ཡིག་རྙིང་ནང་གསལ་བའི་ལྷ་ཡུལ་གུང་ཐང་ཞེས་པ་གང་ལ་ངོས་འཛིན་དགོས་སམ།

ཡིག་རྙིང་ནང་གསལ་བའི་ལྷ་ཡུལ་གུང་ཐང་ཞེས་པ་གང་ལ་ངོས་འཛིན་དགོས་སམ།
ཡིག་རྙིང་ནང་གསལ་བའི་ལྷ་ཡུལ་གུང་ཐང་ཞེས་པ་གང་ལ་ངོས་འཛིན་དགོས་སམ།
རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ།
བོད་ཀྱི་གནའ་བོའི་ཡིག་ཚངས་ལ་རགས་མཇལ་ཞུས་ན། ལྷ་ཡུལ་གུང་ཐང་ཞེས་པའི་ས་མིང་དམིགས་བསལ་ཅན་ཞིག་རིག་རྒྱུ་ཡོད་དེ། ལོ་རྒྱུས་ཆེན་མོའི་དོན་མཁས་དགར། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །ཞེས་པ་དང་།

མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པའི་དེབ་ངོས་ ༢༡༣ལས། དབང་མཛད་བཅུ་གཉིས་སྐབས། བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། །ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། །ཞེས་འཁོད་འདུག་པ་དང་། ཁུ་བྱུག་སྔོན་མོའི་སྒྲ་དབྱངས་ཞེས་པའི་དེབ་ནང་གི་མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་ངོས་༡ལས། ཡུལ་ནི་ལྷ་ཡུལ་གུང་ཐང་ན། ལྷ་མཁར་ཟོ་བྲང་ན། རྗེ་སྲིད་པའི་མི་བོ་གསལ་དབང་ལགས། ཞེས་འཁོད་འདུག་པ་སོགས་མང་དུ་སྣང་ངོ་། །
ཕྱིས་སུ་ལྷ་ཡུལ་གུང་ཐང་ཞེས་པ་དེ་ཉིད་གང་དུ་ངོས་འཛིན་པའི་ཐད་ལ་མི་འདྲ་བ་ཅི་རིགས་བྱུང་ཡོད་དེ། རི་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་དེབ་ངོས་༢༦ལས། ཡང་གངས་རི་ཆེན་པོ་དེའི་མདུན་དུ་ལྷ་ཡུལ་གུང་ཐང་༼བར་ཁ་ཐང་ཟེར་༽ལྷ་ཡི་མདུན་ས་ཞེས་བྱ་བ། ཐང་ཆེན་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་བརྡལ་བ་ལྟ་བུ། ཞེས་གསུངས་ཡོད་ཅིང་། ཉེ་དུས་ལ་ལས་མང་ཡུལ་གུང་ཐང་དང་། ལ་ལས་ལྷ་སའི་ཚལ་གུང་ཐང་ལ་བཞེད་པ་དང་། ཁ་ཅིག་གིས་གངས་ཏི་སེའི་མདུན་ཐང་ཡིན་པར་བཞེད་ལ། ལ་ལས་དབང་མཛད་འདི་སྐོར་གླེང་ཙམ་ལས་གསལ་འགྲེལ་གང་ཡང་བྱས་གནང་མི་འདུག
ཁ་ཅིག་ཆེས་གནའ་བོའི་ས་མིང་ལྷ་ཡུལ་གུང་ཐང་ཞེས་པ་དེ་ཉིད་དེང་གི་ལོ་རྒྱུས་སྨྲ་བ་གྲགས་ཆེན་དག་གིས་ཀྱང་ཁ་གསལ་གང་ཡང་གསུངས་མེད་པས། རྨོངས་རྒན་ཁྱོད་ཀྱི་དོགས་དཔྱོད་ནི་བཞད་གད་ཀྱི་གནས་སུ་འགྱུར་རོ་ཞེ་ན། དེ་ཡང་བདེན་མོད། ཁོ་བོས་ཡིག་ཚངས་ཅི་སྙེད་པ་ཡང་ཡང་བཀླགས་པས། གནའ་མིང་ལྷ་ཡུལ་གུང་ཐང་དེ་ཉིད་ད་ལྟའི་ཡར་མོ་ལུང་གཞུང་འདི་ཉིད་ཡིན་པའི་ལོ་རྒྱུས་ཡིག་ཚངས་རྙིང་པས་ཁུངས་སྐྱེལ་ཐུབ་པའི་གནས་ལུགས་ཤིག་རྙེད་བྱུང་བས། རང་གི་འདོད་ཚུལ་རྣམས་གླེང་བར་ཞུགས་སོ། །
དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པའི་དེབ་ངོས་༣༧ལས། བ་ཆོས་གུང་དང་དུ་གཤེགས་སོ། །ཞེས་དང་། དུད་ནྀ་མནངསུ་བཆད་ནས། བ་ཆོས་གུང་དང་དུ་གཤེགསོ། །ཞེས་ལན་གཉིས་འཁོད་འདུག་ཅིང་། སྔ་ཕྱི་གཉིས་ཀ་ཕྱིང་བ་སྟག་རྩེ་དང་ཉེ་སར་ཡོད་པར་གསལ་འདུག་པས། བ་ཆོས་ནི་རྒྱལ་མཁར་བ་ཆོས་ཞེས་པ་སོགས་སུ་འབྱུང་བ་བཞིན་དུ་ཡར་ལུང་ནུབ་ཀྱི་ཕྱིང་བ་སྟག་རྩེའི་ཤར་ངོས་དང་ཉེ་བའི་འཕྱོས་ཞེས་པའི་ལུང་པ་འདི་ཡིན་ཞིང་། ད་ལྟའང་འཆོས་དང་འཕྱོས་ཞེས་མིང་མ་འགྱུར་བར་གནས་ཡོད་པས་ཤེས་ནུས་ལ། གུང་དང་ནི་གུང་ཐང་གི་འབྲི་སྲོལ་ཡིན་ཏེ། ཏུན་ཧོང་ཡིག་ཚངས་ན། ཁྲི་ལྡེ་གཙུག་བརྩན་གྱི་ཞ་སྔར། ཕང་དང་གྀ་ཁང་མོ་ཆེར་། ཞེས་འཕང་ཐང་གི་ཐང་གི་དོད་ལ་དང་ཞེས་བྲིས་པས་ཀྱང་ཤེས་ཐུབ་པར་སྣང་བའི་ཕྱིར་རོ། །
དེ་བས་ཀྱང་ངེས་དགོས་པ་ནི། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་དེབ་ངོས་༥༤ལས། དགུང་སྔོ་ནི་བདུན་རིམ་གྱི། །ལྷ་ཡུལ་ནི་གུང་དང་ནས། །ལྷ་སྲས་ནྀ་མྱི་ཡི་མགོན། །མྱི་ཡུལ་ནྀ་ཐམས་ཆད་དང་། །མྱི་མཚུངས་ནི་མྱི་འདྲའ་སྟེ། །ཞེས་དང་། ཇེ་ཉེ་ནྀ་ཇེ་ཉེ་འོ། །ལྷ་ཉེ་ནི་གུང་དང་ཉེ། །ཞེས་པ་འདི་ཡིས་ཡར་མོ་ལུང་ནི་ལྷ་ཡུལ་གུང་ཐང་ཡིན་པར་བསྟན་ཡོད་དེ། མི་དང་མིའི་བར་ལ་ས་དང་གནམ་གྱི་གུང་ལྟ་བུའི་ཁྱད་པར་ཡོད་པའི་གནའ་བོའི་མེས་པོའི་སེམས་ཁམས་དང་། བཙན་པོའི་ང་རྒྱལ་མཚོན་པའི་གཏམ་ཡིན་པར་གོ་ནུས་པའི་ཕྱིར་རོ། །
གཞན་ཡང་ལྷ་ཡུལ་གུང་ཐང་ནི་ཡར་ལུང་ཡིན་པའི་སྒྲུབ་བྱེད་ནི། གོང་དུ་བཀོད་པའི་ཁུ་བྱུག་སྔོན་མོའི་སྒྲ་དབྱངས་ཀྱི་ལུང་ལས། ལྷ་མཁར་ཟོ་བྲང་ན། ཞེས་པ་འདི་ཉིད་ཡིན་ཏེ། འདི་ཉིད་ལྷ་ཡུལ་གུང་ཐང་ན་ཡོད་པར་བསྟན་པའི་ཕྱིར་རོ། །དེས་ན། ཟོ་བྲང་ཞེས་པ་སྒྲ་འདི་ཟུར་ཆག་པ་སྟེ་ད་ལྟ་འོན་བུ་བླ་མཁར་དང་ཉེ་བའི་ཟོ་ཐང་ཟེར་བ་འདི་ཡིན་ཞིང་། ཤེས་བྱེད་གཞན་ནི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་དེབ་བཅུ་གཅིག་པའི་དེབ་ངོས་༣༦༢ལས། ཡུལ་ཡར་ལུང་སོགས་དཀར་ནའ། མཁར་བར་པོ། ཟོ་བྲང་ནང་ནའ། ག་གར་ལྟངས་ཀྱྀ་རྗེ། ཞེས་གསལ་བའི་ཕྱིར། མཁར་བར་པོ་ནི་ལ་ལར་མཁར་བར་པོ་སོ་བརྒྱད་ཟེར་བ་དང་འདྲ་བར་འདིར་ཡང་མཁར་བར་པོ་ཟོ་བྲང་ཞེས་པ་ནི་ཡར་ལུང་སོག་ཀར་ཡོད་པར་གསལ་པོར་བསྟན་ཡོད་པའི་ཕྱིར་རོ། །
ད་དུང་ཁུངས་དག་ཡིན་པའི་གསལ་བྱེད་ཀྱང་ཡོད་དེ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་དེབ་ངོས་༢༢༥ལས། དེ་ནས་༼ཙན་༽དང་སྒོ་བཞིར་གཤེགས་སོ། །དེ་ནས་འཕར་པོ་ཟོ་བྲང་དུ་གཤེགས་སོ། །ཞེེས་གཉའ་ཁྲི་བཙན་པོ་ཡར་ལུང་ཕེབས་སྐབས་སུ་འཁོད་འདུག་པས་ཀྱང་ཟོ་བྲང་གི་གནས་ཡུལ་ཤེས་ཐུབ་པ་དང་། འཕར་པོ་ནི་མཁར་བར་པོ་འབྲི་ནོར་དུ་མངོན་ལ། ཟོ་བྲང་གོང་པོ་རི་ཞེས་ཡིག་རྙིང་འགའ་ན་འཁོད་ཡོད་པས་ཀྱང་ངེས་པ་རྙེད་པར་ནུས་སོ། །འོན་ཏེ་ལྷ་ཡུལ་ཞེས་པ་གང་དུ་ངོས་འཛིན་སྙམ་ན། སྐབས་དེར་ལྷ་བཙན་པོ་བཞུགས་ཡུལ་ཡིན་པའི་ཆ་བཏགས་པ་ཡིན་ལ། ད་ལྟའང་ཡར་ལུང་འཕྱོས་ཀྱི་ལུང་པར་ལྷ་ཡུལ་ཞེས་པའི་གནའ་མིང་ལྷག་འཕྲོ་གནས་ཡོད་ཅིང་། ས་ཁྲ་སོགས་གཟིགས་ན་འཕྱོངས་རྒྱས་རྫོང་ཁོངས་ལ་ལྷ་ཡུལ་ཤའང་ཞེས་པ་ཡོད་པ་གསལ་པོར་རིག་ཐུབ་པ་ཡིན་ལ། ཞིབ་ཆ་ལོགས་སུ་བཀོད་ཡོད་དོ། །
༢༠༢༡/༡༠/༢༥

བརྒྱུད་སྐུལ།

མཆན་སྤེལ།