སྐྱིའི་ཤོ་མ་ར་ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས་སམ།

སྐྱིའི་ཤོ་མ་ར་ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས་སམ།
སྐྱིའི་ཤོ་མ་ར་ཞེས་པ་དེ་ས་ཆ་གང་ལ་ངོས་འཛིན་དགོས་སམ།
རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ།
དེ་ཡང་རང་རེའི་གནའ་བོའི་གཏམ་ལ། མི་ཆོས་ལ་གོམས་གལ་ཆེ། །ལོ་རྒྱུས་ལ་ཞིབ་གལ་ཆེ། །ཞེས་པའི་གདམས་པ་ཟབ་མོ་བཞག་ཡོད་པ་ནི། ལོ་རྒྱུས་ལ་ཞིབ་ཆ་མེད་ན་ཆབ་ཆོབ་དང་འར་འུར། ཧྲལ་ཧྲོལ་མ་གཏོགས་སྤུས་ཚད་ཡིད་རྟོན་འཕེར་བ་ཅིག་འབྱུང་མི་ཐུབ་པའི་དབང་གིས་ཡིན་པར་སྣང་།

འདིར་ཡིག་རྙིང་དུ་འཁོད་པའི་སྐྱི་ཤོ་མ་རའམ། སྐྱིའི་ཤོ་མ་ར་ཞེས་པ་དེ་ཉིད་ད་ལྟའི་ས་མིང་ཁོངས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ཞིག་མེད་པས། ཇི་ལྟར་གནས་འགྱུར་བྱུང་ཚུལ་ཅུང་ཟད་དཔྱད་པའི་འབྲས་བུ་ཡིག་གེར་འགོད་པར་འདོད་དོ།།
དེང་དུས་མཁས་པ་ཚོས་ཏུན་ཧོང་ཡིག་ཚངས་སོགས་ལ་འགྲེལ་བཤད་གནང་སྐབས། མཁས་པ་རྣམ་པས་ཤོ་མ་ར་དང་སྐྱི་ཤོ་མ་ར་གང་བྱུང་ཡང་། དབུ་རུ་སྟོད་ཀྱི་ཆ། ཀླུང་ཤོད་ཀྱི་ཕུ། སྟག་ལུང་དང་རྭ་སྒྲེང་བར་གྱི་དབུ་རུ་ལུང་དུ་ཡོད་པའི་ཤོ་མ་ར་ཞེས་པའི་ས་ཆ་དེ་ཉིད་ལ་ངོས་འཛིན་གཅིག་གྱུར་གནང་འདུག དེ་ནི་བཀའ་གདམས་པའི་དགེ་བཤེས་ཞང་ཤོ་མ་ར་པའི་གདན་ས་ཡིན་པས། ཤོ་མ་ར་ཞེས་གྲགས་ལ། ཆོས་རྗེ་སྟག་ལུང་ཐང་པ་བསྙེན་པར་རྫོགས་པའི་གནས་ཀྱང་ཡིན་པས་གྲགས་ཆེ། འོན་ཏེ་ཞང་ཤོ་མ་ར་ས་ཆ་དེར་བཞུགས་པས་ཁོང་གི་མཚན་ས་ཆ་དེར་ཐོགས་པ་ཡིན་ནམ། ས་ཆ་དེར་ཁོང་བཞུགས་པས་ས་མིང་ཁོང་ལ་ཚུར་ཐོགས་པ་ཡིན་ནམ་ད་དུང་དཔྱད་དགོས་པར་སེམས།
ཏུན་ཧོང་ངམ་ཏུང་གོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ངོས་༢༦ལ་གཟིགས་ན། སྦྲུལ་གྱི་ལོ་ལ། ་་་་བློན་ཆེན་པོ་ཅུང་བཟང་གྱྀས། དགུན་འདུན་སྐྱྀ་ཤོ་མ་རར་བསྡུསྟེ། ཞེས་དང་། ལུགྀ་ལོ་ལ།  ་་་་དགུན་འདུན་སྐྱྀ་ཤོ་མ་རར་བློན་ཆེན་པོ་ཆུང་བཟང་གྱྀས་བསྡུསྟེ། ཞེས་དང་། སྤྲེའྀ་ལོ་ལ།་་དགུན་འདུན་སྐྱྀ་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དང་། བློན་སྐྱེས་གཉྀས་གྱྀས་བསྡུསྟེ། ཞེས་སོགས་ལན་འགའ་ཤས་འཁོད་འདུག་གོ།
དེ་ལས་སྐྱི་ཡི་ཡུལ་གྲུའི་ནང་ཚན་ཤོ་མ་ར་ཡིན་པ་ནི་ཤིན་ཏུ་གསལ་བས། ཐོག་མར་སྐྱི་ཡི་ཡུལ་དེ་ཉིད་གནའ་དུས་གང་ལ་ངོས་འཛིན་ནམ་ཞེ་ན། ཡ་ཐོག་རྒྱལ་ཕྲན་ལས་ཡུལ་སྐྱི་རོ་ལྗང་སྔོན་ཞེས་པ་དེའི་ས་ཁོངས་ལ་གོ་དགོས་པ་ཡིན་ལ། དེའི་ཤར་རྒྱུད་ལ་ཡུལ་ངས་པོ་ཁྲ་གསུམ་དང་། ཡུལ་ཀླུམ་རོའི་ཡ་སུམ་ཞེས་པའི་རྒྱལ་ཕྲན་ཡོད་ཅིང་། ངས་པོ་ཁྲ་གསུམ་ནི་ད་ལྟའི་འཕན་པོའི་ཡུལ་སོགས་དང་། ཀླུམ་རོ་ཡ་སུམ་ནི་དབུར་སྟོད་ཀླུང་ཤོད་སོགས་ཡིན་པས། དེ་དག་གི་ཐོག་ནས་འཕན་པོ་མན་ཆད་ལ་སྐྱི་ཡི་ཡུལ་གྲུ་ཡིན་པར་གསལ་ཡོད་དོ།།
དེའི་ཚུལ་དཔང་པོ་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ངོས་༥༨ལས། པུ་ནས་ནྀ་ཁུས་འདེབས་པའ།།ལྡོང་ཐོང་ནྀ་འཕན་གྱིས་ཐོབ།།མདའ་ནས་ནྀ་གཡབ་འདོར་བ།།སྐྱི་འྀ་ནྀ་ཤ་དང་སྤུག།དབུས་ནས་ནྀ་དཔོར་འཕེན་བ།།ཡར་ཀྱྀ་ནི་ལྷོ་དང་རྔེགས།།ཞེས་གསལ་ཡོད་ལ། དེ་ནི་བཙན་པོས་ཡུལ་ངས་པོར་དམག་དྲངས་དུས། ཕུ་འམ་སྟོད་ཀླུམ་གྱི་ས་ཁོངས་ནས་ལྡོང་དང་ཏོང་གི་དམག་དྲངས་པ་དང་། མདའ་འམ་སྨད་ནས་སྐྱྀ་ཡི་ས་ཁོངས་ཤ་དང་སྤུག་གིས་དམག་དྲངས་འོང་བ་དང་། བར་དེར་ཡར་ལུང་གི་དམག་ནི་ལྷོ་དང་གཉགས་གྱིས་དྲངས་ཏེ། ཕྱོགས་གསུམ་ནས་ཕར་རྒོལ་བྱས་ཚུལ་བཤད་འདུག་པས། སྐྱི་ནི་འཕན་ཡུལ་མདའ་མན་ཆད་ཡིན་པར་གསལ་བར་བསྟན་ཡོད་པ་འདིའོ།།
འབྲི་གུང་ཆོས་རྗེའི་དངོས་སློབ་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་འབྲི་གུང་འཇིག་རྟེན་མགོན་པོའི་རྣམ་ཐར་རྡོ་རྗེ་འབར་བར་གཟིགས་ན། འཕན་ཡུལ་ནས་ལྷ་སར་ཕེབས་པ་ལ་འཕན་ཡུལ་གྱི་མདའ་ནས་སྐྱི་ཤོད་དུ་བྱོན་ཞེས་ཡང་ཡང་ཐོན་གྱི་ཡོད་པས། སྐབས་དེ་དུས་ཀྱི་ཡུལ་ལུང་གི་མིང་ཇི་ལྟར་བརྗོད་མིན་ལའང་དོ་སྣང་བྱ་དགོས་པར་སྣང་ལ། གཞན་ཡང་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་པོད་གསུམ་པའི་དེབ་ངོས་༧༡ལས། སྐྱིད་ཤོད་ཀྱི་རི་བྱ་འདྲ་བ་རི་བོ་དགའ་ལྡན་གྱི་རྒྱབ་རིར་ཐུགས་རྗེ་ཆེན་པོའི་སྐུ། དབུར་སྟོད་དུ་རི་སོག་པོ་ཁྲོས་པ་འདྲ་བ་ཕག་མོ་འབྲོག་གི་ཁྲུས་རིར་བྱང་ཆུབ་མཆོད་རྟེན་རྣམས་བཞེངས། ཞེས་འཁོད་འདུག་པས། ད་ལྟའི་སྟག་རྩེ་རྫོང་ཁོངས་ལོ་མདའ། ཕག་མོ་རྩེ་དེ་ཉིད་ལ་སྐྱིད་ཤོད་ཅེས་མ་སྨོས་པར་དབུར་སྟོད་ཅེས་བཀོད་པས་ཀྱང་ཤེས་ཐུབ་པར་སྣང་ལ། ལ་ལས་གནའ་བོའི་ཡིག་ཚངས་ལ་མ་བསྟུན་པར་སྐྱི་སྟོད་ཞྭ་ལྷ་ཁང་ཞེས་བཀོད་པ་ལ་ཁུངས་ཡང་དག་པ་ཡོད་ན། ཞྭ་ལྷ་ཁང་དང་ཉེ་བར་སྐྱིད་བྲག་དཀར་དང་མང་ར་དགོན་པ་ཡོད་པས་སྐྱི་དང་མང་ར་ནི་མ་ར་ཟུར་ཆག་པར་འདོད་ན་རུང་བར་སྣང་སྟེ། ད་དུང་ཤེས་བྱེད་ཡང་དག་བཙལ་བར་བྱ་བར་ཁོ་ན་ཉིད་དོ།།
གཞན་ཡང་རྦ་བཞེད་ཞབས་བཏགས་མ་ཞེས་པ ལས། ཆོས་ལ་ལ་རྒྱ་ནག་པོའི་སྐད་དུ་སྨྲ། ཆོས་ལ་ལ་རྒྱ་དཀར་པོའི་སྐད་དུ་སྨྲ། ཆོས་ལ་ལས་བལ་པོ་ཨུ་རྒྱན་གྱི་སྐད་དུ་སྨྲ་བས། མེས་ཀྱི་ལྷ། དམ་པའི་ཆོས་ལུགས་དང་། ཆོས་སྐད་སྣ་ཚོགས་སུ་བྱུང་བ་འདི་མ་ལེགས་ཏེ། སངས་རྒྱས་རྒྱ་དཀར་པོར་བྱོན་ནས་ཆོས་དང་པོ་རྒྱ་དཀར་པོར་གསུངས་པ་ཡིན་པས། ང་ཡང་ཆོས་ཐམས་ཅད་རྒྱ་དཀར་པོའི་ལུགས་སུ་མགྲིན་ཅིག་བྱེད་ཅེས་བཀའ་སྩལ་ནས། བོད་ཕྲུག་བློ་རྣོ་བ་བཅུ་དྲུག་གསེར་བསྐུར་ནས་ལོ་ཙྪ་་སློབ་དུ་བཏང་སྟེ། ལ་ལས་སྒྲ་མ་ཤེས། ལ་ལ་ཚད་པས་གུམ། ལ་ལ་ཐ་ཏྲེ་རྣམ་༣ལ་རྡུགས། དཀའ་བ་དཔལ་བརྩེགས་དང་། སྣ་ནམ་ཡེ་ཤེས་སྡེ་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་༣གྱིས་ལོ་ཙྪ་སྒྲ་མཁས་པ་བསླབས་ནས། པཎ་ཊི་ཏ་འཛི་ན་མི་ཏྲ་དང་། ཤི་ལེན་ཏྲ་བོ་དྷི་དང་། ད་ན་ཤི་ལ་དང་༣སྤྱན་དྲངས་ཏེ། སྒྲ་བསྒྱུར་རྒྱ་གར་གླིང་དུ་རྐྱེན་བླ་ནས་སྦྱར་ནས། མྱེས་ཀྱི་ལྷ་ཁང་ན་བཞུགས་པ་དང་། བོད་ཀྱི་ཡུལ་ན་ཡོད་པའི་གསུང་རབ་ཀྱི་མ་ལུས་པ་སྤྱན་དྲངས་ནས་སྒྲ་བསྒྱུར་ནས། སྒྲ་ཐམས་ཅད་རྒྱ་དཀར་པོའི་འགྱུར་དུ་བཅོས། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས། ཀྱི་ཤོད་ཤོ་མ་རར་གཏན་ལ་ཕབ། ཅེས་འཁོད་ཡོད་པ་དང་། དབའ་བཞེད་མཉམ་དུ་ཡོད་པ་དེར། སྐྱིད་ཤོད་ཤོང་མ་ར་ཞེས་ཅུང་མ་འདྲ་བ་བྲིས་འདུག་པ་དང་།་མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས། ཁོད་དྲུག་ནི། བོད་ཀྱི་ཁོད་ཀྱི་ཤོད་ཤོ་མ་རར་བྱས། ཁོད་ཤོམ་མཁན་མགར་སྟོང་བཙན་གྱིས་བྱས་ཏེ། ཞེས་གསལ་བ་དང་།  རྒྱལ་རབས་གསལ་མེར། བོད་ཁྲིམས་ཉི་ཤུ། སྐྱི་ཤོད། ཤོ་མ་ར་རུ་གཏན་ལ་ཕབ་སྟེ། ཞེས་དང་། ཆོས་བྱུང་མཁས་དགའ་ལས་ཀྱང་། སྐྱི་ཤོད་ཤོ་མ་ར། ཞེས་ཀྱང་གསལ་བས། སྐྱིད་ཤོད་དུ་ཡོད་པར་གསལ་པོར་བསྟན་པ་མ་ཡིན་ནམ།
འོ་ན་སྐྱིའི་ཤོ་མ་ར་དེ་ས་ཆ་གང་དུ་ངོས་བཟུང་དགོས་སམ་ཞེ་ན། འདི་ནི་ད་ལྟའི་ས་མིང་ཁྲོད་རྙེད་ཐབས་བྲལ་བ་དང་། ལོ་རྒྱུས་ཡིག་ཆ་ཕལ་མོ་ཆེའི་ནང་དུ་ཡང་གསལ་པོ་མེད་པས། ལོ་རྒྱུས་སྨྲ་བ་ཀུན་གྱིས་གོང་ཞུས་དབུ་རུ་ལུང་གི་ཤོ་མ་ར་ཞེས་པ་ཁོ་ན་ལ་ངོས་འཛིན་པའི་སྣང་ཚུལ་འདི་ཡིས་ལས་སླ་པོ་ཅིག་མེད་པར་མཚོན་ནུས་པ་ཡིན་ནོ།།དེས་ན་ཐོག་མར་ཡིག་རྙིང་ན་ཀྱི་དང་སྐྱི་ཞེས་པ་དེ་ཉིད་ལ་རིམ་པས་འགྱུར་བ་ཐེབས་ཚུལ་ལ་བསམ་གཞིགས་གནང་ན། སྐྱི་ཆུ་སོགས་ལས་རིམ་པས་སྐྱི་ཤོད་དུ་གྱུར་པ་དང་། དེ་རྗེས་སྐྱིད་དུ་གྱུར་པའི་དུས་རབས་དང་། སྐྱི་ཤོ་མ་ར་ཡི་ཐ་སྙད་ནུབ་པའམ་གནས་འགྱུར་ཇི་ལྟར་བྱུང་མིན་ཐད་ལ་དགོངས་པ་བཞེས་ཐུབ་ན། ལོ་རྒྱུས་ལ་ཞིབ་ཆ་ཐོན་ངེས་རེད།
དེ་ཡང་ཁོ་བོའི་དཔྱད་དོན་ལ་ཐོག་མར་སྐྱི་ཤོ་མ་ར་ཡི་ཐ་སྙད་ལ་ཀློག་ཚུལ་གནས་འགྱུར་བྱུང་སྟེ། སྐྱི་ཤོ་མཉམ་དུ་དང་མ་ར་ཞེས་ཀློག་པར་གྱུར་པས། སྐྱི་ཤོ་ལས་རིམ་པས་སྐྱི་ཤོད་ཀྱི་སྒྲ་ཐོན་པར་གྱུར་ཅིང་རིམ་པས་སྐྱིད་ཤོད་དུ་འཕེལ་འགྱུར་བྱུང་བར་མངོན་ཡོད། སྐྱིད་ཤོད་ནི་ཕྱི་དར་རྗེས་སུ་བྱུང་བའི་ཐ་སྙད་ཡིན་པ་དང་དེའི་རྒྱབ་ལྗོངས་ནི་འདི་ཉིད་ལས་གཞན་ནི་མ་ཡིན་ནོ།།མ་ར་ཞེས་པ་དེ་ཉིད་རིམ་པས་མ་རུར་ཞེས་པར་གནས་འགྱུར་བྱུང་བ་དང་། དེ་ཉིད་བཙན་པོའི་དུས་ཀྱི་དགུན་གྱི་འདུན་མ་བསྡུ་ས་སྟེ། ལས་དོན་ཕྱོགས་བསྡོམས་ཀྱི་ཚོགས་རའི་གནས་གཞི་ཡིན་པས་ན། ཕྱིས་སུ་དེ་ཉིད་བཙན་པོའི་ཕོ་བྲང་དུ་ངོས་བཟུང་ནས། ཕོ་བྲང་མ་རུ་ཞེས་པའི་ཤོད་སྲོལ་དེ་རིགས་ཐོན་ཡོད་པ་ཡིན་སྟེ། བུ་སྟོན་ཆོས་འབྱུང་ལས། ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་བསླབ་ཏུ་བཏང་བས་པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས། ཞེས་བཀོད་ཡོད་པས་མཚོན་པའི་ཕྱིར་རོ།།
གལ་ཏེ་མ་རུ་འདི་ཉིད་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་མཁར་དངོས་ཡིན་ན། ཏུན་ཧོང་ཡིག་ཚངས་སོགས་སུ་བཙན་པོ་ཕྱི་མ་དག་གིས་བཞུགས་ཚུལ་ཅི་རིགས་པ་འཁོད་འོས་པ་ལ་གཏན་ནས་མ་གྲགས་པས་ཀྱང་དོགས་གཞི་ཡོད་པ་དང་། མ་རུ་ཞེས་ནི་ཕྱི་དར་གྱི་རྗེས་སུ་ཐོན་པ་ཅིག་ཡིན་པས། བཀའ་ཆེམས་ཀ་ཁོལ་མ་དང་། དེ་རྒྱས་བཤད་ལྟ་བུའི་མ་ཎི་བཀའ་འབུམ་དང་ལྡེའུ་ཆོས་འབྱུང་རྒྱས་བསྡུས་སོགས་སུ་ཡང་མ་གྲགས་པའི་ཕྱིར་རོ།།
གང་ལྟར་ཕྱིས་སུ་ཡང་མ་རུ་ཞེས་པ་དེ་ཉིད་ཀྱང་རིམ་པས་མི་མངོན་པར་གྱུར་པས་ན། ཕ་བོང་ཁ་ནི་སྐུ་མཁར་མ་རུ་ཡིན་ཞེས་གསལ་བཤད་བྱ་དགོས་པ་ཆགས་ཡོད། ད་ལྟའི་ཕ་བོང་ཁ་དང་ཉེ་བར་ཆུ་བཟང་ཞེས་པའང་འདུན་མ་བསྡུ་བའི་བློན་ཆེན་ཅུང་བཟང་གི་མིང་དང་འབྲེལ་བ་ཡོད་སྲིད་པ་ཞིག་གོ།
ནེའུ་ཆོས་འབྱུང་དུ། དབུ་རུ་སྟོང་སྡེ་བཅུ་གཉིས་ཡོད་དེ། དོར་ཏེ་ཆུགས་འཚམས་གཉིས། འབྲིང་འཚམས་གཉིས། ་་་སྐྱི་སྟོད་སྐྱི་སྨད་གཉིས། ཕོད་དཀར། ཞེས་སོགས་གསལ་བ་ལ་བརྟགས་ན། སྐྱི་སྟོད་སྨད་ཡང་ལྷ་ས་ནས་ཆུ་ཤུར་ནུབ་བར་ལ་གོ་དགོས་པར་མངོན་གྱི། དབུར་སྟོད་ནི་སྐྱི་སྟོད་དུ་ངོས་བཟུང་མི་རུང་བ་ཡིན་ཏེ། དབུ་རུ་ལུང་གི་ཤོ་མ་ར་ནི་དབུར་སྟོད་ཀླུང་ཤོད་ཀྱི་ཕུ་ན་གནས་ཡོད་ལ། དེ་ནི་གནའ་བོའི་ཀླུམ་རོ་ཡ་སུམ་གྱི་ཁུལ་དུ་གཏོགས་པ་ཁོ་ན་སྟེ། ཀླུམ་རོ་ཞེས་པ་ཕྱིས་སུ་ཀླུང་ཤོད་དུ་གྱུར་པ་དང་། དེའི་གདགས་གཞི་འབྲེལ་བ་ཀླུང་རི་ཕྱུག་མོ་ནི་ཕོད་མདོ་རང་ལ་ཡོད་ཅིང་ཀླུམ་རོ་ལས་ཀླུང་རི་བྱུང་བར་གསལ་ཞིང་། ཀླུང་རི་ནས་རྭ་སྒྲེང་ཕྱོགས་སུ་ཡར་ཙམ་ན་ཡ་སུམ་ཞེས་པའི་ས་མིང་མ་འགྱུར་བ་གནས་ཡོད་པས་ན། ཡུལ་འདི་སྐྱིད་སྟོད་ཁོངས་སུ་འགྲེལ་བ་ནི་མུན་ནག་མདའ་འཕངས་དང་མཚུངས་པར་ཐལ་བས། འདིར་དཔེ་ཀློག་གི་མྱོང་བ་ཅུང་ཟད་བཀོད་པ་ལས། ཞིབ་ཆ་སྨྲ་བ་ནི་མི་ལངས་སོ།།
༢༠༡༢/༥/༢༤

བརྒྱུད་སྐུལ།

མཆན་སྤེལ།