་ཏེ། མེ་ལོག་ཀྱང་ཐལ་བ་ཤིང་དུ་མི་ལྡོག་པ་བཞིན་དུའོ། །གསུམ་པ་ནི། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་པའི་རྟགས་བསྒྲུབ་པ་ནི། ཤེས་བྱ་ཆོས་ཅན། བདག་ལ་མངོན་པར་ཆགས་པ་དེ་སྲིད་དུ་ནི་གང་ཟག་དེ་ནི་འཁོར་བར་འགྱུར་ཏེ། གང་ཞིག་གང་ཟག་གི་བདག་ཏུ་མཐོང་བ་དེ་ལ་ནི་ང་ཞེས་ལྷག་ཏུ་ཞེན་པར་འགྱུར་ལ། ཞེན་པས་བདག་གི་བདེ་བ་ལ་སྲེད་པར་འགྱུར། སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད་ཅིང༌། ཡོན་ཏན་མཐོང་བས་ཡོངས་སུ་སྲེད་པ་དེ་ངའི་ཞེས་བདེ་བ་དེའི་སྒྲུབ་བྱེད་ཡིན་པ་དེས་ནའོ། །ཆོས་ཅན། བདག་འཛིན་དེ་ཉེས་པའི་རྩ་བ་ཡིན་ཏེ། བདག་འཛིན་ཡོད་ན་ནི་གཞན་དུ་ཤེས་པ་འབྱུང་ལ། བདག་གཞན་དུ་འཛིན་པའི་ཆ་ལས་འདོད་ཆགས་དང་ཞེ་སྡང་འབྱུང་ཞིང༌། ཆགས་སྡང་འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བའི་ཕྱིར།
གཞན་ལུགས་ཀྱི་གྲོལ་ལམ་དགག་པ།
གཉིས་པ་གཞན་ལུགས་ཀྱི་གྲོལ་ལམ་དགག་པ་ལ་བཞི། བྱེ་བྲག་པའི་གྲོལ་ལམ་དགག །གྲངས་ཅན་པའི་གྲོལ་ལམ་དགག །དབང་ཕྱུག་པའི་གྲོལ་ལམ་དགག །གཅེར་བུ་བའི་གྲོལ་ལམ་དགག་པའོ། །དང་པོ་ལ་གཉིས། ཐལ་བ་དགོད། སྐྱོན་སྤོང་དགག་པའོ། །དང་པོ་ནི་བྱེ་བྲག་པ་(༢༩བ)ན་རེ། བདག་ལ་ཆགས་ཀྱང་བདག་གི་བ་ལ་ཆགས་པ་དང་བྲལ་ནས་གྲོལ་བར་འགྱུར་རོ་ཞེ་ན། གྲོལ་བ་ཐོབ་པར་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་མི་འབྲལ་བར་ཐལ། ངེས་པར་བདག་ལ་ཆགས་པ་ནི་ཡིན་པའི་ཕྱིར། ཆོས་ཅན། བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་ཉེས་མེད་དུ་ཞེན་པའི་ཕྱིར།
གཉིས་པ་ལ་གསུམ། སྐྱོན་ཅན་སྒོམ་པ་གྲོལ་ལམ་མིན། སྡུག་བསྔལ་སྒོམ་པ་གྲོལ་ལམ་མིན། ཡོན་ཏན་འཛིན་པ་འཆིང་བྱེད་མིན་པའོ། །དང་པོ་ནི། གལ་ཏེ་བདག་ཉེས་མེད་ཡིན་ཡང༌། བདག་ལ་ཆགས་པ་སྐྱོན་བཅས་སུ་བསྒོམ་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལས་ཅིར་འགྱུར་དྲིས་པས། བདག་ལ་ཆགས་པ་དེ་སྤོང་བར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། བདག་ལ་ཆགས་པ་འདིའི་ཞེན་ཡུལ་སུན་ཕྱུང་བ་མེད་པར་ནི། བདག་ལ་ཆགས་པ་དེ་སྤོང་བར་ནུས་པ་མ་ཡིན་པར་ཐལ། ཡོན་ཏན་དང་སྐྱོན་དང་རྗེས་སུ་འབྲེལ་བའི་འདོད་ཆགས་དང་ཞེ་སྡང་སོགས་སྤོང་བ་ནི། སྐྱོན་ཡོན་དེ་དག་ཡུལ་ལ་མ་མཐོང་བས་ཡིན་གྱི། ཕྱི་རོལ་ཚེར་མ་འདོན་པའི་ཚུལ་དག་གིས་སྤོང་བ་མིན་པའི་ཕྱིར། བདག་ལ་ཆགས་པ་ཆོས་ཅན། ཁྱོད་ཀྱི་སྐྱོན་མཐོང་བས་སྤོང་བ་མ་ཡིན་པར་ཐལ། ཁྱོད་ཀྱི་ཡོན་ཏན་མཐོང་བ་ཙམ་གྱིས་ཆགས་པ་ཁྱོད་ཀྱི་སྐྱེ་བ་མ་ཡིན་གྱི། དོན་བདག་གི་ཡོན་ཏན་མཐོང་བས་སྐྱེ་བ་ཡིན་པའི་ཕྱིར། གྲོལ་བ་ཐོབ་པར་འདོད་པའི་བདག་དེ་ལ་ནི་ཆོས་ཅན། འབྲས་བུ་དག་ལ་ཆགས་པ་གང་གིས་ཟློག་པར་བྱེད་མི་ནུས་པར་ཐལ། དེའི་རྒྱུ་མ་ཚང་བ་མེད་པར་ཡོད་པའི་ཕྱིར། བདག་ལ་ཆགས་པ་ལ་སྐྱོན་ཡང་གང་ཞིག་མཐོང་དྲིས་པས། གལ་ཏེ་སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར་ཞེ་ན། བདག་ལ་ཆགས་པ་འདི་ཆོས་ཅན། (༣༠ན)སྡུག་བསྔལ་གྱི་རྟེན་ཡིན་པ་ད་ལྟ་ནའང༌། ཁྱོད་ལ་ཆགས་པ་དང་བྲལ་བ་མ་ཡིན་པར་ཐལ། བདག་གི་བར་མཐོང་བའི་ཕྱིར། དཔེར་ན། བདག་བ་དེ་སྡུག་བསྔལ་གྱི་རྟེན་ཡིན་ཡང་ཆགས་པ་དང་མི་འབྲལ་བ་བཞིན་ནོ། །གལ་ཏེ་བདག་ཆོས་ཅན། སྐྱོན་མེད་ཡིན་ཏེ། བདག་གི་བ་དེ་མེད་པའི་ཁྱོད་རྐྱང་པ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པའི་ཕྱིར་ཞེ་ན། བདག་གི་བ་དེ་ཡང་ཆོས་ཅན། བདག་དེ་དང་འདྲ་བར་སྐྱཔན་མེད་ཡིན་པར་ཐལ། བདག་མེད་པའི་ཁྱོད་རྐྱང་པ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པའི་ཕྱིར། འདོད་པ་དེ་ལྟར་ནའང༌། བདག་དང་བདག་གི་བ་གཉིས་ལ་ཆགས་པ་དང་བྲལ་བར་བྱ་བ་མ་ཡིན་པར་ཐལ། དེ་གཉིས་ཀ་སྐྱོན་མེད་ཡིན་པ་དེའི་ཕྱིར།
གཉིས་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་དུག་སྦྲུལ་གྱིས་བཟུང་བའི་ཡན་ལག་བཞིན་དུ། བདག་གི་བ་སྡུག་བསྔལ་དུ་བསྒོམས་པས་སྤང་བར་འགྱུར་རོ་ཞེ་ན།
གཉིས་པ་ལ་གཉིས། དཔེ་དགག །དོན་དགག་པའོ། །
དང་པོ་ནི། དུག་སྦྲུལ་གྱིས་བཟུང་བའི་ཡན་ལག་འདི་ཆོས་ཅན། བཟློག་པ་སྡུག་བསྔལ་དུ་བསྒོམས་པ་ཙམ་ལས་སྤོང་བ་མིན་པར་ཐལ། བདག་གི་བའི་བློ་བཅོམ་པས་འདོར་བ་ཡིན་པའི་ཕྱིར།
གཉིས་པ་ལ་བཞི། རང་བློ་ཡོད་པས་དགག །བདག་འཛིན་ཡོད་པས་དགག །རིགས་པ་གཞན་གྱིས་དགག །བདག་དེ་སྐྱོན་མེད་ཡིན་པས་དགག་པའོ། །དང་པོ་ནི། དབང་པོ་ལ་སོགས་པ་ཆོས་ཅན། རང་གི་བར་འཛིན་པའི་བློ་གང་གིས་ཟློག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལོངས་སྤྱོད་ཀྱི་རྟེན་ཉིད་དུ་བཟུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལས་ཆགས་བྲལ་དེ་གང་ལས་འཐད་དེ་མི་འཐད་པར་ཐལ་ལོ། །ཁྱབ་སྟེ། ལུས་ལས་(༣༠བ)བོག་པའི་སྐྲ་སོགས་ལ་ཡིད་འབྱུང་བའི་བློ་ནི་སྐྱེ་བར་འགྱུར་ཞིང༌། གཞན་ལ་ཞེན་བཅས་སྐྱེ་བར་འགྱུར་བ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། ཆོས་ཅན། སྡུག་བསྔལ་དུ་མཐོང་དུ་ཟིན་ཀྱང་བདག་གི་བར་འཛིན་པའི་བློ་སྤོང་བར་མི་འགྱུར་བར་ཐལ། བདག་དེ་ལ་འདུ་བ་ལ་སོགས་པའི་འབྲེལ་བ་ལས་རང་གི་བློ་ནི་སྐྱེ་བར་འགྱུར་བའི་འབྲེལ་བ་དེ་སྔར་གྱི་དེ་བཞིན་དུ་གནས་པའི་ཕྱིར། ཆོས་ཅན། བདག་ལ་འདུ་བའི་འབྲེལ་བ་དེ་བདག་གི་བར་འཛིན་པའི་རྒྱུར་དགོས་པ་མ་ཡིན་པར་ཐལ། བདག་ལ་འདུ་བ་ལ་སོགས་པ་མེད་ན་ཡང་ཟས་གོས་ཀུན་ལ་ཕན་འདོགས་པ་ཉིད་ནི་ཡོད་པར་མཐོང་བས། བདག་གི་བར་འཛིན་པའི་བློ་སྐྱེ་བའི་ཕྱིར། ཆོས་ཅན། རང་གི་བའི་བློ་ནི་སྐྱེ་བར་མི་འགྱུར་ཏེ། སྡུག་བསྔལ་སྐྱེད་པའི་ཕྱིར། དུག་སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་ཞེ་ན། དེ་ནི་ཆོས་ཅན། མཐའ་གཅིག་ཏུ་སྡུག་བསྔལ་སྐྱེད་པ་མིན་ཏེ། རེས་འགའ་བདེ་བ་སྐྱེད་པའི་ཕྱིར། ཆོས་ཅན། རང་གི་བའི་བློ་མི་སྐྱེ་སྟེ། ཕལ་ཆེར་སྡུག་བསྔལ་སྐྱེད་པའི་ཕྱིར། དུག་བཅས་ཀྱི་ཟས་བཞིན་ནོ་ཞེ་ན། སོ་སྐྱེ་ཟས་ཁྱད་པར་ཅན་གྱི་བདེ་བ་ལ་ཆགས་པས། དེ་དང་འགལ་བ་ལ་རེ་ཤིག་ཆགས་བྲལ་དུ་འགྱུར་ཡང༌། དེ་ཙམ་གྱིས་ཆགས་བྲལ་དུ་མ་གྲུབ་པར་ཐལ། ཟས་ཁྱད་པར་ཅན་གྱི་བདེ་བ་ལ་སྲེད་པས། བདེ་བ་ཅུང་ཟད་ཡོངས་སུ་སྤོང་ཡང༌། ཟས་ཁྱད་པར་ཅན་མ་རྙེད་པའི་ཚེ་བསམ་མེད་བདག་ལ་ཆགས་པ་ཡིས། ཟས་ཇི་ལྟར་རྙེད་པ་བཞིན་ལ་འཇུག་པའི་ཕྱིར། དཔེར་ན། བུད་མེད་དག་ནི་མ་རྙེད་པར་དུད་འགྲོ་ལ་འདོད་པ་སྤྱོད་པ་མཐོང་བ་བཞིན་ནོ། །བདག་གི་འདོད་པ་གང་ཡིན་པའི་སྐྱེས་བུ་དེ་ཆོས་ཅན། གྲོལ་བ་ཐོབ་པའི་ཚེ་མྱོང་དྲན་སོགས་(༣༡ན)ཀྱི་རྟེན་བྱེད་པའི་བདག་དེ་ནི། ཇི་ལྟར་འཇིག་པར་འདོད་པ་མི་རིགས་པར་ཐལ། ཚོར་བ་མྱོང་བ་དང་ནི་བླང་དོར་གྱི་ཐ་སྙད་དང་ཡོན་ཏན་ཀུན་གྱི་རྟེན་དུ་ལོག་པ་དེ། ཇི་ལྟར་ཞེན་པའི་བདག་ཡིན་པར་འདོད་པ་མི་རིགས་པའི་ཕྱིར། ཕྱི་རོལ་པས་ཞེན་པའི་རང་བཞིན་གྱི་བདག་མྱོང་དྲན་གྱི་རྟེན་དུ་ལོག་པ་དེ་འདྲ་མིན་པའི་ཕྱིར། གཉིས་པ་ནི། གྲོལ་བ་ཐོབ་པར་འདོད་པའི་གང་ཟག་དེ་ནི་ཆོས་ཅན། བདག་གིར་ཞེན་པའི་ས་བོན་གྱི་གནས་སྐབས་དེ་ཉིད་དུ་གནས་པར་ཐལ། བདག་འཛིན་ཡོད་པའི་ཕྱིར། ཁྱབ་སྟེ། རྣམ་པ་ཀུན་ཏུ་བདག་འཛིན་ནི་བདག་ལ་ཆགས་པ་བརྟན་པར་བྱེད་པའི་ཕྱིར། ཆོས་ཅན། བདག་གི་སྡུག་བསྔལ་དུ་སྒོམ་པ་ལ་བརྩོན་ཡང༌། བདག་གི་བ་ལ་ནི་ཆགས་བྲལ་གྱི་གེགས་བྱེད་པ་ཉིད་དང༌། བདག་གི་བ་དེའི་སྐྱོན་ཡང་སྒྲིབ་པ་ཡིན་ཏེ། བདག་གི་བའི་ཡོན་ཏན་གྱི་ཆ་ལ་བརྟེན་ནས་འཇུག་པ་དང་ལྡན་པའི་ཕྱིར། གལ་ཏེ་གྲོལ་བ་ཐོབ་པའི་ཚེ་བདག་ལའང་ཆགས་བྲལ་ཡིན་ནོ་ཞེ་ན། ཆོས་ཅན། ད་ནི་ཆགས་བྲལ་གྱི་བདག་གང་ཡིན་པ་མེད་པར་ཐལ། བདག་ལ་ཆགས་པ་དང་བྲལ་ནས་མི་ཤེས་པའི་ཕྱིར། དེ་ནི་ཆོས་ཅན། གྲོལ་བ་ཐོབ་ཕྱིར་དུ་སྡུག་བསྔལ་སྒོམ་པ་དོན་མེད་དུ་འགྱུར་བར་ཐལ། གྲོལ་བ་ཐོབ་པ་དེའི་ཚེ་ཇི་ལྟར་བདག་གི་བ་བཞིན་དུ་བདག་ཀྱང་འདོར་བའི་ཕྱིར། གསུམ་པ་ནི། ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་བསྒོམས་པ་དེ་ལྟ་ནའང་ཆགས་བྲལ་མེད་པར་ཐལ། བདག་གི་བ་དེ་དག་སྡུག་བསྔལ་དུ་བསྒོམས་པས་ཀྱང་སྡུག་བསྔལ་ཉིད་ནི་རྣམ་པར་ཤེས་པ་ཙམ་བྱེད་ལ། དེ་ནི་སྔར་ཡང་མངོན་སུམ་ཉིད་ཀྱིས་གྲུབ་ཀྱང་ཆགས་བྲལ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་(༣༡བ)སྟེ། ཡུལ་དེའི་ཉེས་པ་མཐོང་བས་ཆགས་པ་དང་བྲལ་བ་མཐོང་བའི་ཕྱིར་ཞེ་ན། སྐྱེས་བུ་ཆོས་ཅན། གལ་ཏེ་ཡུལ་དེ་ལ་ཉེས་པ་མཐོང་བ་ཡིས་སྐད་ཅིག་ཙམ་ཆགས་པ་དེའི་བློ་ལྡོག་ཀྱང༌། ཡུལ་དེ་ལ་ཆགས་བྲལ་དུ་མི་འགྱུར་ཏེ། བླང་བྱ་དང་དོར་བྱའི་ཁྱད་པར་ལ་ཞེན་པ་ཡོད་པའི་ཕྱིར། ཁྱབ་སྟེ། ཡུལ་གཅིག་ལས་བྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད་ནི། རྣམ་གྲངས་ཀྱིས་བསྐྱེད་པའི་ཚེ་ཆགས་པ་ཀུན་གྱི་ས་བོན་ཡིན་པའི་ཕྱིར། དཔེར་ན། འདོད་ལྡན་བུད་མེད་གཅིག་ལ་ཉེས་པ་མཐོང་ཡང༌། བུད་མེད་གཞན་ལ་ཆགས་པས་སླར་ཡང་དེ་ལ་ཆགས་པ་སྐྱེ་བ་བཞིན་ནོ། །བཞི་པ་ནི། བདག་ལ་ཆགས་པ་དང་དབང་སོགས་ཀྱང་ནི་ཆོས་ཅན། སྐྱོན་མེད་ཡིན་པར་ཐལ། རིམ་བཞིན་བདག་སྐྱོན་མེད་དེའི་ཡུལ་ཅན་དང༌། དེའི་བདེ་བ་སྒྲུབ་བྱེད་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ད་ནི་གང་ལ་ཆགས་བྲལ་དུ་འགྱུར་བ་མེད་པར་ཐལ། བདག་དང་དེ་ལ་ཆགས་པ་དང་བདག་གི་བ་གསུམ་སྐྱོན་མེད་གང་ཞིག །འགྲོ་བའང་གསུམ་པོ་དེ་ཙམ་ཉིད་དུ་ངེས་པ་ཡིན་པའི་ཕྱིར། བདག་དེར་ཆགས་པ་དེ་སྐྱོན་བཅས་ཀྱང་ཡིན་ཏེ། སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར་ཞེ་ན། བདག་ཆོས་ཅན། སྐྱོན་བཅས་སུ་ཐལ། སྡུག་བསྔལ་གྱི་རྟེན་དེ་ནི་ཁྱོད་ལའང་མཚུངས་པ་ཡིན་པའི་ཕྱིར། འདོད་ན། སྐྱེས་བུ་དེ་ཆོས་ཅན། ད་ནི་གང་ལ་ཆགས་བྲལ་མེད་པར་ཐལ། བདག་དེའི་སྐྱོན་མཐོང་ཡང་བདག་དེ་ལ་ཆགས་བྲལ་མེད་པའི་ཕྱིར། གསུམ་པ་ནི། བདག་གི་བ་ལ་ཆགས་པ་ཆོས་ཅན། ཉེས་པ་མཐོང་བས་སྤོང་བ་ཡིན་ཏེ། ཡོན་ཏན་མཐོང་བས་སྐྱེ་བའི་ཕྱིར་ཞེ་ན། དབང་སོགས་ལ་ཆགས་པ་དེ་ཆོས་ཅན། ཡོན་ཏན་མཐོང་བ་ལས་བྱུང་བའི་ཞེན་པ་ཉེས་པ་མཐོང་བས་འཇིག་པ་དེ་ལྟར། ཁྱེད་དབང་སོགས་ཀྱི་ཡོན་ཏན་(༣༢ན)མཐོང་བས་སྐྱེ་བ་མ་ཡིན་པར་ཐལ། དབང་སོགས་ཀྱི་སྐྱོན་ཡོན་མི་ཤེས་པའི་བྱིས་སོགས་ལའང་མཐོང་བའི་ཕྱིར་དང༌། དབང་སོགས་སྐྱོན་ལྡན་ལའང་ཡོད་པའི་ཕྱིར་དང༌། ཡོན་ཏན་ལྡན་ཡང་གཞན་དག་གི་དབང་པོ་སོགས་ལ་མེད་པའི་ཕྱིར་དང༌། འདས་པ་ལ་སོགས་པ་བདག་གི་བ་ལ་ཁྱོད་སྐྱེ་བ་མེད་པའི་ཕྱིར་རོ། །བདག་གི་བར་ཆགས་པའི་བློ་དེ་ཡང་ཆོས་ཅན། བདག་གི་བའི་ཡོན་ཏན་མིན་པ་མཐོང་བས་སྤོང་བ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུ་ཡང་ཡོན་ཏན་མཐོང་བས་བྱས་པ་མིན་པའི་ཕྱིར་ཏེ། དེ་ལྟར་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར། གཞན་ཡང་བདག་གི་བ་སྡུག་བསྔལ་དུ་སྒོམ་པ་ཆོས་ཅན། བདག་གི་བར་ཆགས་པ་དེ་ལ་ཇི་ལྟར་གནོད་པ་མེད་པར་ཐལ། དེའི་རྒྱུ་ལ་གནོད་པ་མེད་པ་ཅན་དུ་བསྒྲུབས་པའི་ཕྱིར་ཏེ། བདག་ལ་ཡོད་པ་མ་ཡིན་པའི་ཡོན་ཏན་ནི་སྒྲོ་འདོགས་པའི་ཆགས་པས་བདག་གི་བ་དེར་ཡང་ཆགས་པ་མཐོང་བའི་ཕྱིར།
གཉིས་པ་གྲངས་ཅན་པའི་གྲོལ་ལམ་དགག་པ་ལ་བཞི། ཐ་དད་ཤེས་པས་གྲོལ་བ་དགག །ཡིད་འབྱུང་ཙམ་གྱིས་གྲོལ་བ་དགག །དེ་དག་འཁོར་བ་ཡིན་པར་བསྟན། དེས་ན་འཇིག་ལྟ་སྤང་བར་གདམས་པའོ། །དང་པོ་ནི། གྲངས་ཅན་ན་རེ། སྡུག་བསྔལ་སྒོམ་པ་ཙམ་གྲོལ་ལམ་མ་ཡིན་མོད། རང་བཞིན་དང་སྐྱེས་བུ་གཅིག་ཏུ་བཟུང་བས་འཁོར་ལ། ཐ་དད་དུ་ཤེས་པས་གྲོལ་ལོ་ཞེ་ན། སྐྱེས་བུ་ཆོས་ཅན། དབང་སོགས་ཀྱི་རང་བཞིན་དང་སྐྱེས་བུ་གཅིག་ཉིད་དུ་མཐོང་བས་ཀྱང་ཆགས་པ་སྐྱེ་བ་མ་ཡིན་པར་ཐལ། སྐྱེ་བོ་ཐ་མལ་པ་འདི་ཡིས་དབང་སོགས་ལས་བདག་ནི་ཐ་དད་དུ་གྱུར་པར་ཤེས་པ་དེ་ཉིད་ཡིན་པའི་ཕྱིར་ཏེ། དབང་སོགས་མཆོག་གཞན་དོན་དུ་གཉེར་བའི་ཕྱིར་དང༌།(༣༢བ) བདག་རྟག་པར་ཞེན་ནས་དབང་སོགས་སྐྱེ་འཇིག་བྱེད་པར་རྟོགས་པའི་བློ་ཅན་ཉིད་ཀྱི་ཕྱིར། འོ་ན་བདག་གི་བར་ཆགས་པའི་རྒྱུ་གང་ཞེ་ན། བདག་ལ་ཆགས་པ་དེ་ཆོས་ཅན། བདག་གི་བར་ཆགས་པའི་རྒྱུ་ཡིན་ཏེ། ཁྱོད་ལ་བརྟེན་ནས་དམིགས་པའི་ནང་གི་ཡན་ལག་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཆགས་པར་འགྱུར་བའི་ཕྱིར།
གཉིས་པ་ལ་གསུམ། དངོས། ཆགས་བྲལ་ངོས་གཟུང༌། ལུང་འགལ་སྤང་བའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་གྱིས་ཡིད་འབྱུང་བས་ཆགས་བྲལ་དུ་འགྱུར་རོ་ཞེ་ན། གང་ཞིག་དེ་ལྟར་སྡུག་བསྔལ་བས་ཡིད་འབྱུང་དེ་འདྲ་ཆོས་ཅན། ཞེ་སྡང་དང་མཚུངས་ལྡན་ཡིན་གྱི། ཆགས་བྲལ་མ་ཡིན་པར་ཐལ། ཁྱོད་སྐྱེས་པ་དེའི་ཚེ་ཡང་ཆགས་པ་ཡོད་པའི་ཕྱིར་ཏེ། དེའི་ཚེ་བདེ་བའི་སྐབས་གཞན་ཚོལ་བའི་ཕྱིར་རོ། །ཞེ་སྡང་རྒྱུན་དུ་སྐྱེས་ན་ཆགས་བྲལ་དུ་འགྱུར་རོ་ཞེ་ན། ཞེ་སྡང་ཅན་གྱི་སྐྱེས་བུ་ཆོས་ཅན། ཞེ་སྡང་སྐྱེས་པས་ཆགས་བྲལ་དུ་འགྱུར་བ་མ་ཡིན་ཏེ། ཞེ་སྡང་དེ་ནི་སྡུག་བསྔལ་ཡོད་པ་དེ་སྲིད་ཙམ་དུ་གནས་ཀྱི། ཞེ་སྡང་དེ་ལོག་ན་ནི་རང་ཉིད་ཀྱི་རང་བཞིན་ཆགས་ཅན་ཉིད་ལ་སླར་རྟེན་པར་འགྱུར་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཞེ་སྡང་དེ་སྡུག་བསྔལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། གཉིས་པ་ནི། ཡིད་འབྱུང་བ་ཆགས་བྲལ་མིན་ན་ཆགས་བྲལ་དེ་གང་ཞེ་ན། དགྲ་བཅོམ་པ་ཆོས་ཅན། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཏེ། ཙན་དན་གྱིས་བྱུགས་པ་དང་སྟེ་འུས་གཅོད་པ་ཐམས་ཅད་ལ་ནི་མཉམ་སྙོམས་པ་ཅན་དུ་མཚུངས་པའི་ཕྱིར་ཏེ། བླང་བྱ་དང་དོར་བྱ་ལ་ཞེན་པ་སྤངས་པའི་ཕྱིར། གསུམ་པ་ནི། སྡུག་བསྔལ་སྒོམ་པ་གྲོལ་ལམ་མིན་ན། སྡུག་བསྔལ་བསྒོམ་པར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། (༣༣ན)ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན་པའི་ཕྱིར། ངེད་ཀྱི་སྡུག་བསྔལ་དེ་ཡང་ཆོས་ཅན། བདག་རྟག་པ་ལ་བརྟེན་པ་མ་ཡིན་ཏེ། རྐྱེན་ལས་སྐྱེས་པའི་ཕྱིར། འདུ་བྱེད་ཀྱི་སྡུག་བསྔལ་སྒོམ་པ་དེ་ནི་ཆོས་ཅན་གྲོལ་ལམ་མ་ཡིན་ཏེ། བདག་མེད་ལྟ་བའི་རྟེན་ཙམ་ཡིན་པའི་ཕྱིར། སྟོང་ཉིད་ཀྱི་ལྟ་བ་ཆོས་ཅན། གྲོལ་ལམ་ཡིན་ཏེ། ཁྱོད་བསྒོམས་པས་གྲོལ་བར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། འདུས་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་སྡུག་བསྔལ་དུ་རྟོགས་པ་འབྱུང༌། སྡུག་བསྔལ་དུ་རྟོགས་པ་ལས་ནི་བདག་མེད་རྟོགས་པ་འབྱུང་བར་གསུངས་པའི་རྒྱུ་མཚན་ཡོད་དེ། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར་ལ། སྒོམ་པ་ལྷག་མ་དེ་བསྐྱེད་པའི་དོན་ཡིན་པ་དེའི་ཕྱིར། གསུམ་པ་ནི། ཆགས་བྲལ་དུ་འདོད་པའི་གང་ཟག་བདག་འཛིན་ཅན་དེ་འདྲ་ཆོས་ཅན། འཁོར་བ་པ་ཞེས་བྱ་སྟེ། ཉོན་མོངས་པ་དང་ལས་ལས་གྲོལ་བ་མ་ཡིན་པའི་ཕྱིར་ཏེ། ཆགས་བྲལ་མིན་པ་དང༌། སྲེད་ལྡན་དང༌། བླང་དོར་གྱི་རྩོམ་པ་ཀུན་ལ་བརྟེན་པ་ཡིན་པ་དེའི་ཕྱིར། གལ་ཏེ་འཁོར་བ་ལས་གྲོལ་ན། ཆོས་ཅན། བདག་གི་བ་དེའི་ཟབ་མོ་ཡང་མེད་པར་ཐལ། བདག་གི་བ་ཉིད་ནི་མི་འདོད་པའི་ཕྱིར། འདོད་ན། ཆོས་ཅན། དེའི་ཚེ་དེའི་ཀྱང་མེད་པར་ཐལ་ལོ། །ཁྱབ་སྟེ། བདག་དེ་བྱ་བ་དང་འབྲས་བུ་ལོངས་སྤྱོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཤེས་བྱ་ཆོས་ཅན། གྲོལ་བ་ཐོབ་པར་འདོད་པས་ཐོག་མ་མེད་པའི་རྒྱུ་ཅན་གྱི་རིགས་མཐུན་པའི་ས་བོན་ལས་བྱུང་བའི་འཇིག་ཚོགས་ལ་ལྟ་བ་དག་རྩ་བ་ཉིད་ནས་བྱུང་བར་བྱ་སྟེ། འཇིག་ལྟ་འཁོར་བའི་རྩ་བ་ཡིན་པ་དེའི་ཕྱིར།
གསུམ་པ་དབང་ཕྱུག་པའི་གྲོལ་ལམ་དགག་པ་(༣༣བ)ལ་གསུམ། སྒྲུབ་བྱེད་དགག །གནོད་བྱེད་བརྗོད། གྲོལ་ལམ་ངོས་གཟུང་བའོ། །དང་པོ་ནི། དབང་ཕྱུག་པ་ན་རེ། གོང་དུ་བཤད་པ་དེ་དག་གྲོལ་ལམ་མ་ཡིན་མོད། དབང་ཕྱུག་གི་བཀའ་ལུང་ཙམ་གྲོལ་ལམ་ཡིན་ཏེ། དབང་ཕྱུག་གི་ལུང་ལས་བཤད་པའི་སྔགས་བཏབ་པའི་ས་བོན་ལས་མྱུ་གུ་མི་སྐྱེ་བའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། གྲོལ་བ་དོན་གཉེར་རྣམས་ལ་ནི། དབང་ཕྱུག་གི་ལུང་ཙམ་གྱིས་ནི་གྲོལ་བར་ཡང་སྨྲ་བ་ཡོངས་སུ་མགུ་བྱེད་མིན་པར་ཐལ། དབང་ཕྱུག་གི་ལུང་ནི་བསྟན་བྱའི་དོན་ལ་མི་བསླུ་བ་དེ་ལྟ་བུའི་དངོས་པོ་ཅན་ཡིན་པའི་རྒྱུ་མཚན་མ་མཐོང་བའི་ཕྱིར། སྔགས་ཀྱིས་བཏབ་པའི་ས་བོན་སོགས་ལས་མྱུ་གུ་མི་སྐྱེ་བར་གྲུབ་པའི་ཚོགས་ནི། སྐྱེས་བུ་ཡང་སྲིད་དུ་མི་སྐྱེ་བར་བྱེད་ནུས་པ་མ་ཡིན་པར་ཐལ། དེ་ལྟ་ན་ཏིལ་མར་བསྐུས་པ་དང་མེས་བསྲེགས་པ་སོགས་ལས་ཀྱང་གྲོལ་བར་ཐལ་བའི་ཕྱིར་རོ། །སྦྱིན་སྲེག་གིས་གྲོལ་བར་འགྱུར་ཏེ། སྦྱིན་སྲེག་བྱས་ནས་སྡིག་ཅན་སྲང་ལ་བཅལ་བ་ན་སྔར་ལྕི་བ་དག་ཕྱིས་ཡང་བའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དེ་ཙམ་གྱིས་སྡིག་པ་བཅོམ་པར་བྱས་པ་མིན་པར་ཐལ། སྦྱིན་སྲེག་བྱས་པས་ལུས་འདིའི་ལྕི་བ་ཉིད་མེད་པར་འགྱུར་གྱི། སྡིག་པ་སྲང་ཁར་འཇལ་རུང་གི་ལྕི་བ་མ་ཡིན་པའི་ཕྱིར་ཏེ། སྡིག་པ་ལུས་ཅན་མ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། དབང་གིས་སྲིད་པའི་རྒྱུ་ལ་མི་གནོད། དེའི་ལན་དགག །རྩོད་པ་སྤང་བའོ། །དང་པོ་ནི། ལོག་ཤེས་དང་ནི་དེ་ལས་བྱུང་བའི་སྲེད་པ་དང་མཚུངས་ལྡན་གྱི་སེམས་པ་དེ་དག་ཆོས་ཅན། ཁྱོད་གཉེན་པོས་བཅད་པ་དེ་འཁོར་བར་འགྲོ་བར་མི་འགྱུར་ཏེ། ཁྱོད་ཀྱི་དབང་གིས་དམན་པའི་གནས་སུ་འགྲོ་བ་སྐྱེ་བ་ཡིན་པ་དེའི་ཕྱིར། ཐ་མལ་པ་འཁོར་བར་སྐྱེ་བ་ཆོས་ཅན། ཁྱོད་ལ་ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་དག་ཉིད་(༣༤ན)ཀྱིས་ཕན་པར་ནུས་པ་ཡིན་ཏེ། སེམས་པ་དེ་ཙམ་ལས་ནི་འབྱུང་བའི་ཕྱིར། ལས་ཀྱང་རྒྱུ་མིན་ནམ་ཞེ་ན། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་དག་ཆོས་ཅན། ཁྱོད་ལས་གཞན་པའི་ལས་སྲིད་པའི་རྒྱུར་མི་དགོས་ཏེ། རང་ཉིད་ཡང་སྲིད་འཕེན་པའི་ལས་ཡིན་པའི་ཕྱིར། དབང་དང་ལྡན་པའི་སྐྱེས་བུ་དེ་ཆོས་ཅན། སྲིད་པར་སྐྱེ་བ་ཡིན་ཏེ། དེའི་རྒྱུ་ཉམས་པ་མེད་པར་ཡོད་པའི་ཕྱིར། གཉིས་པ་ནི། ཆོས་ཅན། སྲིད་པར་འགྲོ་བ་མེད་པར་ཐལ། འགྲོ་བ་དང་ཡུལ་རྟོགས་པའི་རྟེན་བྱེད་པ་དབང་པོ་ཡིན་ལ། དེ་ནི་མ་མཐོང་བའི་ལས་ལས་སྐྱེ་བར་འགྱུར་ཞིང༌། མ་མཐོང་བའི་ལས་དབང་གིས་ཞིག་པའི་ཕྱིར། དེས་ན་བདག་གི་འདུ་བྱེད་ལས་ཡིན་གྱི། སེམས་པ་མ་ཡིན་ནོ་ཞེ་ན། བྱེད་པ་དབང་པོ་ཆོས་ཅན། ཁྱོད་སྐྱེད་པ་ལ་བློ་སེམས་པ་ཡི་ནི་ནུས་པ་མཐོང་གི །གཞན་གྱིས་སྐྱེད་པ་མིན་པར་ཐལ། སེམས་པ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པའི་ཕྱིར། དབང་དང་ལྡན་པའི་སྐྱེས་བུ་དེ་དག་ཆོས་ཅན། སྲིད་པར་ཅིས་མི་འགྲོ་སྟེ་འགྲོ་བར་ཐལ། ལོག་སྲིད་དང་མཚུངས་ལྡན་གྱི་སེམས་པ་དེ་རྒྱུར་ཡོད་པའི་ཕྱིར། གསུམ་པ་ནི། ཆོས་ཅན། སྲིད་པར་སྐྱེ་བ་མིན་ཏེ། གལ་ཏེ་སེམས་པ་དེ་དག་གི་ནུས་པ་དབང་གིས་མེད་པར་བྱས་པའི་ཕྱིར་ཞེ་ན། དེ་དག་ཆོས་ཅན། དབང་སོགས་བྱས་མ་ཐག་སེམས་པའི་དབང་གིས་ཡུལ་འཛིན་པ་དང༌། ཡུལ་བྱེ་བྲག་པ་ལ་འཇུག་པ་དང༌། ཡུལ་གཞན་ལ་གཡེང་བ་དང༌། དེ་འགོག་པ་མེད་པར་འགྱུར་བར་ཐལ། སེམས་པའི་ནུས་པ་དབང་གིས་བཅོམ་པའི་ཕྱིར། ཅི་སྟེ་ཆོས་ཅན། སྲིད་པ་སྐྱེ་བར་མི་འགྱུར་ཏེ། ཤི་བ་དེའི་ཚེ་བློ་མེད་པའི་ཕྱིར་ཞེ་ན། ཆོས་ཅན། སོན་པ་ཉིད་ནའང་བློ་སྐྱེ་བའི་ནུས་མེད་དུ་འགྱུར་(༣༤བ)བར་ཐལ། དྲི་མ་རྣམས་ཀྱིས་བློ་མཚམས་སྦྱོར་བ་དེ་རྣམས་ཀྱི་ནུས་པ་དབང་གིས་མེད་པར་བྱས་པའི་ཕྱིར། རང་གི་ས་བོན་ཅན་གྱི་ཉེས་རྒྱུན་ཆོས་ཅན། དབང་བསྐུར་བ་ཙམ་ལས་ལྡོག་པ་མེད་དེ། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་འཕེལ་ན་འགྲིབ་པ་དང༌། རང་གི་ཕྱོགས་འཕེལ་ན་འཕེལ་བའི་ཕྱིར། སེམས་པ་ཁོ་ན་རྒྱུར་མི་རིགས་ཏེ། བདག་རྟག་པ་རྒྱུ་ཡིན་པའི་ཕྱིར་ཞེ་ན། བདག་རྟག་པ་ཆོས་ཅན། འབྲས་བུ་རིམ་གྱིས་སྐྱེད་པ་འགལ་བར་ཐལ། རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། འབྲས་བུ་བྱེད་པ་འགལ་བར་ཐལ། འབྲས་བུ་བྱེད་པ་དང་མི་བྱེད་པ་དག་ནི་འདྲ་བའི་བདག་ཉིད་ཡིན་པའི་ཕྱིར། རྒྱུ་དང་འབྲས་བུའང་གཅིག་པར་འགྱུར་བར་ཐལ། བདག་རྟག་པ་རྒྱུ་ཡིན་པའི་ཕྱིར། རྒྱུ་འབྲས་དེ་དག་བདག་རྟག་པ་དེ་ལས་རྫས་ཐ་དད་དོ་ཞེ་ན། ཆོས་ཅན། ལས་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་ཡིན་པ་ཉམས་པར་འགྱུར་བར་ཐལ། རྒྱུ་འབྲས་ལས་རྫས་ཐ་དད་པའི་ཕྱིར། ཆོས་ཅན། འབྲས་བུ་ལ་ཕན་པའི་ནུས་པ་ཡང་ནི་འགྲུབ་པ་མ་ཡིན་པར་ཐལ། ཁྱོད་ལོག་པས་འབྲས་བུ་ལྡོག་པ་མེད་པའི་ཕྱིར། བདག་རྟག་པ་མེད་ན། གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་སོགས་སུ་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། བདག་རྟག་པ་བཀག་པ་རྒྱུ་མཚན་དུ་བྱས་ནས། གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་དང༌། གཞན་གྱིས་བསགས་པ་གཞན་གྱིས་ལོངས་སྤྱོད་པ་སོགས་ཀྱི་ཐལ་བ་གནོད་བྱེད་མ་ཡིན་ཏེ། བདག་རྟག་པ་འགའ་ཡང་དྲན་པ་མེད་པའི་ཕྱིར། འོ་ན་དྲན་པ་གང་ལས་བྱུང་ཞེ་ན། དྲན་པ་ཆོས་ཅན། རྒྱུ་ཡོད་དེ། མྱོང་བ་ལས་བྱུང་བའི་ཕྱིར། གསུམ་པ་ནི། འོ་ན་གྲོལ་ལམ་དེ་གང་ཞེ་ན། བདེན་བཞི་དེ་ཉིད་ལ་ནི་(༣༥ན)ཕྱིན་ཅི་ལོག་དེ་དང་འགལ་བའི་དོན་དེ་ཁོ་ན་ཉིད་ཀྱི་རྣམ་པ་བཅུ་དྲུག་རྗེས་སུ་རྟོགས་པ་ཅན། ལེགས་པར་སྒོམ་པའི་ཡང་དག་པའི་ལྟ་བ་ཆོས་ཅན། གྲོལ་ལམ་ཡིན་ཏེ། སྲེད་པ་རྗེས་འབྲངས་དང་བཅས་པ་འཇོམས་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་པ་བཞི་ལ་བརྟན་པ་དང་བདེ་དང་ང་དང་ངའི་ཞེས་སོགས་ཡང་དག་མིན་པ་རྣམ་པ་བཅུ་དྲུག་ཏུ་སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད་པ་དེ་སྲིད་པའི་རྩ་བ་ཡིན་པའི་ཕྱིར།
བཞི་པ་གཅེར་བུ་པའི་གྲོལ་ལམ་དགག་པ་ལ་བཞི། ལས་ལུས་ཡོད་པས་འཁོར་བ་དགག །ལས་ལུས་སྤོང་བའི་གཉེན་པོ་དགག །ལས་འབྲས་བཅད་པས་ཟད་པ་དགག །རང་ལ་ཁས་བླངས་འགལ་བས་དགག་པའོ། །
དང་པོ་ནི། གཅེར་བུ་པ་ན་རེ། སྲེད་པ་སྤངས་ཀྱང་ལས་ལུས་ཡོད་ན་འཁོར་བར་འགྱུར་རོ་ཞེ་ན། དགྲ་བཅོམ་ཆོས་ཅན། ལས་དང་ལུས་ངག་གནས་ན་ཡང༌། སྲིད་པར་སྐྱེ་བ་སྲིད་པ་མིན་ཏེ། རྒྱུ་གཅིག་སྲེད་པ་མེད་པའི་ཕྱིར། ཁྱབ་སྟེ། སྲིད་པར་སྐྱེ་བ་རྒྱུ་གསུམ་པ་ཅན་ཡིན་པའི་ཕྱིར། ས་བོན་མེད་པར་མྱུ་གུ་བཞིན་ནོ། །
གཉིས་པ་ནི། ལས་ལས་སྤངས་པས་ཀྱང་གྲོལ་བར་ཐལ། སྲིད་པར་སྐྱེ་བ་རྒྱུ་གསུམ་པ་ཅན་ཡིན་པའི་ཕྱིར་ཞེ་ན། ལས་དང་ལུས་དག་རྐྱང་པ་སྤོང་བ་མིན་ཏེ། དེ་སྤོང་བའི་གཉེན་པོ་དག་ནི་མེད་པའི་ཕྱིར་དང༌། དེ་སྤོང་བའི་ནུས་པ་མེད་པའི་ཕྱིར་ཏེ། སྲེད་པ་ནི་ཡོད་ན་ལས་ལུས་སླར་ཡང་འབྱུང་བའི་ཕྱིར་རོ། །ལས་སྲེད་གཉིས་སོ་སོར་ཟད་པའི་དོན་དུ་འབད་རིགས་སོ་ཞེ་ན་ཡང༌། ལས་རྐྱང་པ་ཟད་པའི་ཕྱིར་དུ་འབད་པ་བྱེད་པའི་དུབ་པ་དོན་མེད་ཡིན་པར་ཐལ། སྲེད་པ་མ་སྤངས་པར་ལས་སྤོང་མི་ནུས་པའི་ཕྱིར།
གསུམ་པ་ནི། གཉེན་པོ་དག་ནི་མེད་ཕྱིར་དང༌། (༣༥བ)ཞེས་པ་མ་གྲུབ་སྟེ། དཀའ་ཐུབ་ཀྱིས་སྔོན་གྱི་ལས་ཟད་ནས། ཕྱིས་ལས་མ་བསགས་པས་གྲོལ་བའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དཀའ་ཐུབ་ཀྱི་རྣམ་པ་འགས་དེ་སྐྱེད་པའི་འབྲས་བུ་ནི་ཆུང་བར་འགྱུར་བ་ཙམ་ཡིན་གྱི། རིགས་མི་མཐུན་པ་ཅན་གྱི་ལས་ཟད་ནུས་པ་མ་ཡིན་པར་ཐལ། དཀའ་ཐུབ་ཀྱི་ཉོན་མོངས་པའི་དངོས་པོ་གཅིག་གིས་ལས་ཀུན་མི་མཛད་པའི་ཕྱིར་ཏེ། ལས་རྣམས་ནུས་པ་ཐ་དད་དུ་རྗེས་སུ་དཔོག་པ་ཡིན་པའི་ཕྱིར་ཏེ། འབྲས་བུ་ཡིད་དུ་འོང་མི་འོང་སྣ་ཚོགས་མཐོང་བའི་ཕྱིར། ཅི་སྟེ་དཀའ་ཐུབ་ཀྱི་ནུས་པ་ཡིས་ལས་ཀྱི་ནུས་པ་འདྲེས་ནས་གཅིག་ཟད་པ་ན་ཀུན་ཟད་པ་ཡིན་ནོ་ཞེ་ན། གལ་ཏེ་དཀའ་ཐུབ་ཉོན་མོངས་ལས་གཞན་དུ་འདོད་དམ། ཉོན་མོངས་ཉིད་ཡིན། དང་པོ་ལྟར་ན། ཉོན་མོངས་པའི་ཆ་འགས་ལས་ཀུན་སྤོང་བའམ། ཉོན་མོངས་མེད་པར་ལས་ཀུན་སྤོང་བར་འགྱུར་བར་ཐལ། དཀའ་ཐུབ་གཅིག་གིས་ལས་ཀུན་སྤོང༌། དེ་ཉོན་མོངས་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ཡིན་ནོ་ཞེ་ན། དཀའ་ཐུབ་དེ་ནི་ཆོས་ཅན། ལས་ཀྱི་ནུས་པ་འདྲེས་པ་སོགས་སུ་འགྱུར་བ་མིན་པར་ཐལ། ལས་ངན་གྱི་འབྲས་བུ་ཡིན་པའི་ཕྱིར། བཞི་པ་ནི། སྲེད་པས་སྤངས་པས་ལས་ཀྱང་སྤོང་བའི་ཕྱིར། ལས་ཀྱི་གཉེན་པོ་མེད་པར་འདོད་པ་འགལ་ལོ་ཞེ་ན། གང་ཡང་སྐྱོན་རྣམས་འགོག་པར་བྱེད་པའི་བདག་མེད་པ་རྟོགས་པའི་ཤེས་རབ་ཆོས་ཅན། ཉེས་པ་དེས་བསྐྱེད་པའི་ལས་ལ་གནོད་ནུས་པར་འགྱུར་ཏེ། སྐྱེ་བར་འདོད་པའི་ཉེས་པའི་རྒྱུ་བདག་འཛིན་བཅོམ་པའི་ཕྱིར། བྱས་ཟིན་པའི་འབྲས་བུ་ཇི་ལྟར་ཉམས་པར་འགྱུར་ཏེ་མི་འགྱུར་བར་ཐལ། གྲུབ་ཟིན་སྤོང་མི་ནུས་པའི་ཕྱིར། སྲེད་པ་ལས་ལས་འབྱུང་བ་བཞིན་དུ། ལས་ལས་ཀྱང་(༣༦ན)སྲེད་པ་འབྱུང་ངོ་ཞེ་ན། དགྲ་བཅོམ་ཆོས་ཅན། ལས་ལས་ཉེས་པ་སྐྱེ་བ་མིན་ཏེ། སྲེད་པ་སྤངས་པའི་ཕྱིར། ཁྱབ་སྟེ། སྐྱོན་ལྡན་གྱི་ལས་ལས་ཉེས་པ་བྱེད་པར་འགྱུར་གྱི། བཟློག་པའི་ཉེས་པ་བྱེད་པ་མིན་པའི་ཕྱིར། ལས་ཀྱི་འབྲས་བུ་བདེ་བ་ལས་སྲེད་པ་སྐྱེ་བར་འགྱུར་རོ་ཞེ་ན། དགྲ་བཅོམ་ཆོས་ཅན། བདེ་བ་ལས་ཀྱང་འདོད་ཆགས་སྐྱེ་བར་མི་འགྱུར་བར་ཐལ། ལོག་པའི་རྣམ་རྟོག་མེད་པའི་ཕྱིར།
བདེ་གཤེགས་བསྟན་པ།
གཉིས་པ་བདེ་གཤེགས་ནི། བཅོམ་ལྡན་འདས་ཆོས་ཅན། དེ་ཁོ་ན་ཉིད་དང་བརྟན་པ་དང་མ་ལུས་པའི་ཁྱད་པར་མཁྱེན་པར་གྲུབ་སྟེ། སྐྱོབ་པ་མཐར་ཐུག་ཡིན་པ་དེའི་ཕྱིར། སྐབས་འདིར་བདེ་བར་གཤེགས་པ་རྟོགས་པའི་དོན་ཅན་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུ་སྐྱོབ་པ་ལས་རྟོགས་པ་ཕུན་ཚོགས་དཔོག་པའི་ཆེད་ཡིན་པའི་ཕྱིར། ཆོས་ཅན། ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པའི་ཉན་ཐོས་ལས་ལྷག་སྟེ། ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་ཡིན་པ་དེའི་ཕྱིར།
གཉིས་པ་རྒྱུ་ཕུན་ཚོགས་ལ་གཉིས། སྦྱོར་བ་ཕུན་ཚོགས། བསམ་པ་ཕུན་ཚོགས་སོ། །དང་པོ་ནི། བདེ་གཤེགས་དེ་རྒྱུ་གང་ལས་བྱུང་ཞེ་ན། བཅོམ་ལྡན་འདས་ཆོས་ཅན། གཞན་དོན་དུ་མཁྱེན་པའི་སྦྱོར་བ་གོམས་པའི་སྟོན་པ་དེ་སྔོན་དུ་སོང་སྟེ། རྟོགས་པ་ཕུན་ཚོགས་མངའ་བ་དེའི་ཕྱིར། གཉིས་པ་ནི། ཆོས་ཅན། བརྩེ་བ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། གཞན་དོན་དུ་མཁྱེན་པའི་སྦྱོར་བ་གོམས་པ་དེ་ལས་ཏེ་དེའི་ཕྱིར། ཆོས་ཅན། ཚད་མའི་སྐྱེས་བུར་སྒྲུབ་པ་ལ། སྙིང་རྗེ་སྔོན་དུ་སོང་བར་བསྒྲུབ་དགོས་ཏེ། རང་དོན་གྲུབ་ཀྱང་སྙིང་རྗེའི་དབང་གིས་གཞན་དོན་གྱི་ངོར། ཆོས་སྟོན་(༣༦བ)པའི་མཛད་པ་མི་འདོར་བའི་ཕྱིར།
གཉིས་པ་དོན་བསྡུ་བ་ནི། ཆོས་ཅན། ལེགས་པ་གསུང་སྟེ། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། བདེན་པ་གསུང་བར་མཛད་དེ། མཁྱེན་པའི་ཡེ་ཤེས་མཐར་ཕྱིན་པའི་ཕྱིར། ཆོས་ཅན། ཚད་མའི་སྐྱེས་བུ་ཉིད་ཡིན་ཏེ། མཁྱེན་པའི་ཡེ་ཤེས་སྒྲུབ་བྱེད་དང་བཅས་པ་དེ་དག་གསུང་བར་ཡང་མངོན་པར་སྦྱོར་བར་མཐར་ཕྱིན་པ་དང་ལྡན་པའི་གང་ཟག་ཡིན་པ་དེས་ནའོ། །
ཚད་མས་བསྟོད་པའི་དགོས་པ་བཤད་པ།
གསུམ་པ་ཚད་མས་བསྟོད་པའི་དགོས་པ་བཤད་པ་ནི། བཅོམ་ལྡན་འདས་ལ་ཡོན་ཏན་དུ་མ་མངའ་བ་ལ། ཚད་མས་བསྟོད་པའི་དགོས་པ་ཅི་ཡིན་ཞེ་ན། ཚད་མར་གྱུར་པ་དེ་ལྟ་བུའི་དངོས་པོས་སྟོན་པ་ལ་བསྟོད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། སྟོན་པ་དེའི་བསྟན་པ་ཉིད་ལས་ནི་ཚད་མའི་དེ་ཉིད་གྲུབ་བོ་ཞེས་པའི་དོན་ཡིན་པའི་ཕྱིར། མངོན་སུམ་གསུངས་མོད། རྗེས་དཔག་ཇི་ལྟར་བཞེད་ཅེ་ན། བཅོམ་ལྡན་འདས་ཆོས་ཅན། རྗེས་དཔག་བཞེད་དེ། རྗེས་སུ་དཔག་པ་མ་བཟློག་པའི་ཕྱིར་དང༌། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཐམས་ཅད་ནི་དགག་པའི་ཆོས་ཅན་ཡན་ནོ། །ཞེས་སོགས་རྣམ་པ་དུ་མར་ནི་རྗེས་དཔག་འདི་ཡི་སྦྱོར་བའང་གསུངས་པ་མཐོང་བའི་ཕྱིར། ཁྱབ་སྟེ། རྟགས་ཆོས་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་པའི་ཕྱིར་རོ། །ཆོས་ཅན། རྟགས་ཆོས་ཀྱི་འབྲེལ་བ་དེ་ཡང་གསལ་བར་བཤད་དེ། བསྒྲུབ་བྱའི་ཆོས་ཀྱིས་གཏན་ཚིགས་(༣༧ན)ལ་ཁྱབ་པ་ནི་དངོས་སུ་བསྟན་པའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་ལས་ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའི་བཤད་པའོ། །དགེ་ལེགས་འཕེལ།། །།
 
 
༄༅། །ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པ་ལས་མངོན་སུམ་ལེའུའི་རྣམ་བཤད་བཞུགས་སོ། །
གསུམ་པ་མངོན་གྱུར་གསལ་བྱེད་མངོན་སུམ་ལེའུ་བཤད་པ་ལ་གསུམ། ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ། མངོན་སུམ་རང་གི་ངོ་བོའི་ལོག་རྟོག་བསལ། ཚད་མའི་འབྲས་བུའི་ལོག་རྟོག་བསལ་བའོ། །
ཚད་མའི་གྲངས་དང་སྤྱོད་ཡུལ་ལ་ལོག་རྟོག་བསལ་བ།
དང་པོ་ལ་གཉིས། གྲངས་ངེས་སྒྲུབ། རྩོད་པ་སྤང་བའོ། །
དང་པོ་ལ་གསུམ། རྟགས་དགོད། ཚུལ་སྒྲུབ། དོན་བསྡུ་བའོ། །དང་པོ་ནི་གསར་དུ་མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་ན། དེ་ལ་དབྱེ་ན་དུ་ཞེ་ན། ཤེས་བྱ་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར། ཁྱབ་སྟེ། རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། མངོན་སུམ་ཚད་མ་ཡིན་དགོས། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན་རྗེས་དཔག་ཡིན་དགོས་པའི་ཕྱིར།
གཉིས་པ་ལ་གཉིས། ཕྱོགས་ཆོས་སྒྲུབ། ཁྱབ་པ་སྒྲུབ་པའོ། །
དང་པོ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །
དང་པོ་ལ་གསུམ། རྟགས་དགོད། ཁྱབ་བསྒྲུབ། རྩོད་པ་སྤང་བའོ། །དང་པོ་ནི། ཨུཏྤལ་སྔོན་པོ་ལྟ་བུ་རང་སྤྱི་འདྲེས་པའི་ཕུང་པོ་གསུམ་པ་ཡང་ཡོད་པ་མ་ཡིན་ནམ། (༢ན)ཇི་ལྟར་རང་སྤྱི་གཉིས་སུ་ངེས་ཞེ་ན། ཆོས་ཅན། གཞལ་བྱ་ལ་རང་སྤྱི་གཉིས་སུ་ངེས་ཏེ། གཞལ་བྱ་ལ་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་གཉིས་སུ་ངེས་པའི་ཕྱིར་དང༌། འདྲ་དང་མི་འདྲ་ཉིད་དེ་རང་སྣང་ཡུལ་དུ་བྱེད་པའི་བློ་ངོར་ཆོས་གཞན་ལ་རྗེས་འགྲོ་བྱེད་པར་སྣང་བ་དང་མི་སྣང་བའི་ཆོས་གཉིས་སུ་ངེས་པའི་ཕྱིར་དང༌། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲའི་ཡུལ་ཡིན་པ་དང༌། དེ་ལྟ་བུའི་ཡུལ་མིན་པ་གཉིས་སུ་ངེས་པའི་ཕྱིར་དང༌། གཟུང་དོན་ལས་རྒྱུ་མཚན་གཞན་ནི་ཡོད་པ་ན་ཡོད་པའི་རྟོག་བློའི་སྣང་ཡུལ་དང༌། རྟོག་མེད་ཤེས་པའི་སྣང་ཡུལ་གཉིས་སུ་ངེས་པའི་ཕྱིར། འོ་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་ཆོས་ཅན། ཡུལ་མ་ཡིན་པར་ཐལ། རང་སྤྱི་གང་ཡང་མ་ཡིན་པའི་ཕྱིར་ཏེ། དོན་བྱེད་མི་ནུས་པའི་ཕྱིར་དང་། གསལ་བར་སྣང་ཞིང་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། དོན་མིན་ཏེ། དོན་དུ་མོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། བུམ་པ་གང་ཡིན་པ་དེ་ཆོས་ཅན། བསྟན་བཅོས་འདིར་དོན་དམ་པར་ཡོད་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པའི་ཕྱིར། གཞན་རྟོག་པ་ལ་བུམ་པར་སྣང་བ་ནི་(༢བ)ཆོས་ཅན། ཀུན་རྫོབ་ཙམ་དུ་ཡོད་དེ། དོན་བྱེད་མི་ནུས་པའི་ཆོས་ཡིན་པའི་ཕྱིར། དེ་གཉིས་ལ་ཁྱབ་པ་ཡོད་དེ། དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་དེ་དག །རང་སྤྱིའི་མཚན་ཉིད་དུ་བཤད་པའི་ཕྱིར། གསུམ་པ་ནི། གལ་ཏེ་དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དུ་མི་འཐད་དེ། ཆོས་ཐམས་ཅད་ལ་དོན་དམ་པར་དོན་བྱེད་ནུས་པ་མེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་སྟེ། ས་བོན་སོགས་ནི་མྱུ་གུ་སོགས་ལ་ཕན་པའི་ནུས་པ་མཐོང་བའི་ཕྱིར། གལ་ཏེ་ས་བོན་ལས་མྱུ་གུ་སྐྱེ་བ་དེ་ཡང་ཀུན་རྫོབ་ཏུ་འདོད་དོ་ཞེ་ན། ས་བོན་ལས་མྱུ་གུ་སྐྱེ་བ་ཆོས་ཅན། ཅི་སྟེ་ཀུན་རྫོབ་ཙམ་དེ་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཡུལ་རང་ངོས་ནས་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། ས་བོན་ཆོས་ཅན། ཁྱོད་ལས་མྱུ་གུ་མི་སྐྱེ་བར་ཐལ། ཁྱོད་ལས་མྱུ་གུ་སྐྱེ་བར་ཡུལ་རང་ངོས་ནས་མ་གྲུབ་པའི་ཕྱིར། གལ་ཏེ་དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དུ་མི་འཐད་དེ། རང་སྤྱི་ཀུན་ལ་དེ་ཡོད་པའི་ཕྱིར་ཞེ་ན། སྤྱིའི་མཚན་ཉིད་ཆོས་ཅན། དོན་བྱེད་ནུས་པ་མིན་ཏེ། རང་འཛིན་གྱི་བློ་ལ་ཕན་པ་མ་མཐོང་བའི་ཕྱིར་ཏེ། རང་འཛིན་གྱི་བློ་དེ་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་མ་མཐོང་བའི་ཕྱིར། མི་མཐུན་དཔེ་ནི། མིག་དང་གཟུགས་སོགས་ཀྱིས་མིག་བློ་སྐྱེད་པ་བཞིན་ནོ། །ཤེས་བྱ་ཆོས་ཅན། སྤྱིའི་མཚན་ཉིད་རྗེས་འགྲོ་ལྡོག །ཅེས་པའི་རིགས་པ་དེས་ནི། རྫས་བུམ་པ་དང་ལས་འདོགས་པ་དང༌། སྤྱི་དང་ནི་ཡོན་ཏན་གྲངས་སོགས་འཛིན་པའི་བློ་ལ་ནི། གཟུང་དོན་མེད་པར་བཤད་པ་ཡིན་ཏེ། དེ་ལྟ་བུའི་བློ་དེ་བརྡ་དང་རྩོལ་བ་སོགས་ནང་གི་ཡན་ལག་གི་རྗེས་སུ་འཇུག་པའི་ཕྱིར། གལ་ཏེ་དོན་བྱེད་མི་ནུས་པས་སྤྱི་མཚན་ཡིན་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་ཀྱང་སྤྱི་མཚན་དུ་འགྱུར་རོ་ཞེ་ན། དེ་ལ་སྣང་བའི་སྐྲ་ཤད་སོགས་ནི་ཆོས་ཅན། སྤྱི་མིན་ཏེ། དོན་དུ་ཞེན་པ་མེད་པའི་ཕྱིར། འོ་ན། དངོས་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེ་ན། དངོས་པོར་མེད་པ་ཆོས་ཅན། ཁྱོད་ལ་དོན་དུ་ཞེན་པ་མེད་པའི་རྒྱུ་མཚན་གྱིས། སྤྱི་མཚན་མིན་པའི་ཉེས་པ་དག་ཏུ་ཐལ་བར་མི་འགྱུར་ཏེ། ཤེས་བྱར་འཛིན་ཅིང་ཞེན་པའི་ཕྱིར། སྐྲ་ཤད་འཛག་སྣང་གི་དབང་ཤེས་དེ་དག་གི་ཡང་རྗེས་སུ་སྐྱེས་པའི་རྟོག་པ་ལ་སྐྲ་ཤད་དེ་ལྟ་བུའི་དངོས་པོར་སྣང་བ་ཆོས་ཅན། སྤྱི་མཚན་ཡིན་ཏེ། སྤྱི་མཚན་ཡིན་པ་བཀག་པ་མེད་པའི་ཕྱིར། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་མ་གྲུབ་ན། དབང་ཤེས་འཁྲུལ་པ་ལ་སྣང་བའི་སྐྲ་ཤད་སྣང་བར་འགལ་ལོ་ཞེ་ན། མི་འགལ་ཏེ། དབང་ཤེས་འཁྲུལ་པ་ལ་སྐྲ་ཤད་གསལ་བར་སྣང་བ་ཉིད་ཆོས་ཅན། རང་མཚན་ཡིན་ཏེ། ཤེས་པའི་ངོ་བོའི་དོན་ཉིད་དམ་རྫས་ཡིན་པའི་ཕྱིར། འདི་སྐྲ་སོགས་སོ་ཞེས་བྱ་བར་མོས་པའི་བློ་དེ་དག་ནི་ཆོས་ཅན། ཁྱོད་ལ་སྣང་བ་དེ་སྤྱི་ཡིན་ཏེ། ཁྱོད་སྤྱིའི་སྤྱོད་ཡུལ་ཅན་གྱི་རྟོག་པ་ཡིན་པའི་ཕྱིར། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། གཟུང་དོན་མེད་པ་ཅན་ཡིན་ཏེ། ལོག་ཤེས་ཡིན་པའི་ཕྱིར། གལ་ཏེ་སྤྱི་འཛིན་རྟོག་པའི་གཟུང་རྣམ་ནི་ཆོས་ཅན། རང་མཚན་དུ་ཐལ་བར་འགྱུར་ཏེ། ཤེས་པའི་ངོ་བོའི་དོན་ཉིད་ཡིན་པའི་ཕྱིར་(༣བ)ཞེ་ན། དེ་ཆོས་ཅན། རང་མཚན་དུ་ཐལ་བའི་སྒོ་ནས་སྐྱོན་ཡོད་པ་མིན་ཏེ། རང་མཚན་དེ་ལྟར་འདོད་པའི་ཕྱིར། འོ་ན་རྟོག་པ་ལ་བུམ་པར་སྣང་བ་དེ་སྤྱི་ཇི་ལྟར་ཡིན་ཞེ་ན། དོན་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། སྤྱི་ཡིན་ཏེ། བུམ་གསལ་ཀུན་ལ་ངོ་བོ་མཚུངས་པར་རྗེས་སུ་འགྲོ་བའི་ཕྱིར་དང༌། བུམ་མིན་ལས་ལྡོག་པ་ལ་བརྟེན་པའི་རྟོག་པའི་སྣང་ཡུལ་ཡིན་པའི་ཕྱིར་རོ། །
གཉིས་པ་རྒྱས་པར་བཤད་པ་ལ་གསུམ། རྟོག་པའི་སྣང་བ་དངོས་མེད་དུ་སྒྲུབ། གཟུགས་སོགས་རང་མཚན་ཡིན་པར་སྒྲུབ། སྤྱི་མཚན་དེའི་དབྱེ་བ་བསྟན་པའོ། །
དང་པོ་ལ་བརྒྱད། བརྗོད་བྱ་ཡིན་པས་སྒྲུབ། གཅིག་དང་ཐ་དད་མིན་པས་སྒྲུབ། སྣང་ཚུལ་མཚུངས་པས་སྒྲུབ། སྤྱི་ཉིད་ཡིན་པས་སྒྲུབ། འབྲས་བུ་མིན་པས་སྒྲུབ། བརྡ་ལ་ལྟོས་པས་སྒྲུབ། ཡན་གར་དུ་མི་སྣང་བས་སྒྲུབ། དོན་བྱེད་ནུས་སྟོང་ཡིན་པས་སྒྲུབ་པའོ། །
དང་པོ་ལ་གཉིས། དངོས་དང༌། རྩོད་སྤང་ངོ༌། །
དང་པོ་ནི། སྒྲའི་ཡུལ་སྤྱི་མཚན་དུ་བསྟན་པ་ལ། རྟོག་པ་ལ་གཟུགས་སུ་སྣང་བ་ཆོས་ཅན། གཟུགས་སུ་ཐལ། གཟུགས་ཞེས་པའི་སྒྲའི་ཡུལ་ཡིན་པའི་ཕྱིར། གཟུགས་བཞིན་ནོ་ཞེ་ན། དེ་ཆོས་ཅན། དངོས་པོ་མིན་ཏེ། རང་སྣང་ཡུལ་དུ་བྱེད་པའི་རྟོག་བློ་ལ་ཇི་ལྟར་སྣང་བ་ལྟར་སྒྲས་བརྗོད་བྱ་ཉིད་ཡིན་པའི་ཕྱིར། འོ་ན། གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེ་ན། ཆོས་ཅན། རྟགས་དེ་མིན་པར་ཐལ། ཁྱོད་སྣང་ཡུལ་དུ་བྱེད་པ་ལ་དབང་སོགས་འབྲས་བཅས་ཉིད་ཡིན་པའི་ཕྱིར་རོ། །
གཉིས་པ་ལ་གསུམ། མིང་སོགས་བརྗོད་བྱར་འདོད་པ་དགག །སྤྱི་བརྗོད་བྱར་འདོད་པ་དགག །གཟུགས་སོགས་བརྗོད་བྱར་འདོད་པ་དགག་པའོ། །
དང་པོ་ལ་གཉིས། འདོད་པ་བརྗོད་ལ་དྲི་བ་དགོད། དྲིས་པའི་ལན་གསུམ་སོ་སོར་དགག་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། དབང་(༤ན)སོགས་དོན་མེད་དུ་ཐལ་བའི་སྐྱོན་མེད་དེ། བུམ་པ་ཞེས་པའི་སྒྲས་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་རྗོད་པའི་ཕྱིར་ཞེ་ན། དེ་ལྟར་ན། བུམ་པ་ཞེས་པའི་སྒྲས་འཆད་པ་པོ་དང་ཉན་པ་པོ་དང་འབྲེལ་བའི་མིང་སོགས་བརྗོད་དམ། བརྗོད་བྱ་བུམ་པ་དང་རྗེས་སུ་འབྲེལ་བ་ཅན་གྱི་མིང་སོགས་རྗོད་དམ། དེ་གསུམ་དང་འབྲེལ་བ་མེད་པ་ཅན་གྱི་མིང་སོགས་རྗོད་གྲང༌། གཉིས་པ་ནི། དང་པོ་ལྟར་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་སྐྱེས་བུ་དོན་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པའི་མིང་སོགས་ཁོ་ན་བརྗོད་པའི་ཕྱིར། གལ་ཏེ་བུམ་པ་དང་བུམ་པའི་མིང་སོགས་ཚུལ་འདྲ་བ་ལས། འཁྲུལ་ནས་དོན་བུམ་པ་ལ་འཇུག་པར་འགྱུར་རོ་ཞེ་ན། ཆོས་ཅན། ཁྱོད་ལས་དུས་ཀུན་ཏུ་བུམ་པ་ལ་མི་འཇུག་པར། རེས་འགའ་མིང་སོགས་ལ་འཇུག་པར་ཐལ། བུམ་པ་དང་བུམ་པའི་མིང་སོགས་ཚུལ་འདྲ་བ་ལས་འཁྲུལ་ནས་འཇུག་པ་ཙམ་ཡིན་པའི་ཕྱིར། དཔེར་ན། མཚེ་མ་བཞིན། ཆོས་ཅན། བུམ་པ་དང་བུམ་པའི་མིང་སོགས་ཡུལ་གཅིག་ཁོ་ན་ལ་འཁྲུལ་པ་མིན་པར་ཐལ། བུམ་པའི་མིང་སོགས་དེ་འཆད་ཉན་བྱེད་པའི་བློ་ཁོ་ན་དང་འབྲེལ་བའི་ཕྱིར། རྟགས་ཁས་བླངས། ཁྱེད་རང་ལ་ཡང་ཉེས་པ་མཚུངས་ཏེ། བུམ་པ་ཞེས་པའི་སྒྲས་རྟོག་པ་ལ་བུམ་པར་སྣང་བ་རྗོད་པའི་ཕྱིར་ཞེ་ན། ཆོས་ཅན། ཁྱོད་ཀྱིས་ཤེས་པ་ལ་བུམ་པར་སྣང་བ་རྗོད་པས། སྐྱེས་བུ་བུམ་པ་ལ་མི་འཇུག་པར་མཚུངས་པ་མིན་ཏེ། ཁྱོད་ཀྱིས་དེ་རྗོད་པས་བུམ་པའི་རྣམ་པར་ཤར་བ་དེ་འདྲའི་བློ་སྐྱེ་བའི་ཕྱིར། གཞན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཆོས་ཅན། ཤེས་པ་ལ་དོན་གྱི་རྣམ་པ་ཤར་བ་མེད་དེ། ཕྱི་རོལ་དོན་གྱི་རྣམ་ལྡན་དུ་སྣང་བའི་བློ་ནི་ཁས་ལེན་པ་མེད་པའི་ཕྱིར་རོ། །ཁས་ལེན་(༤བ)ནོ་ཞེ་ན་ཡང༌། མིང་སོགས་འཛིན་པའི་རྣམ་ཤེས་ཆོས་ཅན། ཁྱོད་ལས་ཐ་དད་པའི་མིང་སོགས་ནི། ཁྱོད་ཀྱི་གཟུང་དོན་དུ་ཚད་མས་གྲུབ་པ་ཅན་མིན་པར་ཐལ། མིང་སོགས་དང་ལྡོག་པ་གྲུབ་པ་མེད་པའི་ཕྱིར་རོ། །དེ་མ་གྲུབ་སྟེ། ཤེས་པ་ཀུན་གཟུང་དོན་དང་ལྡན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཤེས་པ་ཀུན་གཟུང་དོན་དང་ལྡན་པ་དེ་འཐད་པ་མིན་པར་ཐལ། རྨི་ལམ་སོགས་ཀྱི་ཤེས་པ་གཟུང་དོན་དང་ལྡན་པ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །རྟགས་མ་གྲུབ་སྟེ། ལྡན་མིན་འདུ་བྱེད་དེ་གཟུང་དོན་དུ་འདོད་དོ་ཞེ་ན། རྨི་ལམ་གྱི་ཤེས་པ་ཆོས་ཅན། ལྡན་མིན་འདུ་བྱེད་ཀྱི་གཟུང་དོན་ལས་ཀྱང་སྐྱེ་བ་མིན་པར་ཐལ། སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཕྱིར་རོ། །རྨི་ལམ་ན་སྔོན་པོར་སྣང་བ་དེ་ཕྱི་རོལ་གྱི་སྔོན་པོ་ཡིན་པས་དེ་གཟུང་དོན་དུ་བྱེད་དོ་ཞེ་ན། རྨི་ལམ་ན་སྔོན་པོར་སྣང་བ་ཆོས་ཅན། ཕྱི་རོལ་གྱི་སྔོ་སོགས་མིན་པར་ཐལ། ཐོགས་མེད་ཡིན་པའི་ཕྱིར། འོ་ན་དེ་གང་ཞེ་ན། དེ་ཆོས་ཅན། ཤེས་པའི་རང་བཞིན་ཡིན་ཏེ། ཡུལ་རུང་བ་ན་གནས་པས་མི་ཤེས་པར། རྨི་བ་པོ་རང་ཉིད་ཀྱིས་མྱོང་བའི་ཚུལ་གྱིས་ཤེས་པའི་ཕྱིར། བཤད་མ་ཐག་པ་དེས་ནི་མིང་སོགས་ཆོས་ཅན། ཤེས་པའི་རང་བཞིན་དུ་རྗོད་པ་ཡིན་ཏེ། ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་མི་ངེས་པར། རྟོགས་པ་པོ་རང་ཉིད་ཀྱིས་མྱོང་བའི་ཚུལ་གྱིས་ཤེས་པའི་ཕྱིར། གཞན་ཡང་མིག་ལ་སོགས་པའི་བློ་འདོད་པ་དེ་ཉིད་གང་གིས་གཟུང་དོན་དང་ལྡན་པར་འདོད་ཅེས་དྲིས་པས། གལ་ཏེ་གཟུང་དོན་གྱི་ནུས་པ་ལས་སྐྱེ་བར་མཐོང་བའི་ཕྱིར་ཞེ་ན། གཞན་མིང་སོགས་འཛིན་པའི་རྟོག་པ་ཆོས་ཅན། གཟུང་དོན་མེད་པ་ཅན་ཐོབ་པར་འགྱུར་བར་ཐལ། གཟུང་དོན་གྱི་ནུས་པ་ལས་སྐྱེ་བར་མ་མཐོང་བའི་ཕྱིར། འབྲེལ་མེད་ཀྱི་མིང་སོགས་རྗོད་དོ་ཞེ་ན་ཡང༌། བུམ་པ་ཞེས་པའི་སྒྲ་ཆོས་ཅན།(༥ན) ཁྱོད་ལས་སྐྱེས་བུ་བུམ་པ་ལ་འཇུག་པར་མི་འགྱུར་བར་ཐལ། འབྲེལ་མེད་ཀྱི་མིང་སོགས་རྗོད་པའི་ཕྱིར། གལ་ཏེ་དོན་བུམ་པ་དང་འབྲེལ་བའི་མིང་སོགས་བརྗོད་བྱར་ལྡན་ན། ཤེས་བྱ་ཆོས་ཅན། འདས་པ་དང་མ་འོངས་པའི་བུམ་པ་ད་ལྟ་བརྗོད་བྱ་མིན་པར་ཐལ། ད་ལྟ་དོན་འདས་པའི་བུམ་པ་དང་དེའི་མིང་སོགས་དེ་ནི་ཟད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་སོགས་དོན་མེད་དུ་ཐལ་བར་མི་འདོད་དེ། སྒྲ་ཡིས་སྤྱི་ཡན་གར་བ་ནི་རྗོད་པའི་ཕྱིར་ཞེ་ན། སྤྱི་ཡན་གར་བརྗོད་པས་དབང་སོགས་དོན་མེད་པ་དེ་མིན་པར་ཐལ། སྤྱི་ཡན་གར་བ་བརྗོད་པ་མེད་པའི་ཕྱིར་རོ། །རྗོད་དོ་ཞེ་ན་ཡང༌། སྤྱི་དེ་ཆོས་ཅན། གསལ་བ་ལ་མཚུངས་པར་ཡོད་པ་མིན་པ་དང༌། གསལ་བས་གསལ་བ་མིན་པར་ཐལ། གསལ་བ་ལ་ལྟོས་མེད་ཡན་གར་བར་སྒྲས་རྗོད་པའི་ཕྱིར། ཆོས་ཅན། རྟག་ཏུ་དམིགས་པར་འགྱུར་ཏེ། གསལ་བ་ལ་ལྟོས་མེད་ཀྱི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་གསལ་བས་གསལ་བ་ལས། མངོན་སུམ་ལ་གསལ་བ་ཡིན་ནོ་ཞེ་ན། སྤྱི་གང་དེ་ཆོས་ཅན། རང་འཛིན་ཤེས་པ་རྟག་ཏུ་སྐྱེད་ནུས་ཉིད་ཡིན་པར་ཐལ། བདག་ལ་དམིགས་པའི་ཤེས་པ་སྐྱེད་པ་ལ། ནུས་པ་དང་ལྡན་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་འགའ་ཞིག་གི་ཚེ་ནུས་པ་མེད་དོ་ཞེ་ན། དེ་ནི་ཆོས་ཅན། ཀུན་གྱི་ཚེ་ནུས་མེད་དུ་འགྱུར་བར་ཐལ། དུས་འགའ་ཞིག་གི་ཚེ་ནུས་མེད་གང་ཞིག །རྟག་པ་ཡིན་པའི་ཕྱིར། དེ་གཉིས་ལ་ཁྱབ་པ་ཡོད་དེ། ངོ་བོ་ཉིད་ཀྱིས་གང་གནས་པའི་སྤྱི་ཆོས་ཅན། རང་འཛིན་ཤེས་པ་སྐྱེད་པ་དེའི་ནུས་པའམ། ནུས་པ་མེད་པ་དེ་ཟད་པར་བྱ་བའི་ཕྱིར་དུ་ནུས་པ་གང་ཡང་མེད་པར་ཐལ། རྐྱེན་གྱིས་བཅོས་སུ་ཡོད་པ་མིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། སྤྱིའི་རྣམ་པར་ཤེས་པ་དེ་དང་རྗེས་སུ་འབྲེལ་བའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་ནི་རྣམ་པར་(༥བ)ངེས་པ་གང་ཡིན་པ་དེ་ནི། སྤྱི་འཛིན་གྱི་བློ་དེ་ལ་སྤྱི་གང་གིས་སྤྲུལ་ཅིང་སྐྱེད་དེ་མ་སྐྱེད་པར་ཐལ། སྤྱི་འཛིན་གྱི་བློས་སྤྱི་ཡན་གར་པ་འཛིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་རྗོད་བྱེད་ཀྱི་སྒྲས་གཟུགས་སོགས་བརྗོད་ཀྱང་དབང་པོའི་ཤེས་པ་ཆོས་ཅན། དོན་མེད་མིན་ཏེ། གཟུགས་སོགས་མངོན་སུམ་དུ་ཤེས་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་ཞེ་ན། དབང་ཤེས་དང་རྟོག་བློ་ཆོས་ཅན། སྒྲ་སོགས་ལས་གསལ་མི་གསལ་ཐ་དད་དུ་སྣང་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོ་གཅིག་གཟུང་དོན་དུ་བྱེད་པར་འདྲ་བའི་ཕྱིར།
གཉིས་པ་གཅིག་དང་ཐ་དད་མིན་པས་སྒྲུབ་པ་ལ་གསུམ། དངོས། དེས་གྲུབ་པའི་དོན། རྩོད་པ་སྤང་བའོ། །དང་པོ་ནི། བུམ་སྤྱི་ཆོས་ཅན། དངོས་པོའི་རང་བཞིན་དུ་མེད་པར་གྲུབ་སྟེ། བུམ་གསལ་དང་རྫས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པ་དེའི་ཕྱིར། གྲངས་ཅན་ན་རེ། རྫས་གཅིག་ཡིན་ནོ་ཞེ་ན། རིགས་ལྡན་གསེར་བུམ་ཆོས་ཅན། བུམ་གསལ་གྱི་རིགས་མིན་པར་ཐལ། གང་གི་ཕྱིར་གསལ་བའི་ངོ་བོ་གཞན་རྫ་བུམ་ལ་རྗེས་སུ་འགྲོ་བ་བརྟེན་པ་མེད་པའི་ཕྱིར། བྱེ་བྲག་པ་ན་རེ། གལ་ཏེ་རྫས་ཐ་དད་དུ་གྲུབ་བོ་ཞེ་ན། བུམ་སྤྱི་ཆོས་ཅན། བུམ་གསལ་གྱི་འབྲས་བུ་ཉིད་དུ་བརྗོད་པར་ཐལ། དེ་དང་རྫས་ཐ་དད་གང་ཞིག །དེ་ལ་ལྟོས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱུ་འབྲས་མིན་པའི་སྤྱི་གསལ་ཇི་ལྟར་ཡང་དོན་དམ་པར་ཅི་ཞིག་འབྲེལ་ཏེ་མ་འབྲེལ་བར་ཐལ། རྒྱུ་འབྲས་སུ་གྱུར་པའི་ས་མྱུག་ལྟ་བུ་ཡང་དོན་དམ་པར་མ་འབྲེལ་བའི་ཕྱིར་ཏེ། འབྲས་བུ་མྱུ་གུ་དེ་གྲུབ་རྗེས་སུ་ས་བོན་ལ་རག་ལས་པ་མེད་པར་ཡང་རྟོག་པ་ཡིས་ནི་འབྲེལ་བར་བྱེད་པའི་ཕྱིར། ཇི་ལྟར་རག་མ་ལས་ཤེ་ན། མྱུ་གུ་ཆོས་ཅན། རང་གྲུབ་རྗེས་སུ་ས་བོན་ལ་རག་ལས་པ་མེད་དེ། རང་གི་རྒྱུ་ལས་གྲུབ་པའི་ཕྱིར། བུམ་སྤྱི་དེ་ཆོས་ཅན། བུམ་གསལ་དང་འབྲེལ་མེད་དུ་ཐལ། བུམ་གསལ་དང་རྫས་(༦ན)གཞན་ཉིད་ཡིན་པ་གང་ཞིག །དེའི་འབྲས་བུ་མིན་པའི་ཕྱིར། གལ་ཏེ་དངོས་མེད་ཀྱང་སྤྱི་ཡིན་ན། རི་བོང་གི་རྭ་ཡང་སྤྱིར་ཐལ་ལོ་ཞེ་ན། མེད་པ་རི་བོང་གི་རྭ་ཆོས་ཅན། རིགས་སུ་ཐལ་བར་མི་འགྱུར་ཏེ། གསལ་བ་དེ་ལ་ལྟོས་པ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟོག་པ་ལ་བུམ་པར་སྣང་བ་དངོས་མེད་ཡིན་ན། སྒྲས་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། བུམ་པའི་ངོ་བོ་ལ་བརྟེན་ནས་ངོ་བོ་མེད་པའི་རིགས་སུ་བརྟགས་པའི་རྟོག་པ་ལ་བུམ་པར་སྣང་བ་སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན་པ་ཆོས་ཅན། དོན་ཡོད་དེ། ཁྱད་པར་བུམ་པ་དེ་ལ་འཇུག་པའི་དོན་ཅན་ཡིན་པ་དེའི་ཕྱིར། རྟོག་པ་ལ་བུམ་པར་སྣང་བ་དེ་ལ་བུམ་པའི་ངོ་བོ་སྣང་བའམ། དོན་བུམ་པ་ལ་བུམ་སྤྱི་དེ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ཆོས་ཅན། འཁྲུལ་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་རང་མཚན་མཐོང་བ་གོམས་པའི་སྟོབས་ཀྱིས་སྤྲུལ་པ་ཡིན་པའི་ཕྱིར། དོན་རྣམས་ཀྱི་ནི་སྤྱི་གང་ཡིན་པ་གཞན་ལས་ལྡོག་པའི་མཚན་ཉིད་ཅན་སྒྲ་འདི་དག་གིས་གང་བརྗོད་པ་དེ་ཆོས་ཅན། ཁྱོད་ལ་དངོས་པོའི་ངོ་བོ་ཅུང་ཟད་མེད་དེ། རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། བུམ་སྤྱི་འཛིན་པའི་བློ་ཆོས་ཅན། འཁྲུལ་པ་ཡིན་ཏེ། བུམ་པའི་ངོ་བོར་མེད་པ་ཅན་གྱི་སྤྱི་བུམ་པ་ཉིད་དུ་ནི་མཐོང་བའི་ཕྱིར། དོན་ལ་མེད་པའི་བུམ་སྤྱིར་འདོད་པ་དེ་ཡང་ཆོས་ཅན། དངོས་པོའི་ངོ་བོ་ཅན་མིན་ཏེ། རྟོག་པས་བསླད་པའི་ཕྱིར་དང༌། དེ་ཉིད་དུ་དོན་དངོས་སུ་མེད་པའི་ཕྱིར་དང༌། ཆོས་ཅན། ངོ་བོ་མེད་པ་ཅན་ཡིན་ཏེ། བུམ་གསལ་དང་རྫས་གཅིག་དང་ཐ་དད་གང་དུ་ཡང་བརྗོད་བྱ་མིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཆོས་ཅན། བུམ་གསལ་དང་རྫས་གཅིག་དང་ཐ་དད་མིན་ཡང་དངོས་པོར་འདོད་དེ། སྣམ་བུའི་སྤྱི་འགའ་ཞིག་ལས་རྫས་ཐ་དད་དུ་བརྗོད་བྱ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། བུམ་གསལ་རྣམས་ལས་ཇི་(༦བ)ལྟར་ཡང་རྫས་གཅིག་དང་ཐ་དད་གང་རུང་དུ་བརྗོད་བྱ་མིན་པ་ཉིད་མ་ཡིན་ཏེ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། བུམ་པའི་སྤྱི་སྣམ་བུའི་སྤྱི་དང་རྫས་གཞན་དུ་བརྗོད་བྱ་མིན་པར་ཐལ། ཉེར་ལེན་བུམ་སྣམ་རྫས་ཐ་དད་པའི་ཕྱིར་སྣམ་བུའི་སྤྱི་དང་རྫས་ཐ་དད་དུ་ཉེ་བར་བཏགས་པའི་ཕྱིར། འདས་པ་དང་ནི་མ་འོངས་པའི་དོན་ལའང་སྤྱི་དངོས་པོ་བའི་རྒྱུ་ཅན་གྱིས། མཉན་པ་དག་ན་འཇུག་པར་འགྱུར་བས་སྤྱི་དངོས་པོ་ཡིན་ནོ་ཞེ་ན། ཆོས་ཅན། ད་ལྟ་མེད་པ་འདས་པ་མ་འོངས་ཀྱི་བུམ་པའི་ཆོས་སུ་ད་ལྟ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྟག་པའི་དངོས་པོར་ཡོད་པའི་ཕྱིར། འདོད་ན། འདས་མ་འོངས་ཀྱི་བུམ་པ་ལ་ད་ལྟ་བུམ་པ་ཞེས་པའི་སྒྲ་མི་འཇུག་པར་ཐལ་ལོ། །གལ་ཏེ་འདས་མ་འོངས་ཀྱི་བུམ་པ་ལ་བུམ་པ་ཞེས་པའི་སྒྲ་དེ་ཉེ་བར་བཏགས་པ་ལས་འཇུག་པར་འདོད་དོ་ཞེ་ན། བུམ་པ་ཞེས་པའི་སྒྲ་གང་ཞིག་ཆོས་ཅན། འདས་མ་འོངས་ཀྱི་བུམ་པ་ལ་བཏགས་མིང་དུ་འཇུག་ལ། སྣམ་སོགས་ལ་བཏགས་མིང་དུ་མི་འཇུག་པའི་ཁྱད་པར་མེད་པར་ཐལ། སྣམ་སོགས་ལ་འཇུག་པ་མེད་ལ། ད་ལྟར་བའི་བུམ་པའི་དངོས་པོར་མེད་པའི་འདས་མ་འོངས་ཀྱི་བུམ་པ་དང་ནི་ཉེ་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར། སེང་གེ་ཞེས་པའི་སྒྲ་ཆོས་ཅན། རི་དྭགས་ཀྱི་རྒྱལ་པོ་ལ་རྟག་ཏུ་དངོས་མིང་དང༌། བྲམ་ཟེའི་ཁྱེའུ་ལ་སྒྲོ་འདོགས་པའི་བཏགས་མིང་དེ་ལྟར་རྗོད་པའང་འཇིག་རྟེན་ན་ཡོད་དེ། རི་དྭགས་ཀྱི་རྒྱལ་པོ་ལ་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག །ཁྱོད་ལས་རི་དྭགས་ཀྱི་རྒྱལ་པོ་ལ་བློ་ནི་འཁྲུལ་བ་མེད་པར་འཇུག་ཅིང༌། བྲམ་ཟེའི་ཁྱེའུ་ལ་རི་དྭགས་ཀྱི་རྒྱལ་པོ་དང་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྤྱི་དོན་གཞན་ཡོད་པ་རྗོད་པ་དངོས་མིང་དང༌། སྤྱི་དོན་གཞན་མེད་པ་རྗོད་པ་བཏགས་མིང་དུ་མི་རིགས་པར་ཐལ། (༧ན)སྤྱི་དོན་གཞན་མེད་ན་ཡང༌། འགྲོ་བ་ཡིས་གང་ལ་ཐོག་མར་གྲགས་པས་སྒྲ་བཀོད་པའི་མིང་དེ་དོན་དེ་ལ་དངོས་མིང་དང༌། དངོས་མིང་དུ་འཇུག་པའི་དོན་དེ་དང་མཚུངས་པའི་ཕྱིར་འཁྲུལ་རྟོག་ཅན་ཏེ་རྗེས་གྲུབ་ཏུ་འཇུག་པའི་མིང་དེ་གཞི་དེ་ལ་ཕལ་པ་བཏགས་མིང་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན། བུའི་དངོས་པོ་ཕའི་འདོད་དོན་བསྒྲུབ་ནུས་སུ་མེད་པ་ལ་བུ་མེད་ཅེས་པའམ། གྲངས་ཅན་གྱི་རྟོག་པ་ཇི་བཞིན་དུ། ཡུལ་མིའི་འདོད་དོན་བསྒྲུབ་ནུས་ཀྱི་མི་རྒན་ལའང༌། གཙོ་བོ་ལ་སོགས་པའི་མཉན་པ་སྐྱེ་བོས་བྱས་པ་ཡིན་པ་བཞིན་ནོ། །
གསུམ་པ་སྣང་ཚུལ་མཚུངས་པས་སྒྲུབ་པ་ནི། མ་ཞིག་པ་ད་ལྟར་གྱི་བུམ་པ་ལའང་རྟོག་པའི་བློ་ཆོས་ཅན། གཟུང་དོན་དངོས་པོར་མེད་དེ། སྒྲ་ལས་ཞིག་པ་ལ་རྟོག་པའི་བློ་ལ་ཇི་འདྲར་སྣང་བ་དེ་འདྲ་བར་སྣང་ཚུལ་མཚུངས་པའི་ཕྱིར། ཁྱབ་སྟེ། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་གཟུང་དོན་ཡོད་པ་ཅན་ལ། ཞིག་པ་ལ་རྟོག་པའི་བློ་དང་སྣང་ཚུལ་མཚུངས་པ་དེ་དག་མེད་པའི་ཕྱིར། མ་ཁྱབ་སྟེ། སྤྱི་ཙམ་གཟུང་དོན་དུ་འཛིན་པར་བྱེད་པའི་ཕྱིར། སེམས་གཉིས་པོ་དག་སྣང་ཚུལ་མཚུངས་པ་ཡིན་ནོ་ཞེ་ན། ཆོས་ཅན། སྤྱི་དེ་འབའ་ཞིག་ནི་འཛིན་པར་བྱེད་པ་མིན་པར་ཐལ། དེ་སྔར་ནི་རྣམ་པར་བཟློག་ཟིན་པའི་ཕྱིར།
བཞི་པ་སྤྱི་ཉིད་ཡིན་པས་སྒྲུབ་པ་ནི། བུམ་གསལ་རྣམས་ནི་ཆོས་ཅན། ཁྱད་མེད་ངོ་བོར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཕན་ཚུན་རྫས་ཐ་དད་པའི་ཁྱད་པར་ཅན་ཡིན་པའི་ཕྱིར། མ་ཁྱབ་སྟེ། རང་བཞིན་གཅིག་པ་དང་གནས་སྐབས་རྫས་ཐ་དད་པའི་ངོ་བོ་ཉིད་གཉིས་ཡོད་པའི་ཕྱིར་ཞེ་ན་ཡང༌། དེ་ཆོས་ཅན། དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་གསལ་བ་དེ་དག་ལ་མཚུངས་པར་ཡོད་(༧བ)པའི་སྤྱི་དངོས་པོ་བ་དེ། གསལ་བ་དེ་དག་ལས་རྫས་གཞན་ཉིད་ཡིན་ནོ་ཞེ་ན། སྤྱི་ཆོས་ཅན། གསལ་བ་དེ་དག་གི་སྤྱི་ཞེས་པ་འབྲེལ་མེད་དུ་འགྱུར་བར་ཐལ། གསལ་བ་དང་རྫས་ཐ་དད་པའི་ཕྱིར། བུམ་མིན་ལས་ལྡོག་པར་སྣང་བ་ལ་ནི་ཆོས་ཅན། རྫས་གཅིག་དང་ཐ་དད་བརྟགས་ནས་སུན་དབྱུང་དུ་མེད་དེ། དངོས་མེད་དུ་ཁས་ལེན་པའི་ཕྱིར། གསལ་བ་ལ་མཚུངས་པ་ཉིད་ཀྱི་སྤྱི་འདི་ཆོས་ཅན། དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ། སྤྱི་མཚན་ཡིན་པ་དེའི་ཕྱིར།
ལྔ་པ་འབྲས་བུ་མིན་པས་སྒྲུབ་པ་ནི། སྤྱི་དེ་འབྲས་བུ་ཡིན་ནམ་མིན། སྤྱི་དེ་འབྲས་བུའོ་ཞེ་ན། སྤྱི་ཆོས་ཅན། ཆ་དུ་མ་དང་འཇིག་པར་འགྱུར་བར་ཐལ། འབྲས་བུ་ཡིན་པའི་ཕྱིར། དེ་ཡང་འདོད་པ་མིན་ཏེ། རྟག་པ་དང་གཅིག་པུར་འདོད་པའི་ཕྱིར། ཆོས་ཅན། རྟག་པ་ཉིད་མིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། འཇིག་པ་དངོས་པོ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར། གཉིས་པ་ལྟར་ན། རིགས་རྣམས་ཆོས་ཅན། གསལ་བ་ལ་དོན་དམ་པར་མ་འབྲེལ་བ་དང༌། དངོས་མེད་དུ་འགྱུར་བར་ཐལ། འབྲས་བུ་མིན་པའི་ཕྱིར།
དྲུག་པ་བརྡ་ལ་ལྟོས་པས་སྒྲུབ་པ་ནི། སྤྱི་འཛིན་པའི་བློ་ཆོས་ཅན། གཟུང་དོན་མེད་དེ། བརྡ་ལ་མི་ལྟོས་པ་དེ་ལྟར་སྣང་བ་མེད་པར། རང་ཡུལ་འཛིན་པ་བརྡ་ལ་ལྟོས་པའི་ཕྱིར། ཁྱབ་སྟེ། གཟུང་དོན་དངོས་པོའི་སྟོབས་ཀྱིས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་བརྡ་དག་ལ་ལྟོས་པ་མ་ཡིན་པའི་ཕྱིར། རྩ་རྟགས་མ་གྲུབ་སྟེ། བརྡ་མི་ཤེས་ཀྱང་ཁུ་ཡུ་དང་དཀར་ཟལ་ལ་རིགས་གཅིག་ཏུ་འཛིན་པའི་ཕྱིར། དེ་ཡང་སྤྱི་དངོས་པོ་བའི་དབང་གིས་ཡིན་ནོ་ཞེ་ན། བ་ལང་གི་དངོས་པོ་གཉིས་མཐོང་བ་ལ་བརྡ་མེད་ན་ཡང༌། རིགས་ཐ་དད་མེད་པའི་བློ་འགའ་ཞིག་རྗེས་སུ་འཇུག་པ་གང་ཡིན་པ་དེ་ཆོས་ཅན། སྤྱི་དངོས་པོ་བའི་དབང་གིས་མིན་ཏེ། བཞོ་བཀལ་གྱི་དོན་(༨ན)བྱེད་པ་ཉེ་བ་དང་འབྲེལ་བས་ཡིན་པའི་ཕྱིར། ཇི་ལྟར་རིགས་དངོས་པོ་བ་མེད་ཀྱང་མིག་གི་ཤེས་པའི་འབྲས་བུ་ཅན་དུ་མིག་སོགས་ཉེ་བར་འདོད་པ་བཞིན། ཁུ་ཡུ་དང་དཀར་ཟལ་ཆོས་ཅན། བ་ལང་གི་རིགས་ཀྱང་རྗེས་སུ་འགྲོ་བ་ཡིན་ཏེ། གང་གིས་བ་ལང་མིན་པ་ལས་རྣམ་པར་ཕྱེ་བ་ཡིས་སོ། །
བདུན་པ་ཡན་གར་དུ་མི་སྣང་བས་སྒྲུབ་པ་ནི། སྤྱི་ཆོས་ཅན། དངོས་མེད་ཡིན་ཏེ། རྣམ་པ་འགས་ཀྱང་རྣམ་ཤེས་མ་འཁྲུལ་པ་ལ་དངོས་པོར་སྣང་བ་མེད་པའི་ཕྱིར་རོ། །འོ་ན། མིག་གི་དབང་པོ་ཆོས་ཅན། མེད་པར་ཐལ། མ་མཐོང་བའི་ཕྱིར་ཞེ་ན། དབང་པོ་རྣམས་ཆོས་ཅན། གལ་ཏེ་ལྟ་བ་པོ་ཀུན་མཁྱེན་ཡོད་ན། ཁྱོད་ཀྱི་ལུས་སྣང་བར་འགྱུར་ཏེ། གཟུགས་ཅན་ཡིན་པའི་ཕྱིར། རིགས་རྣམས་ནི་ཆོས་ཅན། ཀུན་མཁྱེན་གྱིས་ཀྱང་མཐོང་བ་མིན་ཏེ། ནམ་ཡང་ཡན་གར་དུ་མཐོང་བ་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། གསལ་བ་འཛིན་པའི་ཚེ་ནའང་རིགས་ཡན་གར་བ་མཐོང་བ་མེད་དེ། དེའི་ཚེ་ནའང་གསལ་བ་དེའི་སྒྲ་དང་ཁ་དོག་དབྱིབས་སོགས་ཀྱི་ངོ་བོ་ལས་གཞན་སྣང་བ་མེད་པའི་ཕྱིར།
བརྒྱད་པ་དོན་བྱེད་ནུས་སྟོང་ཡིན་པས་སྒྲུབ་པ་ནི། སྤྱི་དེ་ནི་ཆོས་ཅན། དངོས་པོའི་རང་བཞིན་དུ་མེད་དེ། དོན་བྱེད་པ་དེ་མི་རུང་བའི་ཕྱིར་ཏེ། རང་འཛིན་ཤེས་པ་སྐྱེད་པ་ཙམ་གྱིའང་དོན་བྱེད་པར་མི་རུང་བའི་ཕྱིར། རྩ་བར་ཁྱབ་སྟེ། དོན་བྱེད་མི་ནུས་པ་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
གཉིས་པ་གཟུགས་སོགས་རང་མཚན་དུ་བསྟན་པ་ནི། གཟུགས་གང་ཡིན་པ་དེ་ནི་ཆོས་ཅན། རང་གི་མཚན་ཉིད་དུ་འདོད་དེ། ཇི་སྐད་བཤད་པ་ལས་བཟློག་པ་དོན་བྱེད་ནུས་པ་སོགས་ཡིན་པའི་ཕྱིར།
གསུམ་པ་སྤྱི་མཚན་དེའི་དབྱེ་བ་བསྟན་པ་ལ་གཉིས། དངོས། རྩོད་སྤང་བའོ། །དང་པོ་ནི། (༨བ)སྤྱི་དངོས་མེད་ཡིན་ན་དེ་ལ་དབྱེ་བ་མེད་པར་འགྱུར་རོ་ཞེ་ན། སྤྱི་དེ་ལའང་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དངོས་པོ་དང་དངོས་མེད་དང་གཉིས་ཀ་ལ་བརྟེན་པའི་སྤྱི་རྣམས་སུ་ཡོད་པའི་ཕྱིར། དཔེ་རིམ་བཞིན་རྟོག་པ་ལ་བུམ་པ་དང་དངོས་མེད་དང་ཤེས་བྱར་སྣང་བ་ལྟ་བུའོ། །
གཉིས་པ་ནི། གལ་ཏེ་དངོས་པོ་ལ་བརྟེན་པའི་བུམ་འཛིན་རྟོག་པ་ཆོས་ཅན། བུམ་པའི་དངོས་པོ་གཟུང་དོན་དུ་ཤེས་པར་འགྱུར་བར་ཐལ། དངོས་པོ་བུམ་པ་ལ་འབྲེལ་བའི་ཕྱིར་ཞེ་ན། ཆོས་ཅན། དམ་བཅའ་དེ་མིན་པར་ཐལ། དེ་ལ་ལན་བཏབ་ནས་བཀག་པའི་ཕྱིར་དང༌། འདས་སོགས་ལ་རྟོག་པའི་བློ་གཟུང་དོན་དང་ལྡན་པ་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །གལ་ཏེ་རྟོག་པ་ལ་བུམ་པར་སྣང་བ་ཆོས་ཅན། བུམ་པའི་དངོས་པོའི་ཆོས་ཉིད་ཡིན་པ་ཉམས་པར་ཐལ། བུམ་པ་ལ་འབྲེལ་བའི་ཕྱིར་ཞེ་ན། ཆོས་ཅན། བུམ་པའི་ཆོས་མིན་པའི་ཉེས་པ་འདི་མེད་དེ། བུམ་པའི་དངོས་པོ་འཛིན་པའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྟོག་པས་བུམ་པ་དེའི་ཆོས་སུ་ཤེས་པ་ཡིན་པའི་ཕྱིར།
གསུམ་པ་དོན་བསྡུ་བ་ལ་གཉིས། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ནི། ཤེས་བྱ་ཆོས་ཅན། དོན་བྱེད་ནུས་པའི་གཞལ་བྱ་རང་གི་མཚན་ཉིད་གཅིག་པུར་ངེས་ཏེ། བླང་དོར་གྱི་འབྲས་བུ་ཡོད་མེད་ཉིད་དུ་དཔྱོད་པ་རྣམས་ཀྱི་དོན་དུ་གཉེར་བྱ་རང་མཚན་དེ་ཁོ་ན་ལས་གྲུབ་པའི་ཕྱིར། འོ་ན། སློབ་དཔོན་གྱིས་གཞལ་བྱ་རང་སྤྱི་གཉིས་སུ་བཤད་པ་ཇི་ལྟར་ཡིན་ཞེ་ན། ཆོས་ཅན། སློབ་དཔོན་གྱིས་གཞལ་བྱ་རང་སྤྱི་གཉིས་སུ་བཞེད་དེ། རང་མཚན་དེ་ནི་མངོན་སུམ་གྱིས་རང་གི་ངོ་བོ་དང༌། རྗེས་དཔག་གིས་གཞན་སྤྱིའི་ངོ་བོ་སྣང་ཡུལ་དུ་བྱས་ནས་རྟོགས་པའི་ཕྱིར། རང་མཚན་གཅིག་པུ་ལ་རྟོགས་ཚུལ་གཉིས་འབྱུང་ན། གང་འཁྲུལ་ཞེ་ན། རྟོགས་ཚུལ་གཉིས་པ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་(༩ན)ཅན། འཁྲུལ་བ་ཡིན་པར་བཞེད་དེ། རང་ལ་སྣང་བ་སྒྲ་མི་རྟག་པ་ཇི་ལྟ་བ་བཞིན་མིན་པ་གང་ཞིག །སྒྲ་མི་རྟག་པར་མངོན་པར་ཞེན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། འཇུག་ཡུལ་རང་མཚན་མི་ཐོབ་པར་ཐལ། གལ་ཏེ་གཞན་སྤྱི་མཚན་གྱི་ངོ་བོ་སྣང་ཡུལ་དུ་བྱས་ནས་ནི་རྟོགས་པའི་ཕྱིར། ཚད་མ་མ་ཡིན་པར་ཐལ། འཁྲུལ་པའི་ཕྱིར་ཞེ་ན། ཆོས་ཅན། འཁྲུལ་པ་ཡིན་ཡང་ཚད་མ་ཉིད་ཡིན་ཏེ། དེ་ཡིན་ཡང་བསམ་པ་འཇུག་ཡུལ་ལ་ནི་གསར་དུ་བསླུ་བ་མེད་པའི་ཕྱིར། ཆོས་ཅན། རང་མཚན་ཐོབ་པ་ལ་རང་མཚན་གཟུང་ཡུལ་དུ་བྱེད་མི་དགོས་པར་ཐལ། ནོར་བུ་གཟུང་ཡུལ་དུ་བྱས་པ་ལས་རྣམ་པ་གཞན་གྱིས་ཀྱང༌། ནོར་བུ་རྟོགས་ཤིང་ཐོབ་པ་མཐོང་བའི་ཕྱིར། ཆོས་ཅན། རང་མཚན་གཟུང་ཡུལ་དུ་མི་བྱེད་པར་ཐལ། རང་མཚན་གཟུང་ཡུལ་དུ་བྱེད་པའི་ཕྱོགས་འདི་ལ་ནི་ལན་བཏབ་ཟིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འཁྲུལ་ན་འཇུག་ཡུལ་མི་ཐོབ་པར་མཚུངས་པ་མིན་ཏེ། ནོར་བུའི་འོད་དང་སྒྲོན་མེའི་འོད་དག་ལ་ནོར་བུའི་བློ་ཡིས་མངོན་པར་རྒྱུག་པའི་བློ་གཉིས་ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང༌། ཇི་ལྟར་དོན་བྱེད་པའི་ནོར་བུ་ཐོབ་པ་ལ་ཁྱད་པར་ཡོད་པའི་ཕྱིར། དཔེ་དེ་ལྟར་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་དང་ནི་རྗེས་དཔག་དེར་སྣང་བའི་བློ་དག་ཇི་ལྟར་སྣང་བ་བཞིན་གྱི་དོན་མེད་པར་འདྲ་ན་ཡང༌། ཁྱོད་ཚད་མ་སྟེ་མི་བསླུ་བ་ཉིད་དུ་རྣམ་པར་བཞག་སྟེ། དེ་ལྟར་ཡིན་ཡང༌། ཁྱོད་དོན་བྱེད་ནུས་པའི་འཇུག་ཡུལ་དང་རྗེས་སུ་འབྲེལ་བའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། གཉིས་པ་ཁྱབ་པ་སྒྲུབ་པ་ནི། གལ་ཏེ་གཞལ་བྱ་གཉིས་སུ་ངེས་པས་ཚད་མ་གཉིས་སུ་ངེས་པར་ཇི་ལྟར་འགྲུབ་ཅེ་ན། སྔོན་པོ་དེ་ཆོས་ཅན། མངོན་གྱུར་ཡིན་ཏེ། གང་ལ་དོན་གྱི་ནུས་(༩བ)པ་ལས་རྗེས་འགྲོ་དང་ལྡོག་པ་ཅན་གྱི་བློ་མངོན་སུམ་དེ། ཁྱོད་ལ་འཛིན་པ་རང་དབང་ཅན་ཡིན་པའི་ཕྱིར། དེ་ལས་གཞན་པའི་དངོས་པོ་དབང་པོ་ལས་འདས་ནས་མ་མཐོང་བའི་བདག་ཉིད་ཀྱི་ངོ་བོ་ལ་མེའི་ཚོགས་དོན་དེ་ཆོས་ཅན། ལྐོག་གྱུར་ཡིན་ཏེ། ཁྱོད་རྟོགས་པའི་རྟེན་ནི་དོན་གཞན་ཚུལ་གསུམ་པའི་རྟགས་ཡིན་པའི་ཕྱིར། རྟགས་དེ་གང་ཞེ་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་སྒྲུབ་པ་དེའི་ཚེ་གོ་བྱེད་ཉིད་ཡིན་ཏེ། གལ་ཏེ་དེ་སྒྲུབ་ཀྱི་རྟེན་ཆོས་ཅན་དང་འབྲེལ་བ་ཅན་གྱི་ཕྱོགས་ཆོས་དང༌། ཁྱབ་པ་རྣམ་པར་ངེས་པ་ཡིན་པའི་ཕྱིར། འོ་ན་ལ་ལ་ཙན་དན་གྱི་མེ་ལ་སོགས་པ་ཡང་གོ་བྱེད་ཡིན་ནམ་ཞེ་ན། དེའི་ཚེ་གོ་བྱེད་དུ་བ་ཆོས་ཅན། ལ་ལ་ཙན་དན་གྱི་མེ་ལ་སོགས་པ་ལྐོག་གྱུར་གྱི་དོན་ཐམས་ཅད་ཁྱད་པར་དུ་ནི་རྟོགས་པར་མི་འགྱུར་ཏེ། ལ་ལ་རྗེས་སུ་འགྲོ་བའི་སྤྱིའི་ངོ་བོ་མེ་ཙམ་ཉིད་དུ་རྟོགས་པའི་ཕྱིར། ཤེས་བྱ་ཆོས་ཅན། ལྐོག་གྱུར་གྱི་སྒྲུབ་བྱེད་རྗེས་དཔག་གཅིག་ཏུ་ངེས་པ་ཡིན་ཏེ། ཕྱོགས་ཆོས་དང་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ཅན་གྱི་རྟགས་ལས་ནི། ཆོས་ཅན་ལ་བསྒྲུབ་བྱའི་ཆོས་ཀྱི་རྟོགས་པ་གསར་དུ་སྐྱེ་བའི་བློ་གང་ཡིན་པ་དེ་རྗེས་དཔག་ཏུ་ངེས་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། གཞལ་བྱ་གཉིས་སུ་ངེས་པ་ཉིད་ཀྱིས་ཚད་མ་གཉིས་སུ་བཞེད་པ་ཡིན་ཏེ། མངོན་སུམ་དུ་གྱུར་པ་དང་ལྐོག་ཏུ་གྱུར་པ་ལས་གཞལ་བྱ་གཞན་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར། ཚད་མ་ལ་གསུམ་དང་གཅིག་ཏུ་གྲངས་ངེས་པ་ནི་བསལ་བ་ཡིན་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པ་ནི་མཐོང་བའི་ཕྱིར།
གཉིས་པ་རྩོད་པ་སྤང་བ་ལ་གཉིས། གྲངས་ཉུང་བར་འདོད་པ་དགག །མང་བར་འདོད་པ་དགག་པའོ། །
དང་པོ་ལ། རྩོད་ལན་གཉིས། དང་པོ་ནི། རྒྱང་འཕེན་ན་རེ། སྤྱི་མཚན་ཆོས་ཅན།(༡༠ན) གཞལ་བྱ་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར། དེས་ན་གཞལ་བྱ་རང་མཚན་གཅིག་པུར་ངེས་པས་ཚད་མ་མངོན་སུམ་གཅིག་པུ་ཉིད་དུ་ངེས་སོ་ཞེ་ན།
གཉིས་པ་ལ་བཞི། འདོད་པ་གྲུབ་ཟིན་པར་བསྟན། རྗེས་དཔག་ཁས་བླང་དགོས། དེ་ལ་རྩོད་པ་སྤང༌། རྗེས་དཔག་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། སངས་རྒྱས་པ་ཆོས་ཅན། ཁྱོད་ཀྱི་ངོར་གཞལ་བྱ་དོན་བྱེད་ནུས་པ་རང་མཚན་གཅིག་པུར་བསྒྲུབ་མི་དགོས་ཏེ། དེ་ལྟར་ཁོ་བོའང་འདོད་པའི་ཕྱིར། གཉིས་པ་ནི། དངོས་པོར་མེད་པའང་ཆོས་ཅན། སྤྱི་མཚན་གཞལ་བྱ་ནི་མ་ཡིན་པར་སྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ཚད་མས་ངེས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཚད་མ་གཉིས་པ་རྗེས་དཔག་ཉིད་གྲུབ་པར་ཐལ། དངོས་མེད་དེ་ཚད་མས་ངེས་པའི་ཕྱིར། མ་ཁྱབ་སྟེ། དངོས་མེད་དབང་པོའི་མངོན་སུམ་གྱིས་དངོས་སུ་རྟོགས་སོ་ཞེ་ན། དབང་པོ་ལས་སྐྱེས་པའི་བློ་ཆོས་ཅན། དངོས་མེད་ལ་དངོས་སུ་འཇལ་བྱེད་མིན་ཏེ། གཟུང་དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། གཟུང་དོན་གྱི་ནུས་པ་ལ་ལྟོས་མེད་དོ་ཞེ་ན། དབང་པོ་ལས་སྐྱེས་པའི་བློ་ནི་ཆོས་ཅན། རང་ཡུལ་དང་བར་ཆོད་ལ་སོགས་ཡོད་ན་ཡང་སྐྱེ་བར་འགྱུར་བར་ཐལ། དབང་པོའི་མངོན་སུམ་གང་ཞིག །གཟུང་དོན་ལ་མི་ལྟོས་པའི་ཕྱིར། གལ་ཏེ་མངོན་སུམ་ཉིད་འཇལ་བྱེད་དུ་ལྡོག་པ་ལས། སྤྱི་སོགས་མེད་པར་ངེས་པ་ཡིན་པས། སྐྱོན་མེད་དོ་ཞེ་ན། དེའི་དོན། མངོན་སུམ་འཇལ་བྱེད་དུ་ལོག་ཙམ་དེས་སྤྱི་སོགས་མེད་པར་ངེས་པ་ཡིན་ནམ། མངོན་སུམ་འཇལ་བྱེད་དུ་ལོག་པའི་རྟགས་ལས་སྤྱི་སོགས་མེད་པར་ངེས་པ་ཡིན། དང་པོ་ལྟར་ན། མངོན་སུམ་འཇལ་བྱེད་དུ་ལོག་ཙམ་ཆོས་ཅན། ཁྱོད་(༡༠བ)ཀྱིས་སྤྱི་སོགས་མེད་པར་ངེས་པ་འགལ་བར་ཐལ། ཁྱོད་མེད་དགག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། ཚད་མ་གཉིས་ནི་གྲུབ་པ་ཡིན་པར་ཐལ། མངོན་སུམ་འཇལ་བྱེད་དུ་ལོག་པ་དེ་ཉིད། སྤྱི་སོགས་མེད་པར་སྒྲུབ་པའི་ཕྱོགས་ཆོས་དང༌། ལྡོག་པ་དང་རྗེས་འགྲོ་ཅན་གྱི་རྟགས་ཡིན་པའི་ཕྱིར་དང༌། གཞན་སེམས་དག་ནི་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། རྒྱང་འཕེན་གྱི་བུ་ཆོས་ཅན། སེམས་དེའི་ངོ་བོ་ངེས་པར་གྲུབ་སྟེ། ངག་སྨྲ་བ་སོགས་ལ་ནི་འཇུག་པའི་ཕྱིར། རྟགས་དེ་ལས་ཕ་རོལ་གྱི་རྒྱུད་ལ་སེམས་ཡོད་པར་གསར་དུ་རྟོགས་པའི་བློ་དེ་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། གསར་དུ་བསླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་སྐྱུ་རུ་རས་རོ་སྐ་བ་དཔོག་པ་ལྟ་བུ། ལ་ལ་དག་ཏུ་ནི་འཁྲུལ་པའི་ཕྱིར། རྟགས་ཡང་དག་ཐམས་ཅད་ལ་ཡིད་བརྟན་མེད་ཅེ་ན། རྒྱང་འཕེན་ཆོས་ཅན། ཕྱོགས་སྔ་དེ་མིན་པར་ཐལ། རྟགས་ལོག་མཐོང་བའི་ཕྱིར་རྟགས་ཡང་དག་དེ་ཡང་དེ་དང་འདྲ་བར་ཞེན་པ་ཙམ་ཡིན་གྱི། རྟགས་ཡང་དག་ལ་འབྲེལ་བ་འཁྲུལ་མི་སྲིད་པའི་ཕྱིར། ཇི་ལྟར་མི་འཁྲུལ་ཞེ་ན། གང་ལས་འགའ་ཞིག་གི་ཚེ་ལའི་དངོས་པོ་འགའ་ལ། མེ་དེའི་རྟོགས་པ་གྲུབ་པར་གྱུར་པའི་དུ་བ་དེ་ནི་ཆོས་ཅན། རང་གི་རྒྱུ་མེ་མེད་པར་དོན་ཁྱོད་ནི་སྲིད་པ་མིན་ཏེ། མེ་དེ་ལས་སྐྱེས་པར་གདོན་མི་ཟ་བའི་ཕྱིར། བྱས་པ་ཆོས་ཅན། རང་གི་ངོ་བོ་མི་རྟག་པ་མེད་པར་ཁྱོད་སྲིད་པ་མིན་ཏེ། མི་རྟག་པ་དེའི་ངོ་བོར་གདོན་མི་ཟ་བའི་ཕྱིར། དུ་བ་དང་བྱས་པ་དེ་དག་ལས་གཞན་པའི་འབྲས་རང་གི་རྟགས་གང་ཡིན་པ་དེ་ཉིད་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བའི་མཚན་ཉིད་ཅན་ཡིན་ཏེ། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བའི་རང་(༡༡ན)བཞིན་དུ་མཐོང་བའི་ཕྱིར། སྒྲུབ་རྟགས་མི་འཁྲུལ་མོད། དགག་རྟགས་ཇི་ལྟར་མི་འཁྲུལ་ཞེ་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་དེ་དང་ལྡན་པའང་ཇི་ལྟར་ཡོད་དེ་མེད་པར་ཐལ། བལྟར་རུང་བུམ་པ་རང་གི་ངོ་བོ་མཐོང་བའི་རྒྱུ་གཞན་དག་ཡོད་པར་བུམ་པ་སྣང་བ་མེད་པའི་ཕྱིར། མཚན་མོའི་རྒྱ་མཚོ་ཆོས་ཅན། དུ་བ་དེ་དང་ལྡན་པའང་མེད་དེ། བལྟར་རུང་དུ་བ་རང་གི་རྒྱུ་མེ་མཐོང་བའི་རྒྱུ་གཞན་དག་ཡོད་པར་མེ་སྣང་བ་མེད་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ད་ལྟ་ལྐོག་ཏུ་གྱུར་པའི་ས་ཕྱོགས་ལ་སོགས་པ་མེད་པ་ཐོབ་པར་འགྱུར་བར་ཐལ། སྤྱིའི་བློ་རྗེས་དཔག་ནི་ཚད་མ་མིན་པའི་ཕྱིར། དཔེར་ན། འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན། གལ་ཏེ་མི་མཚུངས་ཏེ། ད་ལྟ་ལྐོག་ཏུ་གྱུར་པའི་ས་ཕྱོགས་ལ་སོགས་པ་དབང་སྔོན་རྣམས་ཀྱིས། དུས་གཞན་དུ་ནི་རྟོགས་པའི་ཕྱིར་ཡོད་ལ། འཇིག་རྟེན་ཕ་རོལ་དབང་མངོན་གྱིས་ནམ་ཡང་མ་མཐོང་བས་མེད་དོ་ཞེ་ན། དབང་སྔོན་གྱིས་ནམ་ཡང་མ་མཐོང་བས། འཇིག་རྟེན་ཕ་རོལ་མེད་པ་དེ་མིན་པར་ཐལ། མིག་དབང་དེས་མིག་ཤེས་སྐྱེད་པའི་ནུས་སོགས་ལ། དབང་པོའི་བློ་ནི་འཇལ་བྱེད་དུ་འཇུག་པ་མི་སྲིད་པའི་ཕྱིར། དེ་དག་མེད་པར་རྟོགས་པ་ཡིན་ནོ་ཞེ་ན་ནི། མིག་བློ་སྐྱེ་བ་རྒྱུ་མེད་དུ་འགྱུར་བར་ཐལ། མིག་དབང་མེད་པའི་ཕྱིར། ཁྱོད་ལྟར་ན་མིག་དབང་གང་གིས་རྟོགས་ཤེ་ན། རྟགས་ལས་མིག་དབང་ཡོད་པར་གསར་དུ་རྟོགས་པའི་བློ་ཆོས་ཅན། རྗེས་དཔག་ཉིད་ཡིན་ཏེ། རྣམ་རྟོག་མེད་པར་ཡུལ་འཇལ་བ་མིན་པའི་ཕྱིར་ཏེ། སྤྱི་འཛིན་པའི་ཚད་མ་ཡིན་པ་དེའི་ཕྱིར། ཁྱབ་སྟེ། རང་གི་མཚན་ཉིད་ལ་མངོན་སུམ་ཡིན་ན། རྣམ་རྟོག་མེད་པ་ཉིད་ཀྱིས་ཁྱབ་པའི་ཕྱིར།
གཉིས་པ་གྲངས་མང་བར་རྩོད་པ་ལ་གཉིས།(༡༡བ) རྩོད་ལན་ནོ། །དང་པོ་ནི། གཞལ་བྱ་རང་སྤྱི་གཉིས་སུ་ངེས་ན། ཁ་དོག་ནི་མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་ཏེ། དེ་ལྟར་ངེས་ན་ཁ་དོག་མི་རྟག་པ་དེ་རྟོགས་པའི་བློ་ཚད་མ་གཞན་དུ་འགྱུར་བའི་ཕྱིར་ཏེ། སྤྱི་འཛིན་པས་མངོན་སུམ་མིན། རྟགས་མེད་པར་ནི་ཡོད་པས་རྗེས་དཔག་མིན་པའི་ཕྱིར། ཁྱད་པར་ངོ་ཤེས་ཀྱི་བློ་དེ་ནི་ཚད་མ་གཞན་ཡིན་ཏེ། ཁྱད་པར་མཐོང་བས་ཚད་མ་ཡིན་ཞིང༌། སྤྱི་འཛིན་པས་མངོན་སུམ་མིན། རྟགས་དུ་བ་དང་ནི་སྔར་གྱི་མ་ལ་འབྲེལ་བ་རྟོགས་པ་མེད་པས་རྗེས་དཔག་མིན་པའི་ཕྱིར་རོ། །ཚད་མ་རྣམས་མང་པོ་ཉིད་དུ་ཐལ། གཞལ་བྱ་རང་སྤྱི་གཉིས་ལས་མང་བའི་ཕྱིར་དང༌། ཡུལ་གཅིག་ལའང་ཚད་མ་དུ་མ་ཉིད་ནི་འཇུག་པའི་ཕྱིར་ཏེ། དཔེར་ན་སྔར་ཁང་ནང་དུ་མེ་མཐོང་ནས་ཕྱིས་དུ་བའི་རྟགས་ལས་ཀྱང་ཁྱད་པར་མེ་མཐོང་བ་བཞིན། ཚད་མ་གཅིག་དང་གསུམ་གྱི་གྲངས་ལས་སེལ་བར་མི་འགྱུར་བར་ཐལ། མངོན་རྗེས་གཉིས་ཡུལ་སོ་སོར་ངེས་པ་ནི་མེད་པའི་ཕྱིར་དང༌། རང་སྤྱི་གཉིས་ལས། གཞལ་བྱ་གཞན་ནི་ཡོད་པའི་ཕྱིར་རོ། །
གཉིས་པ་ལ་གསུམ། རྟགས་ལ་བརྟེན་པའི་བློ་ཚད་མ་གཞན་ཡིན་པ་དགག །རྗེས་སུ་སྐྱེས་པའི་བློ་ཚད་མ་གཞན་ཡིན་པ་དགག །ཁྱད་པར་ངོ་ཤེས་ཚད་མ་གཞན་ཡིན་པ་དགག་པའོ། །དང་པོ་ལ། བསྟན་བཤད་བསྡུ་གསུམ་མོ། །
དང་པོ་ནི། ཁ་དོག་མི་རྟག་པར་རྟོགས་པའི་བློ་ཚད་མ་གཞན་ཡིན་ན། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་གསར་དུ་རྟོགས་པའི་བློའམ། ཁ་དོག་རྒྱུན་འཆད་ཁ་མ་མཐོང་བའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཁ་དོག་མི་རྟག་པར་རྟོགས་པའི་བློ་ལ་ཟེར། དང་པོ་ལྟར་ན། བྱས་རྟགས་ལས་ཁ་དོག་མི་རྟག་པར་གསར་དུ་རྟོགས་པའི་བློ་ཆོས་ཅན། ཚད་མ་ཕུང་གསུམ་པ་ཡིན་པའི་སྐྱོན་འདིར་ཐལ་(༡༢ན)བར་མི་འགྱུར་ཏེ། ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱོར་བའི་ཚད་མ་ཡིན་པའི་ཕྱིར་རོ། །
གཉིས་པ་ལ་གཉིས། རྩོད་ལན་མདོར་བསྟན། མི་སླུ་བའི་ཚུལ་རྒྱས་པར་བཤད་པའོ། །
དང་པོ་ནི། མི་རྟག་པ་ཆོས་ཅན། དངོས་མེད་ཡིན་པར་ཐལ། སྤྱིའི་ཆོས་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། མི་རྟག་པ་དེ་དངོས་མེད་ཀྱི་ངོ་བོ་མིན་པར་ཐལ། ཁ་དོག་དེ་ཉིད་མི་རྟག་པ་དེ་ལྟར་གྲུབ་པས་སྒྲུབ་པའི་ཕྱིར་རོ། །སྔར་བཤད་པའི་བློ་དེ་ཆོས་ཅན། གཞན་ཁ་དོག་མི་རྟག་པ་གྲུབ་པ་མིན་པར་ཐལ། གཞན་ཁ་དོག་མི་རྟག་པའི་དོན་སྤྱི་སྣང་ཡུལ་དུ་བྱེད་པའི་ཕྱིར་ཞེ་ན། ཆོས་ཅན། དེ་སྣང་ཡུལ་དུ་བྱེད་པས་ཁ་དོག་མི་རྟག་པ་མ་གྲུབ་པ་དེ་མིན་པར་ཐལ། དེ་སྣང་ཡུལ་དུ་བྱེད་ཀྱང་ཁ་དོག་མི་རྟག་པ་ལ་འབྲེལ་བས། ཁ་དོག་མི་རྟག་པ་དེ་ཉིད་གྲུབ་པའི་ཕྱིར་རོ། །
གཉིས་པ་ལ་གཉིས། སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་མི་སླུ། དགག་རྟགས་ལ་བརྟེན་པའི་རྗེས་དཔག་མི་སླུ་བའོ། །དང་པོ་ནི། རྗེས་དཔག་རྟགས་ལས་སྐྱེ་བ་མིན་ནམ། འཇུག་ཡུལ་ལ་ཇི་ལྟར་མི་སླུ་ཞེ་ན། སྒྲའི་དངོས་པོ་གང་མི་རྟག་པ་ཇི་ལྟ་བུར་གྱུར་པ་དེ་འདྲའི་སྒྲུབ་བྱེད་བྱས་པ་དེ་ནི་ཆོས་ཅན། རང་འབྲས་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། དེ་སྐྱེད་བྱེད་ཡིན་པའི་ཕྱིར། སྒྲ་མི་རྟག་པ་དེ་ལྟ་བུའི་དངོས་པོ་ལ་དམིགས་པའི་རྟགས་ཅན་གྱི་བློ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་དེས་བསྐྱེད་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར། དེ་ལྟར་ན། དེ་སྒྲུབ་ཀྱི་རྟགས་དང་རྟགས་ཅན་གྱི་བློ་ཆོས་ཅན། གཟུང་དོན་དེར་སྣང་བ་ཡིས་ནི་སྟོང་ཡང༌། རང་མཚན་ལ་སླུ་བྱེད་ཉིད་མ་ཡིན་ཏེ། དེ་ཡིན་ཡང༌། བརྒྱུད་པ་ཡིས་ནི་དངོས་པོ་ལ་འབྲེལ་བའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། མ་འཁྲུལ་བར་(༡༢བ)ཐལ། རང་མཚན་ལ་མི་སླུ་བའི་ཕྱིར་ཞེ་ན། ཆོས་ཅན། རང་མཚན་དེའི་དངོས་པོ་ལ་སླུ་བྱེད་ཉིད་མིན་ཡང༌། འཁྲུལ་བར་རྣམ་གཞག་བྱས་པ་ཡིན་ཏེ། དེ་ཡིན་ཡང་རང་མཚན་དེའི་ངོ་བོས་སྟོང་པ་དེ་དག་སྣང་ཡུལ་དུ་བྱས་ནས། རང་མཚན་དེའི་ངོ་བོ་ཞེན་པའི་ཕྱིར། སྒྲ་མི་རྟག་པའི་དངོས་པོ་རྟོགས་པར་བྱ་བ་ལ་ཁྱབ་བྱེད་མི་རྟག་པ་དེའི་ངོ་བོ་ཁྱབ་བྱ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། རང་འབྲས་རྟགས་འཛིན་སེམས་ཀྱི་རྒྱུ་མཚན་ཡིན་ཏེ། དེ་སྐྱེད་བྱེད་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་འཛིན་གྱི་སེམས་དེ་ཡང་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཅན་གྱི་བློ་དེའི་རྒྱུ་ཡིན་ཏེ། དེ་སྐྱེད་བྱེད་ཡིན་པའི་ཕྱིར། རྒྱུ་མེ་དག་ཆོས་ཅན། དུ་བའི་རྒྱུ་ཡིན་ཏེ། དུ་བ་སྐྱེད་བྱེད་ཡིན་པའི་ཕྱིར། དུ་བ་དེ་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། ཞེས་སོགས་སྦྱར་རོ། །
གཉིས་པ་ལ་བཞི། དགག་རྟགས་ཡང་དག །དགག་རྟགས་ལྟར་སྣང༌། འགལ་དམིགས་ཀྱི་དབྱེ་བ། མི་སླུ་བའི་རྒྱུ་མཚན་ནོ། །དང་པོ་ནི། འོ་ན། དགག་རྟགས་ལ་བརྟེན་པའི་རྗེས་དཔག་ཇི་ལྟར་མི་སླུ་ཞེ་ན། ཤེས་བྱ་ཆོས་ཅན། དགག་པ་ཉིད་ནི་ཐམས་ཅད་དུ་དགག་བྱ་མི་དམིགས་པ་ལས་འགྲུབ་པ་ཡིན་ཏེ། ཚད་མས་གྲུབ་པ་ལ་ཡོད་པས་ཁྱབ་པར་སྨྲ་བ་རྣམས་ཀྱི་དོན་གྱི་བཟློག་པ་ཉིད་ལས། སྣང་རུང་མ་དམིགས་པ་ལ་མེད་པས་ཁྱབ་པར་སྨྲ་བ་རྣམས་ཀྱིས་ཁས་ལེན་པའི་ཕྱིར། དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པས། དགག་པ་འགྲུབ་མི་དགོས་ཏེ། འགལ་ཟླ་དམིགས་པའི་རྟགས་ཀྱང་ཡོད་པའི་ཕྱིར་ཞེ་ན། གཞི་འགའ་ཞིག་ཏུ་གྲང་རེག་དང་(༡༣ན)གྲང་འབྲས་སྤུ་ལོང་བྱེད་དགག་པ་ལ། གྲང་རེག་དེའམ། གྲང་འབྲས་སྤུ་ལོང་བྱེད་དེའི་རྒྱུ་དང་འགལ་བར་བརྗོད་པ་མཐོང་བ་གང་ཡིན་པ་དེ་ཡང༌། གྲང་རེག་དམིགས་པ་དེའི་ཚད་མ་ཉིད་མེད་པ་འཕེན་པར་བྱེད་པ་ཡིན་ཏེ། འཕེན་པ་ལས་གཞན་དུ་ན་མེའི་དངོས་པོ་གཅིག་ཡོད་པར་བརྗོད་པས། གཞན་གྲང་རེག་དེ་ནི་མེད་པར་གང་ལས་རྟོགས་ཏེ་མི་རྟོགས་པའི་ཕྱིར། རྟོགས་ཏེ། ཚ་གྲང་འགལ་བའི་ཕྱིར་ཞེ་ན། འགལ་བ་དེ་ཉིད་ཀྱང་ཅིས་གྲུབ། ཚ་གྲང་ལྷན་ཅིག་མི་གནས་པའི་ཕྱིར་ཞེ་ན། ལྷན་གཅིག་མི་གནས་པ་དེ་ཡང་གང་ལས་འདོད། གྲང་རེག་རྒྱུན་མ་གཏུགས་པར་ཡོད་པ་ན། མེ་ཉེ་བར་ཡོད་སྟོབས་ཀྱིས་གྲང་རེག་སྣང་བ་མཐོང་བ་མེད་པའི་ཕྱིར་ཞེ་ན། གྲང་རེག་སྣང་རུང་མཐོང་བ་མེད་པ་དེ་ནི། གྲང་རེག་འགོག་པའི་ཚད་མ་ཉིད་མ་ཡིན་པར་ཐལ། དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པ་ལས་དགག་པ་འགྲུབ་མི་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྟགས་འགལ་དམིགས་རང་སྒྲས་བརྗོད་ན་ཡང༌། སྣང་རུང་མ་དམིགས་པ་དེ་ཉིད་མེད་པའི་སྒྲུབ་བྱེད་དུ་འཕེན་པ་ཡིན་ཏེ། དགག་བྱ་དམིགས་པའི་ཚད་མ་བཀག་པས། དགག་པ་འགྲུབ་དགོས་པ་དེ་ཉིད་ཀྱི་ཕྱིར། གང་གི་ལུགས་ལ་སྣང་རུང་མ་དམིགས་པ་དེ་ནི། མེད་པའི་སྒྲུབ་བྱེད་ཚད་མ་མིན་པར་འདོད་པ་དེས། དགག་པ་རྣམ་པ་ཀུན་ཏུ་བརྗོད་བྱ་མིན་པར་ཐལ། རྟགས་འདྲ། གྲང་རེག་དེ་དང་འགལ་བའི་དོན་གྱི་འབྲས་བུ་དུ་བ་རྟགས་སུ་བརྗོད་པ་ལ་ཡང༌། དགག་བྱ་དམིགས་པའི་ཚད་མ་མེད་པ་འཕེན་པར་བཤད་པ་ཡིན་ཏེ། འགལ་དམིགས་ཀུན་ལ་དགག་བྱ་དམིགས་པའི་ཚད་མ་མེད་པ་འཕེན་པར་བསྟན་པའི་ཕྱིར། འགལ་དམིགས་ཀྱི་རྟགས་ཀུན་ལ་ཆོས་ཅན། དགག་པ་འགྲུབ་པའི་དོན་ལ་ཐ་(༡༣བ)དད་མེད་དེ། འབྲེལ་ཟླ་མ་དམིགས་པ་དང་འགལ་དམིགས་ཀྱི་སྦྱོར་བ་ཐ་དད་ཉིད་ཡིན་པའི་ཕྱིར།
གཉིས་པ་ནི། དགག་བྱའི་ཆོས་དང་འགལ་བ་གྲུབ་པ་དང༌། དགག་བྱའི་ཆོས་དེ་ནི་ཐབས་དང་བཅས་པ་བཀག་པ་མེད་པར་ནི། དགག་པ་འགྲུབ་པ་ལ་ཚད་མར་སྨྲ་བ་གང་ཡིན་པ་དེ་རིགས་པའི་རྗེས་འབྲང་ཅན་མིན་ཏེ། ངག་སྨྲ་ལ་སོགས་པས་ཀུན་མཁྱེན་དང་འཇིག་རྟེན་གཞན་སོགས་མེད་པར་སྒྲུབ་པ་བཞིན། དེ་རྟགས་ཡང་དག་ཇི་ལྟར་མིན་ཞེ་ན། ངག་སྨྲ་བ་པོ་ཆོས་ཅན། ཕ་རོལ་པོ་ཀུན་མཁྱེན་མིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དབང་པོ་ལས་འདས་པའི་དོན་ཀུན་མཁྱེན་རྣམས་དང་འགལ་བ་གྲུབ་པ་མེད་པའི་ཕྱིར་ཏེ། གལ་ཏེ་ཁྱོད་ཀྱང་ཡིན་ཀུན་རིག་པ་ཡང་ཡིན་པའི་གཞི་མཐུན་ཁས་བླངས་ན། གནོད་བྱ་གནོད་བྱེད་ཀྱི་ངོ་བོ་གང་ཡང་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། ངག་སྨྲ་བ་ཆོས་ཅན། ཁྱོད་ལ་ཀུན་མཁྱེན་མེད་དེ། ཀུན་མཁྱེན་དེ་འདྲ་མི་དམིགས་པའི་ཕྱིར་ཞེ་ན། ཀུན་མཁྱེན་དུ་མ་དམིགས་པ་དེ་ཉིད་ཆོས་ཅན། ཕ་རོལ་པོ་ཀུན་མཁྱེན་མིན་པའི་སྒྲུབ་བྱེད་ཡང་དག་ཡིན་པར་བརྗོད་པར་ཐལ། ཁྱོད་དང་ངག་སྨྲ་གང་རུང་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་གང་ཞིག །ངག་སྨྲ་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པའི་ཕྱིར། འདོད་མི་ནུས་ཏེ། མི་དམིགས་པ་ནི་དེ་ལྟ་བུ་ངེས་བྱེད་མིན་པར་རབ་ཏུ་བརྗོད་ཟིན་པའི་ཕྱིར། རྒྱང་འཕེན་ཆོས་ཅན། ཁྱོད་ཀྱི་མངོན་སུམ་གྱིས་ཀུན་མཁྱེན་ཡོད་མེད་ངེས་པ་ཡོད་པ་མ་ཡིན་ཏེ། ཀུན་མཁྱེན་དེ་ཁྱོད་ལ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར།
གསུམ་པ་ནི། དགག་རྟགས་ལ་སྦྱོར་བ་འགོད་ཚུལ་ཐ་དད་པ་གཉིས་ཡོད་ན། འགལ་ཟླ་དམིགས་པ་ལ་སྦྱོར་བ་འགོད་ཚུལ་དུ་ཞེ་ན། འགལ་དམིགས་ཀྱི་རྟགས་དེ་ཆོས་ཅན། གཉིས་ཡོད་དེ། དགག་བྱའི་ཆོས་དང་(༡༤ན)རྫས་ཐ་དད་དམ། རྫས་ཐ་དད་མེད་པ་ལ་རབ་ཏུ་སྦྱོར་བའི་རྟགས་གཉིས་ཡོད་པའི་ཕྱིར། དཔེ་རིམ་བཞིན། གཞི་འགའ་ཞིག་ཏུ་ཁ་བ་མེད་པར་སྒྲུབ་པ་ལ་མེ་རྟགས་སུ་བཀོད་པ་དང༌། མྱུ་གུ་ཆོས་ཅན། ས་བོན་གྱི་དུས་ན་ཡོད་པ་མིན་ཏེ། ས་བོན་ལས་སྐྱེ་བའི་ཕྱིར། ཞེས་གནོད་བྱེད་དུ་བཀོད་པ་བཞིན་ནོ། །
བཞི་པ་ནི། ཤེས་བྱ་ཆོས་ཅན། ཇི་ལྟར་མེའི་དངོས་པོ་ཉིད་སྒྲུབ་པ་ལ། དུ་བའི་དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད་པ་དེ་བཞིན་དུ། མེའི་དངོས་པོ་ཉིད་རང་ལྡོག་ན། དུ་བའི་དངོས་པོ་རྣམས་ལྡོག་པར་བྱེད་པ་ཡིན་ཏེ། དུ་བ་མེ་ལ་འབྲེལ་བའི་ཕྱིར། རྟགས་ཡང་དག་མི་མཐུན་ཕྱོགས་ལས་ལྡོག་པར་བསྟན་པ་དེས་ནི་བསལ་ལོ། །གང་ན། རྟོག་པས་སྦྱར་བའི་ཆོས་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་སོགས་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་བསལ་བ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ཅི་ཡང་རུང་བ་མི་མཐུན་ཕྱོགས་ལ་སྲིད་པའི་ཕྱིར་རོ། །འོ་ན། དུ་བ་ལོག་པས་མེ་ལྡོག་པར་ཐལ། མེ་དུ་འབྲེལ་བ་གྲུབ་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། མེ་ལོག་པས་དུ་བ་ལྡོག་པ་དེ་ལའང༌། ཁྱབ་པར་བྱེད་པའི་ཆོས་མེ་ལོག་པ་དེ་ཁྱབ་བྱ་དུ་བ་ལྡོག་པའི་གོ་བྱེད་དུ་འདོད་དེ། གལ་ཏེ་མི་དུ་རང་གི་ལྡོག་པའི་འབྲེལ་བ་ནི་རྣམ་པ་འགར་ཡོངས་སུ་བཅད་པའི་ཚེ་ན་གོ་བྱེད་དུ་འགྱུར་བའི་ཕྱིར། ཤིང་མེད་ཀྱིས་ཤ་པ་མེད་པར་སྒྲུབ་པ་ལའང་སྦྱར་རོ། །དགག་རྟགས་དེ་ཙམ་དུ་ཟད་དམ་ཞེ་ན། ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པ་ལ་ནི། བུམ་པ་དེ་ཉིད་ཀྱི་ཡུལ་ཅན་གྱི་ཚད་མ་མེད་པ་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི། ཕྱི་རྒོལ་ཤིན་ཏུ་རྨོངས་པའི་དོན་དུ་ཡིན་ཏེ། བུམ་པ་སྣང་རུང་མ་དམིགས་པ་ལ་བུམ་མེད་ཀྱིས་ཁྱབ་པ་གནག་རྫི་མོའི་བར་ལ་གྲགས་(༡༤བ)པའི་ཕྱིར་རོ། །འོ་ན། འདིར་མ་དམིགས་པ་གསུམ་ཙམ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། འབྲེལ་ཟླ་མ་དམིགས་པ་ནི་གསུམ་པོ་འདི་ཙམ་ཞིག །མེད་དགག་སྒྲུབ་པ་ལ་ངེས་པའི་འབྲས་བུ་ཅན་ཡིན་པར་བསྟན་པ་དེའང་ཆོས་ཅན། དོན་ཡོད་དེ། ཡོད་ན་སྣང་བར་འདོད་པའི་རྒྱུའམ་ཁྱབ་བྱེད་དམ་རང་བཞིན་སྣང་བ་མེད་པ་ཉིད་གོ་བྱེད་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་བསྡུ་བ་ནི། བྱས་པའི་རྟགས་ལས་ཁ་དོག་མི་རྟག་པ་སོགས་གསར་དུ་འཛིན་པའི་བློ་ཆོས་ཅན། ཚད་མ་ཕུང་གསུམ་པ་མ་ཡིན་ཏེ། རྗེས་སུ་དཔག་པའི་ཚུལ་འདིར་འདོད་པའི་ཕྱིར།
གཉིས་པ་རྗེས་སུ་སྐྱེས་པའི་བློ་ཚད་མ་མ་ཡིན་པ་དགག་པ་ལ་གསུམ། རང་ལུགས་ཀྱི་མི་རྟག་པ་གྲུབ་ཚུལ། གཞན་ལུགས་ཀྱི་མི་རྟག་པ་རྟོགས་ཚུལ། རྩོད་པ་སྤང་བའོ། །དང་པོ་ལ་གཉིས། མངོན་སུམ་གྱིས་གྲུབ་ཚུལ། རྗེས་དཔག་གིས་གྲུབ་ཚུལ་ལོ། །དང་པོ་ནི། རྗེས་དཔག་གིས་ཁ་དོག་མི་རྟག་པར་རྟོགས་པ་ལས་གཞན་དུ། ཁ་དོག་རྒྱུན་འཆད་ཁ་མ་འཛིན་པའི་མངོན་སུམ་གྱི་རྗེས་སུ་བྱུང་བའི་ཁ་དོག་མི་རྟག་པར་ངེས་པའི་བཅད་ཤེས་ཆོས་ཅན། ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་བཟུང་ཟིན་འཛིན་པའི་ཕྱིར། རྟགས་སྒྲུབ་པ་ནི། ཁ་དོག་རྒྱུན་འཆད་ཁ་མ་འཛིན་པའི་དབང་པོའི་མངོན་སུམ་ཆོས་ཅན། ཁ་དོག་མི་རྟག་པ་དེ་ཡང་ཁྱོད་ལས་བཅད་ཤེས་ཀྱི་སྔར་གྲུབ་སྟེ། ཁ་དོག་གི་དངོས་པོ་ལས་མི་རྟག་པ་གཞན་དུ་མེད་པས་ཁ་དོག་མི་རྟག་པར་མཐོང་བ་གང་ཞིག །ཁ་དོག་རྟག་པར་འཁྲུལ་བའི་རྒྱུ་མེད་པའི་ཕྱིར། ཁ་དོག་དང་མི་རྟག་པ་རྫས་ཐ་དད་མིན་ན། ཁ་དོག་གི་མི་རྟག་པ་ཞེས་བརྗོད་པ་མི་འཐད་དོ་ཞེ་ན། ཁ་དོག་མི་རྟག་པ་ཞེས་པའི་སྒྲ་ཆོས་ཅན།(༡༥ན) ཁ་དོག་དང་མི་རྟག་པ་རྫས་དུ་མའི་དངོས་པོ་དེ་བརྗོད་བྱ་མིན་ཏེ། རྟོག་པས་བསྐྱེད་པའི་ཆོས་ཁ་དོག་དང་མི་རྟག་པ་ཐ་དད་དུ་སྣང་བ་ཙམ་བརྗོད་བྱ་ཡིན་པའི་ཕྱིར། སྔ་མ་དེ་ནི་ཆོས་ཅན། སྤྱིའི་རྟེན་ཁ་དོག་ནི་གྲུབ་པ་ན་སྤྱི་མི་རྟག་པ་དེ་ཉིད་ནི་གྲུབ་པ་ཡིན་ཏེ། ཁ་དོག་མི་རྟག་པར་རྟོགས་པའི་མཐུན་རྐྱེན་ཚང་ཞིང༌། འགལ་རྐྱེན་མེད་པའི་ཕྱིར། གཉིས་པ་ནི། མངོན་སུམ་གྱིས་ཁ་དོག་མི་རྟག་པར་གྲུབ་ན། ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་དོན་མེད་དུ་འགྱུར་རོ་ཞེ་ན། ཁ་དོག་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། དོན་ཡོད་པ་མིན་ཏེ། མངོན་སུམ་གྱིས་མཐོང་ཡང་ཁ་དོག་མི་རྟག་པ་དེ་མ་གྲུབ་ན། ཁ་དོག་དེ་མི་རྟག་པ་དེ་ལྟར་རབ་ཏུ་གྲུབ་པའི་ཆེད་ཡིན་པའི་ཕྱིར། མངོན་སུམ་གྱིས་མཐོང་ཡང་རྟག་པར་འཁྲུལ་པའི་རྒྱུ་ཅི་ཡིན་ཞེ་ན། ཁ་དོག་རྒྱུན་ཆགས་སུ་འབྱུང་བའི་སྐབས་ལ་ལར་ཆོས་ཅན། ཁ་དོག་མི་རྟག་པར་ཡོངས་སུ་མི་ཤེས་པའི་རྒྱུ་ཡོད་དེ། ཁ་དོག་སྔ་ཕྱི་ཐ་དད་དུ་མཐོང་བ་མེད་པར་གཅིག་ཏུ་འཁྲུལ་བའི་ཕྱིར་ཏེ། ཁ་དོག་སྔ་ཕྱི་འདྲ་བ་གཞན་འབྱུང་ནི་ཡོད་པའི་ཕྱིར། སྒོང་གི་ཐ་དད་བཞིན་ནོ། །འདྲ་བ་གཞན་རྟག་པར་འཁྲུལ་བའི་རྒྱུ་ཡིན་ཏེ། འདི་ལྟར་རྟགས་མེད་པར་བྱིས་པའི་བར་གྱི་སྐྱེ་བོས་རང་གི་རིགས་འདྲ་ཕྱིས་འབྱུང་བ་དང་ནི་འབྲེལ་མེད་ཀྱི་མར་མེ་ལ་སོགས་ཀྱི་འཇིག་པ་མཐོང་བས་ཡོངས་སུ་གཅོད་པ་ཉིད་ཡིན་པའི་ཕྱིར། མཐོང་ཡང་མ་ངེས་པའི་དཔེ་ཇི་ལྟ་བུ་ཞེ་ན། མྱུ་གུ་སྐྱེད་པའི་ནུས་པ་ས་བོན་ཀྱི་དངོས་པོའི་རང་བཞིན་དུ་གྱུར་པས་མངོན་སུམ་གྱིས་མཐོང་ཡང༌། ས་བོན་གྱིས་མྱུ་གུ་སྐྱེད་པའི་ནུས་པ་ལ་རྨོངས་པར་གྱུར་པ་སྲིད་དེ། ས་བོན་གྱིས་མྱུ་གུ་སྐྱེད་པ་ལ་ངེས་པ་གསལ་པོ་མེད་པ་སྲིད་པའི་ཕྱིར་ཏེ། ས་བོན་ལས་མྱུ་གུ་དེ་མ་ཐག་འབྱུང་བ་མེད་པས། ས་བོན་(༡༥བ)ལས་འབྲས་བུ་མྱུ་གུ་དངོས་སུ་འབྱུང་བ་མཐོང་བ་མེད་པ་སྲིད་པའི་ཕྱིར། སྒྲ་མི་རྟག་པར་རྟོགས་པའི་རྗེས་སུ་དཔག་པ་ཆོས་ཅན། དོན་ཡོད་དེ། སྒྲ་རྟག་པར་རྨོངས་པ་དེ་ཉིད་བཟློག་པའི་ཆེད་དུ་ནི་བརྗོད་པ་ཡིན་པའི་ཕྱིར། བློ་གྲོས་ཆེན་པོ་འཕགས་པ་ཆོས་ཅན། ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་བསྒྲུབ་མི་དགོས་ཏེ། ཁྱོད་ཀྱིས་སྒྲ་མཐོང་བ་ཉིད་ལས་མི་རྟག་པ་སོགས་རྣམ་པ་ཐམས་ཅད་ངེས་པར་བྱེད་པའི་ཕྱིར། སྒྲ་བྱས་མི་རྟག་རྫས་ཐ་དད་མིན་ན། སྒྲ་ཐ་དད་ཇི་ལྟར་འཇུག་ཅེ་ན། དོན་སྒྲ་དེ་ལ་ནི་ཆོས་ཅན། རྫས་ཐ་དད་མེད་ཀྱང་ལྡོག་པའི་རྒྱུ་མཚན་ཅན་གྱི་བློ་དང༌། ཇི་ལྟར་བརྡ་བཏགས་པའི་སྒྲ་ཐ་དད་པའི་རྟེན་ཅན་བཞིན་དུ་འཇུག་པར་འགྱུར་ཏེ། མ་བྱས་རྟག་པ་སོགས་ཐམས་ཅད་ལས་ནི་ལྡོག་པའི་ཕྱིར། སྒྲ་དེ་ཡིས་ནི་ཆོས་ཅན། འཁྲུལ་རྒྱུ་མེད་ན་ངོ་བོ་ཉིད་ཀྱིས་རབ་དང་ནི་རྗེས་སུ་མཐུན་པའི་བློ་སྐྱེད་བྱེད་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། གཉིས་པ་ནི། མངོན་སུམ་གྱིས་ཁ་དོག་མི་རྟག་པར་རྟོགས་པ་ལས་ཡང་ན། སྡེ་པ་ཁ་ཅིག་རྒྱུན་འཆད་ཁ་མ་འདིར་ནི་སྔར་ཡོད་མི་དམིགས་པའི་རྟགས་ལས་ཁ་དོག་འཇིག་པ་རྗེས་དཔག་གིས་གྲུབ་པ་ཡིན་ཏེ། སྡེ་པ་ཁ་ཅིག་སྔར་བྱུང་གི་དངོས་པོ་ཕྱིས་མེད་པར་གྱུར་པ་ལ་མི་རྟག་ཅེས་ནི་བརྗོད་པ་ཡིན་པའི་ཕྱིར།
གསུམ་པ་ལ་གསུམ། རྩོད། ལན། རང་ལུགས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རིག་པ་ཅན་པ་ན་རེ། དངོས་པོ་ཙམ་མི་རྟག་པ་མ་ཡིན་ཏེ། ནམ་མཁའང་མི་རྟག་པར་ཐལ་བའི་ཕྱིར་རོ། །ཞིག་པའང་མི་རྟག་པ་མ་ཡིན་ཏེ། དངོས་པོའི་མི་རྟག་པ་ཞེས་པའི་དྲུག་སྒྲ་སྦྱར་དུ་མི་རུང་བའི་ཕྱིར། རིགས་པ་ཅན་པ་གང་གི་ལུགས་ལ། མཐའ་གཉིས་ལ་ཆོད་པའི་ཡོད་པའམ། ཡོད་པ་དེ་དང་འབྲེལ་བ་བརྗོད་པའི་ངང་ཚུལ་ཅན་གྱི་དངོས་པོ་དེ་མི་རྟག་པ་ཉིད་(༡༦ན)ཀྱི་སྒྲའི་དོན་ཡིན་ནོ་ཞེ་ན། གཉིས་པ་ནི། རྒོལ་བ་དེའི་ལུགས་ལ་མཐའ་དེ་དག་གང་ལ་བརྗོད་དྲིས་པས། གལ་ཏེ་སྔ་ཕྱིར་མེད་པ་དེ་མཐའ་ཡིན་ནོ་ཞེ་ན། སྔ་ཕྱིར་མེད་པ་དེ་ཉིད་མི་རྟག་པ་ཅིས་མ་ཡིན་ཞེས་དྲིས་པས། སྔ་ཕྱིར་མེད་པ་ཆོས་ཅན། མི་རྟག་པ་མ་ཡིན་ཏེ། དངོས་པོའི་མི་རྟག་པ་ཞེས་པའི་དྲུག་པ་སོགས་སྦྱོར་དུ་མི་རུང་བའི་ཕྱིར་ཞེ་ན། ཆོས་ཅན། མཐའ་མ་ཡིན་པར་ཐལ། དངོས་པོའི་མཐའ་ཞེས་པའི་དྲུག་སྒྲ་དེ་ཇི་ལྟར་རུང་སྟེ་མི་རུང་བའི་ཕྱིར་ཏེ། དངོས་པོར་མེད་པའི་ཕྱིར། གསུམ་ཁས་བླངས། ཡོད་པ་ཉིད་དང་འབྲེལ་བ་ཆོས་ཅན། སྔ་ཕྱིར་མེད་པའི་མཐའ་ཡིས་ཁྱད་པར་དུ་འགྱུར་བ་མིན་པར་ཐལ། རྟག་པའི་ཕྱིར། གལ་ཏེ་སྔ་ཕྱིར་མེད་པ་མཐའ་མིན་གྱི། རྒྱུ་འབྲས་མཐའ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་དེ་ལ་རྒྱུ་འབྲས་དེའི་ཁྱད་པར་ཅན་དུ་བརྗོད་པ་དེ་ཡང་མི་འགྲུབ་པར་ཐལ། ཁྱད་པར་རྒྱུ་འབྲས་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། སྔར་མེད་གསར་བྱུང་གི་འབྲེལ་བ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་ཏེ། རིགས་པ་ཅན་པ་དེ་ཡིས་ནི་དངོས་པོ་སྔར་མེད་འདོད་པ་མིན་པས་སོ། །རྩ་བར་མ་ཁྱབ་སྟེ། རྒྱུས་འབྲས་བུ་གསར་དུ་སྐྱེད་པ་མིན་གྱི། འབྲས་བུ་སྔར་ཡོད་པ་ཉིད་རང་རྒྱུ་དང་འཕྲོད་འདུས་འབྲེལ་བར་བྱེད་པའི་ཕྱིར་ན། འཕྲོད་འདུ་ནི་རྒྱུ་ཡིན་ལ། འབྲེལ་བ་ནི་འབྲས་བུ་ཡིན་ནོ་ཞེས་གྲག་གོ །འོ་ན་ཡོད་པ་ཉིད་དེ་དང་འབྲེལ་བ་དེ་ཡང་ཆོས་ཅན། རྒྱུ་འདིའི་འབྲས་བུ་གང་ཡིན་ཏེ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། དངོས་པོ་རིལ་འདི་ཆོས་ཅན། རྟག་པར་འགྱུར་བར་ཐལ། འབྲས་བུ་མིན་པ་དེའི་ཕྱིར། འབྲས་བུ་གང་ཞིག་སྔར་མེད་པ་དེ་རྒྱུས་བྱེད་ན། ཁྱོད་ཀྱི་ལུགས་ལ་དེ་མི་འཐད་པར་ཐལ། དངོས་པོ་སྔར་མེད་ལྡན་པ་མིན་པའི་ཕྱིར་ཏེ། སྔར་མེད་གསར་བྱུང་གི་འབྲེལ་བ་ཁས་ལེན་པ་(༡༦བ)མེད་པའི་ཕྱིར་རོ། །གསུམ་པ་ནི། དུས་མཉམ་དུ་མེད་པའི་དོན་ལ་སྒྲོ་འདོགས་པ་བརྗོད་བྱ་རྫས་ཐ་དད་པ་ཅན་དང༌། རྫས་ཐ་དད་མེད་པའི་དོན་དུ་མངོན་པར་འདོད་པ་ཅན་གྱི་བློ་དང་སྒྲ་ལའང་ཆོས་ཅན། འབྲེལ་བ་རྫས་གྲུབ་ཡུལ་དུ་བྱེད་པ་མིན་ཏེ། ལྡོག་པ་ཐ་དད་པ་ལ་བརྟེན་པ་ཡིན་པའི་ཕྱིར།
གསུམ་པ་ཁྱད་པར་ངོ་ཤེས་ཚད་མ་གཞན་ཡིན་པ་དགག་པ་ནི། ཁྱད་པར་ངོ་ཤེས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། མེ་སྐད་ཅིག་སོ་སོར་ཐ་དད་པ་གཅིག་ཏུ་ཞེན་པའི་ཕྱིར། ཁྱད་པར་གྱི་གཟུང་ཡུལ་ཅན་ཉིད་ཀྱང་མིན་པར་ཐལ། ཕྱིས་ཀྱི་མེ་དེ་སྔར་མཐོང་བའི་མེ་དང་མཚུངས་པར་འཛིན་པའི་ཕྱིར། གལ་ཏེ་ཆོས་སྔར་གྱི་མེ་དང་ཕྱིས་ཀྱི་མེའི་སྤྱི་འཛིན་པ་མིན་ཏེ། སྔར་གྱི་མེ་དེ་ཉིད་ཕྱིས་ཀྱི་མེར་འཇལ་བའི་དཔེ་ཡིན་པ་གང་ཞིག །དཔེ་དང་དཔེ་ཅན་ཐ་དད་མེད་པའི་ཕྱིར་ཞེ་ན། སྔར་གྱི་མེ་ཆོས་ཅན། ཕྱིས་མེ་འཇལ་བའི་ཚེ་ན་གྲུབ་ཟིན་པར་ཐལ། ཕྱིས་མེ་འཇལ་བའི་མཐུན་དཔེ་ཉིད་ཡིན་པའི་ཕྱིར། འདོད་ན། ཁྱོད་འཇལ་བ་ལ་ཚད་མ་གཞན་གྱིས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ་ལོ། །གལ་ཏེ་ཕྱིས་མེ་འཇལ་བའི་ཚེ་བརྗེད་པའི་ཕྱིར། སྐྱོན་མེད་ཅེ་ན། ཆོས་ཅན། དེའི་དཔེ་མ་ཡིན་པར་ཐལ། བརྗེད་པ་དེ་ཉིད་ཀྱི་ཕྱིར། གལ་ཏེ་སྔར་མཐོང་བའི་མེ་ལ་དེའི་དངོས་པོ་ནི་ཁ་ཅིག །ཕྱིས་ཀྱི་ཚད་མས་གྲུབ་པས་སྐྱོན་མེད་དོ་ཞེ་ན། ཁྱད་པར་ངོ་ཤེས་ཆོས་ཅན། ཁྱོད་ཀྱིས་གྲུབ་པ་དེ་རྒྱབ་རྟེན་ཚད་མ་ཅན་ཉིད་མ་ཡིན་པར་ཐལ། ཕྱིས་ཀྱི་མེ་དེ་སྔར་གྱི་མེ་དང་དངོས་པོ་གཞན་ཡིན་པ་ལ། སྔར་གྱི་མེ་དེ་ཉིད་དུ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། གཅིག་ཡིན་ནོ་ཞེ་ན། མངོན་སུམ་དང་ཅིག་ཤོས་ཁྱད་པར་ངོ་ཤེས་ཀྱི་ཡུལ་གྱི་མེ་གཉིས་ཆོས་ཅན། ཁྱོད་གཉིས་གཅིག་གྲུབ་པ་ན་གཉིས་ཀ་གྲུབ་(༡༧ན)པར་ཐལ། གཅིག་ཡིན་པའི་ཕྱིར། འོ་ན། བློ་དེ་རིགས་གང་ཡིན་ཞེ་ན། ཁྱད་པར་ངོ་ཤེས་ཆོས་ཅན། མཁས་པས་དྲན་པར་ཤེས་ཏེ། ཕྱིས་ཀྱི་མེ་དེ་སྔར་གྱི་མེ་གཞན་དང་གཅིག་ཏུ་མཚམས་ནི་སྦྱོར་བའི་ཞེན་པ་ཡིན་པའི་ཕྱིར། གལ་ཏེ་རྟགས་ལ་ལྟོས་པའི་ཕྱིར་དྲན་པ་མིན་ནོ་ཞེ་ན། རྟགས་ལ་ལྟོས་ན་དྲན་པ་མ་ཡིན་པས་ཁྱབ་པ་མ་ཡིན་པར་ཐལ། དེའི་ཁྱབ་པ་འཁྲུལ་བའི་ཕྱིར་རོ། །
མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་བསལ་བ།
གཉིས་པ་མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་བསལ་བ་ལ་གཉིས། མངོན་སུམ་ཡང་དག་དང༌། མངོན་སུམ་ལྟར་སྣང་ངོ༌། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ལ་གཉིས། རྟོག་བྲལ་དུ་མངོན་སུམ་གྱིས་སྒྲུབ་པ་དང༌། རྗེས་དཔག་གིས་སྒྲུབ་པའོ། །དང་པོ་ནི། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ན། མངོན་སུམ་གྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པའོ། །འོ་ན། རྟོག་བྲལ་དུ་གང་གིས་འགྲུབ་ཅེ་ན། གྲུབ་མཐས་རྒྱུད་མ་བསླད་པའི་མཁས་པ་ཆོས་ཅན། ཁྱོད་ཀྱི་ངོར་མངོན་སུམ་རྟོག་བྲལ་དུ་རྟགས་ཀྱིས་བསྒྲུབ་མི་དགོས་ཏེ། ཁྱོད་ཀྱིས་མངོན་སུམ་རྟོག་པ་དང་བྲལ་བར་ནི་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་བའི་ཕྱིར། མ་གྲུབ་སྟེ། རྟོག་པ་ཡོད་ཀྱང་མངོན་སུམ་ལ་སྣང་དུ་མི་རུང་ངོ་ཞེ་ན། དེ་མ་ཡིན་པར་ཐལ། སྐྱེས་བུ་ཀུན་གྱི་རྣམ་རྟོག་མིང་གི་རྟེན་ཅན་དེ། སོ་སོ་རང་གི་རང་རིག་གིས་རིག་བྱ་ཡིན་པའི་ཕྱིར། དེ་ཡིན་མོད། སྣང་རུང་རྟོག་པས་དབེན་པའི་དབང་ཤེས་མེད་དོ་ཞེ་ན། དེ་མ་ཡིན་པར་ཐལ། ཐམས་ཅད་ལས་ནི་སེམས་བསྡུས་ནས་ནང་གི་བདག་ཉིད་གཡོ་བ་མེད་པར་གནས་ནའང༌། མིག་གི་ཤེས་པས་གཟུགས་དག་ནི་མཐོང་བའི་བློ་དེ་སྣང་རུང་རྟོགས་པས་དབེན་པའི་དབང་སྐྱེས་ཡིན་པའི་ཕྱིར། མཉམ་པར་བཞག་དུས་ཀྱི་དབང་ཤེས་(༡༧བ)ལ་རྟོག་པ་ཡོད་ཀྱང་མ་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་པར་ཐལ། མཉམ་གཞག་ལས་སླར་ཡང་ཅུང་ཟད་རྣམ་པར་རྟོག་ན། ཁོ་བོའི་རྣམ་རྟོག་འདི་འདྲར་གྱུར་ཅེས་རིག་པའི་ཕྱིར། སྔར་བཤད་པའི་གནས་སྐབས་ཀྱི་དབང་པོའི་རྟོགས་པ་ལ་ཆོས་ཅན། རྟོག་མེད་ཡིན་ཏེ། རྟོག་པ་སྣང་རུང་མ་དམིགས་པའི་ཕྱིར།
གཉིས་པ་ལ་གསུམ། དབང་ཤེས་མིང་སྦྱོར་རྟོག་པ་ཡིན་པ་དགག །དོན་སྦྱོར་རྟོག་པ་ཡིན་པ་དགག །སླར་ཡང་མིང་སྦྱོར་རྟོག་པ་ཡིན་པ་དགག་པའོ། །དང་པོ་ལ་གསུམ། རང་ལུགས། མཐོང་རྟོག་གཅིག་ཏུ་འཁྲུལ་བའི་རྒྱུ། གཞན་ལུགས་དགག་པའོ། །དང་པོ་ནི། གལ་ཏེ་དབང་ཤེས་རྟོག་པ་ཡིན་ན། མིང་སྦྱོར་རྟོག་པ་ཡིན་ནམ། དོན་སྦྱོར་རྟོག་པ་ཡིན། དང་པོ་འགོག་པ་ནི། ཤེས་བྱ་ཆོས་ཅན། དབང་པོ་ལས་སྐྱེས་པའི་བློ་ཐམས་ཅད་ཁྱད་པར་རང་མཚན་གྱི་ཡུལ་ཅན་ཡིན་གྱི། མིང་སྦྱོར་རྟོག་པ་མ་ཡིན་པར་ཐལ། བརྡའི་དུས་གཅིག་ཏུ་མཐོང་བའི་ཁྱད་པར་ནི། དུས་གཞན་འགའ་ཞིག་ཏུ་མཐོང་བར་མི་འགྱུར་ཞིང༌། ཁྱད་པར་དེ་ལས་སྤྱི་གཞན་ཐ་དད་པ་ཡོད་པ་མིན་ལ། དབང་ཤེས་ལ་རང་མཚན་གསལ་བར་སྣང་བ་དེའི་ཕྱིར། རྟགས་བར་པ་གྲུབ་སྟེ། སྤྱི་རྫས་ཐ་དད་པ་བློ་མ་འཁྲུལ་བ་ལ་སྣང་བ་མེད་པའི་ཕྱིར། དེ་ཉིད་འཆད་པ་ནི། ཁྱད་པར་རྣམས་ལ་ཆོས་ཅན། མངོན་སུམ་ལ་སྣང་བ་ལྟར་སྒྲ་དག་ནི་འཇུག་པ་སྲིད་པ་ཡོད་པ་མ་ཡིན་ཏེ། མངོན་སུམ་ལ་སྣང་བ་ལྟར་བརྡ་འཇུག་པ་ནི་མེད་པའི་ཕྱིར་ཏེ། ཁྱད་པར་ཕན་ཚུན་རྗེས་འགྲོ་མེད་པས་སོ། །སྔ་མ་ལ་ཁྱབ་སྟེ། སྒྲ་རྣམས་ཀྱི་ཡུལ་ཡང་གང་ཡིན་པ་དེ་ཉིད་ལ་བརྡ་དེ་རྣམས་ཉིད་ནི་སྦྱོར་བར་བྱེད་པའི་ཕྱིར། འོ་ན། བརྡའི་ཡུལ་གང་ཞེ་ན། དོན་དེའི་མིང་ནི་འདིའོ་ཞེས་ནི་བརྡ་འབྲེལ་བྱེད་པའི་རྟོག་པ་ལ་དོན་སྣང་བ་ནི་གང་ཡིན་པ་དེ་དག་ཉིད་(༡༨ན)ལ་ནི་བརྡ་འབྲེལ་བྱེད་པ་ཡིན་ན། དེ་ནི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མིན་ཏེ། བརྡ་འབྲེལ་བྱེད་པ་དེའི་ཚེ་རྟོག་པ་ལ་གསལ་བར་སྣང་བའི་དོན་སྣང་བ་ནི་མེད་པའི་ཕྱིར་རོ། །ཁྱབ་སྟེ། ཤེས་པའི་སྣང་བ་ཐ་དད་པ་ཡིས་ནི་དོན་རྣམས་ཐ་དད་པའི་ཁྱད་པར་དུ་བྱེད་པ་ཡིན་པའི་ཕྱིར། མིག་ཤེས་ཀྱི་མཐོང་བའི་དོན་ལ་བརྡ་བྱེད་པའི་ཚེ་རྟོག་པ་ལ་ཡུལ་གསལ་བར་སྣང་ངོ་ཞེ་ན། མིག་ལ་དོན་སྣང་བ་ན་ཡང་འདི་ཞེས་གཞན་གྱིས་བསྟན་པ་གང་ཡི་པ་དེ་ཉིད་ལ་སྒྲ་ཡིས་བརྡ་སྦྱོར་བར་བྱེད་ཀྱི། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་རྟོག་པ་ལ་གསལ་བར་སྣང་བ་མ་ཡིན་པར་ཐལ། དེ་ཡིན་ན་མིག་གི་དབང་པོའི་བྱ་བ་མེད་པའི་ལོང་བ་ལ། གཞན་གྱི་ངག་ཙམ་གྱིས་གཟུགས་གསལ་བར་སྣང་དགོས་པ་ལས། དེ་ལྟར་སྣང་བ་མེད་པའི་ཕྱིར། བརྡ་འབྲེལ་མ་བྱས་པར་དབང་ཤེས་ཀྱིས་མིང་དོན་བསྲེས་ནས་འཛིན་ནོ་ཞེ་ན། དབང་ཤེས་ཆོས་ཅན། བརྡའི་འབྲེལ་བ་མ་བྱས་པ་ཅན་དུ་མིང་དོན་བསྲེས་ནས་འཛིན་པ་མིན་ཏེ། དེ་ཡིན་ན་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བར། བུམ་པ་ཞེས་པའི་སྒྲ་ལས་ལྟོ་ལྡིར་བ་རང་ཉིད་ཤེས་པར་ཐལ་བའི་ཕྱིར་རོ། །
གཉིས་པ་ནི། དབང་ཤེས་རྟོག་པ་མ་ཡིན་ན། དེ་རྟོག་པར་འཁྲུལ་པའི་རྒྱུ་ཅི་ཞེ་ན། རྟོག་བཅས་དང་རྟོག་པ་མེད་པའི་ཡིད་དང་དབང་ཤེས་དེ་དག་ལ་ནི་ཆོས་ཅན། བླུན་པོ་དག་གཅིག་ཏུ་ཞེན་པའི་རྒྱུ་མཚན་ཡོད་དེ། ཡུལ་གཅིག་ལ་ཅིག་ཅར་དུ་ནི་འཇུག་པའི་འཇུག་པ་མྱུར་བའི་ཕྱིར། གལ་ཏེ་ཐག་ཁྲ་མཐོང་བའི་དབང་ཤེས་ཆོས་ཅན། རང་ཡུལ་མཐོང་བ་རྒྱུན་ཆད་པར་འགྱུར་བར་ཐལ། རང་ཡུལ་མཐོང་བའི་བར་དུ་རྣམ་རྟོག་གིས་བཅད་པས་སོ་ཞེ་ན། དབང་ཤེས་རྟོག་པར་འདོད་པ་གཞན་གྱི་ལུགས་ལའང༌། བ་ལང་ལས་(༡༨བ)རིགས་ནི་ཐ་དད་པའི་བུམ་པ་ལ་རྣམ་པར་རྟོག་པའི་ཚེ་བ་ལང་མཐོང་བའི་དབང་ཤེས་ཆོས་ཅན། རང་ཡུལ་མཐོང་བ་བར་ཆད་པ་ཇི་ལྟར་མིན་ཏེ་ཡིན་པར་ཐལ། རང་ཡུལ་མཐོང་བའི་བར་དུ་རྣམ་རྟོག་གིས་བཅད་པའི་ཕྱིར། གལ་ཏེ་ཆོས་ཅན། འདས་པ་ལ་རྟོག་པའི་རྣམ་རྟོག་གིས་བར་གཅོད་མི་ནུས་ཏེ། དེ་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར་ཏེ། དངོས་པོར་ཡོད་པའི་ཕྱོགས་འཇུག་པ་མྱུར་བའི་ཚུལ་གྱིས་འཛིན་པའི་ཕྱིར། དཔེར་ན། མགལ་མེ་མཐོང་བ་བཞིན་ཞེ་ན། གཞན་ཐག་ཁྲ་མཐོང་བའི་དབང་ཤེས་ཆོས་ཅན། རང་ཡུལ་མཐོང་བའི་བར་དུ་རྣམ་རྟོག་གིས་གཅོད་མི་ནུས་པར་ཐལ། དངོས་པོར་ཡོད་པའི་ཕྱོགས་འཇུག་པ་མྱུར་བའི་ཚུལ་གྱིས་འཛིན་པ་དེ་ནི་ཁྱོད་ལའང་མཚུངས་པ་ཡིན་པའི་ཕྱིར། ཡི་གེ་ས་ར་དང་ར་སའང་ཆོས་ཅན། ཅིག་ཅར་ཐོས་པ་འཁྲུལ་པར་འགྱུར་བར་ཐལ། འཇུག་པ་མྱུར་བར་ཐོས་པའི་ཕྱིར། བློ་དུ་མ་ཅིག་ཅར་མི་སྐྱེ་བར་འདོད་པ་འདིར་དོན་ཀུན་དང་ཅིག་ཅར་དུ་འདུས་པ་ཅན་གྱི་དབང་པོ་རྣམས་ཡོད་པ་ན། གཟུགས་འཛིན་དབང་ཤེས་ཆོས་ཅན། རང་ཡུལ་བར་མ་ཆད་དུ་འཛིན་པ་མ་ཡིན་པར་ཐལ། རང་ཡུལ་འཛིན་པའི་བར་དུ་འཇུག་ཤེས་ལྔ་པོ་རྣམས་ཀྱིས་ཆོད་པའི་ཕྱིར། དེས་ཆོད་ནའང་ཆོད་པ་མེད་པ་བཞིན་དུ་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་བུའི་བློ་འདོད་པ་གང་ཡིན་པ་དེ་དང༌། མིང་གི་མཐར་ཐུག་པའི་ས་ར་དང་ར་ས་འཛིན་པའི་ཤེས་པ་སྐད་ཅིག་སྔ་མ་དང་ཕྱི་མ་འདྲེས་པ་སྟེ་བར་མ་ཆོད་ཀྱང་བར་ཆོད་པར་སྣང་བར་ཁས་ལེན་པ་དེ་ཆོས་ཅན། ངོ་མཚར་བ་སྟེ་མི་རིགས་ཏེ། ནང་འགལ་ཁས་བླངས་པའི་ཕྱིར། ཤེས་བྱ་ཆོས་ཅན། བློ་དུ་མ་ནི་ཅིག་ཅར་སྐྱེ་བར་འགྱུར་བར་ཐལ། བློ་དུ་མ་ཅིག་ཅར་སྐྱེ་བ་ལ་རིགས་པས་གནོད་པ་དེའི་ཕྱིར། དབང་ཤེས་ཆོས་ཅན། བར་བཅས་དང་(༡༩ན)བར་མེད་གཉིས་ཡོད་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ།  རང་ཡུལ་བར་མ་ཆད་དུ་སྣང་བ་ལ་ཡང་ཁྱད་པར་མེད་པའི་ཕྱིར། ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་ཆོས་ཅན། རང་ཡུལ་རིམ་ཅན་དུ་འཛིན་པར་མི་འགྱུར་བར་ཐལ། རང་ཡུལ་འཇུག་པ་མྱུར་བར་འཛིན་པའི་ཕྱིར། བློ་གཉིས་ཅིག་ཅར་སྐྱེ་ན། སྒྲ་ཉེ་བའི་སྐྱེས་བུ་ལ་རེས་འགའ་སྒྲ་འཛིན་ཉན་ཤེས་ནི་སྐྱེ་བ་ཇི་ལྟར་ཡིན་ཞེ་ན། སྐབས་ལ་ལར་ཡིད་གཟུགས་མཛེས་ལ་ཀུན་དུ་ཆགས་པའི་སེམས་ཅན་དོན་སྒྲ་ཉེ་བ་ལའང་སྒྲ་འཛིན་ཉན་ཤེས་སྐྱེ་བ་མེད་པ་གང་ཡིན་པ་དེ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཡིད་གཟུགས་མཛེས་ལ་ཆགས་པས་གཞན་སྒྲ་འཛིན་ཉན་ཤེས་སྐྱེད་པའི་ནུས་པ་ཉམས་པས་ཡིན་པའི་ཕྱིར། སྒྲ་ཉེ་བའི་སྐྱེས་བུ་ལ་རེས་འགའ་སྒྲ་འཛིན་ཉན་ཤེས་མི་སྐྱེ་བ་ཇི་ལྟར་ཡིན་ཞེས་པའི་རྩོད་པ་སེལ་དགོས་པ་འདི་ཆོས་ཅན། བློ་གཉིས་ཅིག་ཅར་སྐྱེ་བར་འདོད་པ་ཁོ་ན་ལ་ཡོད་པ་མིན་པར་ཐལ། བློ་གཉིས་ཅིག་ཅར་སྐྱེ་བར་འདོད་མི་འདོད་གཉིས་ཀ་ལའང་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། མགལ་མེ་དེ་མཐོང་བའི་དབང་ཤེས་མགལ་མེའི་མེ་སྟག་སྔ་ཕྱི་གཅིག་ཏུ་མཚམས་སྦྱོར་བ་ལས་སྐྱེ་བ་མ་ཡིན་པར་ཐལ། འགལ་མེ་ལ་སོགས་མྱུར་དུ་འཇུག་པའི་རྗེས་སུ་འགྲོ་བས། གནོད་པ་ཅན་གྱི་མིག་ལས་འཁོར་ལོར་འཁྲུལ་བའི་དབང་ཤེས་སྐྱེ་བ་ཡིན་པའི་ཕྱིར། གསུམ་པ་ནི། པཎྜི་ཏ་སྲིད་པའི་བདག་པོ་ལ་སོགས་པ་ལ་ལ་ན་རེ། རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་སྐྱེས་དང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་ལ་སོགས་ཡིན་པའི་ཕྱིར། དཔེར་ན། བྱིས་པའི་དབང་བློ་བཞིན་དང༌། བྱིས་པའི་དབང་བློ་རྟོག་མེད་ཡིན་པ་ཉིད་ཀྱི་རྒྱུ་མཚན།(༡༩བ) བརྡ་ཉམས་པ་ཉིད་ཡིན་པར་སྨྲའོ། །རྒོལ་བ་དེ་དག་གི་ལུགས་ལ། བྱིས་པའི་བློ་ཐམས་ཅད་ཆོས་ཅན། མངོན་སུམ་སྟེ་ཡུལ་གསལ་བར་སྣང་བ་ཉིད་དུ་འགྱུར་བར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། བྱིས་པ་དེ་ནི་ཆོས་ཅན། ཕྱིས་ཀྱང་བརྡ་འཛིན་པར་མི་འགྱུར་བར་ཐལ། བརྡའི་རྒྱུ་རྟོག་པ་དང་བྲལ་བའི་ཕྱིར། གལ་ཏེ་བརྡ་ལ་མ་བྱང་བའི་རྒྱུད་ལ་ཡིད་ཡོད་པ་དེས་ན། ཕྱིས་བརྡ་འཛིན་པ་དེ་འདོད་ན། བྱིས་པའི་དབང་སྐྱེས་ཆོས་ཅན། བྱིས་པའི་ཡིད་དེ་བཞིན་དུ་ཁྱོད་ལ་ཡང་ཕྱིས་བརྡ་འཛིན་པར་འགྱུར་བར་ཐལ། བྱིས་པའི་ཡིད་ཀྱིས་ཕྱིས་བརྡ་འཛིན་པ་གང་ཞིག །དེ་དང་རྟོག་མེད་དུ་མཚུངས་པའི་ཕྱིར། དབང་སྐྱེས་འདི་འདྲ་འདི་ཡང་ཆོས་ཅན། རྒན་པོའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་རྟགས་ཡིན་པའི་ཕྱིར། བྱིས་པའི་དབང་ཤེས་ཆོས་ཅན། རྟོག་བྲལ་ཡིན་ཏེ། རྟོག་པ་དང་བྲལ་རུང་ཡིན་པའི་ཕྱིར་ཞེ་ན། བྱིས་པའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་པར་བྱེད་པ་གང་ཡིན་པ་རྟོག་པ་དང་བྲལ་རུང་དེ་ཉིད་ཆོས་ཅན། རྒན་པོའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་པ་འདིར་ཡང་རྟགས་སུ་བརྗོད་བྱ་ཡིན་པར་ཐལ། བྱིས་པའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་རྟགས་གང་ཞིག །བྱིས་པ་དང་རྒན་པོའི་བློ་ནི་ཁྱོད་ཀྱིས་རྟོག་བྲལ་དུ་སྒྲུབ་དཀའ་སླ་མཚུངས་པའི་ཕྱིར། འདི་འདྲའི་འདི་ཡང་ལྷག་ལྡན་ཡིན་ཞེས་པའི་རིགས་པ་འདིས་ནི་ཆོས་ཅན། དགོས་པ་ཡོད་དེ། མྱོང་བས་འཇུག་པ་སོགས་རྟགས་ཡང་དག་མ་ཡིན་པར་བཤད་པ་ཡིན་པའི་ཕྱིར།
གཉིས་པ་དོན་སྦྱོར་རྟོག་པ་ཡིན་པ་དགག་པ་ལ་གསུམ། ཁྱབ་པ་བསྒྲུབས་ནས་རྟགས་དགོད། ཕྱོགས་ཆོས་སྒྲུབ། དོན་བསྡུ་བའོ། །དང་པོ་ནི། དབང་ཤེས་མིང་སྦྱོར་རྟོག་པ་མ་ཡིན་མོད།(༢༠ན) རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་དོན་སྦྱོར་རྟོག་པ་ཡིན་ནོ་ཞེ་ན་ཁྱད་པར་དང་ནི་ཁྱད་པར་གྱི་གཞི་དང༌། དེ་གཉིས་འབྲེལ་བ་དང༌། འཇིག་རྟེན་གྱི་གཞུང་ལུགས་ཀྱི་ཐ་སྙད་ནི། སྔར་སོ་སོར་བཟུང་ནས་ཕྱིས་དེ་དག་བསྡོམ་པར་བྱས་ཏེ་ཁྱད་གཞི་ལ་ཁྱད་ཆོས་ལྡན་པ་དེ་ལྟར་རྟོགས་ཀྱི། གཞན་སྔར་སོ་སོར་བཟུང་བ་ལས་གཞན་དུ། ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་རྟོགས་པ་མིན་ཏེ། དཔེར་ན། སྐྱེས་བུ་དབྱུག་པ་ཅན་བཞིན། སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པའི་བློ་དེ་ཆོས་ཅན། དོན་སྦྱོར་རྟོག་པ་ཡིན་ཏེ། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་བློ་ཡིན་པའི་ཕྱིར། དབང་ཤེས་འདི་ལ་ཆོས་ཅན། རིགས་སོགས་རྫས་ལ་སྦྱོར་བའི་རྟོག་པའང་མེད་དེ། རིགས་དང་རིགས་དེ་ལྡན་སྦྱོར་བ་ཡོད་པ་མིན་པའི་ཕྱིར་ཏེ། རིགས་སོགས་ཀྱི་བྱེ་བྲག་རྟོགས་པ་མེད་པའི་ཕྱིར།
གཉིས་པ་ལ་གསུམ། དབང་ཤེས་ཀྱིས་རིགས་རྫས་གཞན་འཛིན་པ་དགག །འཕྲོད་འདུ་འཛིན་པ་དགག །རིགས་རྫས་གཞན་གྱི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རྗེས་སུ་འགྲོ་བ་ཅན་གྱི་སྤྱི་འཛིན་རྣམ་ཤེས་གང་ཡིན་པ་དེའང་ཆོས་ཅན་སྤྱི་གཟུང་དོན་དུ་བྱེད་པ་མིན་ཏེ། གསལ་བའི་སྒྲ་དང་ཁ་དོག་དབྱིབས་སོགས་ཀྱི་རྣམ་པར་སྣང་བའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཁ་དོག་དབྱིབས་ཡི་གེའི་རྣམ་པ་ཡིས་སྟོང་པ་བ་ལང་གི་སྤྱི་ཉིད་དུ་བརྗོད་པའི་ཕྱིར། རྟོག་པ་ལ་ཁ་དོག་དབྱིབས་སོགས་སུ་སྣང་བ་དེ་ཉིད་གསལ་བ་མཚུངས་པའི་སྤྱི་ཉིད་ཡིན་པས། དབང་ཤེས་ལ་སྣང་བ་ཡིན་ནོ་ཞེ་ན་ཡང༌། རྟོག་པ་ལ་ཁ་དོག་དབྱིབས་སོགས་སུ་སྣང་བ་དེ་མིག་གི་ཤེས་པའི་ཡུལ་ལ་མཐོང་བ་མེད་དེ། དབང་ཤེས་དེ་ཡུལ་གསལ་མི་གསལ་གྱི་བློ་ཐ་དད་པའང་རྙེད་པར་དཀའ་བའི་ཕྱིར་ཏེ། ཡུལ་(༢༠བ)གསལ་མི་གསལ་གྱི་སྣང་བ་གཉིས་ནི་མེད་པར། གསལ་བ་འབའ་ཞིག་སྣང་བའི་ཕྱིར་རོ། །
གཉིས་པ་ལ་གཉིས། དངོས་དང༌། སྐྱོན་སྤོང་དགག་པའོ། །དང་པོ་ནི། དབང་པོའི་ཤེས་པ་ཆོས་ཅན། འཕྲོད་འདུའི་འབྲེལ་བ་མཐོང་བ་མེད་པར་གནས་ཏེ། འཕྲོད་འདུ་འཛིན་པ་མེད་པའི་ཕྱིར། གཉིས་པ་ནི། སྣལ་མ་འདི་ལ་སྣམ་བུའོ་སྙམ་པའི་བློ་ཆོས་ཅན། རྒྱུ་དང་བཅས་ཏེ། བློ་ཡིན་པའི་ཕྱིར། རྒྱུ་དེ་ཡང་འཕྲོད་འདུའོ་ཞེ་ན། སྣལ་མ་འདི་ལ་སྣམ་བུ་ཞེས་པའི་སྒྲ་འདི་དག་ཀྱང་རིགས་པ་ཅན་པ་རང་གིས་བྱས་ཀྱི། འཇིག་རྟེན་དང་མི་མཐུན་ཏེ། བ་ལང་ལ་རྭ་ཡོད་དོ་ཞེས་འཇིག་རྟེན་ན་གྲགས་ཀྱི། རྭ་ལ་བ་ལང་ཡོད་ཅེས་འཇིག་རྟེན་ན་གྲགས་པ་མིན་པའི་ཕྱིར། བ་ལང་ལ་རྭ་ཡོད་དོ་ཞེས་པའི་ཐ་སྙད་དེ་ཡང༌། འཕྲོད་འདུ་རང་མཚན་པའི་དབང་གིས་ཡིན་ནོ་ཞེ་ན། མ་ཡིན་པར་ཐལ། རྭ་མ་གཏོགས་པའི་བ་ལང་ཞེས་བྱ་བའི་ཡན་ལག་ནི་ལྷག་མ་བར་རྣམ་པར་བཅད་པ་མིན་པར། དམིགས་པ་བ་ལང་ལ་རྭ་ཡོད་དོ་ཞེས་བརྗོད་པའི་ཕྱིར། སྣལ་སྣམ་འཕྲོད་འདུ་རང་མཚན་པ་མེད་ན། སྣལ་མ་དེ་རྣམས་ཀྱི་སྣམ་བུ་འདིའོ་ཞེས་པའི་ཐ་སྙད་མི་འཐད་དོ་ཞེ་ན། སྣལ་མ་དེ་རྣམས་ཀྱི་སྣམ་བུ་འདིའོ་ཞེས་པའི་སྒྲ་ཆོས་ཅན། ཇི་ལྟ་བུར་ཡང་དུས་གཅིག་ཏུ་སྣལ་སྣམ་འཕྲོད་པར་འདུ་བས་མིན་པར་ཐལ། སྣལ་མ་རྐྱེན་གྱིས་འདུས་བྱེད་པ་ལས། ཕྱིས་འབྱུང་གི་གྲང་བ་སྐྱོབ་ནུས་ཀྱི་ལིང་པོ་དེ་འབྲས་བུ་སྣམ་བུར་བརྗོད་པ་ཡིན་པའི་ཕྱིར། སྣལ་སྣམ་འཕྲོད་འདུ་རང་མཚན་པ་མེད་ན། སྔར་གྱི་སྣལ་མ་དེ་གང་ཞེས་པའི་ལན་དུ། སྣམ་བུ་འདིའོ་ཞེས་པའི་ཐ་སྙད་མི་འཐད་དོ་ཞེ་ན། དེ་འཐད་པར་ཐལ། སྔར་གྱི་སྣལ་མ་དེ་སྣམ་བུ་འདིའོ་ཞེས་པའི་སྒྲའི་རྟེན་ནི་སྟོན་པ་ལ། སྐྱེས་བུ་འགའ་ཡིས་སྣམ་བུ་ལ་རྒྱུ་སྣལ་མར་སྒྲོ་བཏགས་པའམ། སྣལ་མ་(༢༡ན)གཅིག་ནི་བཀར་བར་བྱས་ལ་འབྲས་དུས་ཀྱི་སྣལ་མ་ལ་སྣལ་མ་ཞེས་འཇུག་པར་འགྱུར་བའི་ཕྱིར། འཕྲོད་འདུ་རང་མཚན་མེད་ན་བ་ལང་ཞེས་པའི་སྒྲ་འཇུག་པར་འགལ་ལོ་ཞེ་ན། མི་འགལ་ཏེ། བ་ལང་གི་ཡན་ལག་ཕན་ཚུན་ཕན་གདགས་བྱ་དང་ཕན་འདོགས་བྱེད་ཉིད་དམ། བར་རྣམ་པར་ཆད་པ་མེད་པར་སྣང་བ་ཉིད་ལ་བ་ལང་ཞེས་པའི་སྒྲ་འཇུག་པའི་ཕྱིར། འཕྲོད་འདུ་རང་མཚན་པ་མེད་ན་དེ་ཡང་མི་འཐད་དོ་ཞེ་ན། ནོག་སོགས་འདུས་པ་གང་ཡིན་པ་དེ་ཆོས་ཅན། བ་ལང་ཞེས་པའི་སྒྲ་དེ་ཁྱོད་ཀྱི་དངོས་མིང་ཡིན་ཏེ། བ་ལང་གི་སྒྲ་ལས་ཁྱོད་འབྲེལ་མེད་ཅན་དུ་ཤེས་ཤིང༌། དང་པོར་བ་ལང་ཞེས་པའི་བརྡ་སྦྱོར་བའི་སྤྱོད་ཡུལ་ཡིན་པའི་ཕྱིར།
གསུམ་པ་ལ་གཉིས། དངོས་དང༌། རིགས་དོན་གཞན་མེད་ཀྱང་དུ་མ་ལ་སྒྲ་གཅིག་འཇུག་པའོ། །དང་པོ་ནི། བ་ལང་གི་གསལ་བ་ཆོས་ཅན། རིགས་དོན་གཞན་ཡོད་དེ། སྤྱི་སྒྲ་དང་སྤྱི་བློ་འཇུག་པའི་ཕྱིར། དཔེར་ན། ཁྱད་ཆོས་དབྱུག་པ་དོན་གཞན་པའི་དབང་གིས། སྐྱེས་བུ་དབྱུག་པ་ཅན་ཞེས་པའི་སྒྲ་འཇུག་པ་བཞིན་ཞེ་ན། ཤེས་བྱ་ཆོས་ཅན། སྒྲ་འཇུག་པའི་རྒྱུ་མཚན་གྱིས་དངོས་པོ་ལས་ནི་རྫས་ཐ་དད་པ་ཅན་གྱི་རིགས་སོགས་སྒྲུབ་པ་ལ་ནི་རྗེས་དཔག་མེད་པར་ཐལ། དབྱུག་པ་ཅན་སོགས་ཐམས་ཅད་ལའང་ཀུན་རྫོབ་པའི་རྟོག་པ་ལས་དབྱུག་པ་ཅན་དུ་ཐ་སྙད་འདོགས་པའི་ཕྱིར། ཆོས་འདྲ། དངོས་པོ་ཚིག་གི་དོན་དྲུག་དང༌། ཁང་བཟང་དང་ཁང་བཟང་གི་ཕྲེང་བ་སོགས་ཀྱི་སྒྲ་ཡང༌། རིགས་དོན་གཞན་ལ་ལྟོས་པ་མིན་པའི་ཕྱིར། གལ་ཏེ་ཁང་པ་རྡུལ་རིགས་མི་མཐུན་ཕྲད་པའི་ལྡན་པ་ཡིན་ནོ་ཞེ་ན། ཁང་བཟང་དེའི་ཕྲེང་བ་དེ་ནི་ཅི་ཞིག་ཡིན། གལ་ཏེ་ཁང་བཟང་གི་རིགས་ཡིན་ནོ་ཞེ་ན། ཁང་བཟང་གཅིག་ཀྱང་(༢༡བ)ཆོས་ཅན། ཁང་བཟང་གི་ཕྲེང་བ་ཞེས་བརྗོད་པར་འགྱུར་བར་ཐལ། དེའི་ཕྲེང་བ་དེ་ཁྱོད་ཀྱི་རིགས་ཡིན་པའི་ཕྱིར། དཔེར་ན། ཙན་དན་གཅིག་ལ་ཤིང་ཞེས་བརྗོད་པ་བཞིན། ཤེས་བྱ་ཆོས་ཅན། ཁང་བཟང་གི་ཕྲེང་བ་མང་པོ་ལ་ཁང་བཟང་གི་ཕྲེང་བ་དེའི་སྒྲ་ཇི་ལྟར་འཇུག་སྟེ་མི་འཇུག་པར་ཐལ། ཁང་བཟང་གི་ཕྲེང་བ་རིགས་ཡིན་པ་གང་ཞིག །རིགས་ལ་རིགས་གཉིས་པ་མེད་པའི་ཕྱིར། ཁང་བཟང་དང་ཁང་བཟང་གི་ཕྲེང་བ་སོགས་ཆོས་ཅན། ཁྱོད་ལ་ནི་ཆེན་པོ་སོགས་ཀྱི་སྒྲ་མི་འཇུག་པར་ཐལ། ཁྱོད་ལས་དོན་གཞན་པའི་ཆེན་པོ་སོགས་མེད་པའི་ཕྱིར། དེ་ལ་ཆེན་པོའི་སྒྲ་ཉེ་བར་བཏགས་པ་ལས་འཇུག་པར་འདོད་པ་གང་ཡིན་པའོ་ཞེ་ན། ཆོས་ཅན། ཆེན་པོའི་སྒྲ་ཉེ་བར་བཏགས་པ་མིན་པར་ཐལ། ཆེན་པོ་དངོས་དང་ཁྱད་མེད་དུ་རྣམ་ཤེས་ཀྱིས་གཟུང་བྱ་ཉིད་ཡིན་པའི་ཕྱིར། ཁྱད་ཆོས་དོན་གཞན་ཡོད་པ་རྗོད་པ་དངོས་མིང་དང༌། མེད་པ་རྗོད་པ་བཏགས་མིང་དུ་མི་འཐད་པར་ཐལ། མིང་དངོས་སུ་འཇུག་པར་མངོན་པར་འདོད་པ་ལའང༌། རྒྱུ་ཁྱད་ཆོས་དོན་གཞན་ཡོད་པ་མིན་པ་ཉིད་དེ་མཚུངས་པའི་ཕྱིར། ཆོས་འདྲ། ཚིག་གི་དོན་དྲུག་རྣམས་ལ་ནི་ཚིག་གི་དོན་དྲུག་ཅེས་པའི་སྒྲ་འཇུག་པ་རྒྱུ་གཞན་གང་ལ་ལྟོས་པར་མཐོང་སྟེ་མ་མཐོང་བའི་ཕྱིར། ཆོས་འདྲ། ཇི་ལྟར་གྲགས་པ་ལས་གྲུབ་པའི་མིང་གང་ཡིན་པ་དེ་དངོས་མིང་དང༌། དོན་དེ་དང་མཚུངས་པའི་ཕྱིར་གང་ལ་དངོས་མིང་དེ་སྐད་བརྗོད་པའི་རྗེས་སུ། རྗེས་གྲུབ་ཏུ་འཇུག་པ་དེ་ཕལ་བ་བཏགས་མིང་ཡིན་པའི་ཕྱིར་ཏེ། བུ་གླེན་པའི་དངོས་པོ་ལ་བུའི་དངོས་མིང་དུ་བཏགས་པའི་ཕྱིར་རོ། །མ་ཁྱབ་སྟེ། གྲགས་པ་དེ་དངོས་དབང་གིས་འཇུག་པ་ཡིན་ནོ་ཞེ་ན། དེ་མ་ཡིན་པར་ཐལ། གྲགས་པ་དེའི་རྗེས་སུ་འགྲོ་བ་ཅན་ཡིན་ལ། བརྡ་དེ་ཡང་བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། རིགས་(༢༢ན)དོན་གཞན་མེད་ན་སྒྲ་སྦྱོར་བ་དོན་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཐ་སྙད་ཀྱི་དུས་སུ་དོན་གོ་བའི་དོན་དུ་སྒྲ་བྱས་པའི་ཕྱིར། དཔེར་ན། སྡེབ་སྦྱོར་གྱི་མིང་ལ་མེ་ཏོག་ཕྲེང་འཛིན་དང༌། སྒྲའི་ཆ་ཤས་ལ་རང་བཞིན་དང་རྐྱེན་ཞེས་མིང་བཏགས་པ་བཞིན་ནོ། །
གཉིས་པ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། རིགས་དོན་གཞན་མེད་ན་དུ་མ་ལ་སྤྱི་སྒྲ་གཅིག་ཇི་ལྟར་འཇུག་ཅེ་ན། ཤིང་གསལ་དེ་དག་ཆོས་ཅན། རྫས་ཐ་དད་ཀྱང་ཤེས་པ་དེས་རིགས་གཅིག་པ་དེ་ལྟར་རྟོགས་པར་འགྱུར་བ་ཡིན་ཏེ། གང་དངོས་པོའི་ཆོས་ཉིད་ཀྱིས་རིགས་གཅིག་ཏུ་འཛིན་པ་དེ་འདྲའི་རྣམ་ཤེས་ཀྱི་རྒྱུ་ཡི་ནི་དོན་ཡིན་པའི་ཕྱིར། ཤིང་གསལ་འཛིན་པའི་དབང་པོའི་ཤེས་པ་དུ་མའང་ཆོས་ཅན། ཤིང་གསལ་དེ་བཞིན་དུ་རིགས་གཅིག་ཡིན་ཏེ། རྫས་ཐ་དད་ཀྱང་རིགས་ཐ་དད་མིན་པར་ནི་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། ཤིང་གསལ་ཆོས་ཅན། སྤྱི་རྟག་དངོས་གཅིག་ཡོད་པ་མ་ཡིན་ཏེ། ཤིང་དེའི་འབྲས་བུ་མེད་ཙམ་དང་བྲལ་བ་རྗེས་འགྲོ་བྱེད་པའི་ཕྱིར། ཤིང་གི་དངོས་པོ་ལ་ཤིང་ཞེས་པའི་མཉན་པ་ཆོས་ཅན། ཤིང་དེའི་མཐར་ཐུག་པ་ཅན་ཡིན་ཏེ། ཤིང་གི་དངོས་པོ་རྣམས་ལ་ཡོད་པའི་གཞན་སེལ་གོ་བྱེད་དུ་བརྡ་སྦྱར་བ་དེའི་ཕྱིར།
གཉིས་པ་ལ་གཉིས། རྩོད་པ་སྤང་བ། བརྡའི་ཡུལ་ངོས་གཟུང་བའོ། །དང་པོ་ནི། ཤིང་ཞེས་པའི་སྒྲས་ཤིང་གི་དངོས་པོ་ཁོ་ན་བརྗོད་པར་ཐལ། དེས་ཤིང་གི་མཐར་ཐུག་པ་ཅན་བརྗོད་པ་ཡིན་པའི་ཕྱིར། འདོད་ན། སྒྲ་དོན་བརྗོད་བྱར་བཤད་པ་དང་འགལ་ལོ་ཞེ་ན། ཕྱི་རོལ་དོན་བྱེད་ནུས་པ་ཤིང་མིན་རྣམ་པར་གཅོད་པ་ལ་དོན་དམ་པར་རིག་པ་མེད་ཀྱང་ཤིང་སྒྲ་དེ་ནི་ཆོས་ཅན། ཤིང་གི་གཞན་སེལ་གྱི་མཐར་ཐུག་པ་ཅན་ཡིན་ཏེ། ཁྱོད་ལ་བརྟེན་ནས་(༢༢བ)ཤིང་འཛིན་རྣམ་པར་རྟོག་པའི་གཟུགས་བརྙན་ནི། ཤིང་དེའི་མཐར་ཐུག་པ་རྣམས་དང་འབྲེལ་བ་དེས་ནའོ། །ཤིང་ཞེས་པའི་མཉན་པ་ཆོས་ཅན། གཞན་སེལ་གོ་བར་བྱེད་པར་བརྗོད་དེ། ཤིང་གི་གཞན་སེལ་གོ་བྱེད་དུ་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། གཞན་ལུགས་དགག །རང་ལུགས་གཞག་པའོ། །དང་པོ་ནི། ཤིང་མིན་ལས་ལོག་པར་སྣང་བ་དེ་ཉིད་ཤིང་ཡིན་པས། ཤིང་སྒྲས་ཤིང་གི་དངོས་པོ་ཁོ་ན་བརྗོད་དོ་ཞེ་ན། ཤིང་ཞེས་པའི་སྒྲ་དག་ལས་རྟོག་པའི་ཤེས་པ་ལ་ཤིང་མིན་ལས་ལྡོག་པ་བཞིན་དུ་གཞན་ཤིང་གི་གཟུགས་བརྙན་སྣང་བ་གང་ཡིན་པ་དེའང་ཆོས་ཅན། དོན་གྱི་བདག་ཉིད་ཤིང་མ་ཡིན་ཏེ། འཁྲུལ་བའི་བག་ཆགས་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། རང་སྡེ་ཁ་ཅིག་ན་རེ། ཤིང་འཛིན་རྟོག་པའི་གཟུང་རྣམ་དེ་ཤིང་ཞེས་པའི་སྒྲས་བརྗོད་དོ་ཞེ་ན། ཤིང་ཞེས་པའི་མཉན་པ་ཆོས་ཅན། དོན་གྱི་ཆ་ཤིང་གང་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤིང་འཛིན་རྟོག་པའི་གཟུང་རྣམ་དེ་ནི་བརྗོད་པའི་ཕྱིར། ཤིང་དེ་མི་རྟོགས་སོ་ཞེ་ན། ཆོས་ཅན། ཤིང་རྟོགས་པ་དེའི་དོན་ཅན་དུ་བརྡ་བྱེད་པ་ནི་དོན་མེད་དུ་འགྱུར་བར་ཐལ་ལོ། །འོ་ན་ཤིང་སྒྲས་དོན་གྱི་ཆ་ནི་ཅི་བརྗོད་ཅེས་འདྲི་བ་དེ་ལ་གཞན་སེལ་བརྗོད་པར་བྱ་སྟེ། ཤིང་གི་གཞན་སེལ་གོ་བྱེད་ཡིན་པའི་ཕྱིར། དེ་ནི་མཉན་པས་ཞེས་པའི་ཁྱབ་སྒྲུབ་ནི། ཤིང་འཛིན་རྟོག་པའི་གཟུང་རྣམ་དེ་ཡང་ཆོས་ཅན། ཁྱོད་བརྗོད་པས་ཇི་ལྟར་དོན་ཤིང་རྟོགས་པའི་རྟེན་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ཤིང་གི་དོན་ལ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། ཤིང་གསལ་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤིང་སྒྲས་བརྗོད་པའི་དོན་གྱི་འབྲས་བུ་ཤིང་འཛིན་རྟོག་པའི་གཟུང་རྣམ་དེ། ཤིང་གསལ་ལ་རྗེས་སུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། ཤིང་མཐོང་(༢༣ན)བ་གོམས་པས་སྒྲུབ་པའི་ཤིང་འཛིན་རྟོག་པའི་གཟུང་རྣམ་དེ་ཡང་ཆོས་ཅན། ཤིང་གསལ་ལ་རྗེས་སུ་འགྲོ་བ་མེད་པ་ཅན་ཡིན་ཏེ། ཤིང་འཛིན་རྟོག་བློ་ལས་གྲུབ་པ་དེ་ཐ་དད་མེད་པའི་ཕྱིར་རོ། །འོ་ན་ཤིང་སྒྲའི་དོན་གང་ཡིན་ཞེས་འདྲི་ན། ཤིང་གི་གཞན་སེལ་དེ་ཉིད་ཡིན་ཞེས་བརྗོད་པ་ལ་ནི་འགལ་བ་མེད་དེ། ཤིང་ཞེས་པའི་སྒྲ་ལས། ཤིང་དེའི་དངོས་པོར་སྒྲོ་བཏགས་པ་ཤིང་མིན་ལས་ལོག་པར་སྣང་བ་རྟོགས་པ་ཡིས། གཞན་ཤིང་མིན་ལས་ལྡོག་པ་རྟོགས་པའི་ཕྱིར། ཤིང་ཞེས་པའི་སྒྲ་ཡིས་ངེས་པར་སྤྲུལཔའི་ཤེས་པ་དེ་དག་ལ་ཤིང་མིན་ལས་ལོག་པར་སྣང་བ་དེ་ཉིད་ཆོས་ཅན། ཤིང་གསལ་གྱི་སྤྱི་ཡིན་ཏེ། ཤིང་གསལ་གྱི་དོན་གྱི་ཆ་ལ་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། ཤིང་ཞེས་པའི་མཉན་པ་ཆོས་ཅན། ཤིང་གི་གཞན་སེལ་རྗོད་བྱེད་ཡིན་ཏེ། ཤིང་གི་གཞན་སེལ་གོ་བྱེད་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་ནི། ཤིང་ཞེས་པའི་སྒྲ་ཆོས་ཅན། ཤིང་གི་གཞན་སེལ་དང་འབྲེལ་བར་འགྱུར་ཏེ། བརྡའི་དུས་ན་ཡང་ཤིང་རང་ཉིད་མཐོང་བའི་འབྲས་བུ་ཅན་སྔར་བསྟན་པའི་དོན་གྱི་གཞན་སེལ་དང་འབྲེལ་བའི་ཕྱིར། ཤིང་ཞེས་པའི་སྒྲ་དེ་ནི་ཆོས་ཅན། གཞན་སེལ་དང་འབྲེལ་བར་འགྱུར་གྱི། སྤྱི་རྟག་དངོས་ལ་འཇུག་པ་མི་རུང་སྟེ། ཤིང་ལས་གཞན་དུ་འཇུག་པ་མ་མཐོང་བ་ལ་ལྟོས་པ་དང༌། ཤིང་ལ་ལར་འཇུག་པ་དེ་མཐོང་བ་ལ་ལྟོས་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། རིགས་སོགས་ལ་རྟག་དངོས་དེ་དང་ལྡན་པའི་དོན་ནི་ཡོད་པ་མིན་ཏེ། རིགས་རྟག་དངོས་མེད་པ་དེའི་ཕྱིར། རིགས་རྟག་དངོས་དང་ལྡན་པའི་དོན་དང༌། རིགས་རྟག་དངོས་དེ་དག་ལ་དབང་ཤེས་ཀྱིས་མཉན་པ་བརྡ་འབྲེལ་བྱེད་པ་མིན་ཏེ། གཞན་ལས་ནི་ལྡོག་པ་ཉིད་ལ་རྟོག་པས་(༢༣བ)སྒྲ་སྦྱོར་བའི་ཕྱིར།
གསུམ་པ་སླར་ཡང་མིང་སྦྱོར་རྟོག་པ་ཡིན་པ་དགག་པ་ལ་ལྔ། སྔ་ཕྱི་འཛིན་པས་སྟོང་པས་དགག །གཞན་ལ་རྟོག་ཀྱང་མཐོང་བས་དགག །མྱོང་བྱེད་མེད་པར་ཐལ་བས་དགག །རང་མཚན་རྟོག་པ་མེད་པར་ཐལ་བས་དགག །མཐོང་རྟོག་རྒྱུ་གཞན་ཡིན་པས་དགག་པའོ། །དང་པོ་ནི། མིག་ཤེས་ལ་ནི་ཆོས་ཅན། བརྡ་དྲན་པའི་རྒྱུ་ཅན་གྱིས་ཕྱིས་མཐོང་བའི་དོན་དང༌། སྔར་གྱི་མིང་གཉིས་གཅིག་ཏུ་སྲེ་བར་བྱེད་པའི་བདག་ཉིད་ཅན་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། སྔ་ཕྱི་འཛིན་པས་སྟོང་པའི་ཕྱིར། གཉིས་པ་ནི། དོན་གཞན་ལ་སེམས་འཇུག་པ་ཅན་གྱི་ཡང་མིག་གིས་གཟུགས་དག་མཐོང་བར་གྱུར་པ་དེར་ནི་དབང་ཤེས་ཆོས་ཅན། བརྡ་དེས་བསྐྱེད་པའི་རྟོག་པའང་མེད་དེ། ཡུལ་གསལ་བར་དེའི་བརྡ་མི་འཛིན་པར་སྣང་བའི་ཕྱིར། དབང་སྐྱེས་ཆོས་ཅན། སྒྲ་དོན་སྣང་ཡུལ་དུ་བྱེད་པར་ཐལ། མིང་སྦྱོར་རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། གང་ལ་སྒྲ་ནི་ངེས་པར་འགོད་པའི་ཡུལ་དེ་ལ་དམིགས་ནས། མིང་སྦྱོར་རྟོག་པ་སྐྱེ་བར་འགྱུར་བ་དེས་ནའོ། །འདོད་ན། ཆོས་ཅན། ཡུལ་ལ་འདོད་པ་ཡིས་འཇུག་པར་འགྱུར་ཞིང༌། ཕྱི་རོལ་གྱི་གཟུང་དོན་མཐོང་བར་མི་འགྱུར་བར་ཐལ་ལོ། །གསུམ་པ་ནི། དབང་ཤེས་རྟོག་པར་ཁས་ལེན་ཅིང༌། རྟོག་གཉིས་གཅིག་ཅར་སྐྱེ་བར་ཁས་མི་ལེན་ན། གཟུགས་ལ་གཟུགས་ཞེས་མཐོང་བ་ན་གཟུགས་དེ་འཛིན་པའི་བློ་ཆོས་ཅན། འདིའོ་ཞེས་ནི་དྲན་པ་ཇི་ལྟར་མཐོང་སྟེ་མ་མཐོང་བར་ཐལ། མྱོང་བྱེད་མེད་པའི་ཕྱིར། རྟགས་ཁས་བླངས། ཐལ་བ་ལས། ཆོས་ཅན། གཟུགས་འཛིན་པའི་བློ་དེ་ཡིས་ཉམས་སུ་མྱོང་བ་ཡང་ཡོད་དེ། དེའི་དྲན་པ་ཡོད་པའི་ཕྱིར། མྱོང་བྱེད་ཡོད་པར་འདོད་ན། གཟུགས་འཛིན་པའི་བློ་མྱོང་བྱེད་དེ་ནི་ཆོས་ཅན། རྟོག་མེད་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། བློ་ཡིན་པའི་(༢༤ན)ཕྱིར། གཞན་ཡང༌། གཟུགས་འཛིན་པའི་བློ་དེ་གང་གིས་མྱོང༌། བློ་དེ་ཉིད་ཀྱིས་མྱོང་བ་ཡིན་ནོ་ཞེ་ན་ནི། གཟུགས་འཛིན་པའི་བློ་དེ་ཉིད་ཀྱིས་མྱོང་བ་མ་ཡིན་པར་ཐལ། རྟོག་གཉིས་ཅིག་ཅར་མཐོང་བ་མེད་པའི་ཕྱིར། གསུམ་ཁས་བླངས། དུས་མཉམ་པའི་ཤེས་པས་མྱོང་ངོ་ཞེ་ན། དེས་མྱོང་བ་མ་ཡིན་པར་ཐལ། རྟོག་གཉིས་ཅིག་ཅར་མཐོང་བ་མེད་ཅེས་པའི་རིགས་པ་དེས་ནི། དུས་མཚུངས་པའི་རྣམ་པར་ཤེས་པ་གཞན་གྱིས་མྱོང་བ་ལའང་གནོད་བྱེད་བསྟན་པ་ཡིན་པའི་ཕྱིར། ཕྱིས་བྱུང་གི་ཤེས་པས་མྱོང་ངོ་ཞེ་ན། ཕྱིས་བྱུང་གི་ཤེས་པ་ཆོས་ཅན། གཟུགས་འཛིན་པའི་བློ་མྱོང་བྱེད་མ་ཡིན་པར་ཐལ། གཟུགས་འཛིན་པའི་བློ་དེ་ལ་འདས་པ་ནི་དམིགས་པའི་དྲན་པར་འགྱུར་བའི་ཕྱིར། སྔ་མ་དེ་ཆོས་ཅན། ཁྱོད་ལ་དྲན་པ་དེ་ཇི་ལྟར་ཡོད་དེ་མེད་པར་ཐལ། མྱོང་བ་མེད་པའི་ཕྱིར། ལྷས་བྱིན་གྱི་བློ་ཆོས་ཅན། རབ་བློའི་འཇལ་ཚུལ་དང་གཞན་གྱི་བློ་ཡོངས་སུ་གཅོད་ཚུལ་ངོ་བོ་གཅིག་པར་འགྱུར་བར་ཐལ། དེ་གཉིས་ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇལ་བའི་ཕྱིར། འདས་པའི་དོན་རིག་དེ་ཆོས་ཅན། ཚད་མ་ཅིས་གྲུབ་སྟེ་མ་གྲུབ་པར་ཐལ། གང་གི་ཕྱིར་ཁྱོད་ལ་ནི་མངོན་སུམ་གྱིས་གྲུབ་པ་མིན་ཞིང༌། རྟགས་ཅན་རྗེས་དཔག་གིས་གྲུབ་པ་མིན་པའི་ཕྱིར་ཏེ། ཁྱོད་སྒྲུབ་པ་ལ་མཐུན་དཔེ་དག་དང་བྲལ་ཞིང༌། རྟགས་ཕྱོགས་ཆོས་གྲུབ་པ་ནི་ཡོད་པ་མིན་པའི་ཕྱིར། རྟགས་མ་གྲུབ་ན། རང་རིག་མ་གྲུབ་པར་འགལ་ལོ། །གལ་ཏེ་གཟུགས་དེའི་ངོ་བོར་ནི་སྣང་བ་ཅན་གྱི་དེ་མ་ཐག་པའི་བློས་གཟུགས་སོགས་འཛིན་པ་བཞིན་དུ། གཟུགས་འཛིན་པའི་བློ་དེས་དེ་མ་ཐག་པའི་བློས་འཛིན་པར་འགྱུར་རོ་ཞེ་ན། དོན་དུ་མ་འཛིན་པའི་རྗེས་སུ་སྐྱེས་པའི་བློ་ཆོས་ཅན། སྔ་བློ་དེ་ནི་འཛིན་པར་མི་འགྱུར་བར་ཐལ། ཁྱོད་དང་དེའི་བར་དུ་དུས་(༢༤བ)གཞན་གྱིས་ཆོད་པའི་ཕྱིར། ཇི་ལྟར་གཟུགས་རང་གི་ཡུལ་ཅན་གྱི་རྣམ་ཤེས་ཉམས་སུ་མྱོང་བའི་བློ་དེ་ཆོས་ཅན། རྟོག་མེད་ཡིན་ཏེ། རང་ཡུལ་ལ་བརྡ་བྱ་བར་མི་ནུས་པའི་ཕྱིར་ཞེ་ན། དེ་བཞིན་དུ་དབང་ཤེས་གཞན་ཡང་ཆོས་ཅན། རྟོག་པ་མེད་པར་འགྱུར་བར་ཐལ། རང་ཡུལ་ལ་བརྡ་བྱ་བར་མི་ནུས་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། ཁྱད་པར་རང་མཚན་གཟུང་ཡུལ་དུ་བྱས་ནས། གང་གིས་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་པ་མེད་པའི་ཤེས་པ་མེད་པའི་ཕྱིར། ཁྱབ་སྟེ། རྟོག་པའང་སྤྱི་རྗོད་པའི་ངང་ཚུལ་ཅན་གྱི་སྒྲ་དེ་དང༌། ཡུལ་ལ་འཇུག་ཚུལ་དོན་གཅིག་པའི་ཕྱིར། གལ་ཏེ་རྟོག་པ་མེད་པའི་དབང་ཤེས་འགའ་ཞིག་ཀྱང་ཡོད་པས་སྐྱོན་མེད་ཅེ་ན། དབང་ཤེས་ཐམས་ཅད་ཆོས་ཅན། དབང་ཤེས་སྔ་མ་དེ་བཞིན་དུ་རྟོག་མེད་དུ་ཐལ། དེ་དང་རྐྱེན་གསུམ་མཚུངས་པའི་རྒྱུ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུའི་བདག་ཉིད་ཐ་དད་རྒྱུ་ཐ་དད་ལས་སྐྱེ་བ་ཡིན་པའི་ཕྱིར། ལྔ་པ་ནི། མིག་བློ་ཆོས་ཅན། མིང་སྦྱོར་རྟོག་པ་མ་ཡིན་ཏེ། ཕྱི་རོལ་དོན་ལ་ལྟོས་པ་མེད་པར། བརྡ་དྲན་པ་ལས་མིང་སྦྱོར་རྟོག་པ་སྐྱེ་བ་ཡིན་ལ། དེ་བཞིན་དུ་བརྡ་ལ་ལྟོས་པ་མེད་པར། གཟུང་དོན་གྱི་དངོས་པོའི་ནུས་པ་ཉིད་ལས་ཁྱོད་སྐྱེ་བར་འགྱུར་བའི་ཕྱིར། རྟགས་མ་གྲུབ་སྟེ། གལ་ཏེ་གཟུགས་ནི་བརྡ་དྲན་པ་ལ་ལྟོས་ནས། དབང་པོའི་བློ་དག་ལ་ཕན་ནུས་པར་འགྱུར་གྱི། ལྟོས་མེད་དུ་མིན་ནོ་ཞེ་ན། གཟུགས་དེ་ནི་ཆོས་ཅན། དྲན་པ་ཉིད་ལ་དངོས་སུ་ཕན་པར་འགྱུར་བར་ཐལ། བརྡ་དྲན་དེ་ལ་འབྲེལ་བ་དེ་ལྟོས་ནས་ཁྱོད་ལས་དབང་བློ་སྐྱེ་བའི་ཕྱིར། དཔེར་ན། རྟགས་ལས་རྟགས་འཛིན་སེམས་དང༌། དེ་ལས་རྟགས་ཅན་རྗེས་དཔག་སྐྱེ་བ་བཞིན། འདོད་ན། དབང་བློ་ཆོས་ཅན། དྲན་པ་ལས་དངོས་སུ་སྐྱེ་བར་འགྱུར་བའམ། གཟུགས་ལས་དངོས་སུ་སྐྱེ་བ་མིན་པར་ཐལ། གཟུགས་(༢༥ན)ལས་བརྡ་དྲན་སྐྱེ། བརྡ་དྲན་ལས་ཁྱོད་དངོས་སུ་སྐྱེ་བའི་ཕྱིར། འདོད་ན། ཆོས་ཅན། རང་གི་རྐྱེན་གསུམ་ཚང་བ་དེ་ལས་དུས་གཞན་དུའང་སྐྱེ་བར་འགྱུར་བར་ཐལ། དེའི་ཚེའང་བརྡ་དྲན་པ་སྲིད་པའི་ཕྱིར། རང་གི་རྐྱེན་གསུམ་ཚང་བའི་སྐབས་སུ་མི་སྐྱེ་བ་སྲིད་པར་ཐལ། དེའི་སྐབས་ལ་ལར་ཡིད་རྣམ་པར་གཡེང་བ་སྲིད་པའི་ཕྱིར་རོ། །དྲན་ལས་དབང་བློ་འགྱུར་བའམ་མིན། ཞེས་པའི་ཁྱབ་པ་མ་ངེས་ཏེ། གལ་ཏེ་གཟུགས་དེ་རིམ་གྱིས་དྲན་པ་དང་དབང་བློ་གཉིས་ཀའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། དྲན་པ་དང་དབང་བློའི་རྒྱུའི་གཟུགས་གཉིས་གཅིག་གམ་ཐ་དད། དང་པོ་ལྟར་ན། གཟུགས་གཉིས་ཆོས་ཅན། སྔར་ཉིད་དབང་ཤེས་བསྐྱེད་པར་འགྱུར་བར་ཐལ། དེ་སྐྱེད་པ་གང་ཞིག །སྔ་ཕྱི་ཐ་དད་པ་མེད་པའི་ཕྱིར། དབང་བློའི་རྒྱུ་གཟུགས་ནི་གཞན་ཡིན་ནོ་ཞེ་ན། དབང་ཤེས་དེ་ཆོས་ཅན། ཁྱོད་ལ་དྲན་པ་རྒྱུར་དོན་ཅི་ཡོད་དེ་དྲན་པ་དོན་མེད་དུ་འགྱུར་བར་ཐལ། བརྡ་དྲན་གྱིས་ཇི་ལྟར་བརྡ་བཏགས་པ་ཁྱོད་ཀྱིས་གྲུབ་པའི་དོན་དུ་བརྡ་དྲན་ཁྱོད་ཀྱི་རྒྱུར་འདོད་པ་གང་ཞིག །བརྡ་བཏགས་པ་མེད་པའི་ཁྱད་པར་འཛིན་པའི་ཕྱིར། རྟགས་མ་གྲུབ་སྟེ། སྤྱི་ཙམ་འཛིན་པ་ཡིན་ན་ནི། ཆོས་ཅན། ཁྱད་པར་གྱི་གཟུང་དོན་ལ་ལྟོས་པ་མི་རུང་བར་ཐལ་ལོ། །མིག་བློ་ཆོས་ཅན། མིང་སྦྱོར་རྟོག་པ་མིན་ཏེ། མིག་དང་གཟུགས་དག་ལ་བརྟེན་ནས་དངོས་སུ་སྐྱེ་བར་འགྱུར་བ་དེའི་ཕྱིར།
མཚན་གཞིའི་དབྱེ་བ་བཤད་པ།
༈ གཉིས་པ་མཚན་གཞིའི་དབྱེ་བ་ལ་བཞི། དབང་མངོན། ཡིད་མངོན། རང་རིག །རྣལ་འབྱོར་མངོན་སུམ་མོ། །དང་པོ་ལ་གཉིས། དབང་ཤེས་ཀྱི་མིང་དོན་ལ་རྩོད་པ་སྤང༌། རྟོག་བྲལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་མངོན་སུམ་གྱི་ཤེས་པ་སྐྱེད་པ་ལ་དབང་པོ་བཞིན་དུ། ཡུལ་ཡང་ནུས་ལྡན་ཡིན་པ་འོ་ན་ཅིའི་ཕྱིར། ཡུལ་དབང་གཉིས་ལ་(༢༥བ)རག་ལས་ནས་སྐྱེ་བ་དེ་ནི། ཡུལ་ཤེས་ཞེས་པ་དེ་ཡིས་མི་རྗོད་པར་དབང་ཤེས་ཀྱི་སྒྲས་རྗོད་ཅེ་ན། དབང་པོའི་ཤེས་པའི་ཐ་སྙད་ཆོས་ཅན། སྒོ་ལྔའི་ཤེས་པ་ལ་བརྡ་སྦྱར་བར་བྱ་བའང་འོས་པ་ཡིན་ཏེ། དེ་ཐུན་མོང་མ་ཡིན་པར་གོ་ནུས་དེར་ཡོད་པའི་ཕྱིར། ཁྱབ་སྟེ། གོ་བར་བྱེད་པ་ཉིད་མཐོང་ནས་ཐ་སྙད་ངེས་པར་སྦྱར་བ་ཡིན་པའི་ཕྱིར། དེ་ཐུན་མོང་མ་ཡིན་པར་གོ་ནུས་ཆོས་ཅན།སྒོ་ལྔའི་ཤེས་པ་འདི་ལ་ནི། དབང་ཤེས་ཀྱི་ཐ་སྙད་སྦྱར་བར་བྱ་འོས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག་བསྒྲུབ་བྱའི་ཆོས་དེ་དང་རང་བཞིན་གཅིག་པའི་ཆོས་ཡིན་པ་དེའི་ཕྱིར། ཡུལ་ཤེས་ཀྱི་ཐ་སྙད་ཆོས་ཅན། སྒོ་ལྔའི་ཤེས་པ་ལ་བརྡ་སྦྱར་བར་འོས་པ་ལྡོག་པར་འགྱུར་ཏེ། ཁྱབ་པར་བྱེད་པའི་རང་བཞིན་དེ་གོ་ནུས་ནི་ལོག་པའི་ཕྱིར།
གཉིས་པ་ལ་གཉིས། ལུང་འགལ་སྤང་བ། ལྡོག་པ་དང་སྤྱི་གཞན་འཛིན་པའི་རྩོད་པ་སྤང་བའོ། །
དང་པོ་ལ། རྩོད་ལན་གཉིས། དང་པོ་ནི། དབང་པོའི་བློ་ཆོས་ཅན། རྟོག་པར་ཐལ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ནོ། །ཞེས་གསུངས་པས་བསགས་པ་ལ་དམིགས་པའི་ཕྱིར། ཁྱབ་སྟེ། བསགས་པ་དག་ནི་ཚོགས་པ་ཡིན་ལ། ཚོགས་པ་དེ་སྤྱི་ཡིན་ཞིང༌། སྤྱི་དེ་ལ་དམིགས་པའི་སྤྱི་བློ་ནི་གདོན་མི་ཟ་བར་ཡང༌། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཞེ་ན།
གཉིས་པ་ལ་གཉིས། དངོས་དང༌། རྩོད་སྤང་ངོ༌། །
དང་པོ་ནི། དེ་ལྟ་བུའི་ལུང་ཆོས་ཅན། དབང་ཤེས་ཀྱིས་བསགས་པ་དོན་གཞན་ལ་དམིགས་པར་བསྟན་པ་མ་ཡིན་པར་ཐལ། དོན་གཞན་རྡུལ་ཕྲན་སྔ་མ་དང་ནི་མངོན་པར་འབྲེལ་བའི་ཕྱིར་དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཕྲན་གཞན་གང་སྐྱེ་བར་འགྱུར་བ་དེ་དག་བསགས་པར་(༢༦ན)བཤད་ཅིང༌། དེ་དག་ནི་དབང་པོའི་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱི་དོན་ཡིན་པ་ལ་དགོངས་པའི་ཕྱིར། རྡུལ་ཚོགས་པས་དབང་ཤེས་སྐྱེད་པ། རེ་རེ་བས་མི་སྐྱེད་པ་ཇི་ལྟར་ཡིན་ཞེ་ན། དབང་ཤེས་དེ་ཆོས་ཅན། ཚོགས་སྤྱིའི་སྤྱོད་ཡུལ་ཅན་དུ་བཤད་དེ། རྡུལ་གཅིག་ལ་དམིགས་ནས་སྐྱེ་བར་ངེས་པ་མིན་པར་དུ་མ་ལས་སྐྱེ་བའི་ཕྱིར་ཏེ། རིགས་མཐུན་གྱི་རྡུལ་ཕྲན་གཞན་དག་མེད་པར་ནི། ཁྱོད་སྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་དེ་ཡང་མེད་པའི་ཕྱིར།
གཉིས་པ་ལ་གཉིས། རྩོད་ལན་ནོ། །
དང་པོ་ནི། གལ་ཏེ་བསགས་པའི་ཡན་ལག་ཅན་རྫས་གཞན་མེད་ན། གཟུགས་རྡུལ་དུ་མ་དེ་དབང་ཤེས་སྐྱེད་ནུས་ཀྱི་སྐྱེ་མཆེད་གཅིག་མིན་ཡང༌། བློས་ཅིག་ཅར་འཛིན་པ་མ་ཡིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར་ཞེ་ན།
གཉིས་པ་ལ་ལྔ། ཏིལ་སོགས་འཛིན་པ་མེད་པར་ཐལ། ཁྲ་བོ་འཛིན་པ་མེད་པར་ཐལ། ནོག་སོགས་འཛིན་པ་མེད་པར་ཐལ། རྫས་གཞན་འཛིན་པར་མེད་པར་ཐལ། ཅིག་ཅར་དུ་མ་འཛིན་པ་གཞན་ལའང་གྲུབ་པའོ། །དང་པོ་ནི། ཏིལ་སོགས་ཀྱི་ཕུང་པོ་ཆོས་ཅན། ཇི་ལྟར་ཅིག་ཅར་འཛིན་པར་སྣང་བ་ཡིན་ཏེ་མ་ཡིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་ཐ་དད་ཡིན་པའི་ཕྱིར། འཇུག་པ་མྱུར་བས་ཅིག་ཅར་འཛིན་པ་ལ་སྣང་བ་ཡིན་ནོ་ཞེ་ན། འཇུག་པ་མགྱོགས་པས་ཅིག་ཅར་སྣང་བར་འདོད་པ་འདི་ཆོས་ཅན། མི་འཐད་པར་ཐལ། གནོད་བྱེད་བཤད་ཟིན་པའི་ཕྱིར། ཏིལ་རིམ་བཞིན་འབབ་པ་དེ་ཉིད་ལ་དམིགས་པའི་བློ་ཆོས་ཅན། ཏིལ་ཇི་ལྟར་རིམ་མིན་དུ་འཛིན་པར་མི་འགྱུར་ཏེ་འགྱུར་བར་ཐལ། ཏིལ་མྱུར་བ་འཛིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བློ་དེ་དག་ལ་འགའ་ཞིག་རིམ་མིན་སྣང་བ་དང༌། གཞན་ནི་རིམ་ལྡན་སྣང་(༢༦བ)བར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། བློ་རྣམས་དག་ནི་ཐམས་ཅད་ཀྱང༌། དུས་མྱུར་བར་མཚུངས་པའི་ཕྱིར། དོན་ཀུན་འཛིན་པའི་བློ་ཆོས་ཅན། ཁྱོད་ལ་དོན་འདི་ནི་རིམ་མིན་དུ་སྣང་བར་འགྱུར་བར་ཐལ། དོན་ཀུན་མྱུར་བར་འཛིན་པ་དེའི་ཕྱིར།
གཉིས་པ་ལ་གསུམ། ཐལ་བ་དགོད། སྣ་ཚོགས་གཅིག་མིན་པར་སྒྲུབ། རྩོད་པ་སྤང་བའོ། །དང་པོ་ནི། ཕྱི་མ་ལེབ་དང་རྨ་བྱའི་མདོངས་ཁྲ་ལ་སོགས་ཀྱི་གཟུགས་ཆོས་ཅན། བློ་ལ་ཅིག་ཅར་ཇི་ལྟར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མའང་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྣ་ཚོགས་དེ་ཡན་ལག་ཅན་ཆ་མེད་གཅིག་ཡིན་ནོ་ཞེ་ན། རྨ་བྱའི་མདོངས་ཁྲ་ཅིག་ཅར་མི་སྣང་བ་དེ་བས་ཀྱང༌། སྣ་ཚོགས་ཆ་མེད་གཅིག་ཡིན་པ་འདི་ཆེས་ངོ་མཚར་ཆེ་བ་སྟེ་མི་རིགས་པར་ཐལ། སྣ་ཚོགས་ཡིན་ན། ཆ་མེད་གཅིག་པའི་རང་བཞིན་མིན་པའི་ཕྱིར། དཔེར་ན། ནོར་བུའི་གཟུགས་དུ་མ་དེ་བཞིན་ནོ། །མི་མཚུངས་ཏེ། ནོར་བུའི་གཟུགས་བློས་དབྱེ་ནུས་ལ། རྨ་བྱའི་མདོངས་ཁྲ་དབྱེ་མི་ནུས་པའི་ཕྱིར་ཞེ་ན། རྨ་བྱའི་མདོངས་ཁྲ་ཆོས་ཅན། བློས་དབྱེ་ནུས་པར་ཐལ། སྔོ་སེར་སོགས་རྣམ་པར་དབྱེ་བ་ནི་སྣམ་ཁྲ་ལ་སོགས་དག་དང་ཁྱོད་ལའང་མཚུངས་པའི་ཕྱིར། གལ་ཏེ་རྨ་བྱའི་མདོངས་ཁྲ་དེ་ལ་ཡན་ལག་གི་གཟུགས་འབའ་ཞིག་དབྱེ་ནུས་དེ་ལྟར་མཐོང་གི །ཡན་ལག་ཅན་གྱི་མིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། གལ་ཏེ་ཡན་ལག་གི་སྔོ་སོགས་སྤངས་པ་ཡི། ཁྲ་བོ་གཞན་མཐོང་བ་ངོ་མཚར་བ་སྟེ་མ་མཐོང་བའི་ཕྱིར། སྟན་དང་རྨ་བྱའི་མདོངས་ཁྲ་ཆོས་ཅན། བློ་དག་ལས་ཁྱེད་གཉིས་གཅིག་ནི་རིམ་ལྡན་དོན་མང་དང༌། གཅིག་ནི་རིམ་མིན་དོན་གཅིག་གིས་དམིགས་པ་མ་ཡིན་པར་ཐལ། དུས་མྱུར་བ་དང་དོན་གྱི་རྣམ་པ་ནི་སྣ་ཚོགས་སུ་མཚུངས་པར་རྟོགས་(༢༧ན)པའི་ཕྱིར། རྨ་བྱའི་མདོངས་ཁྲ་དེ་སྣ་ཚོགས་པ་ཇི་ལྟར་ཡིན་ཞེ་ན། དོན་རྨ་བྱའི་མདོངས་ཁྲ་རྣམས་ཆོས་ཅན། སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། བློ་མ་འཁྲུལ་བ་རྣམས་ཀྱིས་སྣ་ཚོགས་པའི་ངོ་བོར་དམིགས་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། བློ་མ་འཁྲུལ་བས་སྣ་ཚོགས་སུ་དམིགས་པ་དེ། རྫས་ཐ་དད་དུ་འཇོག་པའི་རྒྱུ་མིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། རྫས་ཐ་དད་ཀྱི་རྣམ་གཞག་འདི་གང་གིས་ཀྱང་འགྲུབ་པ་མ་ཡིན་པར་ཐལ་ལོ། །གལ་ཏེ་དེ་ལ་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པས་སྣ་ཚོགས་སུ་སྣང་བ་ཡིན་གྱི། སྣ་ཚོགས་ཡིན་པས་སྣ་ཚོགས་སུ་སྣང་བ་མིན་ནོ་ཞེ་ན། རི་མོ་ཁྲ་བོ་སོགས་ཆོས་ཅན། བློ་ལ་སྣ་ཚོགས་སུ་སྣང་བ་མིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། རྡུལ་རིགས་མི་མཐུན་རྣམས་རྫས་རྩོམ་པ་མེད་པར་འདོད་པའི་ཕྱིར། གལ་ཏེ་རི་མོ་ཁྲ་བོའི་ལྡན་པ་དེ་བློ་ལ་སྣ་ཚོགས་སུ་སྣང་བ་ཡིན་ནོ་ཞེ་ན། དེའི་ལྡན་པ་ཆོས་ཅན། མིག་ཤེས་ལ་སྣ་ཚོགས་སུ་སྣང་བ་མིན་པར་ཐལ། གཟུགས་མེད་པའི་ཕྱིར། རྟགས་ཁས་བླངས། རྫས་དང་འཕྲོད་པ་འདུ་བའི་རྒྱུ་མཚན་གྱིས་སྣ་ཚོགས་སུ་བཏགས་པ་ཡིན་ནོ་ཞེ་ན། ཆོས་ཅན། རྫས་དང་འཕྲོད་པར་འདུ་བའི་རྒྱུ་མཚན་གྱིས། སྣ་ཚོགས་སུ་ཉེ་བར་བཏགས་པ་ལ་བརྟེན་པའང་མིན་པར་ཐལ། རྫས་འདུ་བའི་སྔོ་སེར་རེ་རེ་བར་སྣ་ཚོགས་ཁྱོད་འདུ་བ་མིན་པའི་ཕྱིར་རོ། །རི་མོ་ཁྲ་བོ་དབང་ཤེས་ཀྱིས་རིམ་བཞིན་དུ་ནི་བཟུང་བ་ལའང༌། སྣ་ཚོགས་པར་རྟོག་བློ་ཡིས་བསྲེས་པ་མིན་ཏེ། བློ་གཅིག་གིས་དོན་དུ་མ་མི་འཛིན་པའི་ཕྱིར། རྟགས་ཁས་བླངས། བློ་གཅིག་གིས་དོན་དུ་མ་འཛིན་པ་ཅན་དུ་གྲུབ་སྟེ། ཁྲ་འཛིན་དབང་ཤེས་གྲུབ་པ་དེའི་ཕྱིར། ཁྲ་འཛིན་དབང་ཤེས་ཆོས་ཅན། རྟོག་པ་མེད་པར་གྲུབ་(༢༧བ)པ་ཡིན་ཏེ། གང་གི་ཕྱིར་དོན་སྔོན་པོ་གཅིག་རྟོགས་པ་ནའང༌། གཞན་སེར་པོ་དག་གསལ་བར་མཐོང་བ་དེའི་ཕྱིར།
གསུམ་པ་ལ་གཉིས། རྩོད་ལན་ནོ། །དང་པོ་ནི། གལ་ཏེ་སྣ་ཚོགས་སུ་སྣང་བ་ཅན་གྱི་དོན་རྣམས་ལ་ཆ་མེད་གཅིག་ཉིད་མི་རིགས་ན། རེ་ཤིག་བློ་ལ་སྣང་བའི་ཁྲ་བོའི་རྣམ་པ་དེ་ཉིད་ཆོས་ཅན། སྣ་ཚོགས་སུ་ནི་ཇི་ལྟར་སྣང་སྟེ་མ་སྣང་བར་ཐལ། གཅིག་པུར་བདེན་པའི་ཕྱིར། ཁྱབ་པ་ཁས་བླངས་སྙམ་ན།
གཉིས་པ་ལ་གཉིས། རྣམ་པ་བདེན་མེད་དུ་འདོད་པའི་ལན། རྣམ་པ་བདེན་པར་འདོད་པའི་ལན་ནོ། །དང་པོ་ལ་གཉིས། བདེན་མེད་དུ་སྒྲུབ། རྩོད་པ་སྤང་བའོ། །དང་པོ་ལ་གསུམ། གཅིག་དང་དུ་བྲལ་གྱིས་སྒྲུབ། དོན་དང་ཤེས་པར་མ་གྲུབ་པས་སྒྲུབ། དོན་བསྡུས་ཏེ་སྟོང་ཉིད་ཀྱི་འདོད་ཚུལ་བསྟན་པའོ། །དང་པོ་ནི། དོན་ཁྲ་བོའི་རྣམ་པ་ཆོས་ཅན། སྣང་བ་ལྟར་བདེན་པར་མེད་དེ། ཇི་ལྟ་ཇི་ལྟར་བདེན་ཞེས་བསམས་པ་ན། སྣང་བ་ལྟར་བདེན་པའི་གཅིག་དང་དུ་མ་དེ་ལྟ་དེ་ལྟར་རྣམ་པར་བྲལ་ཞེས་མཁས་པ་རྣམས་ཀྱིས་གང་གསུངས་པ་དེ་ནི། དངོས་པོའི་སྟོབས་ལས་འོངས་པ་ཡིན་པའི་ཕྱིར། བློ་གཅིག་ལ་སྣ་ཚོགས་སུ་སྣང་བའི་རྣམ་པ་དེ་སྣང་བ་ལྟར་བདེན་ན་སྐྱོན་ཅིར་འགྱུར་ཞེ་ན། དེ་ལ་ཡང་བློ་གཅིག་གི་བདག་ཉིད་དུ་མི་འགྱུར་བའི་སྐྱོན་ཡོད་དོ། །གལ་ཏེ་དོན་ཁྲ་བོའི་རྣམ་པ་རྣམས་སྣང་བ་ལྟར་བདེན་པའི་བདག་ཉིད་འདིར་འདོད་དེ། བདེན་པར་སྣང་བའི་ཕྱིར་ཞེ་ན། སྣང་བ་ལྟར་བདེན་ན་དེ་ལ་ངས་འགོག་པས་ཅི་ཞིག་བྱ་སྟེ་དོན་མེད་མོད། ཆོས་ཅན། བདེན་པར་སྣང་བས་བདེན་པར་མི་འགྲུབ་པར་ཐལ། ཁྱོད་བདེན་པར་སྣང་བའི་བློ་དེ་འཁྲུལ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། དབང་ཤེས་ལ་རགས་པར་སྣང་བ་དེའི་བདག་ཉིད་ཆོས་ཅན། སྣང་བ་ལྟར་བདེན་པར་མེད་དེ། སྣང་བ་ལྟར་དོན་དང་ཤེས་པ་ལ་ཡོད་པ་མིན་པའི་ཕྱིར་ཏེ། དོན་(༢༨ན)རགས་པ་གཅིག་ལ་བཀག་པ་ཉིད་ཡིན་པའི་ཕྱིར་དང༌། ཕྱི་རྡུལ་མང་པོ་ལ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར། དོན་ལ་མེད་མོད། ཤེས་པ་ལ་སྣང་བ་ལྟར་བདེན་ནོ་ཞེ་ན། དེ་མི་འཐད་པར་ཐལ། ནང་ཤེས་པ་ཡོངས་སུ་གཅོད་པ་ནི་འཛིན་རྣམ་ཡིན་ལ། དེ་ལས་ཆ་གཞན་ཕྱི་རོལ་ལྟར་གནས་པ་འདི་ནི་འཁྲུལ་སྣང་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ནི། དབང་ཤེས་ཆོས་ཅན། ཁྱོད་ལ་གཟུང་འཛིན་ཐ་དད་དུ་སྣང་བ་བསླད་པ་ཉིད་ཡིན་ཏེ། གཟུང་འཛིན་རྫས་ཐ་དད་དུ་མེད་པ་ཅན་ལ། རྫས་ཐ་དད་དུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། གཟུང་བ་རྫས་གཞན་མེད་མོད། འཛིན་པ་རྫས་གཞན་ཡོད་དོ་ཞེ་ན། དེ་མི་འཐད་པར་ཐལ། གཟུང་འཛིན་དེ་ལ་གཅིག་གཟུང་བ་རྫས་གཞན་ནི་མེད་པས་ཀྱང༌། གཟུང་འཛིན་རྫས་ཐ་དད་པ་གཉིས་ཀའང་ཉམས་པར་འགྱུར་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཉིས་སྟོང་གི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་འཛིན་པ་དེའི་ཡང་དེ་ཉིད་ཡིན་ཏེ། གཟུང་འཛིན་རྫས་ཐ་དད་པས་སྟོང་པ་དེའི་ཕྱིར། གསུམ་པ་ནི། གཟུང་འཛིན་རྫས་ཐ་དད་དུ་སྣང་བའི་ཤེས་པ་དེ་ནི་བསླད་པ་ཉིད་ཡིན་ན། གཟུང་འཛིན་དེ་དག་གི་ཐ་དད་ཀྱང་བསླད་པར་འགྱུར་ཏེ། དངོས་པོ་རྣམས་ཐ་དད་དུ་གནས་པ་འདི་བློ་དེ་ལ་ཐ་དད་དུ་སྣང་བ་ལ་བརྟེན་པ་ཡིན་པའི་ཕྱིར། དངོས་པོ་ཆོས་ཅན། ཀུན་བརྟགས་ཀྱི་རང་བཞིན་མེད་པར་རབ་ཏུ་བཤད་དེ། མཚན་ཉིད་བདེན་པས་སྟོང་པའི་ཕྱིར་ཏེ། གཟུང་བ་དང་འཛིན་པ་ལས་མཚན་ཉིད་གཞན་ནི་ཡོད་པ་མ་ཡིན་ཞིང༌། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་དེས་ནའོ། །ཕུང་བོ་དེ་དག་མཚན་ཉིད་ལྡན་པ་དང་བྲལ་ཏེ། ཕུང་པོ་ལ་སོགས་པའི་བྱེ་བྲག་གི་མཚན་ཉིད་ཐམས་ཅད་མཚོན་པར་བྱེད་པའི་བྱེད་པ་ཁྱད་པར་ཅན་ཡིན་པ་དེ་ཡང་(༢༨བ)དེ་ཁོ་ན་ཉིད་མིན་པའི་ཕྱིར། གཉིས་པ་རྩོད་པ་སྤང་པ་ནི། ཕྱི་དོན་མེད་ན་དོན་སྣང་གི་ཤེས་པ་སྐྱེ་བ་འགལ་ལོ་ཞེ་ན། མི་འགལ་ཏེ། མ་རིག་གིས་བསླད་པའི་བདག་ཉིད་ལ་བག་ཆགས་སད་པ་ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། དེ་བཞིན་ཉིད་མིན་པར་དོན་གྱི་རྣམ་པ་སྣང་བའི་རྣམ་རིག་སྐྱེ་བར་འགྱུར་བའི་ཕྱིར། དཔེར་ན། རབ་རིབ་ལ་སོགས་པས་སྐྲ་ཤད་སྣང་བ་བཞིན། གཟུང་འཛིན་རྫས་ཐ་དད་མེད་ན། རྫས་ཐ་དད་མེད་པར་མངོན་སུམ་དུ་མི་རྟོགས་པ་ཇི་ལྟར་ཡིན་ཞེ་ན། ཕ་རོལ་མཐོང་བ་མིན་པའི་སོ་སྐྱེ་དེ་ཐམས་ཅད་ནི་ཆོས་ཅན། ཁྱོད་ཀྱིས་གཉིས་སྟོང་གི་དེ་ཉིད་དེ་ནི་མངོན་སུམ་དུ་རིག་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་བསླད་པ་མེད་ན་ཁྱོད་མེད་པའི་ཕྱིར་རོ། །ཕྱི་རོལ་མེད་ན་དེའི་རྣམ་གཞག་མཛད་པ་ལ་དགོས་པ་ཅི་ཡོད་ཅེ་ན། གཉིས་སྟོང་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པ་ལ་བཏང་སྙོམས་མཛད་པ་ཅན་གྱི་སངས་རྒྱས་དེས། གླང་ཆེན་གྱི་གཟིགས་སྟངས་ཉིད་ལྟར་མཛད་ནས་འཇིག་རྟེན་དང་མཐུན་པའི་ཐུགས་ནི་འབའ་ཞིག་གིས། ཕྱི་རོལ་དཔྱོད་པ་ལ་འཇུག་པར་མཛད་པ་ཆོས་ཅན། དོན་ཡོད་དེ། རིལ་པོའི་བདག་ཏུ་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་རྣམ་པ་བདེན་པར་འདོད་པའི་ལན་ནི། ཤེས་པ་ལ་སྔོ་སོགས་སྣ་ཚོགས་སུ་སྣང་བའི་རྣམ་པ་ཆོས་ཅན། ཤེས་པའི་ཁྱད་པར་ལས་རྫས་གཞན་ལ་བརྟེན་པ་མེད་དེ། ཤེས་པ་ལས་སོ་སོར་མཐོང་ནུས་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། རྣམ་པ་དེ་ལ་འདི་སྔོན་པོའོ་འདི་སེར་པོའོ་ཞེས་འབྱེད་པའི་ཕྱིར་ཞེ་ན། དེ་མི་འཐད་པར་ཐལ། འདི་སྔོན་པོའོ་འདི་སེར་པོའོ་ཞེས་འབྱེད་པ་དེའི་ཚེ་རྣམ་དབྱེ་ཕྱི་དོན་ལ་འཇུག་པར་འགྱུར་བའི་ཕྱིར། དེ་ལྟར་སེམས་ཀྱི་རྣམ་པ་ནི་སྣ་ཚོགས་སུ་སྣང་བ་དེ་བློ་གཅིག་གི་ངོ་བོར་འགྱུར་ཏེ། ཤེས་པ་གང་ལ་ཇི་ལྟར་སྣང་བའི་རྣམ་པ་དེ་དེ་ལྟ་ཉིད་དུ་མྱོང་བ་ཡིན་(༢༩ན)པའི་ཕྱིར། གལ་ཏེ་ཁྲ་བོའི་རྣམ་པ་གཅིག་ཡིན་པ་དེ་བཞིན་དུ། རས་ཁྲ་སོགས་ཀྱི་གཟུགས་ནི་ཆ་མེད་གཅིག་ཡིན་ནོ་ཞེ་ན། རས་ཁྲ་བོ་ཆོས་ཅན། ཁྲ་བོའི་རྣམ་པ་དེ་བཞིན་དུ་རྣམ་དབྱེ་མེད་པར་འགྱུར་བར་ཐལ། ཆ་མེད་གཅིག་ཡིན་པའི་ཕྱིར། འདོད་དེ། དབྱེ་བ་ནི་ཡན་ལག་ལ་ཡོད་ཀྱི། ཡན་ལག་ཅན་ལ་མེད་དོ་ཞེ་ན། དེ་མི་འཐད་པར་ཐལ། ཡན་ལག་གི་ཐ་དད་པ་ཅན་ནི་རྣམ་པར་བསལ་བའི་ཡན་ལག་ཅན་གྱི་ཐ་དད་པ་མེད་པ་གཞན་མཐོང་བ་མེད་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། ཡན་ལག་ཅན་གྱི་རྫས་མེད་ན་རྡུལ་དུ་མས་དབང་ཤེས་གཅིག་སྐྱེད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། ཁྱད་པར་ཅན་དུ་སྐྱེས་པར་གྱུར་པའི་རྡུལ་མང་པོ་དག་ཅིག་ཅར་དབང་བློའི་རྒྱུར་འགྱུར་ཡང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། གལ་ཏེ་དབང་པོ་ལ་སོགས་པས་དབང་ཤེས་གཅིག་སྐྱེད་པ་བཞིན་ནོ། །གལ་ཏེ་རྒྱུ་ཡིན་མོད་ཡུལ་ཇི་ལྟར་ཡིན་ཞེ་ན། དོན་དེ་ལ་བློ་ནི་གང་གི་རྣམ་ལྡན་དུ་སྣང་བའི་དོན་དེ་ནི་བློ་དེ་ཡི་གཟུང་བར་བརྗོད་དེ། རང་འཛིན་ཤེས་པ་རང་འདྲའི་རྣམ་ལྡན་དུ་སྐྱེད་པའི་རྒྱུ་ཡི་དངོས་པོ་མ་གཏོགས་པ་གཟུང་བ་ཞེས་བྱ་བ་གཞན་ཅི་ཡང་མེད་པའི་ཕྱིར།
གསུམ་པ་ནོག་སོགས་འཛིན་པ་མེད་པར་ཐལ་བ་ནི། ཇི་ལྟར་རང་གི་ཡན་ལག་དང་བཅས་པའི་ཡན་ལག་ཅན་བ་ལང་བློ་གཅིག་གིས་ཅིག་ཅར་གཟུང་བ་ཡིན་ཏེ་མ་ཡིན་པར་ཐལ། བློ་གཅིག་གིས་དོན་དུ་མ་ཅིག་ཅར་མི་འཛིན་པའི་ཕྱིར། འདོད་མི་ནུས་ཏེ། ལྐོག་ཤལ་སོགས་མཐོང་བ་མེད་པར་ནི། བ་ལང་ཤེས་པ་མཐོང་བ་མེད་པའི་ཕྱིར། གལ་ཏེ་ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་དུ་མ་ཅིག་ཅར་མི་འཛིན་པ་ཡིན་གྱི། རྣ་བ་ལ་སོགས་ཡོན་ཏན་དང་བ་ལང་གཙོ་བོ་དག་ཁྱད་པར་དང་ཁྱད་པར་ཅན་ཡིན་པས་(༢༩བ)བློ་གཅིག་གིས་ཅིག་ཅར་རྟོགས་པར་འདོད་དོ་ཞེ་ན། ཅིག་ཅར་བ་ལང་གི་ཡན་ལག་རྣམས་རྫོགས་པར་འཛིན་པ་ཡིན་པར་ཐལ། དེ་རྣམས་ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་དུ་མ་ཡིན་པའི་ཕྱིར། རྣ་བ་དེ་ཡོན་ཏན་སྔོན་པོ་ལ་སོགས་པ་དང་ལྡན་པའང༌། བློ་གཅིག་གིས་ཅིག་ཅར་འཛིན་པ་མེད་པར་ཐལ། རྟགས་འདྲ། ཁྱད་པར་དང་ཁྱད་པར་ཅན་ཆོས་ཅན། དངོས་དབང་གིས་མ་གྲུབ་པར་ཐལ། བརྗོད་པར་འདོད་པའི་གཞན་དབང་གིས་འཇུག་པའི་ཕྱིར། ཅིག་ཅར་ཡན་ལག་རྫོགས་འཛིན་མིན་ལ་འདོད་ན། ཤེས་བྱ་ཆོས་ཅན། ཡན་ལག་ཉིད་དུ་ཉེ་བར་བཟུང་བའི་རྭ་ལྟ་བུ་གང་ཡིན་པ་དེ་ཉིད་ཀྱིས་ནི། བ་ལང་དེ་ཁྱད་པར་དུ་བྱས་ནས་འཛིན་པར་འགྱུར་བར་ཐལ། དེ་ཡན་ལག་གིས་ཁྱད་པར་དུ་བྱས་ནས་འཛིན་དགོས། ཡན་ལག་དུ་མ་ཅིག་ཅར་མི་འཛིན་པའི་ཕྱིར།
བཞི་པ་རྫས་གཞན་འཛིན་པ་མེད་པར་ཐལ་བ་ནི། ཆོས་ཅན། དུ་མ་སྣམ་གཞན་དང་གཞན་མཐོང་ཡང༌། བློ་རྣམ་པ་གཅིག་པ་ཅན་དུ་འགྱུར་བར་ཐལ། བུམ་སྣམ་རང་གི་དངོས་པོ་གཞན་དག་ལས་ཐ་དད་མེད་པའི་ཕྱིར་དང༌། ཐ་དད་དུ་བྱེད་པའི་ཡོན་ཏན་ལ་སོགས་པའང་བློ་གཅིག་གིས་མ་བཟུང་བའི་ཕྱིར། སྔར་རྫས་བཟུང་ནས་ཕྱིས་ཡོན་ཏན་ལ་སོགས་ཁྱད་པར་ནི་བཟུང་བའི་ཕྱིར། དུ་མ་རྟོགས་པར་འགྱུར་རོ་ཞེ་ན། འགྱུར་མོད། དེ་ལྟ་ཡིན་ན་ཡང༌། རྫས་དང་ཡོན་ཏན་དེ་དག་གི་འབྲེལ་བ་འཆོལ་བར་འགྱུར་བར་ཐལ། དེ་གཉིས་ལྷན་ཅིག་འཛིན་པ་མི་སྲིད་པའི་ཕྱིར།
ལྔ་པ་ཅིག་ཅར་དུ་མ་འཛིན་པ་གཞན་ལའང་གྲུབ་པ་ནི། གྲངས་ཅན་གྱི་ལུགས་ལའང་ཅིག་ཅར་དུ་མ་འཛིན་པར་གྲུབ་སྟེ། སྒྲ་སོགས་རྣམ་པ་བདེ་སྡུག་དུ་མས་བཀོད་པ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། བཀོད་པ་ཅན་ནི་མ་བཟུང་བར་བཀོད་པའི་འཛིན་པ་མི་རུང་བའི་ཕྱིར།(༣༠ན)
གཉིས་པ་ལྡོག་པ་དང་སྤྱི་གཞན་འཛིན་པའི་རྩོད་སྤང་ནི། དབང་ཤེས་ཆོས་ཅན། རྟོག་པར་ཐལ། ལྡོག་པ་དུ་མ་འཛིན་པའི་ཕྱིར་ཞེ་ན། མ་བྱས་རྟག་པ་སོགས་ཐམས་ཅད་ལས་ལྡོག་པའི་ལོག་པ་གང་དང་གང་ལས་ལོག་པ་དེ་ལས་ཐ་དད་དུ་བརྟགས་པའི་ཐ་དད་པ་ཅན་ཆོས་ཅན་སྒྲ་དེ་ནི་དུ་མའི་ངོ་བོ་ཉིད་དུ་བརྟགས་པའི་རང་བཞིན་ཐ་དད་པ་སྣ་ཚོགས་སྣང་བ་དེ་དག་ནི་ཆོས་ཅན། རེས་འགའ་བའི་དབང་ཤེས་ཀྱི་དངོས་ཀྱི་སྤྱོད་ཡུལ་མིན་ཏེ། རྟོག་པ་མེད་པའི་སེམས་ལ་སྣ་ཚོགས་ཁྱོད་སྣང་བ་མིན་པའི་ཕྱིར། དབང་ཤེས་ཀྱིས་དཀར་པོ་ཉིད་ལ་སོགས་སྤྱི་འཛིན་ནོ་ཞེ་ན། གལ་ཏེ་དཀར་པོ་ཉིད་སོགས་ཀྱི་སྤྱི་ཡོད་པར་གྱུར་ཀྱང༌། དབང་པོའི་སྤྱོད་ཡུལ་ཅི་འདྲ་བ་དེ་ནི་སྒྲ་ཡིས་བརྗོད་པ་མིན་ཏེ། དབང་ཤེས་དང་རྟོག་པའི་རང་བཞིན་སྣང་ཚུལ་ཐ་དད་པའི་ཕྱིར། དབང་ཤེས་དང་རྟོག་བློ་རྣམས་གཟུང་དོན་གཅིག་ཉིད་ཡིན་ཡང༌། རྟེན་སྣ་ཚོགས་པས་གསལ་མི་གསལ་དེར་འགྱུར་རོ་ཞེ་ན། དེ་ནི་རྣ་བ་ལ་སོགས་པའི་སེམས་རྣམས་ཐ་དད་པའི་གཟུང་དོན་ཅན་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ་ལོ། །སེམས་ཀྱི་རྟེན་ནི་གཞན་དང་གཞན་སྐྱེས་སུ་ཆུག་ཀྱང༌། དབང་ཤེས་དང་རྟོག་པ་ཆོས་ཅན། གསལ་མི་གསལ་གྱི་རང་བཞིན་སྣ་ཚོགས་སུ་སྣང་བ་དེ་ནི་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོ་གཅིག་ཉིད་ཀྱི་གཟུང་དོན་ཅན་ཡིན་པའི་ཕྱིར། སྣང་ཚུལ་ཐ་དད་ཀྱང་གཟུང་དོན་གཅིག་ཡིན་ཏེ། དབང་ཤེས་ཀྱིས་མཐོང་བ་ལ་རྟོག་པས་འདིའོ་ཞེས་ངོ་ཤེས་པའི་ཕྱིར་ཞེ་ན། དབང་ཤེས་ཀྱིས་མཐོང་བ་ལས་བ་ལང་ལ་སོགས་པའི་ངོ་ཤེས་པའི་བློ་ནི་གཟུང་དོན་ཅན་ཡིན་པ་བཟློག་པ་ཡིན་ཏེ། དབང་ཤེས་ཀྱིས་མཐོང་བ་རྟོགས་པ་མེད་པར་ནི་རྗོད་པ་དང་རྣམ་རྟོག་འཇུག་པའི་ཕྱིར། ཤེས་བྱ་(༣༠བ)ཆོས་ཅན། བ་ལང་ལ་སོགས་མཐོང་བ་ལ་རྗོད་པ་དང་རྣམ་རྟོག་དག་རྗེས་སུ་འགྲོ་བ་ལས། རིགས་རྟག་དངོས་སོགས་རྗེས་སུ་དཔོག་པ་གང་ཡིན་པ་དེ་ཡང༌། རིགས་པ་འདི་ཡིས་སུན་ཕྱུང་སྟེ། དབང་ཤེས་ཀྱིས་མཐོང་བ་རྣམས་རྫས་ཐ་དད་ཡིན་ཡང༌། རིགས་གཅིག་ཏུ་ངོ་ཤེས་པ་ཞེས་བྱ་བའི་རྣམ་རྟོག་གཅིག་ནི་རང་བཞིན་གྱིས་བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །
ཡིད་ཀྱི་མངོན་སུམ་བཤད་པ།
༈ གཉིས་པ་ཡིད་མངོན་ལ། ཡིད་ཀྱང་དོན་དང༌། ཞེས་པའི་དོན་འཆད་པ་ལ། རྩོད་ལན་གཉིས།
དང་པོ་ནི། མུ་སྟེགས་རྣ་བ་མ་ཕུག་པ་ན་རེ། དབང་ཤེས་ཀྱིས་སྔར་མྱོང་བ་ནི་འཛིན་པ་ཡིན་ན། ཡིད་མངོན་ནི་ཚད་མ་ཉིད་མ་ཡིན་པར་ཐལ་ལོ། །མ་མཐོང་བ་འཛིན་ན། ལོང་བ་ལ་སོགས་པ་ཡིས་ཀྱང་དོན་མཐོང་བར་འགྱུར་རོ་ཞེ་ན།
གཉིས་པ་ལ་གསུམ། གཞན་ལུགས་དགག །རང་ལུགས་གཞག །རྩོད་པ་སྤང་བའོ། །དང་པོ་ནི། འགྲེལ་བྱེད་ཁ་ཅིག་ན་རེ། དབང་སྔོན་གྱིས་བཟུང་ཟིན་འཛིན་ནོ་ཞེས་ཟེར་རོ། །ཡིད་མངོན་ཆོས་ཅན། རང་གི་དངོས་རྒྱུའི་དུས་ན་འདས་པའི་གཟུགས་དེ། གཟུང་དོན་དུ་མཐོང་བ་ཡོད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་གཟུང་དོན་དེ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ནི་ཚད་མ་སྔ་མས་བཟུང་ཟིན་འཛིན་པ་ཞེས་པའི་ཁྱད་པར་དང་བཅས་པ་བརྗོད་བྱར་འགྱུར་བར་ཐལ། སྐད་ཅིག་མ་མིན་པ་གཟུང་དོན་དུ་བྱེད་པའི་ཕྱིར། དབང་པོ་ཅན་གྱི་མངོན་སུམ་ཕྱི་མའམ། གཞན་ཡིད་མངོན་དག་ནི་ཆོས་ཅན། སྒྲུབ་པར་བྱེད་པའི་ཚད་མར་ཇི་ལྟར་འདོད་དེ་འདོད་མི་རིགས་པར་ཐལ། ཚད་མ་སྔ་མས་བྱ་བ་བསྒྲུབས་པ་ཅན་གྱི་ལས་ལ་ནི་ཁྱད་པར་ཅུང་ཟད་མི་བྱེད་པའི་ཕྱིར། ཡིད་མངོན་དང་དབང་བློའང་ཐམས་ཅད་ཆོས་ཅན། ཅིག་ཅར་འབྱུང་བར་འགྱུར་བར་ཐལ། རྟག་པའི་དངོས་པོ་དེ་ལས་སྐྱེས་པའི་ཕྱིར། རྟག་ཀྱང་རྐྱེན་ལ་ལྟོས་ནས་རིམ་(༣༡ན)ཅན་དུ་སྐྱེད་དོ་ཞེ་ན། དེའི་གཟུང་དོན་ཆོས་ཅན། རྐྱེན་དེ་ལ་ལྟོས་པ་ཡིན་པར་ཐལ། རྐྱེན་གཞན་གྱིས་ཁྱད་པར་བྱར་ཡོད་པ་མིན་པའི་ཕྱིར་རོ། །གཉིས་པ་ནི། ཡིད་མངོན་ནི་ཆོས་ཅན། དབང་མངོན་གྱི་ཡུལ་ལས་གཞན་ཉིད་འཛིན་བྱེད་ཡིན་ཏེ། ཡུལ་འཛིན་པ་གང་ཞིག །དབང་སྔོན་གྱི་ཡུལ་མི་འཛིན་པ་དེའི་ཕྱིར། དེ་ལྟ་ནའང་ལོང་བས་གཟུགས་མཐོང་བའི་སྐྱོན་ཡོད་པ་མིན་ཏེ། དབང་པོའི་རྣམ་པར་ཤེས་པས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བ་ཅན་ཡིན་པ་དེའི་ཕྱིར། དབང་སྔོན་གྱི་ཡུལ་ལས་གཞན་འཛིན་ན། ཡུལ་ངེས་པ་འཛིན་པར་མི་འགྱུར་རོ་ཞེ་ན། འདི་ཆོས་ཅན། དེའི་ཡུལ་ལས་གཞན་འཛིན་ན་ཡང་ཡུལ་ངེས་པ་འཛིན་པར་འདོད་པ་ཡིན་ཏེ། རང་གི་གཟུང་དོན་གྱི་རྗེས་སུ་འགྲོ་བའི་དོན་ལ་ལྟོས་པ་ཅན་གྱི་དབང་སྐྱེས་བློ་ནི་ཁྱོད་ཀྱི་རྒྱུ་ཡིན་པ་དེའི་ཕྱིར། གསུམ་པ་ནི། ཡིད་མངོན་གྱི་གཟུང་དོན་དག་ནི་ཆོས་ཅན། ཇི་ལྟར་དབང་པོའི་ཤེས་པས་ཡིད་མངོན་སྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ་མ་ཡིན་པར་ཐལ། དབང་ཤེས་དེ་དང་ཡིད་མངོན་བྱ་བྱེད་དུས་མཚུངས་པ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། ཁྱོད་ལ་མ་ངེས་པའི་ཡིད་མངོན་དང་དུས་གཅིག་པ་ཅན་ཡིན་པའི་ཕྱིར་ཞེ་ན། ཡིད་མངོན་གྱི་གཟུང་དོན་དེ་རང་བློ་བཅས་ཏེ་ཡིད་མངོན་དང་དུས་མཉམ་མིན་ཏེ། རྒྱུ་རྣམས་ཐམས་ཅད་རང་འབྲས་ཀྱི་སྔར་ཡིད་ཡིན་པ་དེའི་ཕྱིར་ཏེ། འབྲས་བུའི་སྔར་མེད་པས་འབྲས་བུ་ལ་ཕན་པའི་ནུས་པ་མེད་པའི་ཕྱིར་དང༌། ཕྱིས་ཀྱང་ཕན་པ་ཉེ་བར་མི་སྦྱོང་བའི་ཕྱིར། ཆོས་ཅན། ཡིད་མངོན་གྱིས་ཇི་ལྟ་བ་འཛིན་ཏེ་མི་འཛིན་པར་ཐལ། དེ་དང་དུས་ཐ་དད་པས་སོ་ཞེ་ན། འབྲས་བུ་ཡིད་མངོན་གང་ཡིན་པ་དེ་ནི་ཆོས་ཅན། རྒྱུ་དུ་མ་ཉིད་ཡོད་ན་ཡང་གཟུགས་དེ་ཡི་རྣམ་པའི་ངོ་བོ་དེ་བཞག་པ་དང་དེ་གཟུང་བ་ཞེས་(༣༡བ)བརྗོད་པ་ཡིན་ཏེ། གཟུགས་ཀྱི་རྣམ་པའི་རྗེས་སུ་བྱེད་པར་སྐྱེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་པ་ཤེས་པ་ཡིས་ཤེས་པའི་རྣམ་པ་འཇོག་ནུས་པའི་རྒྱུ་ཉིད་ལ་ནི་གཟུང་བར་ཤེས་པའི་ཕྱིར་རོ། །
རང་རིག་མངོན་སུམ་བཤད་པ།
༈ གསུམ་པ་རང་རིག་ལ། ཆགས་ལ་སོགས། རང་རིག་རྣམ་པར་མི་རྟོག་པ། ཞེས་པའི་དོན་འཆད་པ་ལ་གཉིས། མྱོང་བྱེད་རྟོག་བྲལ་དུ་སྒྲུབ་པ་དང༌། མྱོང་བྱ་ལ་རྩོད་པ་སྤང་བའོ། །
དང་པོ་ནི། བདེ་སོགས་དེ་དག་མྱོང་བའི་རང་རིག་ནི་ཆོས་ཅན། བདེ་སོགས་ལ་རྗོད་པ་དང་རྗེས་སུ་འབྲེལ་བ་ཅན་གྱི་རྟོག་པ་མ་ཡིན་ཏེ། ཁྱོད་ཀྱིས་བདེ་སོགས་ལ་བརྡ་བྱེད་པར་ནི་ནུས་པ་མ་ཡིན་པ་དེའི་ཕྱིར་ཏེ། ཁྱོད་ཀྱི་ངོར་བདེ་སོགས་ཀྱི་བདག་ཉིད་གཞན་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་མི་སྟོན་པའི་ཕྱིར།
གཉིས་པ་ལ་གཉིས། བྱེ་བྲག་པའི་རྩོད་པ་སྤང༌། གྲངས་ཅན་པའི་རྩོད་པ་སྤང་བའོ། །
དང་པོ་ལ་རྩོད་ལན་གཉིས།
དང་པོ་ནི། བདེ་སོགས་དེ་དག་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིག་སྟེ་མི་རིག་པར་ཐལ། གཞན་ཡང་རིག་བྱེད་མིན་པའི་ཕྱིར། དེས་ན་བདག་དང་དོན་གཅིག་ལ་བརྟེན་པའི་རྣམ་ཤེས་ཀྱི་རིག་བྱ་ཡིན་ཞེས་བྱེ་བྲག་པ་འགའ་ཞིག་ཟེར་རོ། །
གཉིས་པ་ལ་གསུམ། ཤེས་པར་སྒྲུབ། རང་རིག་སྒྲུབ། གཞན་རིག་སྒྲུབ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བདེ་སོགས་དེ་ཅིས་ཤེས་པ་མིན་ཏེ་ཡིན་པར་ཐལ། དེ་རྣམ་ཤེས་ཀྱི་རྒྱུ་ལས་གཞན་མིན་པའི་རྐྱེན་གསུམ་ལས་སྐྱེས་པའི་ཕྱིར་ཏེ། དོན་བཅས་དབང་པོ་རུང་བ་དང་བདག་ཉིད་ཇི་ལྟ་བའི་སེམས་ཡོད་ན། བདེ་བ་ལ་སོགས་སྐྱེ་བར་མཐོང་ལ། ཡིད་ཀྱང་དབང་ཤེས་དེ་དང་མཚུངས་པ་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་སྟེ། རིགས་འདྲ་བ་དེ་དང་དེ་མིན་པའི་རང་བཞིན་ཅན་གྱི་འབྲས་བུ་རྣམས། རིགས་འདྲ་བ་དེ་དང་དེ་མིན་པའི་དངོས་རྒྱུས་བསྐྱེད་པའི་ཕྱིར། རྩ་བར་མ་ཁྱབ་སྟེ། རྐྱེན་གསུམ་ལས་སྐྱེས་(༣༢ན)ཀྱང་བདག་གི་ཡོན་ཏན་འདུ་བྱེད་ལས་དབང་ཤེས་ཤེས་པ་དང་བདེ་སོགས་བེམ་པོར་སྐྱེའོ་ཞེ་ན། བདེ་བ་ལ་སོགས་པ་དང་དབང་བློ་དེ་ཆོས་ཅན། རྐྱེན་གསུམ་དེ་ལས་སྐྱེའི། གཞན་བདག་གི་ཡོན་ཏན་འདུ་བྱེད་ལས་སྐྱེ་བ་མིན་པར་ཐལ། རྐྱེན་གསུམ་དེ་དག་ཡོད་པ་དང་མེད་པ་ན། རྒྱུད་འགའ་ལ་སྐྱེ་བ་དང་མི་སྐྱེ་བར་མཐོང་གི །བདག་གི་ཡོན་ཏན་མངོན་པར་འདུ་བྱེད་ལས་སྐྱེ་བར་མ་མཐོང་བ་དེའི་ཕྱིར། འོ་ན་རྐྱེན་གསུམ་ལས་སྐྱེས་པར་མཚུངས་པས། བདེ་སྡུག་ཀྱང་ཁྱད་མེད་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྐྱེན་གསུམ་དེ་དག་ཉིད་ཀྱི་ཁྱད་པར་ལས། བདེ་བ་དང་སྡུག་བསྔལ་ལ་སོགས་ཐ་དད་དུ་སྐྱེ་བ་ཡིན་པའི་ཕྱིར། དཔེར་ན། བློ་དེ་ཉིད་ཀྱི་ནི་ཁྱད་པར་གསལ་བ་དང་མི་གསལ་བ་དང༌། ཐེ་ཚོམ་ཅན་དུ་སྐྱེ་བ་བཞིན་ནོ། །
གཉིས་པ་ནི། གཟུང་དོན་དེ་བོར་ནས་བདེ་སོགས་ཉིད་དབང་ཤེས་དེས་ནི་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། གཟུང་དོན་གང་ཉེ་བས་དབང་བློ་དང་ནི་བདེ་སོགས་དེ་དག་སྐྱེ་བར་འགྱུར་བའི་ཕྱིར། དབང་ཤེས་ཀྱིས་གཟུགས་འཛིན་ལ། ཡིད་ཤེས་ཀྱིས་བདེ་སོགས་རིམ་གྱིས་འཛིན་ནོ་ཞེ་ན། བདེ་སོགས་དེ་མྱོང་བའི་ཤེས་པ་ཆོས་ཅན། ཡུལ་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། ཡུལ་མྱོང་བའི་བར་དུ་དབང་ཤེས་ཀྱིས་ཆོད་པའི་ཕྱིར། འཇུག་པ་མགྱོགས་པའི་ཕྱིར་བར་མ་ཆད་དུ་སྣང་ངོ་ཞེ་ན། དབང་ཤེས་ཆོས་ཅན། བདེ་སོགས་མྱོང་བ་མེད་པར་ཁྱོད་ལ་གཟུགས་སྣང་བ་ཅིས་མ་ཡིན་ཏེ་ཡིན་པར་ཐལ། གཟུགས་འཛིན་པ་མྱུར་བ་དེ་མཚུངས་པའི་ཕྱིར། དབང་ཤེས་གཅིག་གིས་གཟུགས་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་འཛིན་ནོ་ཞེ་ན། གཟུགས་འཛིན་དབང་པོའི་སེམས་ནི་ཆོས་ཅན།(༣༢བ) ཁྱོད་གཅིག་གིས་གཟུགས་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་བྱས་ནས་ཤེས་པ་མ་ཡིན་ཏེ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་པའི་ཡུལ་ཅན་དུ་ངེས་པའི་ཕྱིར་དང༌། བདེ་སོགས་དེས་ཕན་པའི་ནུས་པ་གྲུབ་པ་མེད་པའི་ཕྱིར་ཏེ། བདེ་སོགས་མེད་ཀྱང་དོན་དག་ལས་སྐྱེས་པའི་ཕྱིར། མ་ཁྱབ་སྟེ། གཟུགས་དང་བདེ་སོགས་གཉིས་ཀྱིས་སོ་སོ་སོ་སོར་ཡང་དབང་ཤེས་སྐྱེད་ནུས་པ་ཡིན་ཏེ། སྔོ་སོགས་རེ་རེས་དབང་ཤེས་སྐྱེད་པ་བཞིན་ནོ་ཞེ་ན། ཆོས་ཅན། བདེ་སོགས་འབའ་ཞིག་འཛིན་སྲིད་པར་འགྱུར་ཏེ། དེ་འབའ་ཞིག་གཟུང་དོན་དུ་བྱེད་སྲིད་པའི་ཕྱིར། འདོད་མི་ནུས་ཏེ། བདེ་སོགས་དེའི་རྒྱུའི་དོན་ནི་མ་བཟུང་བར། བདེ་སོགས་དེ་མྱོང་བར་ནི་མི་རིགས་སོ། །བདེ་སོགས་དོན་དང་ལྷན་ཅིག་ཉིད་འཛིན་ན། ཆོས་ཅན། བདེ་སོགས་ཀྱིས་ནི་ཕན་པའི་ནུས་པ་ཅི་ཡང་མེད་པར་ཐལ། གང་གི་ཕྱིར་བདེ་སོགས་དེས་བསྐྱེད་པའི་བློར་ཁྱོད་མི་འདོད་པའི་ཕྱིར། དོན་མེད་པར་ནི་བདེ་བ་ལ་སོགས་མིག་སོགས་རྣམས་ཀྱིས་མྱོང་ན་ནི་གཟུགས་སོགས་དང་བུད་མེད་སོགས་ཀྱི་ཁྱད་པར་ནམ་ཡང་མིག་གིས་འཛིན་པར་མི་འགྱུར་ཏེ། ནང་གི་ཡན་ལག་ཕན་ནུས་པའི་གཟུང་དོན་དུ་ཡོད་ན་ཕྱི་རོལ་མཐོང་བར་མི་འགྱུར་བའི་ཕྱིར། དབང་ཤེས་ཀྱིས་དོན་རྐྱང་པ་འཛིན་ན་ནི། དོན་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་མྱོང་བར་མི་འགྱུར་བར་ཐལ། བློ་གཉིས་ཅིག་ཅར་མི་སྐྱེ་བ་གང་ཞིག །ཕྱོགས་སྔ་དེའི་ཕྱིར། ཡུལ་དེ་དང་ནི་དེ་ཡོད་པ་ལས་བློ་ནི་ཅིག་ཅར་སྐྱེའོ་ཞེ་ན་ནི། ཤེས་བྱ་ཆོས་ཅན། ཅིག་ཅར་ཡིད་དུ་འོང་མི་འོང་གི་དོན་ནི་ཡོད་པ་ན། བདེ་སྡུག་དག་ནི་ཅིག་ཅར་རིག་པར་འགྱུར་བར་ཐལ་ལོ། །ནང་གི་ཉེར་ལེན་ཤེས་པ་ཡང་ཡོད་ན། སྡུག་བསྔལ་ལ་སོགས་འབྱུང་བས་ཤེས་པ་གཅིག་པོ་དེ་ནི་ཅིག་ཅར་བདེ་སྡུག་འགལ་བའི་ཉེར་ལེན་མིན་པར་འདོད་དོ་ཞེ་ན། བདེ་སོགས་ཆོས་ཅན།(༣༣ན) གང་གི་རྣམ་པར་ཤེས་པ་ནི་ཉེར་ལེན་གྱི་རྒྱུ་ཡིན་ཏེ་མ་ཡིན་པར་ཐལ། མི་ཤེས་པའི་བེམ་པོ་ཡིན་པའི་ཕྱིར། རྣམ་ཤེས་དེ་བདག་པོའི་རྐྱེན་ཉིད་དུ་འགྱུར་བ་ཡིན་པས། བདེ་སྡུག་འགལ་བ་གཉིས་ཅིག་ཅར་མི་སྐྱེད་དོ་ཞེ་ན། དེ་མི་འཐད་པར་ཐལ། རྐྱེན་དེ་ནི་འབྲས་བུ་འགལ་བ་ཅིག་ཅར་སྐྱེད་པ་དག་ལའང་མཐོང་བའི་ཕྱིར། དཔེར་ན། སྣང་བ་ཉི་འོད་གཅིག་གིས་མཚན་མོ་རྒྱུ་བ་འུག་པ་དང༌། དེ་ལས་གཞན་པའི་དབང་པོ་དག་གིས་གཟུགས་མཐོང་བ་དང་མི་མཐུན་པ་དང་མཐུན་པ་ཅིག་ཅར་བྱེད་པ་བཞིན་ནོ། །གསུམ་པ་ནི། བདེ་སོགས་ཆོས་ཅན། དོན་མྱོང་ཞེས་འཇིག་རྟེན་ན་འདོགས་སུ་རུང་སྟེ། རང་ཉིད་ལ་འཕོས་པའི་དོན་གྱི་རྣམ་པ་ནི་སྣང་བ་དང༌། རྣམ་པ་དེ་འཛིན་རྣམ་གྱིས་མྱོང་བའི་ཕྱིར། རང་གི་བདག་ཉིད་རིག་པར་བྱེད་པའི་བདེ་སོགས་འདི་དག་ནི་ཆོས་ཅན། ཕྱི་རོལ་དོན་ནི་དངོས་སུ་མྱོང་བ་མིན་ཏེ། དོན་ལས་སྐྱེ་བ་ཙམ་དུ་ཟད་པའི་ཕྱིར། དོན་མྱོང་བར་བཤད་དུ་རུང་སྟེ། དོན་གྱི་བདག་ཉིད་དེ་དག་ལ་རྣམ་པ་རང་གི་བདག་ཉིད་དུ་གྱུར་པའི་འཛིན་རྣམ་དེས་མྱོང་བ་ཡིན་པའི་ཕྱིར། དོན་དམིགས་པ་ཉིད་ནི་ཡིན་ཏེ། དོན་གྱི་རྣམ་པ་དེར་སྣང་བའི་ཕྱིར་རོ། །
གཉིས་པ་ལ། རྩོད་ལན་གཉིས། དང་པོ་ནི། གྲངས་ཅན་འགའ་ཞིག་བདེ་སོགས་ཕྱི་རོལ་ན་གནས་པ་ཉིད་དང་སེམས་མེད་དང་གཟུང་བར་སྨྲ་སྟེ། གཉིས་པ་ལ་གཉིས། ཕྱི་རོལ་ཡིན་པ་དགག །སེམས་པ་ཡིན་པར་སྒྲུབ་པའོ། །དང་པོ་ནི། གྲངས་ཅན་དེའི་ལུགས་ལ་ཡང༌། སྔོ་སྣང་དབང་ཤེས་ཆོས་ཅན། ཅིག་ཅར་སྔོ་སོགས་དང་བདེ་སོགས་གཉིས་འཛིན་པ་མི་རིགས་པར་ཐལ། གཟུགས་ཀྱི་སྐྱེ་མཆེད་པའི་གཟུང་དོན་ཅན་དུ་ངེས་པའི་ཕྱིར། སྔོ་སོགས་ཀྱི་རང་བཞིན་བདེ་སོགས་དང་གཅིག་ཡིན་པའི་ཕྱིར། ཅིག་ཅར་འཛིན་པ་ཡིན་ནོ་ཞེ་ན། སྔོ་སོགས་(༣༣བ)དང་བདེ་སོགས་དེ་ཆོས་ཅན། ཇི་ལྟར་ཐ་མི་དད་དེ་ཐ་དད་དུ་ཐལ། ཐ་དད་དུ་སྣང་བ་ཅན་གྱི་མ་འཁྲུལ་བའི་སེམས་ཀྱིས་ནི་ཐ་དད་དུ་གཟུང་བའི་ཕྱིར། བདེ་སོགས་ཆོས་ཅན། གོམས་པ་ཡི་ནི་ཁྱད་པར་ལས། བློ་ལ་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་དུ་ནི་མི་འགྱུར་བར་ཐལ། ཕྱི་རོལ་དེར་ཁྱད་པར་ཡོད་པ་མིན་པའི་ཕྱིར། གལ་ཏེ་བློ་ཡང་བདེ་སོགས་ཀྱི་བདག་ཉིད་ཡིན་པས། གོམས་པ་ལས་ཁྱད་པར་དུ་འགྱུར་བ་མི་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་ནི་ཕྱི་རོལ་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ཞེས་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། བློའི་བདེ་སོགས་གོམས་པས་ཁྱད་པར་དུ་འགྱུར་བའི་ཕྱིར། གལ་ཏེ་གཟུགས་དང་བདེ་སོགས་ཆོས་ཅན། གཟུང་འཛིན་མིན་པར་ཐལ། རིགས་ནི་ཐ་དད་དག་ཡིན་པའི་ཕྱིར་ཞེ་ན། སྐྱེས་བུ་ནི་ཆོས་ཅན། ཀུན་གྱི་འཛིན་བྱེད་དུ་མི་འགྱུར་བར་ཐལ་ཏེ། བདེ་སོགས་དང་རིགས་ཐ་དད་ཡིན་པའི་ཕྱིར། འདོད་ན། དེས་ན་ཟ་བ་པོ་ཉིད་ཉམས་སོ། །འདིས་ནི་བསལ་ལོ། །གང་ན། གཟུགས་དང་བདེ་སོགས་ཆོས་ཅན། རྒྱུ་དང་འབྲས་བུའང་མ་ཡིན་པར་ཐལ། རིགས་ཐ་དད་པའི་ཕྱིར་ཞེས་པའོ། །ཇི་ལྟར་བསལ་ན། སྐྱེས་བུ་དང་བདེ་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཁས་བླངས། རྩ་བའི་ཐལ་འགྱུར་ལ་བསལ་བ་དགོད་པ་ནི། གཟུགས་དང་བདེ་སོགས་ཆོས་ཅན། རྒྱུ་དང་འབྲས་བུའང་མ་ཡིན་པར་ཐལ། གཟུང་བ་དང་འཛིན་པ་ཉིད་ཡིན་པས་རྒྱུ་འབྲས་སུ་མི་འགྲུབ། སྒྲུབ་བྱེད་གཞན་མེད་པའི་ཕྱིར། གཟུང་འཛིན་ཡིན་པས་རྒྱུ་འབྲས་སུ་ཡོད་དོ་ཞེ་ན། སྐྱེས་བུ་དང་གཟུགས་གཞན་ལའང་ཆོས་ཅན། རྒྱུ་འབྲས་སུ་འགྱུར་བར་ཐལ། གཟུང་འཛིན་དེ་ནི་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། བདེ་སོགས་དེ་ནི་ཆོས་(༣༤ན)ཅན། ནང་ཉིད་དང་སེམས་ཀྱི་བདག་ཉིད་ཡིན་ཏེ། འཛིན་རྣམ་གྱིས་མྱོང་བྱ་ཉིད་ཡིན་པའི་ཕྱིར། མྱོང་བ་ཤེས་རིག་དེ་ནི་ཆོས་ཅན། བདེ་སོགས་དེ་ཡི་མྱོང་བྱེད་མ་ཡིན་ཏེ། བདེ་སོགས་གང་གི་རང་བཞིན་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདེ་སོགས་དེའི་རང་བཞིན་མིན་པའི་མྱོང་བས། བློ་ལ་གནས་པའི་རྣམ་པ་དེ་རིག་གོ་ཞེ་ན། ཤེས་བྱ་ཆོས་ཅན། མངོན་སུམ་དང་དྲན་པའི་རྣམ་པ་ཅན་གྱི་མྱོང་བ་མ་གཏོགས་པ་ཡུལ་དབང་བར་འདིར་བློའམ་ཆེན་པོ་གང་ཡོད་དེ་མེད་པར་ཐལ། དོན་དེ་དང་དེ་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་སོགས་མྱོང་བ་གཅིག་ཉིད་འབྱུང་བར་འགྱུར་བ་མཐོང་གི །ཡུལ་དབང་བར་དུ་བློའམ་ཆེན་པོ་གཞན་ནི་མ་མཐོང་བའི་ཕྱིར། བློ་མྱོང་རྫས་ཐ་དད་ཡིན་ཡང༌། ལྕགས་གོང་དང་ནི་མེ་བཞིན་དུ་འདྲེས་པས་རྣམ་པར་དབྱེར་མེད་པར་སྣང་ངོ་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་ཀུན་ལ་རྫས་ཐ་དད་དང་ཐ་དད་མིན་པའི་རྣམ་གཞག་ཉམས་པར་ཐལ། བློ་མྱོང་རྫས་ཐ་དད་ཡིན་ཡང༌། བློ་མ་འཁྲུལ་བ་ལ་དབྱེར་མེད་དུ་སྣང་བ་དེ་ལྟ་ཡིན་པའི་ཕྱིར། ཁྱབ་སྟེ། ཐ་དད་མེད་པར་མྱོང་བ་དེ་གཅིག་གི་སྒྲུབ་བྱེད་ཡིན་ན། དེ་ལྟར་གང་མིན་པར་ཐ་དད་དུ་སྣང་བ་དེ་ཐ་དད་པ་ཅན་དུ་འགྲུབ་ལ། གཅིག་ཏུ་སྣང་བ་འདི་གཅིག་གི་སྒྲུབ་བྱེད་མིན་ན། ཐ་དད་ཀྱི་སྒྲུབ་བྱེད་ཀྱང་འགྲུབ་པ་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྫས་ཐ་དད་དང་ཐ་དད་མེད་པའི་རྟེན་ཅི་ཡང་མེད་པར་ཐལ། སྡུག་བསྔལ་དང་དཀར་སོགས་ཐ་དད་དུ་སྣང་ཡང་ཐ་དད་མིན། བློ་མྱོང་ནི་ཐ་དད་མེད་པར་སྣང་ཡང་རྫས་ཐ་དད་ཡིན་པའི་ཕྱིར། ཀུན་འགྲོ་ལྔ་ཐ་དད་དུ་མ་མཐོང་ཡང་ཐ་དད་ཡིན་པ་ལྟར་བློ་མྱོང་ཡང་དེ་ལྟར་ཡིན་ནོ་ཞེ་ན། དཔེ་དོན་མི་མཚུངས་ཏེ། དུས་གཅིག་གི་ཚེ་ཚོར་བ་གསལ་བས། གཞན་རྣམས་བསྒྲིབས་ན་(༣༤བ)ཡང༌། སེམས་ཀྱི་ཁྱད་པར་གྱི་རྒྱུན་དག་ལ། ཀུན་འགྲོ་ལྔ་ཐ་དད་པར་ནི་མཐོང་བའི་ཕྱིར་ཐ་དད་པའི་རྣམ་གཞག་གྲུབ་པ་ཡིན་ལ། བློ་མྱོང་ནམ་ཡང་ཐ་དད་དུ་མ་མཐོང་བའི་ཕྱིར།
རྣལ་འབྱོར་མངོན་སུམ་བཤད་པ།
༈ བཞི་པ་རྣལ་འབྱོར་མངོན་སུམ་ལ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་པའི་དོན་འཆད་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། ཞར་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྔར་བཤད་པ་བདེན་བཞི་དེ་དག་གི་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་པའི་ཤེས་པ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་འཕགས་རྒྱུད་ཀྱི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན། རྟོག་པའི་དྲ་བ་རྣམ་པར་བསལ་བ་ཡིན་ཏེ། གོམས་པའི་སྟོབས་ཀྱིས་རང་ཡུལ་བསལ་བ་ཉིད་དུ་སྣང་བ་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་དང་འཇིགས་པ་དང་མྱ་ངན་གྱིས་བརླམས་པ་དང་རྐུན་པོ་རྨི་སོགས་ཀྱིས་བསླད་པས། མདུན་ན་གནས་པ་བཞིན་དུ་ནི་ཡང་དག་པ་མིན་པ་མཐོང་བར་འགྱུར་བ་བཞིན། ཁྱབ་སྟེ། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བ་ནི་དོན་གསལ་བར་སྣང་བ་ཅན་མ་ཡིན་པའི་ཕྱིར་ཏེ། རྨི་ལམ་ན་ཡང་དྲན་པ་དེ་གསལ་བ་དེ་འདྲའི་དོན་ལྡན་མིན་པར་དྲན་པའི་ཕྱིར། གོམས་པས་གསལ་བར་སྣང་བ་སྒྲུབ་པ་ནི། ཡང་དག་དང་ཡང་དག་མིན་པ་གང་དང་གང་ཤིན་ཏུ་བསྒོམས་པར་གྱུར་པ་སྒོམ་པ་ཡོངས་སུ་རྫོགས་པ་ན། དེའི་འབྲས་བུ་གསལ་ལ་མི་རྟོག་པའི་བློ་འབྱུང་བ་ཅན་ཡིན་ཏེ། མི་གཙང་བ་དང་ཟད་པར་ས་ལ་སོགས་པ་ཡང་དག་པ་མིན་པའང་། བསྒོམས་པའི་སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང༌། གསལ་བར་སྣང་བ་ཅན་དུ་མཐོང་བ་དེའི་ཕྱིར། འོ་ན།(༣༥ན) གོམས་པས་གསལ་བར་སྣང་བ་ཐམས་ཅད་མངོན་སུམ་ཡིན་ནམ་ཞེ་ན། དེ་ལ་སྔར་བཤད་པ་བཞིན་དུ། བདེན་བཞིའི་དངོས་པོ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཡིན་དེ་ཆོས་ཅན། མངོན་སུམ་ཚད་མར་འདོད་དེ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་ཞིང༌། དེ་ཁོ་ན་ཉིད་ལས་གསར་དུ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ལྷག་མ་ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། མངོན་སུམ་མ་ཡིན་ཏེ། ཉེ་བར་བསླད་པ་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་མངོན་སུམ་ཡིན་ན། གསལ་བར་སྣང་བ་ཡིན་ན། རྟོག་པའང་ཆོས་ཅན། གསལ་བར་སྣང་བར་ཐལ། རང་རིག་མངོན་སུམ་ཡིན་པའི་ཕྱིར། འདོད་ན། མི་གསལ་བར་བཤད་པ་དང་འགལ་ལོ་ཞེ་ན། བུམ་འཛིན་རྟོག་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཅན། བུམ་པ་དེ་ལ་རྟོག་པ་ཡིན་ཏེ། བུམ་པ་གང་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཤེས་པ་ཀུན་གྱི་སྟེང་གི་འཛིན་རྣམ་ཆོས་ཅན། རང་གི་ངོ་བོ་དེ་ལ་མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་སྒྲ་དོན་འདྲེན་རུང་དུ་འཛིན་པ་མིན་པར་མ་འཁྲུལ་པའི་ཤེས་པ་ཡིན་པ་དེའི་ཕྱིར།
མངོན་སུམ་ལྟར་སྣང་བཤད་པ།
གཉིས་པ་མངོན་སུམ་ལྟར་སྣང་ལ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་དོན་འཆད་པ་ལ། བསྟན་བཤད་བསྡུ་གསུམ་མོ། །
དང་པོ་ནི། ཤེས་བྱ་ཆོས་ཅན། མངོན་སུམ་ལྟར་སྣང་རྣམ་པ་བཞིར་ཡོད་དེ། རྟོག་པའི་ཤེས་པ་རྣམ་པ་གསུམ་དང༌། རྟེན་བསླད་པ་ལས་བྱུང་བ་ཅན་གྱི་རྟོག་པ་མེད་པ་གཅིག་ཡོད་པ་ཡིན་པའི་ཕྱིར་རོ། །
གཉིས་པ་ལ་གཉིས། རྟོག་པ་མངོན་སུམ་ལྟར་སྣང༌། རྟོག་མེད་(༣༥བ)མངོན་སུམ་ལྟར་སྣང་ངོ༌། །
དང་པོ་ནི། རྟོག་པ་གསུམ་མངོན་སུམ་ལྟར་སྣང་དུ་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། འཁྲུལ་པ་དང་ཀུན་རྫོབ་པའི་ཤེས་པ་གཉིས་ཆོས་ཅན། མངོན་སུམ་ལྟར་སྣང་དུ་བཤད་པ་ལ་དོན་ཡོད་དེ། དབང་ཤེས་སུ་འཁྲུལ་བ་མཐོང་བས། དབང་སྐྱེས་མིན་པར་བསྒྲུབ་པའི་དོན་དུ་དེར་བཤད་པའི་ཕྱིར་རོ། །རྗེས་དཔག་སོགས་མངོན་སུམ་ལྟར་སྣང་དུ་གྲུབ་ཀྱང་བརྗོད་པ་ནི་ཆོས་ཅན། དོན་ཡོད་དེ། སྔ་མ་གཉིས་ཉིད་དབང་ཤེས་མ་ཡིན་པར་སྒྲུབ་པའི་དཔེ་བསྟན་པའི་ཕྱིར་རོ། །སྔ་མ་གཉིས་མངོན་སུམ་དུ་འཁྲུལ་བའི་རྒྱུ་གང་ཞེ་ན། བརྡ་རྟེན་ཅན་ཀུན་རྫོབ་པའི་ཤེས་པ་དང༌། དོན་གཞན་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་དག་ཆོས་ཅན། འགའ་ཞིག་གི་ཚེ་མངོན་སུམ་དུ་འཁྲུལ་པའི་རྒྱུ་ཡོད་པ་ཡིན་ཏེ། མངོན་སུམ་དང་ཡུལ་ལ་ཉེ་བར་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་དག་ལ་རྟོག་པའི་ཤེས་པ་དེ་ཡང་ནི་ཆོས་ཅན། མངོན་སུམ་ལས་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། ཉམས་སུ་མྱོང་བ་དྲན་པ་མེད་པར་ཁྱོད་སྐྱེ་བ་ཡོད་པ་མིན་པས་སོ། །ཇི་ལྟར་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་དྲན་པ་ལ་སོགས་པའི་རྟོག་པ་འདི། བརྡ་ལ་ལྟོས་པའི་ངང་ཚུལ་ཅན་ཡིན་པས། མངོན་སུམ་གྱི་གཟུང་དོན་ལ་འཛིན་པར་མི་བྱེད་པ་དེ་ལྟར་རོ། །
གཉིས་པ་ལ་གཉིས། རང་ལུགས་གཞག །གཞན་ལུགས་དགག་པའོ། །དང་པོ་ནི། གལ་ཏེ་རྟོག་མེད་མངོན་སུམ་ལྟར་སྣང་བཤད་པ་ལ་དོན་མེད་དེ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་རྟོག་མེད་ཤེས་པ་ཡིན་ན། མངོན་སུམ་དུ་བཤད་པའི་ཕྱིར་ཞེ་ན། ཕྱོགས་གླང་ཆོས་ཅན། འདིར་ནི་བཞི་པར་བསྟན་པའི་རྟོག་མེད་མངོན་སུམ་ལྟར་སྣང་བཞེད་དེ། རྟོག་པ་དང་བྲལ་མངོན་སུམ་(༣༦ན)མོ། །ཞེས་སྤྱིར་བཏང་ནས། རབ་རིབ་བཅས་ཞེས་དམིགས་ཀྱིས་བསལ་ཏེ་གསུངས་པའི་ཕྱིར། འོ་ན། རབ་རིབ་ཅན་གྱི་ཤེས་པ་ཁོ་ན་རྟོག་མེད་མངོན་སུམ་ལྟར་སྣང་ཡིན་ནམ་ཞེ་ན། ཤེས་བྱ་ཆོས་ཅན། རབ་རིབ་བཅས་ཞེས་པ་དེས་ནི་དབང་པོ་ལ་ཉེ་བར་གནོད་པ་ལས་དངོས་སུ་སྐྱེས་པའི་ཤེས་པ་ཐམས་ཅད་བརྗོད་པ་ཡིན་ཏེ། རབ་རིབ་བཅས་ཞེས་གསུངས་པ་དེ་ལ་རབ་རིབ་འབའ་ཞིག་བསྟན་པ་ནི། དབང་པོ་ལ་ཉེ་བར་གནོད་པ་ཐམས་ཅད་མཚོན་པར་བྱེད་པ་ཡིན་པའི་ཕྱིར།
གཉིས་པ་ལ་གཉིས། ལུང་གིས་དགག །རིགས་པས་དགག་པའོ། །དང་པོ་ནི། ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་དེ་ཡང་ཡིད་ཀྱི་རྟོག་པ་ཡིན་པས། རབ་རིབ་བཅས་ཞེས་པ་དམིགས་བསལ་མིན་ནོ་ཞེས་འགྲེལ་བྱེད་ཁ་ཅིག་ཟེར་རོ། །མིག་གི་དབང་པོའང་སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པ་སྣང་བའི་བློའི་རྒྱུ་ཡིན་ནོ་ཞེས་བྱ་བའི་གཞུང་འདི་དང་ནི། དེ་རྟོག་པར་འདོད་པ་དེ་དག་འགལ་ལོ། །ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་ཆོས་ཅན། མིག་དབང་ལས་དངོས་སུ་སྐྱེས་པ་མ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། གལ་ཏེ་གཞུང་དེས་མིག་དབང་བརྒྱུད་པས་རྟོག་པའི་རྒྱུར་བཤད་པ་ཡིན་ནོ་ཞེ་ན། དེའང་མི་འཐད་དེ། དབང་པོའི་ཤེས་པའི་སྤྱོད་ཡུལ་དག་ལ་དཔྱད་ནས་དབང་ཤེས་ཀྱི་དངོས་རྒྱུ་ཡིན་པས། དམིགས་རྐྱེན་དུ་འདོད་པ་འདི་ལ་མིག་དབང་བརྒྱུད་རྒྱུ་ཡིན་པས། ཡིད་ཀྱི་ནི་དམིགས་རྐྱེན་དུ་ཐལ་བ་འཕེན་པ་སྐབས་སུ་བབ་པར་ཇི་ལྟར་འགྱུར་བ་ཡིན་ཏེ་མ་ཡིན་པའི་ཕྱིར། གཉིས་པ་ནི། གཞན་ཡང་ཟླ་གཉིས་གསལ་བར་སྣང་བའི་ཤེས་པ་དབང་ཤེས་མིན་ན། དབང་པོ་ལ་དངོས་སུ་བརྟེན་པའི་ཤེས་པའི་འཇོག་བྱེད་གང་ཡིན། གང་ཏེ་གང་(༣༦བ)དབང་པོ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་ནོ་ཞེ་ན། ཆོས་ཅན། དབང་ཤེས་སུ་ཐལ། ཕྱོགས་སྔ་དེ་མཚུངས་པའི་ཕྱིར། གལ་ཏེ་དབང་པོའི་རྗེས་སུ་འགྱུར་བ་ལྡན་པའོ་ཞེ་ན། འདི་ཉིད་ནི་ཆོས་ཅན། དབང་ཤེས་ཡིན་པ་ཅིའི་ཕྱིར་འགོག་སྟེ། དབང་པོའི་རྗེས་སུ་འགྱུར་བ་དང་ལྡན་པ་དེའི་ཕྱིར། འདིར་ཡང་ཆོས་ཅན། ཐག་ཁྲ་ལ་སྦྲུལ་ལ་སོགས་པར་འཁྲུལ་བ་བཞིན་དུ། དབང་པོའི་འགྱུར་བ་ཡོད་ན་ཡང་ལྡོག་པར་འགྱུར་བ་དང༌། དབང་པོའི་བསླད་པ་ནི་ལོག་ཀྱང་ལྡོག་པར་མི་འགྱུར་ཞིང༌། དེ་བཞིན་དུ་གཞན་གྱི་རྒྱུད་ལ་ནི་བརྗོད་པ་དག་གིས་འགའ་ཞིག་གི་ཚེ་འཇོག་པ་དང༌། ཡུལ་མཐོང་བ་དྲན་པ་ལ་ལྟོས་པར་འགྱུར་ཞིང༌། ཡོངས་སུ་གསལ་བར་སྣང་བར་མི་འགྱུར་བར་ཐལ། རྟོག་པ་ཡིན་པའི་ཕྱིར། ཕྱི་མ་ཁྱབ་སྟེ། གཉིད་ལོག་པའམ་སད་པ་ན། གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་རྟོག་མེད་ཡིན་ལ། སད་ལོག་གཉིས་ཀར་ཡང་དེ་ལྟ་མིན་པར་མི་གསལ་བར་སྣང་བའི་བློ་ཡིན་ན་རྟོག་པ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། རྟོག་མེད་ཡིན་ཡང་ཚད་མ་ཉིད་ནི་བཀག་པ་ཡིན་ཏེ། སླུ་བའི་ཕྱིར་རོ། །མངོན་སུམ་ལྟར་སྣང་གཉིས་སུ་བཤད་པ་ཆོས་ཅན། དོན་ཡོད་དེ། རྟོག་བྲལ་ཡིན་ཡང་འཁྲུལ་ན། མངོན་སུམ་མིན་པར་བསྟན་པ་དེའི་དོན་དུའང་ཡིན་པའི་ཕྱིར་རོ། །
ཚད་འབྲས་བཤད་པ།
༈ གསུམ་པ་ཚད་མའི་འབྲས་བུ་ལ་ལོག་རྟོག་བསལ་བ་ལ་གཉིས། དངོས་དང༌། རྣམ་གཞག་དེ་ཉིད་འཐད་པར་བསྟན་པའོ། །དང་པོ་ལ་བཞི། འབྲས་རྟོག་དང་པོ། གཉིས་པ། གསུམ་པའི་རྣམ་གཞག །ཕྱི་རོལ་མེད་ཀྱང་རྣམ་གཞག་འཐད་པའོ། །
དང་པོ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཚད་མ་འདིའི་འབྲས་བུ་གང་ཞེ་ན། གཞལ་བྱ་རྟོགས་པའོ། །འོ་ན། གཞལ་བྱ་རྟོགས་པའི་འཇོག་(༣༧ན)བྱེད་ཚད་མ་གང་ཞེ་ན། དོན་འདྲ་བ་ཡིན་ནོ། །གལ་ཏེ་དོན་རྟོགས་སྐྱེད་བྱེད་དབང་པོ་སོགས་ཚད་མ་མིན་ནམ། ཇི་ལྟར་ན་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། བྱ་བ་དོན་རྟོགས་སྒྲུབ་པར་བྱེད་ཅེས་པ་ཙམ་གྱིས། ལས་སུ་བྱ་བ་དོན་རྟོགས་ཀུན་གྱི་ནི་སྐྱེད་བྱེད་སོགས་སྒྲུབ་བྱེད་དག་ཐམས་ཅད་མ་ཡིན་ཏེ། གང་ལས་འབྲས་བུ་དོན་རྟོགས་བར་མ་ཆད་དུ་འཇོག་པ་གང་ཡིན་པ་དེ་ནི། དོན་རྟོགས་དེ་སྒྲུབ་བྱེད་ཡིན་པའི་ཕྱིར།
གཉིས་པ་ལ། བསྟན་བཤད་གཉིས། དང་པོ་ནི། ཡུལ་དེ་ལ་ཉམས་སུ་མྱོང་ཙམ་དུ་ནི་འདྲ་བའི་བདག་ཉིད་ཅན་གྱི་སྒོ་ལྔའི་ཤེས་པ་ནི་ཆོས་ཅན། གང་གི་ལས་ནི་སོ་སོ་ལ་དོན་རྟོགས་ཐ་དད་དུ་རྣམ་པར་འབྱེད་པ་དེ་ཁྱོད་ཀྱི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། ཁྱོད་ཀྱིས་དོན་རྟོགས་པར་འཇོག་བྱེད་ཅིག་ཡོད། ཁྱོད་ལས་རྫས་ཐ་དད་པས་དོན་རྟོགས་པར་འཇོག་མི་ནུས་པའི་ཕྱིར། རྒྱུ་དབང་པོ་དག་ཆོས་ཅན། ཁྱོད་ལ་གསལ་མི་གསལ་ཐ་དད་ཡོད་ཀྱང༌། ཐ་དད་ཀྱི་ལས་ལ་མྱོང་ཙམ་དུ་ཐ་དད་མེད་པ་འདི། དོན་རྟོགས་ཐ་དད་པར་ནི་ངེས་བྱེད་མིན་ཏེ། དོན་སྣང་ཤེས་པའི་བདག་ཉིད་དུ་འགྱུར་བ་མིན་པའི་ཕྱིར། དོན་འདིའི་བདག་ཉིད་ཀྱི་རྣམ་པ་ཐ་དད་དུ་ཤར་བའི་ཤེས་པ་གང་ཡིན་པ་དེ་ཆོས་ཅན། དོན་རྟོགས་ཐ་དད་པ་དེའི་སྒྲུབ་བྱེད་ཅན་དུ་གྲུབ་སྟེ། ཁྱོད་ལས་དོན་སྣང་གི་ཤེས་པ་འདི་དོན་འདིའི་རྟོགས་པ་ཞེས་བྱེད་པ་ཡི་ནི་ལས་ངེས་པ་སྟེ་དོན་རྟོགས་ཐ་དད་དུ་འཇོག་བྱེད་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་ཆོས་ཅན། ཁྱོད་གསལ་མི་གསལ་གྱི་རྣམ་པ་འགས་ཤེས་པའི་རང་བཞིན་ཐ་དད་པར་ནི་བྱེད་ན་ཡང༌། དོན་སྣང་ཤེས་པ་འདི་ནི་དོན་དང་ཡུལ་ཡུལ་ཅན་དུ་འབྲེལ་བར་བྱེད་པ་མིན་པར་ཐལ། དོན་གྱི་རྣམ་པའི་ངོ་བོ་ལས་གཞན་མིན་པའི་ཕྱིར།
གཉིས་པ་ལ་(༣༧བ)གསུམ། རང་ལུགས་གཞག །གཞན་ལུགས་དགག །རྩོད་པ་སྤང་བའོ། །དང་པོ་ནི། གཞལ་བྱའི་རང་བཞིན་ཉིད་ཀྱི་རྣམ་པ་ཤར་ནས་གསར་དུ་མི་སླུ་བའི་ཤེས་པ་ཆོས་ཅན། གཞལ་བྱ་རྟོགས་པའི་ཚད་མའི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པ་དེའི་ཕྱིར། དོན་རྟོགས་ཀྱི་སྒྲུབ་བྱེད་གཞན་དབང་པོ་གཟུགས་ཅན་པ་ཡིན་ནོ་ཞེ་ན། དབང་པོ་གཟུགས་ཅན་པ་དེ་ནི་ཆོས་ཅན། དོན་སྣང་ཤེས་པ་དེ་ལས་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་མི་འགྲུབ་པར་ཐལ། རྣམ་པ་ཤར་བ་ལས་གཞན་ཡིན་པའི་ཕྱིར། དོན་འདྲ་བ་དེ་ཡང་ཆོས་ཅན། འབྲས་བུ་དོན་རྟོགས་ལས་དོན་གཞན་མིན་པར་ཐལ། དོན་རྟོགས་དེའི་བདག་ཉིད་ཡིན་པ་དེས་ནའོ། །ཆོས་ཅན། དོན་རྟོགས་དང་བྱ་བྱེད་མ་ཡིན་པར་ཐལ། དེ་དང་རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། སྔོ་སྣང་དབང་ཤེས་ཆོས་ཅན། རང་གི་ལས་སྔོན་པོ་ལ་ནི་སྒྲོ་འདོགས་གཅོད་པའི་བྱ་བ་བྱེད་པ་དང་བཅས་པ་ཡིན་ཏེ། སྔོན་པོ་དེའི་རྣམ་པའི་བདག་ཉིད་རང་རིག་གིས་འཛིན་པའི་སྒོ་ནས། དོན་སྔོན་པོ་རྟོགས་པའི་བདག་ཉིད་ཀྱི་བྱ་བ་བྱེད་པས་སོ། །ལྟ་བུར་སྣང་ཞེས་པས། དོན་འདྲ་བ་ཆོས་ཅན། དོན་དམ་པར་དོན་རྟོགས་འཇོག་བྱེད་མིན་ཏེ། དེ་དང་རྫས་གཅིག་ཡིན་པའི་ཕྱིར། འོན་ཀྱང་དོན་རྟོགས་འཇོག་བྱེད་ཡིན་ཏེ། དོན་དམ་པར་བདག་ཉིད་དོན་རྟོགས་འཇོག་པར་བྱེད་པ་པོ་མིན་ན་ཡང༌། ཁྱོད་ཀྱི་དབང་གིས་དོན་རྟོགས་པ་དེར་བཞག་པའི་ཕྱིར། དཔེར་ན། འབྲས་བུ་བུ་དེ་རྒྱུ་ཕ་རྣམས་ཀྱི་བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། ཕའི་གཟུགས་དངོས་སུ་འཛིན་པའི་རྩ་བ་དང་ལྡན་པ་ཉིད་མིན་ཡང༌། འཇིག་རྟེན་ན་བུས་རྒྱུ་ཕའི་གཟུགས་འཛིན་ཞེས་བརྗོད་པ་བཞིན་ནོ། །
གཉིས་པ་ལ། བསྟན་བཤད་དོ། །དང་པོ་ནི། དོན་འདྲ་བ་ལས་གཞན་གྱིས་དོན་རྟོགས་འཇོག་མི་ནུས་པ་དེའི་ཕྱིར།(༣༨ན) དང་པོར་མཐོང་བ་ཙམ་དང་དབང་དོན་འབྲེལ་བ་དང༌། ཁྱད་པར་གྱི་ནི་བློ་དེ་དག་ཆོས་ཅན། དོན་རྟོགས་འཇོག་བྱེད་ཀྱི་ཚད་མ་ཉིད་དུ་མི་འདོད་དེ། ཁྱོད་དང་བྱ་བ་དོན་རྟོགས་ལ་ནི་བྱེད་པ་དོན་འདྲ་བས་ཆོད་པའི་ཕྱིར། བྱ་བ་དོན་རྟོགས་ལ་ནི་བྱེད་པ་དབང་སོགས་རྣམས་ཀྱིས་ཐམས་ཅད་དུ་ཕན་པ་ཉེ་བར་སྦྱོར་ན་ཡང༌། དོན་གྱི་རྣམ་པ་ཐ་དད་དུ་ཤར་བའི་ཤེས་པ་གང་ཡིན་པ་དེ་ཆོས་ཅན། དོན་རྟོགས་ཐ་དད་པ་དེའི་སྒྲུབ་བྱེད་དམ་པར་འདོད་དེ། ཐ་མའི་དོན་རྟོགས་ཐ་དད་དུ་འཇོག་བྱེད་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། དབང་སོགས་ཚད་མ་ཡིན་པ་དགག །ཁྱད་པར་གྱི་བློ་ཚད་མ་ཡིན་པ་དགག །དབང་དོན་འབྲེལ་བ་ཚད་མ་ཡིན་པ་དགག་པའོ། །དང་པོ་ནི། དབང་པོ་ཆོས་ཅན། དོན་རྟོགས་སོ་སོར་འཇོག་ནུས་འདི་འདྲ་ཁྱོད་ལ་ཡོད་པ་མིན་ཏེ། དབང་ཤེས་ཀུན་གྱི་མཚུངས་པའི་རྒྱུ་ཡིན་པའི་ཕྱིར། ཆོས་ཅན། ཁྱོད་གསལ་མི་གསལ་གྱིས་དབང་ཤེས་གསལ་མི་གསལ་དེ་ཐ་དད་ཀྱང༌། དོན་སྣང་ཤེས་པས་དོན་འདི་དང་འདི་རྟོགས་སོ་ཞེས་བྱ་བར་འཇོག་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དོན་གྱི་རྣམ་པ་ཐ་དད་ཤར་བ་མེད་པའི་ཕྱིར། དེ་ཐ་དད་ཀྱང་ཐ་དད་མེད་ཅེས་སོགས་ཀྱི་རིགས་པ་འདིས་ནི། ལྷག་མ་དོན་ལ་ལྟ་བའི་ཤེས་པ་ཚད་མ་མིན་པར་བཤད་པ་ཡིན་ཏེ། རྣམ་པ་ཤར་བ་མེད་ན་དོན་ལ་ལྟ་བ་མི་འགྲུབ་པའི་ཕྱིར། གཉིས་པ་ནི། ཁྱད་པར་གྱི་བློ་ཡང་ཁྱད་པར་ཅན་གྱི་བློ་དང་ཐ་དད་མེད་པར་འགྱུར་ཞིང༌། ཁྱད་པར་ཅན་གྱི་བློ་གཞན་དག་ཀྱང༌། དེ་བཞིན་དུ་ཁྱད་པར་གྱི་བློ་དང་ཐ་དད་མེད་པར་ཐལ། དོན་དེའི་རྣམ་པའི་དངོས་པོར་མེད་པའི་ཕྱིར། ཁྱད་པར་དང་ཁྱད་པར་ཅན་གྱི་བློ་གཉིས་ཆོས་ཅན། ཡུལ་ཐ་དད་པའང་མི་འདོད་དེ། ཚད་འབྲས་ཀྱི་བྱ་བ་དང་ནི་སྒྲུབ་བྱེད་ཡིན་པའི་(༣༨བ)ཕྱིར། འདོད་དེ། གཟུང་དོན་གཅིག་ཡིན་ནོ་ཞེ་ན་ཡང༌། ཁྱད་པར་གྱི་བློའི་ཡུལ་ཆོས་ཅན། གཉིས་པ་ཁྱད་པར་ཅན་གྱི་བློ་དེ་ཁྱེད་འཇལ་བྱེད་དུ་དོན་མེད་པར་ཐལ། ཁྱད་པར་གྱི་བློས་གྲུབ་ཟིན་པའི་ཕྱིར། སྔ་མ་དེ་ཆོས་ཅན། རིམ་བཞིན་འབྱུང་བ་མེད་པར་འགྱུར་བར་ཐལ། གཟུང་དོན་གཅིག་ཡིན་པའི་ཕྱིར། འདོད་དེ། བློ་དེ་གཉིས་ནི་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་འགྱུར་རོ། །འོ་ན། དོན་འདྲ་བ་དང་དོན་རྟོགས་ཀྱང་བསྒྲུབ་བྱ་སྒྲུབ་བྱེད་མ་ཡིན་པར་ཐལ་ལོ་ཞེ་ན། དོན་འདྲ་བ་དང་དོན་རྟོགས་ཀྱི་ཆ་དག་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་དུ་བཞག་སྟེ། ཐ་དད་དུ་སྣང་བ་དེའི་རྣམ་གཞག་ལ་བརྟེན་ནས་ནི། དེ་ལྟར་དུ་བཞག་པའི་ཕྱིར། གསུམ་པ་ནི། བུམ་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། དབང་པོ་ནི་འབྲེལ་བ་ཚད་མ་མ་ཡིན་ཏེ། ཁྱོད་ཀྱི་བདག་རྐྱེན་མིག་གི་དབང་པོ་དེ། བུམ་པའི་གཟུགས་དྲི་སོགས་དང་བདག་ཉིད་ཀུན་གྱིས་འབྲེལ་ན་ཡང༌། ཁྱོད་ཀྱིས་བུམ་གཟུགས་རྟོགས་ལ། དྲི་མ་རྟོགས་པའི་ཕྱིར། ཆོས་ཅན། བུམ་གཟུགས་ཀྱི་ཆོས་འགའ་ཞིག་ནི་རྟོགས་པར་འགྱུར་བའི་ངེས་པ་དེར་ནི་མི་འགྱུར་བར་བུམ་པའི་དྲི་རོ་སོགས་ཀྱང་རྟོགས་པར་ཐལ། ཁྱོད་ཀྱི་བདག་རྐྱེན་མིག་གི་དབང་པོ་དེ་བུམ་པའི་གཟུགས་དྲི་སོགས་དང་འབྲེལ་བར་བྱེ་བྲག་མེད་པའི་ཕྱིར་རོ། །མིག་དབང་དེ་བུམ་པའི་གཟུགས་དྲི་སོགས་དང་འབྲེལ་བར་ཐ་དད་མེད་ཀྱང༌། དོན་གྱི་རྣམ་པ་ཐ་དད་དུ་ཤར་བའི་ཤེས་པ་དེ་ཆོས་ཅན། དོན་རྟོགས་ཐ་དད་པ་འདིའི་ཚད་མ་ཉིད་ཡིན་ཏེ། ཁྱོད་གང་ལས་དོན་རྟོགས་ཐ་དད་དུ་འཇོག་ནུས་པ་དེའི་ཕྱིར། བདག་གི་ཡོན་ཏན་འདུས་བྱས་ལས་ནི། དོན་རྟོགས་ཐ་དད་དུ་འཇོག་ནུས་པ་མིན་པར་ཐལ། དོན་དེའི་དངོས་པོའི་རྣམ་པར་ཤར་བ་མེད་ན། བདག་གི་ཡོན་ཏན་འདུས་བྱས་དེ་ཡང་གཞག་(༣༩ན)ཏུ་མེད་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་དོན་འདྲ་བ་དང་དོན་རྟོགས་ཆོས་ཅན། བྱ་བྱེད་མེད་པར་འགལ་ཏེ། གཅིག་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། གཅིག་ཡིན་པ་མི་བདེན་ཏེ། ལྡོག་ཆོས་ཐ་དད་པ་ཁས་ལེན་པའི་ཕྱིར། དངོས་སུ་རྫས་ཐ་དད་མེད་པར་འདོད་དེ། ངོ་བོ་གཅིག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱ་བ་བྱེད་པའི་ཐ་སྙད་དག་ཐམས་ཅད་སྒྲོ་བཏགས་པ་དེ་ལྟར་རྣམ་པར་གནས་ཏེ། རྫས་ཐ་དད་འདོད་པའི་དངོས་པོ་རྣམས་ལ་བྱ་བྱེད་དུ་སྒྲོ་འདོགས་པས་ནི་འཇུག་པའི་ཕྱིར་རོ། །
འབྲས་རྟོག་གཉིས་པའི་རྣམ་གཞག་བཤད་པ།
༈ གཉིས་པ་འབྲས་རྟོག་གཉིས་པའི་རྣམ་གཞག་ལ། ཡང་ན་རང་རིག་འབྲས་བུ་སྟེ། ཞེས་པའི་དོན་འཆད་པ་ལ་གསུམ། ཕྱི་རོལ་རིག་པའི་སྒྲུབ་བྱེད་དགག །ཕྱི་རོལ་རིག་པའི་གནོད་བྱེད་བསྟན། དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ལ་གཉིས། དངོས་དང༌། སྣང་བ་དང་འགལ་སྤང་བའོ། །དང་པོ་ནི། དོན་རིག་པའི་དོན་རིག་གང་ཡིན་དྲིས་པས། གཟུགས་སྒྲ་སོགས་སོ་སོར་རིག་པའི་མངོན་སུམ་གང་ཡིན་པ་འདི་ཉིད་དོ་ཞེ་ན། མངོན་སུམ་དེ་ནི་གང་གིས་དོན་རིག་ཏུ་འཇོག་པ་ཡིན་དྲིས་པས། དོན་དེ་དང་འདྲ་བ་ལས་དོན་རྟོགས་པར་འཇོག་པ་ཡིན་ནོ་ཞེ་ན། དོན་དང་འདྲ་བ་ཆོས་ཅན། དོན་རྟོགས་འཇོག་བྱེད་མ་ཡིན་པར་ཐལ། དེ་ལ་འཁྲུལ་བར་འགྱུར་བའི་ཕྱིར། འོན་ཏེ་དོན་སྣང་ཤེས་པས་ཕྱི་དོན་མ་རིག་ན། དོན་སྣང་ཤེས་པས་དོན་འདི་མྱོང་བར་སྣང་བ་དེ་སྒྲུབ་བྱེད་གང་ལས་ཡིན་ཞེ་ན། དོན་སྣང་ཤེས་པས་དོན་མྱོང་བར་སྣང་བའི་སྒྲུབ་བྱེད་འདི་ནི་ཆོས་ཅན། སེམས་ཙམ་པ་ལ་འདྲི་བར་བྱ་བ་མ་ཡིན་པར་ཐལ། མདོ་སྡེ་པ་དེ་ཉིད་ལ་དྲིས་ནས་རྣམ་པར་དཔྱོད་པའི་སྐབས་ཡིན་པའི་ཕྱིར། དོན་སྣང་ཤེས་པ་དེ་ནི་ཆོས་ཅན། དོན་གྱིས་རྣམ་པ་དངོས་སུ་གཏད་པ་མིན་པར་ཐལ།(༣༩བ) རགས་པའི་རྣམ་པར་སྣང་བ་གང་ཞིག །རགས་པ་རྫས་སུ་མ་གྲུབ་ཅིང༌། རྡུལ་ཕྲན་དེ་དག་གང་གིས་ན། རགས་པར་སྣང་བ་དེ་འདྲར་བྱེད་དེ་བྱེད་མི་ནུས་པ་དེའི་ཕྱིར། དོན་དང་འདྲ་བ་ཡིན་ཡང་དོན་དང་འདྲ་བ་ཆོས་ཅན། དོན་དེ་མྱོང་བའི་ངོ་བོ་ཉིད་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་ཏེ། དེ་ལ་འཁྲུལ་པ་ཅན་ཡིན་པས་སོ། །དོན་དེ་དང་འདྲ་བ་དང་དོན་དེ་ལས་བྱུང་བ་དེ། གལ་ཏེ་དོན་མྱོང་བའི་མཚན་ཉིད་ཡིན་ནོ་ཞེ་ན། སྔོ་འཛིན་རྣམ་ཤེས་ཕྱི་མ་ཆོས་ཅན། མཚུངས་པ་དེ་མ་ཐག་པའི་སྔོ་སྣང་དབང་ཤེས་སྔ་མ་དེས་མྱོང་བར་འགྱུར་བར་ཐལ། དེ་ལས་སྐྱེས་པ་གང་ཞིག །དེ་དང་དོན་སྔོན་པོའི་རྣམ་པར་མཚུངས་པ་ཅན་ཡིན་པའི་ཕྱིར། གལ་ཏེ་འདི་མཐོང་འདི་ཐོས་ཞེས་བྱ་བར་གང་ལས་བློ་ནི་ངེས་པ་འདྲེན་པ་དེ། དོན་སྣང་ཤེས་པ་དེས་དོན་མྱོང་བའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། གང་གིས་དོན་ལ་ངེས་པ་འདྲེན་པ་དེ། དོན་རྟོགས་པ་དེའི་སྒྲུབ་བྱེད་ཡིན་པར་འདོད་པ་མི་རིགས་པར་ཐལ། སྣང་བ་ཡུལ་དང་དེ་མཐོང་བ་དེ་དག་གི་ཡུལ་ཡུལ་ཅན་གྱི་ཉེ་བ་དེ་ཉིད་དཔྱད་པར་བྱས་ན་མ་གྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡུལ་ཡུལ་ཅན་དེ་དག་གི་འབྲེལ་བ་ལ་བརྟེན་ནས། ལྟ་བ་པོའི་ངེས་ཤེས་དེ་སྐྱེ་བ་ཡིན་པའི་ཕྱིར།
གཉིས་པ་ལ་གསུམ། གཟུང་འཛིན་རྫས་གཞན་དགག །སྣང་བ་ཙམ་ལ་གཟུང་འཛིན་གཞག །དེས་ན་རང་རིག་འབྲས་བུར་གྲུབ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། དོན་སྣང་ཤེས་པ་དེ་ཡང་རང་ལས་རྫས་གཞན་འགའ་ཞིག་གི་མྱོང་བྱེད་མིན་ཏེ། དོན་སྣང་ཤེས་པ་དེའི་མྱོང་བྱ་དེ་དོན་སྣང་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། གཟུགས་སྒྲ་སོགས་མངོན་སུམ་གྱིས་སོ་སོར་རིག་བྱ་དེ་ཡང་ནི་ཆོས་ཅན། ཉམས་སུ་མྱོང་བྱ་རྫས་གཞན་དུ་མེད་དེ། དོན་སྣང་ཤེས་པ་དེའི་བདག་ཉིད་ཡིན་པ་(༤༠ན)དེས་ནའོ། །དོན་སྣང་ཤེས་པ་དེ་ཆོས་ཅན། ཁྱོད་ལའང་མྱོང་བ་རྫས་གཞན་ཡོད་པ་མིན་ཏེ། མྱོང་བྱེད་རྫས་གཞན་འདོད་པ་དེར་ཡང་བརྩད་པ་མཚུངས་པ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། རང་ཉིད་བསལ་བ་ཡིན་ཏེ། རང་རྒྱུ་ལས་རིག་པར་སྐྱེས་པའི་ཕྱིར། རང་གི་ངོ་བོ་མྱོང་ན། སྔོ་སོགས་སྣང་བ་དང་འགལ་ལོ་ཞེ་ན། རང་གི་རང་བཞིན་ཉམས་སུ་མྱོང་བའི་སྔོ་སྣང་ཤེས་པ་དེ་ཆོས་ཅན། རང་གི་ངོ་བོ་མྱོར་བར་གྱུར་ཀྱང༌། ཕྱི་རོལ་གྱི་སྔོ་སོགས་མྱོང་བར་སྣང་བ་ཡིན་ཏེ། སྔོ་སོགས་དེའི་དངོས་པོའི་རྣམ་པ་ཤར་བའི་ཕྱིར། རང་གིས་མྱོང་བ་མི་འཐད་དེ། རང་ཉིད་རང་ལ་བྱ་བྱེད་འགལ་བའི་ཕྱིར་ཞེ་ན། ཇི་ལྟར་གསལ་བྱེད་སྒྲོན་འོད་ཆོས་ཅན། དོན་གསལ་བ་ན་རང་གི་ངོ་བོ་གསལ་བྱེད་དུ་འདོད་དེ། རང་རྒྱུ་ལས་གསལ་བ་དེའི་བདག་ཉིད་དུ་སྐྱེས་པའི་ཕྱིར། དཔེ་དེ་ལྟར་དོན་སྣང་གི་བློ་ཆོས་ཅན། བདག་རིག་པ་ཅན་ཡིན་ཏེ། རང་རྒྱུ་ལས་རིག་པར་སྐྱེས་པའི་ཕྱིར། དེའི་རིག་བྱ་དོན་གཞན་ཡིན་ནོ་ཞེ་ན། སྔོན་པོ་དང་སྔོ་སྣང་ཤེས་པ་ཆོས་ཅན། ཚོར་བྱ་ཚོར་བྱེད་འཐད་པར་དཀའ་བར་ཐལ། རྫས་གཞན་ཡིན་པའི་ཕྱིར། ཆོས་ཅན། རིག་བྱ་རིག་བྱེད་ཀྱི་རྣམ་པ་རྫས་གཞན་མེད་དེ། གཟུང་འཛིན་ཡིན་པའི་ཕྱིར། གཉིས་པ་ནི། གཟུང་འཛིན་རྫས་ཐ་དད་མེད་ན། གཟུང་འཛིན་གྱི་རྣམ་གཞག་མེད་པར་ཐལ་ལོ་ཞེ་ན། གང་གི་ཚེ་གཟུང་འཛིན་གྱི་རྣམ་གཞག་བྱེད་པ་དེའི་ཚེ། གཟུང་བ་དང་འཛིན་པའི་མཚན་ཉིད་ལ་ནི་མེད་དོ་ཞེས་བརྩད་བྱ་མིན་ཏེ། གཟུང་འཛིན་རྣམ་པར་ཕྱེ་བའི་མཚན་ཉིད་རྣམ་པར་བསླད་པ་ཅན་གྱི་འཁྲུལ་པས་ཇི་ལྟར་མཐོང་བར་གྱུར་པ་དེ་ལྟར། གཟུང་འཛིན་འདིའི་རྣམ་གཞག་བྱས་པ་ཡིན་པའི་ཕྱིར། དཔེར་ན། སྐྲ་ཤད་ལ་སོགས་པ་སྣང་བའི་ཤེས་པའི་གཟུང་འཛིན་(༤༠བ)ཐ་དད་བཞིན་ནོ། །གསུམ་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། རང་གི་བདག་ཉིད་རིག་པ་འབྲས་བུ་ཡིན་པར་འདོད་དེ། ཡུལ་རིག་པ་གང་ཞིག །རྫས་གཞན་རིག་པ་མེད་པའི་ཕྱིར་ཏེ། ཕྱི་དོན་མེད་པ་དེས་ནའོ། །གཉིས་པ་ཕྱི་རོལ་རིག་པའི་གནོད་བྱེད་བསྟན་པ་ནི། གལ་ཏེ་དོན་སྣང་ཤེས་པས་ཕྱི་རོལ་མྱོང་བར་གྱུར་ན། ཉེས་པ་ཅི་ཡོད་ཅེ་ན། ཅི་ཡང་མེད་མོད། ཕྱི་རོལ་དོན་ནི་མྱོང་བར་གྱུར་པ་འདི་ཉིད་ཀྱིས་ནི། རྒྱུ་མཚན་ཅི་བརྗོད་པར་འགྱུར་ཞེས་དྲིས་པས། གལ་ཏེ་དོན་སྣང་གི་བློ་ནི་ཆོས་ཅན། དོན་རིག་སྟེ། དོན་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། དོན་གྱི་རྣམ་པ་རྗེས་སུ་ཞུགས་པ་ཅན་དེ་ཡོད་མོད། དེ་ཙམ་གྱིས་ཕྱི་རལ་རིག་པར་འཇོག་མི་ནུས་པར་ཐལ། དོན་གྱི་རྣམ་པ་དེ་ནི་ཕྱིའམ་གཞན་ལས་ཡིན་ཞེས་འདི་ནི་དཔྱད་པར་རིགས་པ་ཡིན་ལ། དཔྱད་ན་ཕྱི་རོལ་མི་འགྲུབ་པའི་ཕྱིར། ཇི་ལྟར་མི་འགྲུབ་ཅེ་ན། སྔོན་པོར་སྣང་བ་ཆོས་ཅན། སྔོན་པོ་མཐོང་བའི་བདག་ཉིད་ཡིན་གྱི། ཕྱི་རོལ་ཡན་གར་བའི་དོན་དུ་ཡོད་པ་མིན་ཏེ། སྔོ་འཛིན་ཤེས་པ་མཐོང་བའི་ཁྱད་པར་དང་བྲལ་བ་ན་ཁྱོད་མི་འཛིན། སྔོ་འཛིན་ཤེས་པ་དེ་འཛིན་ན་ཁྱོད་འཛིན་པའི་ཕྱིར། ཕྱི་རོལ་མེད་ན་དོན་སྣང་ཤེས་པ་རེས་འགའ་སྐྱེ་བར་འགལ་ལོ་ཞེ་ན། མི་འགལ་ཏེ། དོན་སྣང་ཤེས་པ་རེས་འགའ་སྐྱེ་བ་འདིར། ཤེས་པ་སྔ་མ་འགའ་ཞིག་ནི་ཕྱི་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་བྱེད་ཡིན་པས། དོན་སྣང་གི་བློ་ནི་རེས་འགའ་སྐྱེ་བར་རྣམ་པར་ངེས་ཀྱི། ཕྱི་རོལ་དོན་ལ་ལྟོས་པ་མ་ཡིན་པའི་ཕྱིར། གསུམ་པ་དེས་གྲུབ་པའི་དོན་བསྟན་པ་ནི། དོན་སྣང་གི་ཤེས་པ་གཅིག་ཆོས་ཅན། ཁྱོད་ལ་ཚུལ་གཉིས་ཡོད་དེ། གང་གི་ཕྱིར་ཚུལ་གཉིས་པ་དེ་ལྟར་འཛིན་རྣམ་གྱིས་མྱོང་བ་དང༌། རྗེས་ཀྱི་ཤེས་པས་དྲན་པས་སོ། །གཟུང་(༤༡ན)འཛིན་འདིའི་རྣམ་པ་གཉིས་ལས། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། མྱོང་བ་རང་རིག་ཉིད་ནི་འབྲས་བུ་ཡིན་ནོ། །དོན་དུ་སྣང་བའི་རྣམ་ཤེས་དེ་ནི་ཆོས་ཅན། དོན་གྱི་རྣམ་པ་སྣང་བ་དེ་ལྟར་རང་མྱོང་བ་ཡིན་ཏེ། དོན་གྱི་རྣམ་པ་སྣང་བ་གང་ཞིག །གང་གི་ཚེ་རྒྱུའི་ཡུལ་གཞན་འདོད་པའམ་མི་འདོད་པ་དེའི་དངོས་པོར་མ་གྲུབ་པའི་ཕྱིར། ཤེས་པ་ཆོས་ཅན། ཡུལ་དང་བཅས་པ་ཡིན་ཏེ། གང་གི་ཚེ་ཤེས་པའི་ཆ་དོན་ནམ་ཡུལ་དུ་ནི་བཞག་པའི་ཕྱིར། ཆོས་ཅན། རང་གི་བདག་ཉིད་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་ལ། རྗེས་ཀྱི་ཤེས་པས་དོན་དུ་རྣམ་པར་ངེས་ཏེ། གལ་ཏེ་ཤེས་པ་འདིའི་བདག་ཉིད་འདོད་པའི་རྣམ་པ་དང་མི་འདོད་པའི་རྣམ་པར་གཞན་དུ་མྱོང་བར་གྱུར་ན། འདོད་པའམ་མི་འདོད་པའི་རྣམ་པ་དེས་ཀྱང་དོན་རིག་པར་ནི་འགྱུར་བ་ཡིན་པའི་ཕྱིར།
འབྲས་རྟོག་གསུམ་པའི་རྣམ་གཞག་བཤད་པ།
༈ གསུམ་པ་འབྲས་རྟོག་གསུམ་པའི་རྣམ་གཞག་ལ་གསུམ། འབྲས་བུའི་རང་བཞིན་གཏན་ལ་དབབ། ཚད་མའི་རང་བཞིན་གཏན་ལ་དབབ། གཞལ་བྱའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཆོས་ཅན། ཕྱི་རོལ་དོན་ནི་ཡོད་ན་ཡང་རང་གི་བདག་ཉིད་རིག་པ་ཡིན་ཏེ། འདོད་མི་འདོད་ཀྱི་རྣམ་པ་ཇི་ལྟར་ཉམས་སུ་མྱོང་བ་ཉིད་དེའི་སྒོ་ནས། དོན་ངེས་པའི་བདག་ཉིད་དུ་འཇོག་གི །དོན་རང་གི་ངོ་བོས་རྣམ་པ་གཏད་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་ན་གཟུགས་གཅིག་ཡིད་དུ་འོང་མི་འོང་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཡིད་དུ་འོང་མི་འོང་དུ་མར་ཁས་བླངས་ན་ཡང་སྐྱོན་ཅི་ཡོད་ཅེ་ན། དགྲ་གཉེན་གྱི་མིག་ཤེས་གཉིས་པོ་དེ་དག་ཆོས་ཅན། ལྷས་བྱིན་གྱི་གཟུགས་དེ་ཡིད་དུ་འོང་མི་འོང་ཐ་དད་པར་ནི་མྱོང་བར་མི་འགྱུར་བར། ཡིད་དུ་འོང་མི་འོང་གཉིས་གཉིས་སུ་སྣང་བར་ཐལ། དེ་ཡིད་དུ་(༤༡བ)འོང་མི་འོང་དུ་མ་ཡིན་པ་གང་ཞིག །དེ་སྣང་བའི་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། མ་མཐོང་བའི་ལས་ཀྱིས་བསྒྲིབས་པའི་ཕྱིར། གཉིས་ཀ་མཐོང་བ་ཡིན་ནོ་ཞེ་ན། ཆོས་ཅན། དེ་གཟུང་དོན་གྱི་དབང་གིས་རྟོགས་པར་མི་འགྱུར་བར་ཐལ། དེ་ཡིད་དུ་འོང་མི་འོང་དུ་མ་ཡིན་པ་གང་ཞིག །དེ་ཡིད་དུ་འོང་མི་འོང་རེ་རེ་ཁོ་ན་སྣང་བའི་ཕྱིར་རོ། །མ་མཐོང་བའི་ལས་དེ་ཆོས་ཅན། ཇི་ལྟར་དོན་མཐོང་བྱེད་པར་འགྱུར་བ་ཡིན་ཏེ་མ་ཡིན་པར་ཐལ། དུ་མའི་བདག་ཉིད་ཀྱི་དངོས་པོ་དེ་ལ་གཅིག་གི་བདག་ཏུ་མཐོང་བྱེད་ཡིན་པའི་ཕྱིར། གལ་ཏེ་འདོད་པ་དང་མི་འདོད་པར་སྣང་བ་རྟོག་པ་ཡིན་གྱི། དོན་བློ་དབང་ཤེས་མིན་ནོ་ཞེ་ན། དེ་མི་འཐད་དེ། དབང་ཤེས་དེ་ལའང་སྔར་ཡིད་དུ་འོང་བར་སྣང་བ་འཆི་ལྟས་ལ་སོགས་པས་ཟིན་པའི་ཚེ། ཡིད་དུ་འོང་བར་མཚམས་སྦྱོར་བ་མེད་པའི་སེམས་མཐོང་བ་ཡིན་པའི་ཕྱིར། དོན་སྣང་ཤེས་པ་ཆོས་ཅན། ཕྱི་རོལ་གཞལ་བྱ་ལའང༌། རང་གི་བདག་ཉིད་ཉམས་སུ་མྱོང་བ་འབྲས་བུ་ཡིན་པར་རིགས་ཏེ། གང་གི་ཕྱིར་ཇི་ལྟར་དོན་འདིའི་རང་བཞིན་གྱི་རྣམ་པ་སྣང་བ་དེ་ལྟར་དོན་ནི་རྣམ་པར་ངེས་ཀྱི། ཕྱི་རོལ་ཇི་ལྟ་བ་བཞིན་རྣམ་པ་མི་རིག་པ་དེའི་ཕྱིར། གཉིས་པ་ནི། ཕྱི་རོལ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་ན། འཛིན་རྣམ་ཚད་མར་འགྱུར་རོ་ཞེ་ན། དོན་དུ་སྣང་བ་གཞལ་བྱ་ལ། ཤེས་པ་རང་གི་བདག་ཉིད་རིག་པ་འབྲས་བུར་བྱས་པ་དེའི་ཚེ། འཛིན་རྣམ་ཚད་མ་མིན་ཏེ། དེའི་ཚེ་དོན་དུ་སྣང་བའི་རྣམ་པ་འདི་ཉིད་ནི་ཚད་མ་ཡིན་པའི་ཕྱིར། འཛིན་རྣམ་གྱི་བདག་ཉིད་ཆོས་ཅན། ཕྱི་རོལ་ལ་ལྟོས་པར་བྱ་བའི་ཚད་མ་མིན་ཏེ། རང་ལས་དོན་གཞན་མིན་པ་གཉིས་སྣང་ནུབ་པའི་ཚུལ་གྱིས་རིག་པའི་ཕྱིར། དོན་སྣང་ཤེས་པ་ཆོས་ཅན། རང་གི་བདག་ཉིད་རིག་པ་ཡིན་ཏེ། གང་གི་ཕྱིར་(༤༢ན)ཇི་ལྟར་དོན་གྱི་བདག་ཉིད་ཀྱི་རྣམ་པ་དེ་ཤེས་པ་ལ་གནས་པ་དེ་ལྟ་བུར། དོན་འདི་ནི་དེ་ལྟར་གནས་སོ་ཞེས་ངེས་པར་བྱེད་པའི་ཕྱིར། དེ་ཉིད་ཆོས་ཅན། རྗེས་ཀྱི་ཤེས་པ་ལ་ལྟོས་ནས་དོན་རིག་ཏུ་འདོད་དེ། འདི་ལྟར་དོན་གྱི་བདག་ཉིད་སྣང་བ་མ་ཡིན་པར་རྗེས་ཀྱི་ཤེས་པས། ཁྱོད་ཀྱིས་དོན་རིག་པར་ཞེན་པའི་ཕྱིར། དོན་དེའི་བྱ་བ་དོན་རྟོགས་དེའི་སྒྲུབ་བྱེད་བློ་ལ་ནི་གནས་པའི་རྣམ་པ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་དོན་གྱི་རྣམ་པ་དེ་ནི་བློ་ལ་གནས་པ་དེ་ལྟར། དོན་དེ་རབ་ཏུ་གསལ་བའི་ཕྱིར། གཟུང་རྣམ་ཚད་མ། རང་རིག་འབྲས་བུ་ཡིན་ན། འབྲས་རྟོག་གསུམ་པའི་ཚད་འབྲས་ཀྱི་ཡུལ་རྫས་ཐ་དད་དུ་འགྱུར་རོ་ཞེ་ན། ཆོས་ཅན། རང་གི་བདག་ཉིད་རིག་པ་ཡིན་ཏེ། དོན་རྟོགས་འཇོག་བྱེད་རྣམ་པ་དེའི་བདག་ཉིད་ཡིན་པའི་ཕྱིར། ཆོས་ཅན། ཇི་ལྟར་ཡིན་ཡང་རྗེས་ཀྱི་ཤེས་པ་ལ་ལྟོས་ནས་དོན་རིག་ཏུ་འདོད་དེ། རྗེས་ཀྱི་ཤེས་པས་ཁྱོད་ཀྱིས་དོན་རིག་པར་ཞེན་པའི་ཕྱིར། སྔོན་པོ་གཞལ་བྱར་བྱས་པའི་འབྲས་རྟོག་གསུམ་པའི་ཚད་འབྲས་ཆོས་ཅན། ཡུལ་རྫས་ཐ་དད་པའང་མིན་ཏེ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཅིག་རྟོགས་པར་འདྲ་བ་དེའི་ཕྱིར། རྗེས་ཀྱི་ཤེས་པ་ལ་ལྟོས་ནས་དོན་རིག་ཏུ་བཞག་པ་ཡིན་ན། རང་རིག་འབྲས་བུར་བཤད་པ་ཅི་ཡིན་ཞེ་ན། དོན་སྣང་ཤེས་པ་རང་གི་ངོ་བོ་དཔྱོད་པ་ན་རང་རིག་འབྲས་བུ་ཡིན་པར་བཤད་དེ། དེ་ན་སྔོན་པོ་དེ་རང་རིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། དོན་སྣང་ཤེས་པས་ཕྱི་དོན་ཇི་ལྟ་བ་བཞིན་མི་རིག་ན། ཇི་ལྟར་ཕྱི་དོན་གཞལ་བྱ་ཡིན་ཞེ་ན། དོན་དེ་དང་འདྲ་བའམ་གཞན་མི་འདྲའང་རུང༌། དོན་སྣང་ཤེས་པ་ཆོས་ཅན། རྣམ་པ་དེ་ལྟར་སྣང་བའི་རྒྱུ་ནི་དོན་ཡང་ཡིན་པས་ན། དོན་ནི་གཞལ་བྱ་(༤༢བ)ཉིད་དུ་འདོད་རིགས་པར་ཐལ། དོན་དང་སྐྱེས་འདྲ་བའི་སྒོ་ནས། དོན་གཞལ་བྱར་འཇོག་པ་གང་ཞིག །ཕྱི་རོལ་དང་འདྲ་བ་མ་གྲུབ་པའི་ཕྱིར། ཆོས་ཅན། ཇི་ལྟར་གཟུང་དོན་འཛིན་ཏེ་མི་འཛིན་པར་ཐལ། ཇི་ལྟར་སྐྲ་ཤད་ཀྱི་རྣམ་པ་འགའ་ཞིག་ལྟར། དོན་དངོས་མེད་པར་སྣང་བ་ཅན་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། གཟུང་དོན་མི་འཛིན་པ་བདེན་ཏེ། གཟུང་དོན་འཛིན་པ་དེ་འདྲ་ངེས་ཀྱང་མི་ཤེས་པའི་ཕྱིར་རོ། །
བཞི་པ་ཕྱི་རོལ་མེད་ཀྱང་རྣམ་གཞག་འཐད་པ་ལ་གསུམ། སྣང་བ་ཙམ་ལ་རྣམ་གཞག་བསྟན། སྣང་བ་བཞིན་དུ་བདེན་པ་དགག །ཕྱི་རོལ་མེད་ཀྱང་ཚད་འབྲས་འཐད་པའོ། །དང་པོ་ནི། གཟུང་འཛིན་རྫས་ཐ་དད་མེད་ན། ཐ་དད་དུ་སྣང་བ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བློ་གཅིག་གི་བདག་ཉིད་དུ་རྣམ་པར་དབྱེར་མེད་ཀྱང༌། མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། གཟུང་བ་དང་འཛིན་པ་མྱོང་བ་དག །རྫས་ཐ་དད་དང་དོན་ལྡན་པ་བཞིན་དུ་རྟོགས་པར་འགྱུར་བའི་ཕྱིར། དཔེར་ན། དབང་པོ་སྔགས་སོགས་ཀྱིས་བསླད་པ་རྣམས་ལ། འཇིམ་དུམ་སོགས་རྟ་གླང་དེའི་གཟུགས་དང་བྲལ་བ་ཡང༌། རྣམ་པ་གཞན་རྟ་གླང་དུ་སྣང་བ་བཞིན་ཏེ། དེ་དག་མ་བསླད་པའི་མིག་ཅན་གྱིས་རྟ་གླང་དེ་ལྟར་མཐོང་བ་མེད་པའི་ཕྱིར་དང༌། དཔེར་ན། ཐག་རིང་མྱ་ངམ་གྱི་ཐང་ན་ཆུང་ངུ་ཆེན་པོར་སྣང་བ་བཞིན་ནོ། །གཟུང་འཛིན་རྫས་ཐ་དད་མེད་ན་ཚད་འབྲས་གཞལ་གསུམ་མི་འཐད་དོ་ཞེ་ན། འཐད་དེ། གཟུང་བ་འཛིན་པ་རིག་པ་དག་རྫས་ཐ་དད་ཡོད་པ་མིན་ཡང༌། གཞལ་བྱ་འཇལ་བྱེད་དང་འབྲས་བུར་གནས་པ་འདི། བློ་ལ་ཇི་ལྟར་རྗེས་སུ་སྣང་བ་བཞིན་བྱས་པའི་ཕྱིར། གཉིས་པ་ནི། དེ་ལྟ་མ་ཡིན་པར་སྣང་བ་ལྟར་བདེན་ན། བློའི་དངོས་པོ་གཅིག་ལ་སྣ་ཚོགས་ཀྱི་ངོ་བོར་སྣང་བ་ཅན་གྱི་རྣམ་པ་ཆོས་ཅན། སྣང་བ་ལྟར་(༤༣ན)ཇི་ལྟར་བདེན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ལྟར་བདེན་ན་ཁྱོད་གཅིག་པ་ཉིད་དེ་ཉམས་དགོས་པའི་ཕྱིར་ཏེ། དེ་ལྟར་བདེན་ཡང་གཅིག་ཡིན་ན། བདེ་སྡུག་རྫས་གཞན་ལ་རྫས་གཞན་ཉིད་ཉམས་པའི་ཕྱིར་རོ། །ཆོས་ཅན། གཅིག་ཏུ་བདེན་པ་མིན་ཏེ། བློ་མ་འཁྲུལ་པས་གཅིག་གི་རང་བཞིན་དུ་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། ཐ་དད་མེད་པར་ངེས་པར་འགྱུར་བ་ལ། བློས་དངོས་པོ་ཐ་དད་མེད་པར་མཐོང་དགོས་པའི་ཕྱིར། གཟུང་འཛིན་གྱི་དངོས་པོ་དེ་དག་ཆོས་ཅན། རིགས་པ་གང་གིས་རྣམ་པར་དཔྱད་ན། དེ་ཉིད་དུ་ན་སྣང་བ་ལྟར་བདེན་པ་དེའི་དངོས་པོར་མེད་དེ། གང་གི་ཕྱིར་ན་ཁྱོད་ལ་སྣང་བ་ལྟར། བདེན་པའི་གཅིག་དང་དུ་མའི་རང་བཞིན་མེད་པའི་ཕྱིར། ཆོས་མཐུན་པ་ཉིད་མཐོང་བ་ལས་དེའི་བདག་ཉིད་མིན་པ་ལ། དེའི་བདག་ཉིད་དུ་ཞེན་པས། འཇིག་རྟེན་པ་དག་གི་འཁྲུལ་པ་སྐྱེ་ལ། སེམས་ཙམ་འདི་ལ་གཟུང་འཛིན་རྫས་ཐ་དད་དུ་འཁྲུལ་པའི་རྒྱུ་དེ་མེད་དེ། འགྲོ་བ་འདི་ལ་གཟུང་འཛིན་རྫས་ཐ་དད་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ་ཞེ་ན། ནང་གི་བསླད་པ་ལས་བྱུང་བའི་གཟུང་འཛིན་རྫས་ཐ་དད་དུ་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཅན། བདེན་རྫུན་ཆོས་མཐུན་པ་མཐོང་བ་སོགས་ཅན་ཉིད་ལ་ལྟོས་པ་མེད་དེ། ཉེས་པ་ལས་བྱུང་བས་རང་བཞིན་གྱིས་ཕྱི་ཅི་ལོག་ཏུ་སྣང་བ་ཅན་འདིའང་ཡོད་པ་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ལ་སོགས་པས་སྐྲ་ཤད་སྣང་བ་བཞིན་ནོ། །གསུམ་པ་ནི། སེམས་ཙམ་ཡིན་ན་ཚད་འབྲས་གཞལ་གསུམ་མི་རུང་ངོ་ཞེ་ན། སེམས་ཙམ་པའི་ལུགས་དེ་ལ་བློ་ནི་ཡོངས་སུ་གཅོད་པའི་འཛིན་པའི་རྣམ་པར་འདོད་པ་དེ་ཆོས་ཅན། བདག་རིག་སྟེ། རང་རིག་པ་དེའི་བདག་ཉིད་དུ་སྐྱེས་པའི་ཕྱིར། ཆོས་(༤༣བ)ཅན། རང་རིག་དེའི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པ་དེའི་ཕྱིར། དཔེར་ན། འདོད་ཆགས་སོགས་མྱོང་བ་བཞིན་ནོ། །ཕྱི་རོལ་མེད་ཀྱང་རང་རིག་གི་ཚད་འབྲས་རུང་མོད་གཞན་རིག་གི་ཚད་འབྲས་ཇི་ལྟར་རུང་ཞེ་ན། ཤེས་པ་རང་གི་བདག་ཉིད་ཡུལ་དུ་བཞག་པ་ན། གཞལ་བྱ་འཇལ་བྱེད་འབྲས་བུར་གནས་པ་འདི་ནི། སྔོ་སོགས་གཞལ་བྱར་བྱས་པའི་ཚད་འབྲས་ཀུན་ལ་སྦྱར་བར་བྱ་སྟེ། སྔོན་པོ་གཞལ་བྱར་བྱས་པ་དེ་ལའང༌། སྔོན་པོ་མྱོང་རུང་གི་རྣམ་པ་དེ་ཉིད་དེ་ཚད་མ། ཤེས་པའི་བདག་ཉིད་དུ་གྱུར་པའི་སྔོན་པོ་གཞལ་བྱ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ནི། སྔོན་པོ་དེ་དག་ཆོས་ཅན། རང་གི་བདག་ཉིད་དུ་གྱུར་པའི་ཤེས་པས་མྱོང་བར་རུང་སྟེ། རང་ཉམས་སུ་མྱོང་བའི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར། གལ་ཏེ་འཛིན་རྣམ་ཚད་མ་ཡིན་ན། སློབ་དཔོན་གྱིས། འདོད་ཆགས་ལ་སོགས་པ་རང་རིག་པ་ཚད་མ། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བདག་ལ་འཛིན་པའི་རྣམ་པ་ཞེས། ཤེས་པ་ཡོངས་སུ་གཅོད་པའི་བདག་ཉིད་ཀྱི་ཚད་མ་དང་ཤེས་པ་མྱོང་རུང་ཉིད་ཅེས་བྱ་བའི་ཚད་མ་ལ་དགོངས་ནས། སློབ་དཔོན་གྱིས་རང་རིག་པ་ཚད་མ་ཞེས་ནི་རབ་ཏུ་བཤད་པའི་ཕྱིར།
གཉིས་པ་རྣམ་གཞག་དེ་ཉིད་འཐད་པར་སྒྲུབ་པ་ལ་གཉིས། ཚུལ་གཉིས་སྒྲུབ། རང་རིག་སྒྲུབ་པའོ། །
དང་པོ་ལ་གསུམ། མདོ་མཛད་པའི་རིགས་པས་སྒྲུབ། བསྟན་བཅོས་མཛད་པའི་རིགས་པས་སྒྲུབ། སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པའོ། །
དང་པོ་ལ་གཉིས། དོན་གྱི་རྣམ་ལྡན་དུ་སྐྱེས་པས་ཚུལ་གཉིས་སྒྲུབ། དོན་གྱི་རྣམ་ལྡན་དུ་དྲན་པས་ཚུལ་གཉིས་སྒྲུབ་པའོ། །
དང་པོ་ལ་གཉིས། གཟུང་དོན་ཅན་གྱི་བློ་ཚུལ་གཉིས་སུ་སྒྲུབ་(༤༤ན)གཟུང་དོན་མེད་པའི་བློ་ཚུལ་གཉིས་སུ་སྒྲུབ་པའོ། །
དང་པོ་ནི། དོན་གྱི་རྣམ་པ་ཤར་བའི་ཤེས་པ་དེ། དོན་རྟོགས་འཇོག་བྱེད་དུ་མི་འཐད་དེ། ཤེས་པ་ལ་དོན་གྱི་རྣམ་པ་ཤར་བ་མ་གྲུབ་པའི་ཕྱིར། ཤེས་པའི་རྒྱུ་ཡིན་པས་དོན་གྱི་རྣམ་པ་འཆར་ན་ནི། དབང་པོའི་རྣམ་པའང་འཆར་བར་འགྱུར་རོ་ཞེ་ན། ཡུལ་རྣམས་ལས་ནི་བྱུང་བའི་རྣམ་པར་ཤེས་པ་ཐམས་ཅད་དག །ཡུལ་དེ་ལས་གཞན་དབང་པོ་རྒྱུ་ཡིན་ན་ཡང༌། རྣམ་པ་འགས་ཡུལ་གྱི་རྣམ་པར་འགྱུར་ཏེ། དཔེར་ན། ཟས་དང་དུས་ལ་སོགས་པ་བུ་སྐྱེ་བའི་རྒྱུ་ཡིན་ཡང༌། བུ་དེ་ནི་ཕ་མ་གང་རུང་གཅིག་གི་གཟུགས་འཛིན་པར་འགྱུར་གྱི། གཞན་ཟས་སོགས་འགའི་གཟུགས་འཛིན་པ་མ་ཡིན་པ་བཞིན་ནོ། །ཡུལ་དེ་ལས་གཞན་དང་ཡུལ་དག་ནི་དབང་ཤེས་དེའི་རྒྱུ་ཉིད་དུ་མཚུངས་ན་ཡང༌། གཟུགས་འཛིན་དབང་ཤེས་ཆོས་ཅན། གཟུགས་ཀྱི་རྣམ་པ་ཤར་བ་དེའི་ཆ་ནས། གཟུགས་ཡུལ་ཉིད་ཡིན་པར་འདོད་དེ། གཟུགས་གཟུང་དོན་གང་ཞིག །གཟུགས་ཀྱི་རྣམ་པ་ཤར་བ་དེ་མེད་པར་ནི་གཟུགས་ཡུལ་དེར་མི་འགྱུར་བའི་ཕྱིར། གཉིས་པ་ནི། གཟུང་དོན་དང་ལྡན་པའི་སེམས་ལ་ནི་དོན་གྱི་རྣམ་པ་ཤར་བ་མེད་པར་དོགས་ན་ཡང༌། འདས་པའི་དོན་སྔོན་པོ་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ལ་ཚུལ་གཉིས་དང་རང་རིག་གྲུབ་པ་ཡིན་ཏེ། གཟུང་དོན་གྱིས་སྟོང་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། སྔོན་པོའི་རིགས་གཟུང་དོན་ཡིན་ནོ་ཞེ་ན། ཆོས་ཅན། དབྱིབས་སོགས་དེ་དང་ལྡན་པ་མིན་པའི་རིགས་གཟུང་དོན་མ་ཡིན་པར་ཐལ། སྔོ་སོགས་ཀྱི་རྣམ་པ་ཐ་དད་པ་ཅན་དུ་སྣང་བའི་ཕྱིར་དང༌། རིགས་དེའང་མི་རྟག་ན་ཆ་མེད་པའི་རིགས་སུ་འགྱུར་ཞིང༌། རྟག་ནའང་ཁྱོད་ཇི་ལྟར་སྐྱེད་བྱེད་ཡིན་ཏེ་མ་ཡིན་པའི་ཕྱིར།(༤༤བ) སྔོན་པོའི་མིང་སོགས་གཟུང་དོན་དུ་བྱེད་པའང་མ་ཡིན་པར་ཐལ། མིང་སོགས་གཟུང་དོན་དུ་བྱེད་པའང་སྔར་ནི་བཀག་ཟིན་པའི་ཕྱིར། གལ་ཏེ་རང་མཚན་གཟུང་དོན་ཡིན་ནོ་ཞེ་ན། སྔོན་པོ་དྲན་པའི་ཚུལ་འདི་ཆོས་ཅན། གཟུང་དོན་དང་ལྡན་པ་མ་ཡིན་ཏེ། གཟུང་དོན་གྱི་ནུས་པ་ལས་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར། སྔོན་པོ་དྲན་པའི་ཤེས་པ་དོན་གྱི་རྣམ་ལྡན་ཡིན་མོད། སྔོ་སྣང་དབང་ཤེས་དོན་གྱི་རྣམ་ལྡན་མིན་ནོ་ཞེ་ན། སྔོན་པོ་དྲན་པའི་ཤེས་པ་དེ་ནི་ཇི་ལྟར་དོན་གྱི་རྣམ་ལྡན་དུ་འགྱུར་ཏེ་མི་འགྱུར་བར་ཐལ། སྔོ་སྣང་དབང་ཤེས་དེ་ཡང་དོན་གྱི་རྣམ་པས་སྟོང་པའི་ཕྱིར། ཁྱབ་སྟེ། སྔོན་པོའི་རྣམ་པ་མི་གསལ་བ་འདི་འདྲའི་ཤེས་པ་ནི་དྲན་པ་ཡིན་ལ། དེ་ཡང་མྱོང་བ་སྔོ་སྣང་དབང་ཤེས་ལས་བྱུང་བའི་ཕྱིར། རྟགས་མ་གྲུབ་སྟེ། སྔོན་པོ་ལས་དངོས་སུ་བྱུང་ངོ་ཞེ་ན། སྔོན་པོ་དྲན་པའི་ཤེས་པ་ཆོས་ཅན། དོན་སྔོན་པོ་ལས་དངོས་སུ་བྱུང་བ་མིན་ཏེ། ཁྱོད་ཀྱི་དངོས་རྒྱུའི་དུས་དེའི་ཚེ་སྔོན་པོ་མེད་པའི་ཕྱིར། ཆོས་ཅན། སྔོན་པོའི་རྣམ་པ་ཤར་བ་ཡིན་ཏེ། སྔོན་པོ་ལས་བྱུང་བའི་ཕྱིར་ཞེ་ན། དེ་ལྟར་མྱོང་བ་སྔོ་སྣང་དབང་ཤེས་ལའང་ཆོས་ཅན། སྔོན་པོའི་རྣམ་ལྡན་དེར་འགྱུར་བར་ཐལ། རྟགས་འདྲ། སྔ་མ་དེ་ཆོས་ཅན། སྔོན་པོའི་རྣམ་པ་དེ་ནི་དོན་གྱིས་གཏད་པ་མིན་ཏེ། གསལ་བའི་རྣམ་པས་དབེན་པའི་ཕྱིར་རོ། །མ་ཁྱབ་སྟེ། སྔོན་པོའི་རྣམ་པ་མི་གསལ་བ་དེ་ནི་ཤེས་པ་ལས་ཐ་དད་པའི་དོན་ཡིན་ནོ་ཞེ་ན། ལྷས་བྱིན་གྱི་རྟོག་པ་ལ་ཤར་བའི་སྔོན་པོའི་རྣམ་པ་ཆོས་ཅན། ལྷས་བྱིན་དེ་བཞིན་དུ་གཞན་གྱིས་རྟོགས་པར་འགྱུར་བར་ཐལ། ཕྱི་དོན་ཡིན་པའི་ཕྱིར། ལྷས་བྱིན་བདག་ལ་རྟག་ཏུ་འབྲེལ་བ་ཡིན་པས། གཞན་གྱིས་མི་རྟོགས་སོ་ཞེ་ན། ཆོས་ཅན། སྒྲས་བརྗོད་ཀྱང་རྟོགས་(༤༥ན)པར་མི་འགྱུར་བར་ཐལ། ལྷས་བྱིན་བདག་ལ་རྟག་ཏུ་འབྲེལ་བའི་ཕྱིར་རོ། །འཆད་ཉན་བྱེད་པའི་ཡུལ་རེ་རེ་ཁོ་ན་དག་དང་འབྲེལ་བས་གོ་བ་ཡིན་ནོ་ཞེ་ན་ནི། འཆད་པོ་ཉན་པོའི་སེམས་དག་གིས་དོན་གཅིག་ཏུ་མངོན་པར་ཞེས་པའི་བདག་ཉིད་ཅན་དུ་མཚམས་སྦྱོར་བར་ནི་མི་འགྱུར་བར་ཐལ། ཕྱོགས་སྔ་དེའི་ཕྱིར། གལ་ཏེ་འདྲ་བ་ལས་ཐ་དད་པ་དེར་སྣང་བ་མིན་པའི་ཕྱིར། ཡུལ་དེ་གཉིས་གཅིག་པར་ཐ་སྙད་བྱེད་པ་ཡོད་དོ་ཞེ་ན། དེའི་ཚེ་འཆད་ཉན་བྱེད་པའི་བློ་ཆོས་ཅན། གཟུང་དོན་མེད་པ་ཅན་དུ་འགྱུར་བར་ཐལ། ཐ་དད་པའི་བདག་ཉིད་ཇི་ལྟར་གཅིག་ཏུ་གཟུང་ཡིན་པའི་ཕྱིར།
གཉིས་པ་དོན་གྱི་རྣམ་ལྡན་དུ་དྲན་པས་ཚུལ་གཉིས་སྒྲུབ་པ་ལ་གཉིས། དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། སྔོན་པོ་ཉམས་མྱོང་གི་རྣམ་ཤེས་དེ་ཡང་ནི་ཆོས་ཅན། གཟུང་འཛིན་གྱི་ཆ་གཉིས་ལ་ནི་བརྟེན་པར་གྱུར་པ་ཡིན་ཏེ། དེ་ལྟར་དུ་གཟུང་བའི་རྣམ་པ་གཅིག་གིས་ཁྱད་པར་ཅན་དུ་བྱས་པའི་ཤེས་པ་དེ་ཡིས་དམིགས་པར་འགྱུར་བའི་ཕྱིར། རྣམ་པ་ཤར་བ་ལས་གཞན་དུ་ན། དེ་ཆོས་ཅན། སྔོན་པོའི་རྣམ་ལྡན་དུ་ཇི་ལྟར་དྲན་ཤེས་ལ་གནས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྔོན་པོའི་རྣམ་པ་ཤར་བ་ཅན་མིན་པའི་ཕྱིར། སྔ་མའི་རྟགས་སྒྲུབ་པ་ནི། འདི་ལྟར་སྔོ་སྣང་དབང་ཤེས་དང༌། སྔོན་པོ་དྲན་པའི་ཤེས་པ་དང༌། དེ་དྲན་པའི་ཕྱི་མ་ཕྱི་མའི་ཤེས་པ་གཟུང་རྣམ་གཅིག་གིས་ལྷག་པ་ཉིད་དེ། དོན་གྱི་ངོ་བོས་རྣམ་པ་གཉིས་དང་བདག་གི་འཛིན་པའི་རྣམ་པ་འགའ་ཞིག་ཏུ། བློ་གཉིས་པ་དྲན་ཤེས་དེ་ནི། བློ་གསུམ་པ་དྲན་ཤེས་གཉིས་པ་ཡིས་ནི་རྟོགས་པར་འགྱུར་བའི་ཕྱིར། གཉིས་པ་ནི། གལ་ཏེ་དོན་གྱི་འབྲས་བུ་ཉིད་ཀྱིས་ཤེས་པ་དྲན་ན། དོན་དྲན་པས་ཁྱབ་པའི་(༤༥བ)ཕྱིར་ན། འཁྲུལ་བ་ཡིས་དོན་གྱི་རྣམ་ལྡན་དུ་སྲེའོ་ཞེ་ན། དོན་སྣང་ཤེས་པ་ཆོས་ཅན། ཁྱོད་དྲན་ན་སྣང་བ་དང་ཡིད་བྱེད་ལའང་དྲན་པ་དེར་འགྱུར་བར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་དུ་རྫ་མཁན་ལ་སོགས་པ་དྲན་པ་མེད་པར་བུམ་པ་དྲན་པར་མི་འགྱུར་བར་ཐལ། འབྲས་བུ་ཐམས་ཅད་ཀྱང་རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར་བ་དེའི་ཕྱིར། རྟགས་ཁས་བླངས། དོན་སྣང་ཤེས་པ་ལ་དོན་གྱིས་བྱས་པའི་ཕུལ་དུ་བྱུང་བའི་ཁྱད་པར་ཡོད་པས། དོན་གྱི་རྣམ་ལྡན་དུ་དྲན་ནོ་ཞེ་ན། དོན་སྣང་ཤེས་པ་ལ་དོན་གྱིས་བྱས་པའི་ཕུལ་དུ་བྱུང་བའི་ཁྱད་པར་ཆོས་ཅན། དོན་སྣང་ཤེས་པ་དོན་དང་འདྲ་བ་ལས་གཞན་ཅིར་འགྱུར་ཏེ་དོན་དང་འདྲ་བའི་ཆ་ཡིན་པར་ཐལ། ཁྱོད་གང་ལས་ཤེས་པ་ནི་དོན་དང་འདྲ་བ་སྟེན་པ་སྟེ་དོན་སྣང་ཤེས་པ་དོན་གྱི་རྣམ་ལྡན་དུ་དྲན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དཔེར་ན། མཚེ་མ་སོགས་ལ་འདྲ་བས་གཅིག་ཏུ་འཁྲུལ་པ་མཐོང་བའི་ཕྱིར། བློ་གཉིས་པ་དྲན་པའི་རང་བཞིན་འཛིན་རྣམ་གཅིག་པུ་ལ་ནི། རྣམ་པར་གནས་པར་ཐལ། དང་པོ་སྔོ་སྣང་དབང་ཤེས་ཀྱི་རང་བཞིན་ཚུལ་གཉིས་མིན་པར་འཛིན་རྣམ་རྐྱང་པ་ཅན་ཡིན་པའི་ཕྱིར། འདོད་ན། སྔོ་སྣང་དབང་ཤེས་དང་སྔོན་པོ་དྲན་པའི་ཤེས་པ་གཉིས་ཆོས་ཅན། ངེས་པར་འཛིན་པའི་སེམས་ཀྱིས་གཟུང་རྣམ་ཐ་དད་དུ་འབྱེད་པར་འགྱུར་བ་མ་ཡིན་པར་ཐལ། འཛིན་རྣམ་རྐྱང་པ་ཅན་ཡིན་པའི་ཕྱིར། སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོའི་རྣམ་པ་ཅན་ཡིན་ཏེ། སྔོ་སོགས་ཀྱི་རྣམ་པའི་ངོ་བོ་རུ་མདུན་ན་གནས་པར་འགྱུར་བའི་བློ། དོན་སྔོན་པོའི་རྣམ་ལྡན་དུ་སྲེ་བ་དང་འབྲེལ་བ་ཅན་གྱི་བློ་གཉིས་པ་དྲན་ཤེས་ཀྱིས་དམིགས་པར་འགྱུར་བའི་ཕྱིར་དུ་སྔོན་པོའི་རྣམ་པར་ཤར་བ་ལས་གཞན་དུ། སྔོན་པོའི་དངོས་འབྲས་ཡིན་པས། སྔོན་པོའི་(༤༦ན)རྣམ་ལྡན་དུ་དྲན་ན། སྔོ་སྣང་དབང་ཤེས་དང་པོ་གཅིག་པུ་དོན་སྔོན་པོ་ལས་དངོས་སུ་བྱུང་བའི་ཕྱིར་སྔོན་པོའི་རྣམ་ལྡན་དུ་འབྲེལ་བར་འགྱུར་གྱི། དྲན་པའི་ཤེས་པ་ཕྱི་མ་ཕྱི་མ་ཆོས་ཅན། སྔོན་པོའི་རྣམ་ལྡན་དུ་དྲན་པ་མིན་པར་ཐལ། སྔ་མའི་དོན་སྔོན་པོ་དང་དངོས་སུ་འབྲེལ་བ་མཐོང་བ་མེད་པའི་ཕྱིར།
གཉིས་པ་བསྟན་བཅོས་མཛད་པའི་རིགས་པས་སྒྲུབ་པ་ལ་ལྔ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྒྲུབ། དོན་གཅིག་དུ་མར་སྣང་བས་སྒྲུབ། མེད་པ་གསལ་བར་སྣང་བས་སྒྲུབ། ཉེ་རིང་བར་མའི་ཁྱད་ལས་སྒྲུབ། དོན་ཤེས་དུས་མཉམ་མིན་པས་སྒྲུབ་པའོ། །
དང་པོ་ལ་གཉིས། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། སྔོ་སྣང་དབང་ཤེས་སྔོན་པོའི་འབྲས་བུ་ཡིན་པས་སྔོན་པོའི་རྣམ་ལྡན་དུ་དྲན་པའང་མི་འཐད་དེ། སྔོན་པོ་དང་སྔོ་སྣང་དབང་ཤེས་རྫས་ཐ་དད་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། ཡུལ་སྔོན་པོ་ནི་ཆོས་ཅན། སྔོ་འཛིན་ཤེས་པ་དེ་ལས་རྫས་གཞན་ཉིད་དུ་རྣམ་པ་གང་གིས་འགྲུབ་པར་འགྱུར་ཏེ་མི་འགྱུར་བར་ཐལ། ངེས་པར་སྔོ་འཛིན་གྱི་བློ་དང་ལྷན་ཅིག་ཏུ་ཅིག་ཅར་དུ་ནི་མྱོང་བར་འགྱུར་བའི་ཕྱིར། སྔོན་པོ་དང་སྔོ་འཛིན་ཤེས་པ་གཉིས་ཆོས་ཅན། རྫས་ཐ་དད་ཡིན་པར་ཐལ། རྫས་ཐ་དད་དུ་སྣང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྣམ་ཤེས་འཁྲུལ་པས་ཐ་དད་དུ་མཐོང་བའི་ཕྱིར། དཔེར་ན། ཟླ་བ་གཉིས་མེད་པར་མཐོང་བ་བཞིན། རྩ་བར་ཁྱབ་སྟེ། སྔོ་སེར་ལྟ་བུ་རྫས་ཐ་དད་དག་ལ་ནི། ལྷན་ཅིག་མྱོང་བའི་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར། སྔོ་འཛིན་ཤེས་པའི་དུས་ན་སྣང་བའི་དོན་སྔོན་པོ་ནི། སྔོ་འཛིན་ཤེས་པ་ལས་རྫས་གཞན་མིན་པ་བཟློག་པར་རབ་ཏུ་དཀའ་བ་ཉིད་ཡིན་ཏེ། སྔོན་པོ་དང་སྔོ་འཛིན་ཤེས་པ་དེ་དག་རྫས་ཐ་དད་མིན་པ་དེའི་ཕྱིར་ཏེ། སྔོ་(༤༦བ)འཛིན་ཤེས་པ་མྱོང་བ་མེད་པར། དོན་སྔོན་པོ་འགའ་དམིགས་པའམ། དོན་སྔོན་པོ་དམིགས་པ་མེད་པའི་མྱོང་བ་སྔོ་འཛིན་ཤེས་པ་ཡང་མྱོང་བར་འགྱུར་བ་མ་མཐོང་བ་དེས་ནའོ། །གཉིས་པ་ནི། དབང་པོའི་བློ་རྣམས་ཆོས་ཅན། དབང་ཡིད་ལས་ཐ་དད་པའི་རྒྱུ་ནི་རྗེས་སུ་དཔོག་པར་འགྱུར་ཏེ། རྒྱུ་གཞན་དབང་ཡིད་དག་ནི་ཡོད་ན་ཡང་རེས་འགའ་སྐྱེ་བ་མེད་ལ། རེས་འགའ་སྐྱེ་བའི་ཕྱིར། རྒྱུ་གཞན་དེ་ཡང་ཕྱི་རོལ་གྱི་སྔོན་པོའོ་ཞེ་ན། གལ་ཏེ་མཚུངས་པ་དེ་མ་ཐག་རྐྱེན་གྱི་བག་ཆགས་སད་པ་ལས་སྐྱེ་བར་ངེས་པ་མི་སྨྲ་ན་བདེན་ཡང༌། སྔོ་སྣང་དབང་ཤེས་ཆོས་ཅན། རེས་འགའ་སྐྱེ་བའི་རྒྱུ་མཚན་གྱིས། དམིགས་རྐྱེན་ཕྱི་རོལ་གྱི་སྔོན་པོ་ཡོད་མི་དགོས་པར་ཐལ། དེ་མ་ཐག་རྐྱེན་གྱི་བག་ཆགས་སད་པ་ལས་སྐྱེ་བར་ངེས་པའི་ཕྱིར། ས་བོན་ལས་མྱུ་གུ་སྐྱེ་བ་དང༌། དུ་བ་ལས་མེ་གྲུབ་པ་ཞེས་བྱ་བ་དེ་འདྲ་ཕྱི་རོལ་དོན་ལ་བརྟེན་པ་ཅན་ཡིན་པས། ཕྱི་རོལ་མེད་པར་མི་འགྲུབ་བོ་ཞེ་ན། ས་བོན་མྱུ་གུའི་བྱེད་པ་པོ་དང༌། དུ་བ་མེའི་ཤེས་བྱེད་དུ་གནས་པ་གང་ཡིན་པ་དེ་ཡང་ཆོས་ཅན། ཕྱི་དོན་མེད་པར་མི་འགྲུབ་པ་མ་ཡིན་པར་ཐལ། གལ་ཏེ་རྒྱུ་འབྲས་དེའི་ངོ་བོར་སྣང་བ་དེ་ལྟར་ངེས་པར་འབྲེལ་བའི་བློའི་རྫས་ལ་བརྟེན་ནས། རྟོག་པར་བྱེད་ན་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། འབྲས་བུ་དུ་བ་ལས་རྒྱུ་མེ་རྟོགས་པ་མིན་པར་ཐལ། དུ་བ་མེས་སྐྱེད་པར་འགྱུར་བ་མིན་པ་དེའི་ཕྱིར་ཏེ། རང་གི་བག་ཆགས་ཙམ་པར་འབྲེལ་བའི་ཕྱིར། མེ་དེ་དུ་བའི་རྒྱུ་དག་ནི་ཡིན་ན་ཡང༌། དུ་བ་གང་ལས་མེ་ངེས་པར་རྟོགས་པར་འགྱུར་བ་མ་ཡིན་པར་ཐལ། རྒྱུ་འབྲས་བུ་ལ་འཁྲུལ་བའི་ཕྱིར་ཞེ་ན། དུ་བ་ལས་མེ་དཔོག་པ་དེ་ལའང༌། ཕྱི་རོལ་གྱི་མེ་ཉིད་དཔོག་པ་མ་ཡིན་ཏེ། དུ་བར་སྣང་བའི་བློས་བག་ཆགས་གསལ་བར་སད་པ་ཅན་གྱི་བློ་ཉིད་(༤༧ན)ལས། མེར་སྣང་བའི་བློ་ཉིད་ནི་རྟོགས་པར་འགྱུར་བའི་ཕྱིར། གལ་ཏེ་དུ་བར་སྣང་བ་དེ་དུ་བར་སྣང་བའི་བག་ཆགས་ལས་སྐྱེའི། མེར་སྣང་ལས་མ་སྐྱེས་པས། མེར་སྣང་གོ་བྱེད་མ་ཡིན་ནོ་ཞེ་ན་མེ་ལས་དུ་བ་འབྱུང་བ་ཡིན་ཏེ། སེམས་རྒྱུད་ལ་མེ་དེར་སྣང་དུ་རུང་བའི་བག་ཆགས་ཀྱི་སྙིང་པོ་ཅན་མེར་སྣང་བ་དེ་བློ་དག་ལ་དུ་བར་ནི་སྣང་བ་གསལ་བྱེད་ཡིན་པ་དེས་ནའོ། །མཁས་པ་སེམས་ཙམ་པ་རྣམས་ལ་ཆོས་ཅན། མེ་ལས་དུ་བ་སྐྱེ་བའི་རྣམ་གཞག་འདི་བརྗོད་དུ་ཡོད་དེ། དེ་ཚད་མས་གྲུབ་པའི་ཕྱིར། གལ་ཏེ་ཕྱི་རོལ་མེད་ན་ཕྱི་རོལ་ལ་བརྟེན་ནས་བློ་ཚུལ་གཉིས་སུ་གསུངས་པ་ཇི་ལྟར་ཡིན་ཞེ་ན། ཕྱི་རོལ་ལ་ནི་བརྟེན་ནས་སུ་ཚུལ་གཉིས་བརྗོད་པ་ཆོས་ཅན། དོན་ཡོད་དེ། དོན་སྨྲ་བ་ཡང་དག་པའི་དོན་ལ་དྲང་བའི་ཆེད་ཡིན་པའི་ཕྱིར། བློ་ཚུལ་གཉིས་པོ་དེ་ཡང་ནི་ཆོས་ཅན། མི་འགྲུབ་པ་མ་ཡིན་ཏེ། ལྷན་ཅིག་མྱོང་བའི་ངེས་པས་འགྲུབ་པའི་ཕྱིར། གཉིས་པ་ནི། དོན་སྣང་ཤེས་པ་དེ་དོན་ལ་རྣམ་ལྡན་དེར་སྣང་བ་མིན་ན། བུམ་གཟུགས་དེའི་དོན་ཅན་གྱི་ཡིད་དབང་ཤེས་ཀུན་ནི་ཆོས་ཅན། སྣང་ཚུལ་གྱི་རང་བཞིན་གཅིག་པ་ཉིད་དུ་འགྱུར་བར་ཐལ། གཟུང་དོན་གྱི་རང་བཞིན་གཅིག་རྣམ་མེད་དུ་འཛིན་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོའི་ཁྱད་པར་གྱིས་གསལ་བ་དང་མི་གསལ་བ་དང༌། འདྲེན་མ་ལ་སོགས་པ་སྣང་བ་ཐ་དད་འཛིན་པའི་ཤེས་པ་དོན་གཅིག་ལ་དམིགས་པའི་ཕྱིར། ཆོས་ཅན། བུམ་གཟུགས་གསལ་མི་གསལ་དུ་སྣང་བ་མི་འཐད་པར་ཐལ། བུམ་གཟུགས་གཅིག་གི་རྣམ་པ་ཤར་བར་འདྲ་བའི་ཕྱིར་ཞེ་ན། གཟུང་དོན་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང༌། བུམ་གཟུགས་དེའི་རྣམ་པའི་ངོ་བོའི་རྗེས་སུ་བྱེད་པ་(༤༧བ)ཡིན་ཡང༌། བུམ་གཟུགས་གསལ་མི་གསལ་གྱི་ཁྱད་པར་འཐད་དེ། བག་ཆགས་གཞན་འགའ་ཞིག་ལས་ཀྱང༌། དབྱིབས་སོགས་ཆ་འགའ་ཡིས་ནི། བུམ་གཟུགས་གསལ་མི་གསལ་ཐ་དད་དུ་འགྱུར་བའི་ཕྱིར། དཔེ་འདི་ལྟར་ཕ་ལ་བརྟེན་ནས་བུ་ཕ་དེའི་ནི་གཟུགས་འཛིན་ཡང༌། རྐྱེན་འགའ་ཞིག་ལས་ནི་དབྱིབས་སོགས་ཀྱི་ཆ་འགའ་ཡིས། ཕའི་གཟུགས་ལས་ཐ་དད་པར་ནི་དམིགས་པ་ཡིན་པ་བཞིན། གསུམ་པ་མེད་པ་གསལ་བར་སྣང་བས་སྒྲུབ་པ་ནི། ཤེས་བྱ་ཆོས་ཅན། བློ་ཚུལ་གཉིས་པ་གྲུབ་སྟེ། མར་མེ་ལ་སོགས་དཀྱིལ་འཁོར་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་སྔོ་དང་དམར་དང་མདངས་གསལ་བར། མིག་གི་གསལ་བས་མཐོང་བར་འགྱུར་བའི་ཕྱིར། མར་མེའི་རྩེ་མོའི་ཁྲ་སྒོར་བ་དེ་ནི་ཕྱི་རོལ་དངོས་ཡིན་ནོ་ཞེ་ན། མར་མེའི་རྩེ་མོའི་ཁྲ་སྒོར་བ་ཆོས་ཅན། དབང་པོ་གསལ་བའི་ཤེས་པ་ལ་མཐོང་བའི་ནུས་པ་ཅིས་མེད་དེ་ཡོད་པར་ཐལ། དབང་ཤེས་ཀྱིས་མཐོང་རུང་གི་ཕྱི་དོན་ཡིན་པའི་ཕྱིར། ཁྲ་སྒོར་བ་དེ་མཐོང་བའི་དབང་ཤེས་ཆོས་ཅན། དབང་པོ་ཉམས་པའང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཡང་དག་པའི་དོན་མཐོང་བའི་ཕྱིར། དེ་ཆོས་ཅན། ཁྱེད་ལ་གཞན་གྱིས་མཐོང་བའི་དོན་དེ་ཡང༌། ཇི་ལྟ་བུར་ན་གསལ་བྱ་མ་ཡིན་ཏེ་ཡིན་པར་ཐལ། རབ་རིབ་ཀྱིས་སྦྱངས་ནས་གསལ་བའི་མིག་ལ་བརྟེན་ནས་དབང་པོ་ལས་འདས་པའི་དོན་མཐོང་བའི་ཕྱིར། ཆོས་ཅན། མར་མེའི་རྩེ་མོའི་ཁྲ་སྒོར་བ་གཞན་ནི་ཁྱོད་ཀྱི་རྒྱུ་མ་ཡིན་ཏེ། སྣང་བ་དང་དབང་པོ་དང་ཡིད་ལ་བྱེད་པ་ལས་གཞན་མེད་པར་ནི། གཅིག་གི་ནུས་པ་ལས་སྐྱེ་བར་རྟོགས་པ་དེས་ནའོ། །འདོད་ན། དེ་ཕྱིའི་གཟུང་ཡུལ་ཡང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ་ལོ། །གལ་ཏེ་ཁྲ་སྒོར་བ་དེ་ཉིད་བློ་དེའི་རྒྱུ་ཡིན་ནོ་ཞེ་ན། ཆོས་(༤༨ན)ཅན། ཇི་ལྟར་མར་མེ་ལ་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །མར་མེ་དང་ཁྲ་སྒོར་བ་གཉིས་ཀ་རྒྱུ་ཡིན་ནོ་ཞེ་ན། ཆོས་ཅན། དེ་གཉིས་ཀ་དག་ཀྱང་རྒྱུ་མ་ཡིན་པར་ཐལ། མར་མེ་ཙམ་གྱི་དམིགས་རྐྱེན་གྱིས་ཡོད་པའི་ཕྱིར།
བཞི་པ་ཉེ་རིང་བར་མའི་ཁྱད་པར་ལས་སྒྲུབ་པ་ལ་གསུམ། ཐལ་བ་དགོད། སྐྱོན་སྤོང་དགག །མཇུག་བསྡུ་བའོ། །དང་པོ་ནི། གཟུང་དོན་མེད་པའི་ཤེས་པ་ཚུལ་གཉིས་པ་ཡིན་མོད། གཟུང་དོན་ཅན་གྱི་ཤེས་པ་ཚུལ་གཉིས་པ་མིན་ནོ་ཞེ་ན། ཉེ་རིང་ལ་སོགས་ཁྱད་པར་གྱིས་ལྟ་བའི་དབང་ཤེས་ཆོས་ཅན། བུམ་གཟུགས་གསལ་བ་དང་མི་གསལ་བར་སྣང་བ་མི་རུང་བར་ཐལ། བུམ་གཟུགས་རྣམ་མེད་དུ་རིག་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྣང་བའི་ཁྱད་པར་ལས་གསལ་མི་གསལ་དེར་འགྱུར་རོ་ཞེ་ན། ཆོས་ཅན། བུམ་གཟུགས་གསལ་བར་མཐོང་ངམ་མི་མཐོང་མཚུངས་པར་འགྱུར་བར་ཐལ། སྣང་བ་དེ་ནི་བར་ཆོད་པ་དང་མ་ཆོད་པ་དག་མཚུངས་པའི་ཕྱིར། གལ་ཏེ་རིང་བ་ནས་ལྟ་བའི་ཚེ་སྣང་བ་མི་གསལ་བས། བུམ་གཟུགས་དེའི་ཆ་ཕྲ་མོ་འགའ་ཞིག་ནི་མཐོང་བ་དེའི་ཕྱིར། གསལ་མི་གསལ་ཐ་དད་དོ་ཞེ་ན། བུམ་གཟུགས་དེ་རགས་པ་ཆ་མེད་གཅིག་ཡིན་ནམ། རྡུལ་ཕྲ་རབ་དུ་མ་ཡིན། དང་པོ་ལྟར་ན། བུམ་གཟུགས་ཆོས་ཅན། གསལ་བར་མཐོང་བ་དང་མི་མཐོང་བའི་ཐ་དད་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་རོལ་གྱི་དོན་རགས་པ་ཆ་མེད་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཆོས་ཅན། གསལ་བར་མཐོང་མི་མཐོང་ཐ་དད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྡུལ་ཕྲ་རབ་རྫས་ཐ་དད་པ་དུ་མ་ཡིན་པའི་ཕྱིར། གལ་ཏེ་སྣང་བ་གསལ་མི་གསལ་གྱི་ཁྱད་པར་གྱིས། བློ་གསལ་མི་གསལ་ཐ་དད་དུ་སྣང་(༤༨བ)ངོ་ཞེ་ན། བུམ་པ་ཆོས་ཅན། གཞན་སྣང་བ་གསལ་མི་གསལ་ཐ་དད་པ་གང་ལས། གསལ་མི་གསལ་ཐ་དད་པར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཆ་ཐ་དད་མེད་པའི་ཕྱིར། ཐག་རིང་བ་ནས་ལྟ་བའི་ཚེ་སྣང་བ་དེ་ཡང་ཅིས་མ་གསལ་ཞེས་དྲིས་པས། རྡུལ་གྱིས་བསྒྲིབས་པའི་ཕྱིར་ཞེ་ན། རྡུལ་དེ་ཉེ་བ་ནས་ལྟ་བ་འདིར་སྒྲིབ་བྱེད་ཅིས་མ་ཡིན་ཞེས་དྲིས་པས། སྲབ་པའི་ཕྱིར་ཞེ་ན། ཉེ་བ་ནས་ལྟ་བའི་ཚེ་སྣང་བའང་སྲབ་པ་དེ་ལྟ་ཉིད་ཡིན་པར་ཐལ། སྒྲིབ་རྡུལ་སྲབ་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། ཉེ་བ་ལས་གཞན་དུ་རིང་བ་ནས་ལྟ་བའི་ཚེ། སྣང་རྡུལ་སྲབ་མིན་འཐུག་པོ་ཡོད་པ་ཉིད་ཡིན་པར་ཐལ། སྒྲིབ་རྡུལ་འཐུག་པ་གང་ཞིག །རྒྱུ་མཚན་མཚུངས་པའི་ཕྱིར། བུམ་པ་ལ་ཤིན་ཏུ་ཉེ་བ་ནས་ལྟ་བའི་མིག་ཤེས་ཆོས་ཅན། ཁྱོད་ལ་སྣང་བ་ནི་ཆེར་གསལ་བར་ཐལ། བུམ་གཟུགས་ལ་ཤིན་ཏུ་ཉེ་བའི་ཕྱིར། འདོད་ན། བུམ་གཟུགས་དེ་ཡང་ཆེས་གསལ་བར་སྣང་བར་འགྱུར་རོ། །གལ་ཏེ་བུམ་གཟུགས་ལ་ཉེ་རིང་ནས་ལྟ་བ་དེར་ཡང༌། མཐོང་བ་མེད་པའི་ལས་ལ་བརྟེན་ནས་ལས་གཟུགས་གསལ་མི་གསལ་གཞན་བྱུང་བས། བུམ་གཟུགས་གསལ་མི་གསལ་དུ་འགྱུར་རོ་ཞེ་ན། ལས་གཟུགས་གསལ་མི་གསལ་དེ་དག་རྣམས་ནི་ཕན་ཚུན་དུ་སྒྲིབ་པར་འགྱུར་རམ་མི་འགྱུར། སྒྲིབ་ན། ལས་གཟུགས་གསལ་མི་གསལ་དེ་དག་ཆོས་ཅན། མིག་ཤེས་དེ་ལ་གཅིག་ཁོ་ནར་སྣང་བར་འགྱུར་བར་ཐལ། མིག་ཤེས་ལ་སྣང་རུང་གང་ཞིག །མིག་ཤེས་ལ་སྣང་བ་ནི་ཕན་ཚུན་སྒྲིབ་བྱེད་ཡིན་པའི་ཕྱིར། རྟགས་ཁས་བླངས། དེ་མ་བསྒྲིབས་སོ་ཞེ་ན། བུམ་གཟུགས་ལ་ཉེ་རིང་ནས་ལྟ་བའི་མིག་ཤེས་ཆོས་ཅན། ཅིག་ཅར་ནི་ལས་གཟུགས་གསལ་བ་དང་མི་གསལ་བའི་རང་བཞིན་དག་མཐོང་(༤༩ན)བར་འགྱུར་བར་ཐལ། དེ་དབང་ཤེས་ཀྱིས་མཐོང་རུང་གང་ཞིག །ཕན་ཚུན་མི་སྒྲིབ་པའི་ཕྱིར། མཐོང་མེད་ཀྱི་ལས་ཀྱིས་གཅིག་བསྒྲིབས་ནས་གཉིས་ཀ་མི་མཐོང་ངོ་ཞེ་ན། བུམ་གཟུགས་ལ་ཉེ་རིང་ནས་ལྟ་བའི་སྐྱེས་བུ་དེ་ཆོས་ཅན། ཁྱོད་ལ་མ་མཐོང་བའི་ལས་ཀྱིས་ཅི་བྱེད་དེ་མི་བྱེད་པར་ཐལ། མ་མཐོང་བའི་ལས་གང་གིས་དོན་ཕན་པ་དང་དོན་མིན་པ་མི་ཕན་པ་མེད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དོན་ལ་བརྟེན་ནས་སྐྱེས་པར་གྱུར་པའི་མྱོང་བ་དབང་ཤེས་དེ་བག་ཆགས་སད་པ་ཇི་ལྟ་བའི་རྒྱུ་བཞིན་དུ། རྣམ་པ་ཐ་དད་པ་འཛིན་བྱེད་ཡིན་ཏེ། ལྷག་མ་རྣམ་མེད་དུ་འཛིན་པར་འདོད་པ་བློ་ངན་ལུགས་ངན་ཡིན་པའི་ཕྱིར།
ལྔ་པ་དོན་ཤེས་དུས་མཉམ་མིན་པས་སྒྲུབ་པ་ལ་གཉིས། མི་རྟག་པ་རྣམ་མེད་དུ་འཛིན་པ་དགག །རྟག་པ་རྣམ་མེད་དུ་འཛིན་པ་དགག་པའོ། །དང་པོ་ནི། ཤེས་པ་དང་སྒྲ་དང་མར་མེ་རྣམས་ཆོས་ཅན། གང་གིས་དབང་ཤེས་ལ་རྣམ་མེད་དུ་གསལ་བར་འགྱུར་བ་མ་ཡིན་པར་ཐལ། དེའི་དུས་ན་ཞིག་པའི་ཕྱིར་ཏེ། དེའི་སྔ་མར་བྱུང་བའི་སྐད་ཅིག་མ་ཡིན་པའི་ཕྱིར་ཏེ། རང་འཛིན་མངོམ་སུམ་དང་ནི་ཅིག་ཤོས་དྲན་ཤེས་ཀྱི་སྐྱེད་བྱེད་ཉིད་ཡིན་པའི་ཕྱིར། སྒྲ་དེ་དུས་མཉམ་པའི་ཉན་ཤེས་ཀྱིས་གཟུང་དོན་དུ་བྱེད་དོ་ཞེ་ན། སྒྲ་འཛིན་ཉན་ཤེས་ཆོས་ཅན། དོན་ཀུན་གསལ་བར་འགྱུར་བར་ཐལ། ཕན་འདོགས་བྱེད་མ་ཡིན་པའི་སྒྲ་གཞན་གཟུང་དོན་དུ་གསལ་བའི་ཕྱིར། གལ་ཏེ་སྒྲ་དེ་དང་རྒྱུ་ཚོགས་གཅིག་ལས་སྐྱེས་པའི་གཟུང་དོན་དུ་ངེས་སོ་ཞེ་ན་སྒྲ་འཛིན་ཉན་ཤེས་ཆོས་ཅན། སྒྲ་དང་རྒྱུ་ཚོགས་གཅིག་ལས་སྐྱེས་པས་གཟུང་དོན་དུ་རྟོག་པ་འདི་ཡང་འཐད་པ་མེད་པར་ཐལ། དེ་ལྟར་ན་དུས་མཉམ་པའི་རྣ་བའི་དབང་པོ་ཡང་གཟུང་(༤༩བ)དོན་དུ་འཐད་པའི་ཕྱིར་རོ། །སྒྲ་དེས་བྱས་པའི་ཉན་ཤེས་ཆོས་ཅན། རང་དུས་ན་སྒྲ་དེ་མེད་ཀྱང༌། སྒྲ་དེ་གསལ་ཞེས་བརྗོད་པ་ཡིན་ཏེ། དོན་སྒྲའི་རྣམ་ལྡན་དུ་སྣང་བ་ཉིད་ཀྱིས་ཕྱིར། ཉན་ཤེས་དང་ལྷན་ཅིག་སྐྱེས་པའི་དོན་གཞན་སྒྲ་ནི་ཆོས་ཅན། ཉན་ཤེས་ལ་རྣམ་པ་གཏོད་པར་མི་བྱེད་དེ། ཉན་ཤེས་ལ་ཕན་འདོགས་པ་མིན་པའི་ཕྱིར། འདོད་ན། ཆོས་ཅན། ཉན་ཤེས་ཀྱིས་གཟུང་དོན་དུ་ཇི་ལྟར་གསལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཉན་ཤེས་ལ་རང་གི་རྣམ་པ་ཡིས་རྣམ་པ་གཏོད་བྱེད་མ་ཡིན་པའི་ཕྱིར། གཉིས་པ་ནི། མི་རྟག་པ་རྣམ་མེད་དུ་མི་འཛིན་མོད། རྡོ་རྗེ་ལ་སོགས་པའི་རྟག་པ་རྣམ་མེད་དུ་འཛིན་ནོ་ཞེ་ན། བརྟན་པར་འདོད་པའི་རྡོ་རྗེ་དང་རྡོ་སོགས་ཀྱི་དོན་ཡང་ཆོས་ཅན། འགྲོ་བ་ཀུན་གྱི་ཤེས་པ་ནི་ཅིག་ཅར་རང་ཉིད་ཀྱིས་སྐྱེད་པར་འགྱུར་བར་ཐལ། རྐྱེན་གཞན་ལ་ལྟོས་མེད་དུ་རང་འཛིན་ཤེས་པ་སྐྱེད་པའི་ཕྱིར། ལྷན་ཅིག་བྱེད་པས་ཕན་འདོགས་པའི་ཕྱིར། རྡོ་རྗེ་སོགས་འདིའི་ཡུལ་ཅན་དེ་དག་རིམ་བཞིན་དུ་འབྱུང་ངོ་ཞེ་ན། ཆོས་ཅན། ཁྱོད་སྐད་ཅིག་སྔ་ཕྱི་སོ་སོར་གཞན་ཡིན་པར་བརྗོད་དེ། རང་འཛིན་ཤེས་པ་རིམ་ཅན་དུ་སྐྱེད་པའི་ཕྱིར། འདོད་ན། འདིར་ཡང་ཆོས་ཅན། རང་འཛིན་ཤེས་པ་ལ་རྣམ་མེད་དུ་མི་སྣང་བར་ཐལ། དེའི་དུས་ན་ཞིག་པའི་ཕྱིར་ཞེས་པའི་སྐྱོན་ནི་སྔར་བཞིན་ནོ། །
གསུམ་པ་སླར་ཡང་མདོ་མཛད་པའི་རིགས་པས་སྒྲུབ་པ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། བྱེ་བྲག་ཏུ་སྨྲ་བའི་ངོར་རིག་བྱ་རིག་བྱེད་ཀྱི་ཚུལ་གཉིས་ཡོད་པར་བསྒྲུབ་མི་དགོས་ཏེ། དོན་དེ་བདག་ཉིད་ཀྱིས་མྱོང་བ་ལ་བརྩད་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་གྱི་རྣམ་པའི་རང་བཞིན་ཉིད་མ་གྲུབ་པ་དེ་ཡང་མི་འགྲུབ་པའི་སྐྱོན་མེད་དེ། ཡང་དག་པར་དྲན་པ་ལས་གྲུབ་པའི་ཕྱིར། འདི་ནི་ཆོས་ཅན། གཟུགས་འདི་ལྟར་རྟོགས་ཀྱི་(༥༠ན)སྒྲ་འདི་ལྟར་ནི་རྟོགས་པ་མིན་ཞེས་ཐ་དད་པ་འདི་མེད་པར་འགྱུར་བར་ཐལ། དོན་ཐ་དད་པར་མྱོང་བ་མེད་པའི་ཕྱིར་ཏེ། རང་གི་སྤྱོད་ཡུལ་གྱི་རྣམ་པ་ཐ་དད་ཤར་བས་ཕྱེ་བ་མེད་པའི་ཕྱིར། ཆོས་ཅན། ཉམས་སུ་མྱོང་བ་ཙམ་གྱིས་ནི། དོན་རྟོགས་ཐ་དད་འགའ་ཞིག་རྣམ་པར་འབྱེད་པ་མིན་པར་ཐལ། ཐ་དད་དུ་འབྱེད་བྱེད་གསལ་བ་མེད་པ་ལ་རྣམ་པར་འབྱེད་པའི་བློ་མེད་པའི་ཕྱིར། དཔེར་ན། མཚེ་མ་ལ་སོགས་གཅིག་ཏུ་འཁྲུལ་བ་བཞིན་ནོ། །
གཉིས་པ་རང་རིག་སྒྲུབ་པ་ལ། རང་རིག་པ་ཡང་ངོ༌། །ཅིའི་ཕྱིར་ན་མ་མྱོང་བར་འདི་མེད་པའི་ཕྱིར་རོ། །ཞེས་པའི་དོན་འཆད་པ་ལ་བཞི། ཚུལ་གཉིས་གྲུབ་པས་རང་རིག་གྲུབ། གསལ་བ་ཤེས་རྫས་ཡིན་པས་སྒྲུབ། གཞན་གྱིས་མྱོང་བ་བཀག་པས་སྒྲུབ། དྲན་པ་ལས་ཀྱང་རང་རིག་སྒྲུབ་པའོ། །དང་པོ་ལ་གཉིས། དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། ཆོས་ཅན། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་རང་རིག་ཕལ་ཆེར་གྲུབ་པ་ཡིན་ཏེ། རང་གི་ངོ་བོར་གྱུར་པའི་རྣམ་པ་སྣང་བ་དེའི་ཚེ། རྣམ་པ་དེ་འཛིན་རྣམ་གྱིས་མྱོང་བར་གྲུབ་པའི་ཕྱིར་རོ། །དེ་ཤེས་པ་ཕྱི་མས་མྱོང་བ་ཡིན་ནོ་ཞེ་ན། དེ་ཆོས་ཅན། ཁྱོད་ཀྱི་དངོས་པོའི་རྣམ་པ་ཅན་གྱི་བློ་ཕྱི་མ་ཡིས་ནི་ཇི་ལྟར་མྱོང་བ་ཡིན་ཏེ་མ་ཡིན་པར་ཐལ། དེའི་དུས་ནི་འགགས་པའི་ཕྱིར། ཤེས་པ་ཕྱི་མ་དེ་ཆོས་ཅན། ཤེས་པ་སྔ་མ་ཉམས་མྱོང་མ་ལུས་པ་ལྡོག་པར་འགྱུར་བར་ཐལ། རང་གི་ངོ་བོའང་མྱོང་བ་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཡུལ་གང་གི་ནི་རྣམ་པ་སྣང་བའི་ཤེས་པ་ཕྱི་མ་གང་ཡིན་པ་དེས། ཤེས་པ་སྔ་མ་དེ་མྱོང་བ་མིན་ཞེས་པའང་འཐོབ་པར་ཐལ། དོན་དུ་སྣང་བ་དང་ལྡན་པའི་ཤེས་པ་དེ་ནི་ཁ་ཕྱི་རོལ་དུ་མངོན་པར་ཕྱོགས་པར་སྣང་ལ། བློ་ལ་འཛིན་པར་བྱེད་པའི་བློ་ཡིན་ན་རྟག་ཏུ་བདག་ལ་ཁ་ནང་དུ་མངོན་པར་ཕྱོགས་(༥༠བ)པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་དང་འདྲ་བ་ལས་དེ་མྱོང་བའི་སྒྲུབ་བྱེད་གཞན་ཅི་ཡོད་ཅེས་འདོད་ན། འདྲ་བ་ཐམས་ཅད་ཆོས་ཅན། ཕན་ཚུན་དུ་མྱོང་བ་ཉིད་ནི་ཐོབ་པར་འགྱུར་བར་ཐལ། ཕན་ཚུན་འདྲ་བའི་ཕྱིར། གལ་ཏེ་བློའི་འདྲ་བ་དེ་མྱོང་བའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། དེ་ནི་འདྲ་བ་ལས་མྱོང་བ་མ་ཡིན་པར་ཐལ། ཕྱོགས་སྔ་དེའི་ཕྱིར། ཤེས་པ་དེའི་མྱོང་བ་རང་རིག་དེ་ནི་ཆོས་ཅན། དོན་དང་འདྲ་བའི་རྒྱུ་ཅན་མིན་པར་ཐལ། རང་ཉིད་མྱོང་བར་བྱེད་རུང་དེའི་གཞལ་བྱ་ཡིན་པའི་ཕྱིར། འོ་ན་དོན་འདྲ་བའི་གཞལ་བྱ་གང་ཞེ་ན། དོན་དང་འདྲ་བ་འདི་ནི་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་མེད་པ་མ་ཡིན་ཏེ། འཇིག་རྟེན་ན་ལས་བྱ་བ་དོན་རྟོགས་ཀྱི་རྣམ་གཞག་གི་རྒྱུར་འགྱུར་བའི་ཕྱིར། སྔོ་སྣང་དབང་ཤེས་ཆོས་ཅན། གཞན་གྱི་བདག་ཉིད་མྱོང་བ་ལས་སྔོ་སོགས་མྱོང་བར་གྲགས་པ་མིན་ཏེ། རང་གི་ངོ་བོའི་རང་བཞིན་དེའི་རྣམ་པ་མྱོང་བ་ལ་སྒྲོ་འདོགས་འཁྲུལ་པ་ལས། སྔོ་སོགས་མྱོང་བར་གྲགས་པ་ཙམ་ཡིན་པའི་ཕྱིར། སྔོ་སྣང་དབང་བློ་ནི་ཆོས་ཅན། ཕྱི་རོལ་དོན་ལ་ཚད་མ་གང་ཡང་མ་ཡིན་པར་ཐལ། སྔོ་སོགས་དངོས་ཀྱི་རྣམ་པ་ཤར་བ་ཡིན་པའི་ཕྱིར་ཞེ་ན། སྔོ་སྣང་དབང་བློ་དེ་ནི་ཆོས་ཅན། ཇི་ལྟར་དོན་མྱོང་བ་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་རོལ་གྱི་སྔོ་སོགས་དངོས་ཀྱི་རྣམ་པ་ཤར་བ་མིན་པའི་ཕྱིར། གང་གི་ཚེ་མྱོང་བའི་བདག་ཉིད་ནི་འདྲ་བའི་རྒྱུ་ཅན་མ་ཡིན་པས་ན། ཤེས་པ་མྱོང་བའི་རང་རིག་འདི་ཆོས་ཅན། དོན་འདྲ་བ་ཉིད་ཀྱིས་ཅི་ཞིག་ཉེ་བར་བསྒྲུབ་མི་དགོས་པར་ཐལ། རང་ཉིད་མྱོང་རུང་གིས་གྲུབ་པས་ནའོ། །ཤེས་པ་དོན་དང་འདྲ་ན། དོན་དང་བདག་ཉིད་ཀུན་གྱིས་འདྲ་ན་ནི། ཤེས་པ་ཤེས་པ་ཉིད་མ་ཡིན་པར་འགྱུར་བར་ཐལ། ཕྱོགས་སྔ་དེའི་ཕྱིར། དོན་དང་ཆ་འགའ་ཞིག་གིས་མཚུངས་པས། དོན་མྱོང་(༥༡ན)བར་འཇོག་ན་ནི། དོན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱིས་མྱོང་བར་འགྱུར་བར་ཐལ་ལོ། །ཇི་ལྟར་སྔོ་སོགས་དང་སྐྱེས་འདྲ་བའི་ངོ་བོ་ཡིན་པའི་ཕྱིར་སྔོ་སོགས་ཉམས་སུ་མྱོང་བར་འདོད་པ་དེ་བཞིན་དུ། སྔོ་སྣང་དབང་ཤེས་ཕྱི་མ་དེ་ཡང་ཆོས་ཅན། སྔོ་སྣང་དབང་ཤེས་སྔ་མ་ཉམས་སུ་མྱོང་བར་འགྱུར་བར་ཐལ། ཉམས་མྱོང་སྔོ་སྣང་དབང་ཤེས་སྔ་མ་དང་སྐྱེས་འདྲ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །ཉམས་མྱོང་ཉམས་སུ་མྱོང་ངོ་ཞེས་དོན་བཞིན་དུ་ནི་ངེས་པ་མིན་པ་དེའི་ཕྱིར། ཉེས་པ་མེད་དོ་ཞེ་ན། ཆོས་ཅན། སྔོན་པོ་མ་རྟོགས་པར་ཐལ། དོན་སྔོན་པོ་ལའང་ངེས་པ་དེ་ནི་རྟག་ཏུ་མེད་པའི་ཕྱིར། ངེས་པ་ཡོད་པ་ཉིད་ཀྱི་རྒྱུ་སྐྱེས་འདྲ་བ་ཡོད་དོ་ཞེ་ན། ཆོས་ཅན། མྱོང་བ་སྔོ་སྣང་དབང་ཤེས་སྔ་མ་ལའང༌། ཅིའི་ཕྱིར་ངེས་པ་མེད་དེ་ཡོད་པར་ཐལ། དེ་དང་སྐྱེས་འདྲ་བ་ཡིན་པའི་ཕྱིར། གཉིས་པ་གསལ་བ་ཤེས་རྫས་ཡིན་པས་སྒྲུབ་པ་ལ་བཞི། གསལ་བ་ཤེས་རྫས་ཡིན་མིན་བརྟག །ཤེས་རྫས་མིན་ན་ཧ་ཅང་ཐལ། ཤེས་རྫས་ཡིན་ན་རང་རིག་གྲུབ། རང་བློ་ལྐོག་གྱུར་དགག་པའོ། །དང་པོ་ནི། གཞན་ཡང་དཀར་སོགས་མཐོང་བ་ན་དཀར་སོགས་མངོན་པར་གསལ་བའི་རང་བཞིན་རིག་པ་གསལ་བར་ནི་སྐྱེས་པའི་སྣང་བ་འདི་གང་ཡིན་པ་དེ་ཅི། དཀར་སོགས་མངོན་པར་གསལ་བ་ལས་གཞན་པའི་དངོས་པོའམ། འོན་ཏེ་དེའི་བདག་ཉིད་དུ་གྱུར་པ་ཡིན། གཉིས་པ་ནི། དེ་ལས་གཞན་པའི་དངོས་པོ་ཡིན་ནོ་ཞེ་ན། དཀར་པོ་གསལ་བའི་ཤེས་པ་ནི་ཆོས་ཅན། ཇི་ལྟར་དཀར་པོ་གསལ་བར་འགྱུར་བ་མ་ཡིན་པར་ཐལ། རང་གསལ་བ་མིན་པའི་ཕྱིར། ཁྱབ་སྟེ། དོན་གསལ་ན་ཤེས་པ་གསལ་བ་ཡིན་ལ། ཤེས་པ་དེ་གསལ་བ་མིན་ན་འགྲོ་བ་མ་ལུས་པ་གསལ་བ་མ་ཡིན་པའི་ཕྱིར། ཤེས་པ་ཕྱི་མས་གསལ་བ་ཡིན་ནོ་ཞེ་ན། དཀར་པོ་(༥༡ན)གསལ་བའི་ཤེས་པ་ཆོས་ཅན། གསལ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། གསལ་བྱེད་གཞན་གྱིས་གསལ་བའི་ཕྱིར། ཆོས་ཅན། ཇི་ལྟར་དཀར་པོ་དེ་ཡིས་ཁྱད་པར་དུ་བྱས་ནས་དྲན་པར་འགྱུར་བ་མ་ཡིན་པར་ཐལ། མཐོང་བ་དཀར་པོ་དང་འབྲེལ་བ་ཤེས་པ་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། གང་གི་ཕྱིར་ཁྱེད་གཉིས་ལས་གཅིག་རྟོགས་པའི་ཚེ། གཉིས་པ་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར། རྩ་བར་ཁྱབ་སྟེ། ཡུལ་མཐོང་ཞེས་བྱ་བར་ངེས་པར་འགྱུར་བ་ལ། ཡུལ་ཤེས་གཉིས་དག་འབྲེལ་བར་མཐོང་བ་དགོས་པའི་ཕྱིར། གང་གིས་དཀར་པོ་མཐོང་བའི་ཤེས་པ་དཀར་པོ་དང་འདྲ་བ་ནི། སེམས་ཕྱི་མ་གཞན་གྱིས་མཐོང་བར་གྱུར་པ་དེ་ལ། དཀར་པོ་མཐོང་ཞེས་བརྗོད་ཅེ་ན། འདི་ཆོས་ཅན། རང་རིག་གྲུབ་སྟེ། དོན་དང་འདྲ་བའི་ཤེས་པ་ཡིན་པའི་ཕྱིར། ཅི་སྟེ་རང་གི་དངོས་པོ་འཛིན་རྣམ་གྱིས་མི་རིག་ན། ཆོས་ཅན། ཇི་ལྟར་གཞན་གྱི་ངོ་བོ་རིག་པ་མ་ཡིན་པར་ཐལ་ལོ། །ཆོས་ཅན། དོན་དང་འདྲ་བ་ལས་ནི་མྱོང་ཞེས་པའང་མི་འཐད་པར་ཐལ། དེ་སྔར་ཉིད་རྣམ་པར་བསལ་བ་ཡིན་པའི་ཕྱིར། ཇི་ལྟར་དོན་དེ་ནི་མཐོང་བ་དང་འདྲ་བ་ཡིན་པར་དྲན་ཤེས་དེས་ངེས་པར་འགྱུར་བ་མ་ཡིན་པར་ཐལ། དོན་ནི་སྔར་མཐོང་བ་ཡོད་པ་མིན་པས་སོ། །ཁྱབ་སྟེ། དོན་ཤེས་གཉིས་མཐོང་བ་དག་ནི་འདྲ་བར་འཛིན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་དོན་ཤེས་གཉིས་མཐོང་བ་མེད་པར་ཐལ། ཤེས་པ་དོན་དང་འདྲ་བ་ཉིད་ཀྱང་མི་འདོད་པའི་ཕྱིར། འདོད་པ་དེའི་ཚེ། དོན་དང་ཤེས་པ་ཞེས་དོན་ཤེས་དེ་དག་སྨོས་སུ་ག་ལ་ཡོད་དེ་མེད་པར་ཐལ་ལོ། །གསུམ་པ་ནི། ཅི་སྟེ་དཀར་པོ་གསལ་བར་སྣང་བ་དེ་དཀར་འཛིན་ཤེས་པ་རང་གི་དངོས་པོ་ཡིན་ནོ་ཞེ་ན། འོ་ན་དཀར་འཛིན་ཤེས་པ་དེ་ཆོས་ཅན། རང་ཉིད་རབ་ཏུ་(༥༢ན)གསལ་བར་འགྱུར་བར་ཐལ། ཁྱེད་ལ་དཀར་པོ་གསལ་བར་སྣང་བ་དེ་རང་གི་རྫས་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་མི་གསལ་བ་ཉིད་དུ་འགྱུར་བར་ཐལ། གང་གི་ཕྱིར་རང་མི་གསལ་བའི་ཕྱིར།
བཞི་པ་ལ་གཉིས། རང་བློ་མངོན་གྱུར་ཡིན་པར་བསྟན། ལྐོག་གྱུར་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ལ། དངོས་དང༌། སྐྱོན་སྤང་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བློ་བདག་ཉིད་རིག་པ་མིན་པའི་ཕྱོགས་དག་ལ། དོན་ཀུན་མཐོང་བ་མེད་པར་བསྟན་པ་འདིས་ནི། བློ་ནི་མངོན་སུམ་གྱིས་གྲུབ་པ་མིན་པར་སྨྲ་བ་གང་ཡིན་པ་དེ་ལའང་ལན་བཏབ་སྟེ། རང་བློ་ལྐོག་གྱུར་ཡིན་ན། དོན་ཤེས་སོ་སོར་སྨོས་སུ་མེད་པའི་ཕྱིར། བདེ་སྡུག་འདོད་པ་ལ་སོགས་པའི་ཁྱད་པར་མངོན་སུམ་གྱིས་གྲུབ་པ་དེ་དག་ནི་ཆོས་ཅན། བློ་ཉིད་ཡིན་ཏེ། རྟེན་དང་དམིགས་པ་དང་གོམས་པའི་ཁྱད་པར་ལས་སིམ་གདུང་ཐ་དད་པར་ནི་འཇུག་པ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། རང་རིག་གྲུབ་སྟེ། མྱོང་བྱེད་ཡོད། ཁྱོད་མྱོང་བའི་ཤེས་པ་དེ་ཁྱོད་ལས་གཞན་རྫས་ཐ་དད་གང་ཡིན་པ་ཅུང་ཟད་ཀྱང་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། རྟགས་མ་གྲུབ་སྟེ། བདེ་བ་ཆོས་ཅན། ཕྱིས་བྱུང་གི་ཤེས་པས་མྱོང་བ་ཡིན་ཏེ། ཕྱིས་བྱུང་གི་ཤེས་པ་གཞན་གྱིས་རིག་པ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། གཞན་གྱི་བློས་ཀྱང་ནི་སྤྱོད་ཅིང་མྱོང་བར་འགྱུར་བར་ཐལ། དེས་རིག་པའི་ཕྱིར། གལ་ཏེ་བདེ་བ་དེས་བསྐྱེད་པ་དང་དེར་སྣང་བའི་བློས་རིག་གི །གཞན་གྱི་བློས་རིག་པ་མིན་ནོ་ཞེ་ན། རང་རྒྱུད་ཀྱི་བདེ་བ་ལ་དམིགས་པར་བྱེད་པ་གཞན་གྱི་བློ་ནི་ཆོས་ཅན། རང་རྒྱུད་ཀྱི་བདེ་བ་རིག་པར་ཐལ། ཁྱོད་ལ་ཡང་རང་རྒྱུད་ཀྱི་བདེ་བ་ལས་སྐྱེས་སྣང་གཉིས་པོ་འདི་གདོན་མི་ཟ་བར་ཡོད་པའི་ཕྱིར། རྟགས་མ་གྲུབ་སྟེ། ཅི་སྟེ་རང་རྒྱུད་ཀྱི་བདེ་བ་ལས་སྐྱེས་(༥༢བ)པ་མིན་ཞིང༌། དེར་སྣང་བ་ཅན་ཡང་མ་ཡིན་ནོ་ཞེ་ན། རང་རྒྱུད་ཀྱི་བདེ་བ་ལ་དམིགས་པའི་གཞན་གྱི་བློ་དེ་ཡུལ་མེད་པ་ཅན་དུ་འགྱུར་བར་ཐལ། དེས་རང་རྒྱུད་ཀྱི་བདེ་བ་མ་བཟུང་བའི་ཕྱིར། བདེ་བའི་སྤྱི་གཟུང་དོན་དུ་འཛིན་ནོ་ཞེ་ན། ཆོས་ཅན། བདེ་བའི་སྤྱི་དག་ཀྱང་གཟུང་དོན་དུ་མི་འཛིན་པར་ཐལ། སྤྱི་དེ་ནི་ཅུང་ཟད་ཀྱང་དངོས་པོ་མིན་ཞེས་ཀྱང་སྔར་བཤད་པའི་ཕྱིར། དེ་ལྟ་བུའི་བློ་དེ་ཆོས་ཅན། མངོན་སུམ་གྱིས་གྲུབ་པ་དང༌། བདག་རིག་གྲུབ་སྟེ། ཁྱོད་ལ་དོན་སྣང་བ་དེ་ནི་རང་ལས་གཞན་མིན་པའི་བློ་ཡིན་པའི་ཕྱིར། གལ་ཏེ་གཞན་གྱི་བློས་རང་རྒྱུད་ཀྱི་བདེ་བ་དེ་ལ་འཛིན་པར་བྱེད་ཀྱང༌། མངོན་སུམ་ཉིད་ནི་མིན་པས་མྱོང་བྱེད་མིན་ནོ་ཞེ་ན། རང་རྒྱུད་ཀྱི་བདེ་བ་ལ་དམིགས་པའི་རང་གཞན་གྱི་བློ་དེ་ཆོས་ཅན། རང་རྒྱུད་ཀྱི་བདེ་བ་ལ་མངོན་སུམ་ཡིན་མིན་ཐ་དད་པ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་གཟུང་དོན་དུ་མཚུངས་པའི་ཕྱིར། གལ་ཏེ་རང་རྒྱུད་ཀྱི་བདེ་བ་ཆོས་ཅན། རང་གི་བློས་མྱོང་བར་ངེས་པ་ཡིན་ཏེ། དེས་མྱོང་བའི་མ་མཐོང་བའི་ལས་དང་ལྡན་པ་དང༌། བདག་དང་དོན་གཅིག་ལ་འཕྲོད་པ་འདུ་བ་དང༌། སོགས་ཀྱིས་དེ་ལ་དབང་ཕྱུག་དགའ་བའི་ཕྱིར། གཞན་གྱི་བློས་མ་མྱོང་སྟེ། རྟགས་བཟློག་པའི་ཕྱིར་ཞེ་ན། གཞན་གྱི་བློས་ནི་རྣམ་པ་ཀུན་ཏུ་འཛིན་པར་མི་འགྱུར་བར་ཐལ། དེས་འཛིན་པ་ལ་མ་མཐོང་བའི་ལས་དང་མི་ལྡན་པའི་ཕྱིར། ཆོས་ཅན། རང་གཞན་གྱི་བློས་མྱོང་མི་མྱོང་གི་དབྱེ་བའང་མི་འཐད་པར་ཐལ། དེ་བསལ་ཟིན་པའི་ཕྱིར། གང་དག་རྣལ་འབྱོར་མངོན་སུམ་གྱིས། གཞན་གྱི་བདེ་བ་ལ་སོགས་པ་མྱོང་བར་འདོད་པའི་ལུགས་ལ། འཕགས་པ་དེ་ཡང་ཆོས་ཅན། སྡུག་བསྔལ་ཅན་དེ་བཞིན་དུ། སྡུག་བསྔལ་གྱི་གདུངས་པར་འགྱུར་བར་ཐལ། དེ་དང་སྡུག་བསྔལ་མྱོང་བར་མཚུངས་པས་(༥༣ན)ནའོ། །གལ་ཏེ་ཡུལ་ཡིད་དུ་མི་འོང་བ་དང་དབང་པོ་འདུས་པ་མེད་པས། དེ་ལས་བྱུང་བའི་སྡུག་བསྔལ་ནི། འཕགས་པ་དེ་དག་ལ་ནི་སྐྱེ་བ་མིན་ནོ་ཞེ་ན། སྡུག་བསྔལ་སྐྱེས་པར་གྱུར་པ་ཉིད་ནི་སྡུག་བསྔལ་མྱོང་བ་མིན་གྱི། འོན་ཀྱང་ཆོས་ཅན། སྡུག་བསྔལ་མྱོང་བར་ཐལ། སྡུག་བསྔལ་ལ་དམིགས་པའི་ཤེས་པ་སྐྱེས་པ་ཡིན་པའི་ཕྱིར། ཁྱོད་རང་གི་ལུགས་ལ་ཇི་ལྟར་ཡིན་ཞེ་ན། ཆོས་ཅན། གཞན་གྱི་སྡུག་བསྔལ་གྱིས་གདུང་བ་དང༌། བདེ་བ་ཕན་འདོགས་པའི་རྒྱུ་མ་ཡིན་ཏེ། གཞན་གྱི་སྡུག་བསྔལ་སོགས་མྱོང་བ་མིན་པའི་ཕྱིར། ཆོས་ཅན། གཞན་གྱི་སྡུག་བསྔལ་གྱིས་གདུང་བ་དེ་ལྟར་མི་འགྱུར་བར་ཐལ། དེ་ལ་དམིགས་པའི་ཤེས་པ་སྐྱེས་པ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། སྡུག་བསྔལ་གྱིས་གདུང་བ་ཡིན་ན་གང་གི་ཚེ་རང་ཉིད་སྡུག་བསྔལ་གྱི་རང་གི་ངོ་བོར་སྣང་བ་ནི་ཡིན་པའི་ཕྱིར་དམིགས་ན་མྱོང་བས་མ་ཁྱབ་པ་དེས་ན། ཤེས་པ་ཐམས་ཅད་ཀྱི་དམིགས་མྱོང་དག་ནི་ཐ་དད་ཡིན་ཏེ། དོན་དང་འདྲ་བས་དོན་དམིགས་པར་འཇོག་ལ། དེའི་བདག་ཉིད་མྱོང་བ་ལ་རང་ཉིད་གསལ་བར་དེའི་ངོ་བོར་སྐྱེས་དགོས་པའི་ཕྱིར།
གཉིས་པ་རང་བློ་ལྐོག་གྱུར་ཡིན་ན་ཧ་ཅང་ཐལ་བ་ལ་གཉིས། རྟགས་ལས་རྟོགས་དགོས་པར་ཐལ། རྟགས་མི་སྲིད་པར་བསྟན་པའོ། །དང་པོ་ནི། གཞན་ཡང་རང་བློ་ནི་ཆོས་ཅན། རྟགས་ལས་རྟོགས་པར་འགྱུར་བར་ཐལ། ཚད་མས་གྲུབ། མངོན་སུམ་གྱིས་གྲུབ་པ་མེད་པ་དེས་ནའོ། །འདོད་ན། ཆོས་ཅན། རྟགས་དེ་ཡང་དབང་པོ་དང༌། དོན་ནམ་དབང་བློའམ་ཡང་ན་ཡིད་བྱེད་སྔ་མར་འགྱུར་བར་ཐལ། རྟགས་ལས་རྟོགས་དགོས་ཤིང༌། རྟགས་གཞན་མེད་པའི་ཕྱིར། ཕྱི་མ་མ་གྲུབ་སྟེ། བདག་ཡིད་ཕྲད་པའང་རྒྱུ་ཡིན་པའི་ཕྱིར་ཞེ་ན། འབྲས་བུ་དབང་ཤེས་ཆོས་ཅན། རྒྱུ་(༥༣བ)རྐྱེན་གསུམ་ཚོགས་པ་འདི་དག་ལས་གཞན་བདག་ཡིད་འབྲེལ་བ་ཅན་རྒྱུར་ཡོད་པ་མིན་ཏེ། དེས་ཕན་པའི་ནུས་པ་མཐོང་བ་མེད་པའི་ཕྱིར་རོ། །
གཉིས་པ་ལ་གཉིས། དབང་བློ་སྒྲུབ་པའི་རྟགས་མི་སྲིད། ཡིད་བློ་སྒྲུབ་པའི་རྟགས་མི་སྲིད་པའོ། །
དང་པོ་ལ་ལྔ། དབང་སོགས་རྟགས་མིན། དོན་གསལ་རྟགས་མིན། དོན་ཆོས་རྟགས་མིན། བློའི་ཆོས་རྟགས་མིན། འབྲས་རྟགས་མི་སྲིད་པའོ། །དང་པོ་ནི། རྟགས་བཞི་ཡོད་པ་དེ་ལ་དབང་པོ་དང་དེ་བཞིན་དུ་དོན་ཡང་ཆོས་ཅན། རང་རྒྱུད་ལ་དབང་བློ་སྒྲུབ་པའི་རྟགས་མིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། བློ་ཡིད་བྱེད་དེ་ཡང་ཆོས་ཅན། རང་རྒྱུད་ལ་བློ་སྒྲུབ་པའི་སྔར་མ་གྲུབ་པ་ཉིད་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་ཉིད་མིན་པར་ཐལ། དེའི་སྔར་མ་གྲུབ་པའི་ཕྱིར། གཉིས་པ་ནི། གལ་ཏེ་དོན་གསལ་རྟགས་ཡིན་པར་འདོད་ན། གསལ་བའི་བློ་དེ་ཉིད་ཆོས་ཅན། ཆོས་འདྲ། ཤེས་པ་མིན་ནམ་སྟེ་ཡིན་པའི་ཕྱིར། བློ་རྟགས་མིན་པའི་རིགས་པ་འདིས་ནི། བློས་གསལ་བར་གྱུར་པའི་དོན་རྟགས་ཡིན་པ་བསལ་ཏེ། གསལ་བ་བློ་ཉམས་སུ་མྱོང་བ་མིན་ན། བློ་དེ་ཡིས་གསལ་བར་འགྱུར་བ་མ་ངེས་པའི་ཕྱིར། གསུམ་པ་ནི། འོན་ཏེ་གསལ་བ་སྟེ་དོན་ཉིད་ཀྱི་ཁྱད་པར་འགའ་ཞིག་ཡིན་པར་འདོད་ན། ཕྱི་དོན་ཆོས་ཅན། ཁྱོད་ལ་སྔར་མི་གསལ་བ་ཕྱིས་གསལ་བའི་ཁྱད་པར་འགའ་ཡང་མེད་པར་ཐལ། སྐྱེ་བ་དང་ནི་འཇིག་པ་མེད་པའི་ཕྱིར། སྐྱེ་འཇིག་དེ་འདོད་ན་ཡང༌། ཆོས་ཅན། སྐད་ཅིག་གིས་འཇིག་པར་འགྱུར་བར་ཐལ། རང་འབྲས་ཤེས་པ་སོ་སོར་སྐྱེད་པའི་ཕྱིར། རྟགས་ཁས་བླངས། དོན་གྱི་ཁྱད་པར་དེ་ཡང་བློས་ཤེས་པའམ་ཤེས་པར་མ་གྱུར་པ་རྟགས་ཡིན། གལ་ཏེ་བློས་ཤེས་པ་རྟགས་ཡིན་ན། བློ་(༤༥ན)དེས་ཤེས་པ་ཞེས་བྱ་བ་དེ་ཚད་མ་གང་ལས་ཀྱང་མ་གྲུབ་པར་ཐལ། ཤེས་པར་ཚད་མས་ཡོངས་སུ་བཅད་པ་མེད་པའི་ཕྱིར། འདོད་ན། བློས་ཤེས་པར་གྱུར་པ་ཉིད་དུ་གྱུར་པའི་དོན་གསལ་བ་དེ་ནི་ཆོས་ཅན། རང་རྒྱུད་ལ་ཇི་ལྟར་བློ་གོ་བྱེད་ཡིན་ཏེ་མ་ཡིན་པར་ཐལ། ཚད་མས་བཅད་པ་མེད་པའི་ཕྱིར། བློས་མཐོང་བར་གྱུར་པ་མིན་པའི་མཐོང་བ་དོན་གྱི་ཁྱད་པར་དེ་རྟགས་ཡིན་ནོ་ཞེ་ན། གཞན་སྒྲ་མཐོང་བའི་ལོང་བ་ལའང་ཆོས་ཅན། རང་རྒྱུད་ལ་མིག་བློ་རྟོགས་པར་འགྱུར་བར་ཐལ། མིག་ཤེས་ཀྱིས་འགར་ཡང་མཐོང་བར་གྱུར་པ་མེད་པར། གཞན་ཉན་ཤེས་ཀྱིས་མཐོང་བར་གྱུར་པའི་ཁྱད་པར་དོན་གསལ་བ་དེ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བློ་རང་གི་ཆོས་ལ་ལྟོས་པ་མེད་པ་ཅན་གྱི་དོན་ཆོས་ཡན་གར་བ་ལས་ནི་བློ་ནི་རྗེས་སུ་དཔོག་པ་མ་ཡིན་པར་ཐལ། བློས་ཤེས་པའི་དོན་ཆོས་ཡན་གར་བ་རྟགས་སུ་བཀོད་ན། ཕྱོགས་ཆོས་མ་གྲུབ། བློས་མ་ཤེས་པའི་དོན་ཆོས་ཡན་གར་བ་རྟགས་སུ་བཀོད་ན། ཁྱབ་པ་འཁྲུལ་བ་དེའི་ཕྱིར། བཞི་པ་ནི། བློ་རང་གི་ཆོས་བདེ་བ་ལྟ་བུ་དེ་རྟགས་ཡིན་ནོ་ཞེ་ན། བློ་རང་གི་ཆོས་བདེ་བ་ལྟ་བུ་གང་ཡིན་པ་དེ་ཆོས་ཅན། མངོན་སུམ་གྱིས་གྲུབ་པར་ཐལ། རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་པར་ཐལ། རང་གི་བློ་ལས་གཞན་ཅི་ཡང་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། རྫས་ཐ་དད་ཡིན་ནོ་ཞེ་ན། རང་བློ་ལས་རྫས་ཐ་དད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་དང་རྒྱུ་མཚུངས་པ་ལས་སྐྱེས་པ་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་སྟེ། རྒྱུ་ཚོགས་གཞན་ལས་སྐྱེས་སོ་ཞེ་ན། དེ་ཡང་ཆོས་ཅན། བློ་དང་འབྲེལ་བ་འཁྲུལ་པ་ཅན་ཡིན་པར་ཐལ། རང་བློ་ལྐོག་གྱུར་གང་ཞིག །བློ་དང་རྒྱུ་ཚོགས་གཞན་ལས་(༥༤བ)སྐྱེས་པའི་ཕྱིར། ལྔ་པ་ནི། རང་རྒྱུད་ལ་དབང་བློ་སྒྲུབ་པའི་འབྲས་རྟགས་ཡོད་དོ་ཞེ་ན། དེ་ཡོད་པ་མ་ཡིན་པར་ཐལ། གཟུགས་སོགས་ཡུལ་ནི་ལྔ་པོ་དང༌། དབང་པོ་དང་ནི་དམིགས་པ་དག་མ་གཏོགས་པ་དབང་བློ་དེའི་འབྲས་བུ་གཞན་ཉེ་བར་མཚོན་པ་ཡོད་པ་མ་ཡིན་ཞིང༌། དེ་དག་གང་ཡང་དེ་སྒྲུབ་ཀྱི་འབྲས་རྟགས་མ་ཡིན་པའི་ཕྱིར་ཏེ། དེ་ལ་དབང་པོ་དང་བློ་གཉིས་ནི་དབང་པོ་སྟེ་མངོན་སུམ་གྱི་ཡུལ་ལས་འདས་ཤིང༌། དོན་ལྔ་དག་ལ་གཟུགས་མཐོང་དབང་ཤེས་ཕན་བྱེད་དུ་ཡོད་པ་ལས་གཞན་དུ་སྐྱེས་པ་སྲིད་པ་དང་བྲལ་བ་གང་ཡིན་པ་གཅིག་ཀྱང་རྟོགས་པ་མེད་པའི་ཕྱིར། དེ་ལྟར་དབང་སོགས་གང་ཡིན་པ་དེ་ཆོས་ཅན། རང་རྒྱུད་ལ་དབང་བློ་སྒྲུབ་པའི་རྟགས་སོ་ཞེས་བྱ་བ་བབ་ཆོལ་ཡིན་ཏེ། ཚད་མས་ཤེས་པ་མེད་པའི་ཕྱིར། ངག་སྨྲ་བརྗོད་ལ་སོགས་པའི་རྟགས་ཡོད་ན་ཡང༌། དེ་ཆོས་ཅན། ཇི་ལྟར་དབང་བློ་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དབང་བློ་དེ་དང་ནི་ལྷན་ཅིག་འབྲེལ་བ་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། རྟགས་དག་ནི་འབྲེལ་བ་མ་མཐོང་བའི་གསལ་བྱེད་མིན་པའི་ཕྱིར། རྟགས་དེ་ཉིད་ལས་སྔར་གཞན་རྒྱུད་ལ་བློ་དེ་ནི་གྲུབ་པ་ཉིད་དུ་བྱས་ནས་མཐུན་དཔེར་བརྗོད་ན་ནི། རང་རྒྱུད་ལ་བློ་སྒྲུབ་པའི་མཐུན་དཔེ་ཐུག་མེད་དུ་འགྱུར་བར་ཐལ། གཞན་གྱི་བློ་དེ་བསྒྲུབ་ཀྱི་མཐུན་དཔེ་གང་ཞིག །གཞན་རྒྱུད་ལ་བློ་སྒྲུབ་པ་དེ་ལ་ཡང་ནི། དཔེ་གཞན་ཞིག་གིས་བསྒྲུབ་བྱ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བློ་ལས་དོན་གྲུབ་ཀྱི། ཇི་ལྟར་ཡང་དོན་ལས་བློ་དེ་གྲུབ་པ་མིན་པར་ཐལ། བློ་དེ་མ་གྲུབ་པར་དོན་རང་ཉིད་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །ངག་སྨྲ་བརྗོད་དང་གཡོ་འགུལ་སོགས་ཆོས་ཅན། མངོན་སུམ་གྱིས་བློ་གྲུབ་པ་དང་དེ་ལས་ནི་ཁྱོད་སྐྱེ་བར་མཐོང་ནས། གཞན་རྒྱུད་ལ་སེམས་རྗེས་སུ་དཔག་པར་མི་འགྱུར་ཏེ། བདག་རྒྱུད་ལ་(༥༥ན)བློ་དང་འབྲེལ་བ་མཐོང་བ་མེད་པའི་ཕྱིར།
གཉིས་པ་ཡིད་བློ་སྒྲུབ་པའི་རྟགས་མི་སྲིད་པ་ནི། ཡིད་ཀྱི་བློ་རྟོག་པ་ཆོས་ཅན། ཁྱོད་གཟུང་དོན་གྱི་རྟགས་ལས་རབ་ཏུ་གྲུབ་པ་ཡོད་པ་མིན་པར་ཐལ། ཁྱོད་ལ་གཟུང་དོན་མ་གྲུབ་པའི་ཕྱིར།
གསུམ་པ་ནི། ཁྱོད་ཀྱི་བློ་སྔ་མ་ནི་བློ་ཕྱི་མ་གཞན་གྱིས་ཇི་ལྟར་རབ་ཏུ་གསལ་བར་འགྱུར་དྲིས་པས། བློ་ཕྱི་མ་ཆོས་ཅན། བློ་སྔ་མ་གསལ་བ་ཡིན་ཏེ། དེ་དང་སྐྱེས་འདྲ་བ་ཡིན་པའི་ཕྱིར་ཞེ་ན། ཆོས་ཅན། བློ་སྔ་མ་དང་གསལ་བྱ་གསལ་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་དང་གསལ་བ་མིན་པའི་བདག་ཉིད་དུ་མཚུངས་པའི་ཕྱིར། ཡུལ་སྔོན་པོ་ནི་ཆོས་ཅན། ཇི་ལྟར་གསལ་བ་ཡིན་ཏེ་མ་ཡིན་པར་ཐལ། རང་གི་གསལ་བའི་ཕྱིར་ཞེ་ན། ཆོས་ཅན། གསལ་ཞེས་བརྗོད་དུ་རུང་སྟེ། གསལ་བ་དབང་ཤེས་ལ་རྣམ་པའི་ངོ་བོ་འཕོ་བའི་ཕྱིར་རོ། །གསལ་བ་དབང་ཤེས་དེའང་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། སྔོན་པོའི་རྣམ་པ་ཤར་བ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ལྟར་བློ་ཕྱི་མ་ལ་བློ་སྔ་མའི་རྣམ་པ་ཤར་བར་འདོད་ན། བློ་ཕྱི་མ་ནི་ཆོས་ཅན། རང་ཉིད་རིག་པར་གྲུབ་སྟེ། བློ་སྔ་མའི་རྣམ་པ་སྣང་བའི་ཕྱིར། རང་གསལ་བ་དེ་ལྟ་མིན་ན། བློ་དེ་ཆོས་ཅན། བློ་སྔ་མ་གསལ་བ་མ་ཡིན་པར་ཐལ། ཡུལ་ཡང་ནི་ཁྱོད་དང་ལྷན་ཅིག་མི་གསལ་བར་ཆོས་མཚུངས་པ་ཉིད་ཡིན་པའི་ཕྱིར། ངེད་ཀྱི་ལུགས་ལ་བློ་དེ་ཆོས་ཅན། བློ་གཞན་གྱིས་གསལ་མི་དགོས་ཏེ། རང་ཉིད་གསལ་བའི་ངོ་བོས་རབ་ཏུ་གསལ་ཞིང༌། ཡུལ་གཞན་དེར་རྣམ་པའི་ངོ་བོ་འཕོ་བ་ཡིས་གསལ་བ་ན་ནི་རབ་ཏུ་གསལ་བ་ཉིད་ཡིན་པའི་ཕྱིར། བློ་སྔ་ཕྱི་འདྲ་བ་ཡིན་ཡང༌། བློ་སྔ་མ་གཞན་ཆོས་ཅན། བློ་ཕྱི་མ་དེ་ཡིས་ནི་རབ་ཏུ་གསལ་བར་མི་འདོད་དེ། རང་(༥༥བ)ཉིད་རབ་ཏུ་གསལ་བ་ཡིན་པའི་ཕྱིར། དཔེར་ན། སྒྲོན་མེ་གཉིས་བཞིན་ནོ། །དོན་གསལ་བ་ཡིན་ཏེ། དོན་དེའི་རྣམ་པའི་ངོ་བོ་ཤར་བས་རབ་ཏུ་གསལ་བ་ཡིན་པའི་ཕྱིར། བློ་སྔ་ཕྱི་གཉིས་ཆོས་ཅན། གང་རུང་གཅིག་མི་གསལ་བར་ཐལ། གསལ་བྱ་གསལ་བྱེད་ཡིན་པའི་ཕྱིར། དཔེར་ན། མར་མེ་གསལ་བྱེད་དང་བུམ་པ་དག་ཀྱང་གསལ་བྱ་ཡིན་པ་དེར་བརྟེན་ནས། གསལ་བྱ་གསལ་བྱེད་ཀྱི་ངོ་བོའི་ཐ་སྙད་རབ་ཏུ་རྒྱས་པར་བྱེད་པ་བཞིན། ཤེས་བྱ་ཆོས་ཅན། གང་ལས་དྲན་པ་སྐྱེ་བ་འདིར་འགྱུར་བ་ཡུལ་མཐོང་བའི་དུས་ན། གཞན་དོན་སྣང་གི་ཤེས་པ་དེ་ཡང་མཐོང་བ་ཡོད་པར་གདོན་མི་ཟ་སྟེ། ཡུལ་དང་དབང་པོ་ཙམ་གྱིས་ནི་དོན་མཐོང་ཞེས་བྱ་བར་ངེས་པ་མིན་པའི་ཕྱིར།
དྲན་པ་ལས་རང་རིག་སྒྲུབ་ཚུལ་བཤད་པ།
བཞི་པ་དྲན་པ་ལས་ཀྱང་རང་རིག་སྒྲུབ་པ་ལ་གཉིས། དངོས་དང༌། རྩོད་པ་སྤང་བའོ། །
དང་པོ་ནི། དྲན་པ་ལས་ཚུལ་གཉིས་གྲུབ་པར་མ་ཟད། བདག་རིག་ཀྱང་གྲུབ་བོ། །ཇི་ལྟར་ན། དོན་སྣང་གི་ཤེས་པ་ཆོས་ཅན། མྱོང་བྱེད་ཡོད་དེ། དྲན་པ་ཡོད་པའི་ཕྱིར། གཟུགས་བཞིན་ཞེས་པའི་རྟགས་ལས་གྲུབ་བོ། །
གཉིས་པ་ལ། རྩོད་ལན་གཉིས། དང་པོ་ནི། དོན་སྣང་གི་ཤེས་པ་དེ་ཤེས་པ་གཞན་གྱིས་རིག་པས་མྱོང་བྱེད་ཡོད་པར་གྲུབ་ཟིན་སྒྲུབ་པ་ཡིན་ནོ་ཞེ་ན་ནི། གཉིས་པ་ལ་གཉིས། རིང་སོགས་འཛིན་པ་མེད་པར་ཐལ། ཤེས་པ་ཡུལ་ལ་འཕོ་བ་མེད་པར་ཐལ་བའོ། །དང་པོ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། ཡི་གེ་རིང་པོ་སོགས་ཉན་ཤེས་ཀྱིས་འཛིན་པར་མི་འགྱུར་ཏེ། ཉན་ཤེས་རེ་རེས་མི་འཛིན་པ་གང་ཞིག །དུ་མས་ཀྱང་མི་འཛིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉན་ཤེས་རེ་རེ་བ་ཡུན་རིང་པོར་གནས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཉན་ཤེས་གཅིག་གིས་འཛིན་པ་དགག །དུ་མས་འཛིན་པ་དགག་པའོ། །
དང་པོ་ནི། རྟགས་(༥༦ན)མ་གྲུབ་སྟེ། གནས་སོ་ཞེ་ན། ཡི་གེ་རིང་པོའི་ཆ་དང་པོ་ཐོས་པའི་བློ་ཆོས་ཅན། ཁྱོད་ལ་ཡི་གེ་རིང་པོའི་ཆ་ཅིག་ཅར་སྣང་བར་ཐལ། དེ་སྣང་བ་གང་ཞིག །གོ་རིམ་མེད་པའི་ཕྱིར། ཆོས་ཅན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། གོ་རིམ་མེད་པའི་ཕྱིར། རིམ་པ་དང་ལྡན་པའི་ཡི་གེ་རིང་པོའི་ཆ་ཆོས་ཅན། ཇི་ལྟར་ན་གོ་རིམ་མེད་པའི་ཉན་ཤེས་སྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། སྔ་ཕྱི་ཕན་ཚུན་འདྲེ་བ་མེད་པའི་དུ་མ་ཡིན་པའི་ཕྱིར། ཆ་སྔ་མ་མཐའི་བར་དུ་གནས་ནས་ཉན་ཤེས་སྐྱེད་དོ་ཞེ་ན། ཆོས་ཅན། འོག་ཏུ་སྒྲ་ནི་འཕེལ་བར་འགྱུར་བར་ཐལ་ལོ། །ཡི་གེ་རིང་པོའི་ཆ་ཐ་མར་ནི་ཐོས་པའི་བློ་ཡང་ཆོས་ཅན། ཡི་གེའི་ཆ་རིམ་ལྡན་དུ་འཛིན་པ་མེད་པར་འགྱུར་བར་ཐལ། ཡི་གེའི་ཆ་རྣམས་རིམ་མིན་ཅིག་ཅར་དུ་འཛིན་པའི་ཕྱིར། ཡི་གེ་རིང་པོའི་ཆ་དང་པོ་ཐོས་པའི་བློ་ནི་ཆོས་ཅན། ཡི་གེའི་ཆ་དང་པོ་ཐོས་པ་དེའི་འོག་ཏུ་རང་ཉིད་གནས་པ་མ་ཡིན་པར་ཐལ། དེའི་འོག་ཏུ་ཁྱོད་ཀྱི་ཡུལ་ནི་གནས་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། གལ་ཏེ་རང་ཉིད་གནས་ན། དེ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། སྔར་མི་འཇིག་པ་གང་ཞིག །སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། ཡི་གེ་རིམ་མེད་ཅིག་ཅར་སྐྱེས་ནས་ཡུན་རིང་པོར་གནས་པ་ལ་ཡང༌། ཡི་གེ་རིང་པོ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། སྔར་མི་འཇིག་པ་གང་ཞིག །སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། ཞེས་པའི་སྐྱོན་འདི་ཡོད་དོ། །ཆོས་ཅན། ཁྱོད་སྐྱེས་པའི་རྩོལ་བ་ཕྱི་མ་ཕྱི་མའང་དོན་མེད་དུ་འགྱུར་བར་ཐལ། ལན་ཅིག་བརྩལ་བས་རྫོགས་པར་སྐྱེས་པའི་ཕྱིར། ཡི་གེ་རྣམས་ནི་གྲུབ་ཟིན་རྐྱེན་གྱིས་གསལ་བར་འདོད་པ་ལའང༌། ཆོས་ཅན། གསལ་བྱེད་ཕྱི་མ་དོན་མེད་པར་ཐལ། རྩོལ་བ་དང་པོས་(༥༦བ)གསལ་ཟིན་པའི་ཕྱིར། ཞེས་པའི་སྐྱོན་འདི་རྗེས་སུ་གནས་པ་ཉིད་དོ། །
གཉིས་པ་དུ་མས་འཛིན་པ་དགག་པ་ལ་གཉིས། ཐལ་བ་དགོད། སྐྱོན་སྤང་དགག་པའོ། །དང་པོ་ནི། ཉན་ཤེས་དུ་མ་ཡིས་ནི་ཡི་གེ་རིང་པོ་དེ་འཛིན་ལ། ཉན་ཤེས་དེ་རྗེས་ཀྱི་ཤེས་པས་མྱོང་ངོ་ཞེ་ན། ཤེས་བྱ་ཆོས་ཅན། ཡི་གེ་རིང་པོ་འཛིན་པའི་བློ་མྱོང་བྱེད་མེད་པར་ཐལ། རྗེས་ཀྱི་ཤེས་པས་ཡི་གེ་རིང་པོའི་ཆ་ཐ་མ་ཐོས་པའི་བློ་གང་ཡིན་པ་དེ་ཁོ་ན་མྱོང་ལ། དེ་ཡང་ཡི་གེ་རིང་པོ་འཛིན་པ་མིན་པ་དེས་ནའོ། །འདོད་ན། དེ་དྲན་པར་མི་འགྱུར་བར་ཐལ་ལོ། །
གཉིས་པ་ལ་གཉིས། བློ་མྱོང་རིམ་གྱིས་སྐྱེ་བ་དགག །བློ་མྱོང་ཅིག་ཅར་སྐྱེ་བ་དགག་པའོ། །
དང་པོ་ལ་གཉིས། བློ་མྱོང་སྤེལ་ནས་སྐྱེ་བ་དགག །བརྟགས་ལ་དགག་པའོ། །
དང་པོ་ནི། ཡི་གེ་རིང་པོ་འཛིན་པའི་བློ་རྣམས། སོ་སོ་ཐ་དད་དུ་སེལ་ནས་མྱོས་བས་སྐྱོན་མེད་ན། ཡི་གེ་རིང་པོ་དེའི་སྒྲ་ཐོས་པའི་ཉན་ཤེས་ནི་ཆོས་ཅན། ཡུལ་བར་ཆོད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། ཁྱོད་སྔ་ཕྱིའི་བར་དུ་མྱོང་བྱེད་རྫས་གཞན་གྱིས་བར་ཆོད་པའི་ཕྱིར། ཆོས་ཅན། འཇུག་པ་མྱུར་བས་བར་མ་ཆད་དུ་སྦྱོར་བར་བྱེད་པའང་མ་ཡིན་པར་ཐལ། དེ་སྔར་བསལ་བ་ཡིན་པའི་ཕྱིར། གལ་ཏེ་བར་ཆད་པ་མཐོང་ན་ཡང་བར་རྣམ་པར་ཆད་པ་མེད་པར་འགྱུར་རོ་ཞེ་ན། ཡི་གེ་ཐུང་ངུ་གཉིས་ནི་རྗོད་ན་ཡང་བར་རྣམ་པར་ཆད་པ་མེད་པར་འཁྲུལ་བར་འགྱུར་བར་ཐལ་ལོ། །
གཉིས་པ་ལ་གཉིས། དབང་ཤེས་ཀྱིས་སྦྱོར་བ་དགག །རྟོག་པས་སྦྱོར་བ་དགག་པའོ། །དང་པོ་ནི། གལ་ཏེ་བར་མ་ཆད་དུ་སྦྱོར་ན། དབང་ཤེས་ཀྱིས་སྦྱོར་རམ། རྟོག་པས་སྦྱོར། དང་པོ་ལྟར་ན། ཤེས་བྱ་ཆོས་ཅན། དབང་པོའི་ཤེས་པས་བར་རྣམ་པར་བཅད་པར་མཐོང་ན་ཡང༌། དབང་པོའི་ཤེས་པ་ལས་བར་ཆད་པ་མེད་པར་སྒྲོ་འདོགས་པ་མི་རུང་བར་(༥༧ན)ཐལ། དེ་ལྟ་ན་དབང་པོའི་བློ་རྣམས་ཀུན་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར་རོ། །ཡི་གེ་རིང་པོ་རིམ་གྱིས་རྟགས་པར་འགྱུར་ཏེ། ཡི་གེ་དང་དེ་ཐོས་པའི་བློ་ཡང་སྐད་ཅིག་དུ་མ་ཡིན་པ་དེའི་ཕྱིར་ཏེ། ཡི་གེའི་བདག་ཉིད་ཀུན་གྱི་ཐུང་མཐའ་ཡང༌། མིག་འཛུམ་པའི་ཡུན་ཚད་དུ་གནས་པ་ཡིན་ལ། དེ་ཡང་རིམ་གྱིས་རྡུལ་ཕྲན་ནི་དུ་མ་དག་དང་འབྲེལ་བའི་ཡུན་གྱིས་རྫོགས་དགོས་པའི་ཕྱིར། ཁྱབ་སྟེ། རྡ