ཟིང་པོ་རྗེའི་རྒྱལ་ཕྲན་གྱི་ཐོག་མའི་གནས་སྟངས་དང་། མཐར་བཙན་པོའི་མངའ་འོག་ཏུ་བཅུག་པའི་སྐོར་ལ་རགས་ཙམ་དཔྱད་པ།

ཟིང་པོ་རྗེའི་རྒྱལ་ཕྲན་གྱི་ཐོག་མའི་གནས་སྟངས་དང་། མཐར་བཙན་པོའི་མངའ་འོག་ཏུ་བཅུག་པའི་སྐོར་ལ་རགས་ཙམ་དཔྱད་པ།
 ཟིང་པོ་རྗེའི་རྒྱལ་ཕྲན་གྱི་ཐོག་མའི་གནས་སྟངས་དང་མཐར་བཙན་པོའི་མངའ་འོག་ཏུ་བཅུག་པའི་སྐོར་ལ་རགས་ཙམ་དཔྱད་པ།
ནང་དོན་གནད་བསྡུས། རྩོམ་ཡིག་འདིར་སྔོན་ལྷ་སའི་བྱང་ཕྱོགས་སུ་གནས་པའི་ཡུལ་ངས་པོའི་ཁྲ་སུམ་བྱ་བའི་ཟིང་པོ་རྗེའི་རྒྱལ་ཕྲན་དེའི་ཐོག་མའི་གནས་སྟངས་དང་བར་དུ་རྒྱལ་ཕྲན་གཉིས་ལ་འགྱེས་ཚུལ། མཐར་གནམ་རི་སྲོང་བཙན་གྱིས་དབང་དུ་བསྡུས་ནས་བོད་གཅིག་འགྱུར་གྱི་བྱ་བའི་ལྟེ་གནས་སུ་གྱུར་ཚུལ་སོགས་ངོ་སྤྲོད་རགས་ཙམ་བྱས་ཡོད།
གནད་ཚིག ངས་པོའི་ཁྲ་སུམ། ཟིང་པོ་རྗེ་སྟག་སྐྱ་བོ། ཟིང་པོ་རྗེ་ཁྲི་པང་སུམ། བོད་གཅིག་གྱུར།
གླེང་གཞི།
ཏུན་ཧོང་ཡིག་རྙིང་P1287ནང་། མཁར་པྱྀང་བ་(ཕྱི་དབང་)སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཟིགས་བཞུགས། ཉེན་ཀར་(མཁར་)རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། སྡུར་བའྀ་ཡུ་སྣ་ན་ནི། ཟིང་པོ་རྗེ་ཁྲི་པངས་སུམ་མཆིས།(1)ཞེས་འཁོད་པ་ལྟར། སྟག་རི་གཉན་གཟིགས་སྐབས་བོད་དབུས་ཀྱི་ས་ཆ་འདིར་ཟིང་པོ་རྗེ་སྟག་སྐྱ་བོས་དབང་འཛིན་པའི་རྒྱལ་ཕྲན་དང་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་དབང་འཛིན་པའི་རྒྱལ་ཕྲན་གཉིས་ཡོད་པ་དེ་གཉིས་ནི་སྐབས་དེའི་བཙན་པོའི་རྒྱལ་ཁབ་ཀྱི་དོ་ཟླར་འོས་པའི་རྒྱལ་ཕྲན་གཉིས་ཡིན་པ་མཐོང་ཐུབ། དེའང་རྒྱལ་ཕྲན་དེ་གཉིས་ཐོག་མ་ཉིད་ན་ངས་པོའི་ཁྲ་སུམ་ཞེས་གུག་ཁྲི་ཟིང་པོ་རྗེ་ཡི་བུ་རྒྱུད་རྣམས་ཀྱིས་ལེགས་པར་བསྐྱངས་པའི་གཅིག་གྱུར་གྱི་རྒྱལ་ཕྲན་ཞིག་ཡིན་ངེས་ཀྱང་། རྗེས་སུ་ཟིང་པོ་རྗེའི་བུ་རྒྱུད་ནང་ཁུལ་དུ་འཆམ་མཐུན་མ་བྱུང་བ་སོགས་ཕྱི་ནང་འགལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཕྲན་གཉིས་སུ་ཁ་གྱེས་པ་རེད། (2) ནམ་ཞིག་ཚེ་རྒྱལ་ཕྲན་དེ་གཉིས་ཕན་ཚུན་མི་མཐུན་པར་འཁྲུགས་པས་ན་མཐའ་མཇུག་གི་ཁེ་ཕན་དེ་བཙན་པོའི་རྒྱལ་ཁབ་ཀྱི་ལག་ཏུ་ཤོར་ནས་རང་གི་རྒྱལ་རྒྱུད་སྟོངས་པར་གྱུར་བ་རེད། འོ་ན་དོན་གྱི་འགོ་བར་མཇུག་གསུམ་དེ་ཅི་འདྲ་ཡིན་གྱི་རེད་ཟེར་ན་གཤམ་གྱི་དོན་ཚན་བཞི་ཡི་ཐོག་ནས་བརྗོད་པར་བྱ་སྟེ།
དང་པོ། ཐོག་མའི་རྒྱལ་ཕྲན་ངས་པོ་ཁྲ་སུམ་གྱི་སྐོར།
༡༽ གནས་ཡུལ།
རྒྱལ་ཕྲན་སིལ་མའི་སྐོར་བརྗོད་པའི་ཏུན་ཧོང་ཡིག་རྙིང་p1286ནང་། ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་(དགུ)གྲྀའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས།(3)ཞེས་འཁོད་པར་ལྟར། དགུག་གྲིའི་ཟིང་པོ་རྗེས་དབང་བསྒྱུར་བའི་རྒྱལ་ཕྲན་ངས་པོ་ཁྲ་སུམ་བྱ་བ་དེ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། རྒྱལ་ཕྲན་དེའི་ཐོག་མའི་གནས་ཡུལ་གང་དུ་ཡིན་ཞེ་ན། ཏུན་ཧོང་ཡིག་རྙིང་དུ་འཁོད་པ་ལྟར་བཙན་པོ་གནམ་རི་སློན་བཙན་གྱི་སྐུ་དུས་རྒྱལ་ཕྲན་ངས་པོར་དམགས་དྲངས་ཏེ་ཡུལ་དེ་སྤུ་རྒྱལ་བཙན་པོའི་ཆབ་འབངས་སུ་བཅུག་པ་དང་། བཙན་པོ་ཁྲི་སློན་བཙན་གྱྀས་བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱིང་སྤོས་སོ།(4)ཞེས་པ་ལྟར། རྒྱལ་ཕྲན་ངས་པོ་བྱ་བ་དེ་ནི་ད་ལྟའི་འཕན་པོ་རུ་འབོད་པའི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཁོངས་སུ་ཡོད་པ་ཡིན། 《བཙན་པོའི་རྒྱལ་རབས།》(5)སུ་ངས་པོ་ཁྲ་སུམ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཡུལ་སྔ་ཤང་གི་ཁོངས་སུ་ཡོད་ཞེས་དང་།《ཏུན་ཧོང་ནས་ཐོན་པའི་བོད་ཀྱོ་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་།》(6)ཞེས་པར། ཁྲ་སུམ་བྱ་བ་དེ་ཡུལ་ངས་པོ་སྟེ་བཙན་པོ་གནམ་རི་སྲོང་བཙན་དུས་ན་འཕན་པོའི་མངའ་ཁུལ་གྱི་ས་ཆ་ཞིག་ཡིན་པ་དང་། དེང་སང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོ་ངན་ཆུ་རྒྱུག་ཁུལ་དུ་ཡོད་པའི་ཡུལ་སྔ་ཤང་གི་ཁོངས་སུ་ཡོད། དེར་འབྲོག་ས་ཞིག་ཡོད་པ་དེའི་མིང་ལ་ད་ལྟའང་ལྟའང་ཁྲ་ཕུ་ཞེས་བྱུང་བས། ཁྲ་ཕུ་ནི་ཕལ་ཆེར་སྔར་གྱི་ཡུལ་མིང་ཁྲ་སུམ་ལས་འཕོས་འདྲ་བ་ཞིག་འདུག་སྙམ་པ་དཔྱད་པར་འཚལ། ཞེས་འཁོད་པ་དེ་ནི་བདེན་པ་ཡིན་ཏེ། ཁྲ་ཕུ་ཞེས་པའི་ལུང་པ་དེའི་ཕུ་ན་ལ་ཞིག་ཡོད་པ་དེའི་མིང་ལ་ཁྲ་ཕུ་ལ་ཟེར་ཞིང་། ལ་དེ་ཚུར་རྒྱབ་ན་ང་རང་གི་ཕ་ཡུལ་ཀླུང་ཤོད་དུ་སླེབས་ཡོད་ལ། ལ་དེ་ཕར་རྒྱབ་ན་ནི་འཕན་པོ་ཡུལ་སྔའི་ནང་དུ་སླེབས་ཡོད། ལུང་པ་དེའི་ཕུ་ལ་ཁྲ་ཕུ་ཟེར་བས་ལུང་པའི་མདོ་ལ་སྔོན་གྱི་ཚེ་ཁྲ་སུམ་ཟེར་བ་ནི་ཡིན་ཤས་ཆེ་སྙམ། དེས་མ་ཚད་སྐྱེ་ས་འཚར་ས་འཕན་ཡུལ་ནས་ཡིན་པའི་རྒན་བསོད་ནམས་ཆོས་དར་ལགས་ཀྱིས་ཀྱང་ཡུལ་སྔ་ཞེས་པ་དེར་ད་དུང་ཟིང་པ་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དང་རིག་གནས་གསར་བརྗེའི་གོང་གྲོང་ཚོ་དེར་ཟིང་པ་སྟེང་ཤོད་ཅེས་མི་ཚང་ཐེམ་དུད་གཉིས་གསུམ་ཙམ་ཞིག་ཡོད་ལུགས་ཀྱང་གསུང་འདུག (7) དེས་ན་ཟིང་པ་གྲོང་ཚོ་ཞེས་པ་དེ་ནི་སྔོན་ངས་པོ་ཁྲ་སུམ་གྱི་རྗེ་བོ་ཟིང་པོ་རྗེའི་མི་རྒྱུད་དམ་ཡང་ན་ཟིང་པོ་རྗེའི་ཐོག་མའི་གཞིས་ཆགས་ས་དེ་ཡིན་སྲིད། གོང་གི་གནས་ཚུལ་དག་ལ་གཞིགས་ན། ངས་པོ་ཁྲ་སུམ་བྱ་བའི་རྒྱལ་ཕྲན་དེ་ནི་ད་ལྟའི་འཕན་པོ་ལྷུན་གྲུབ་རྫོང་གི་ཁོངས་སུ་ཡོད་ལ་དེའི་རྒྱལ་ས་ནི་ཁྲ་སུམ་སྟེ་ད་ལྟའི་ཡུལ་སྔ་ཤང་དུ་ཡོད་པ་ཤེས་ཐུབ་པའོ།།
༢༽ མངའ་ཁོངས།
ད་འོ་ན་རྒྱལ་ཕྲན་ངས་པོ་ཁྲ་སུམ་བྱ་བ་དེའི་ཐོག་མའི་ཁྱབ་ཁོངས་ཇི་ཙམ་ཡོད་ཅེ་ན། རྒྱལ་ཕྲན་སིལ་མའི་དུས་སྐབས་སུ་བོད་དབུས་ཀྱི་ཡུལ་དུ་ཕལ་ཆེར་རྒྱལ་ཕྲན་ལྔ་ཙམ་ཡོད་པར་མཐོང་། དེ་དག་ནི་སྐྱིད་ཆུའི་གཞུང་རྒྱུད་(8)དུ་གནས་པའི་རྒྱལ་ཕྲན་སྐྱི་རོ་ལྗང་སྔོན་དང་། (ཡང་རྒྱལ་ཕྲན་དེ་ནི་དེང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ཁོངས་ཀྱི་ལྗང་དང་། ལྗང་སྟོད། ལྗང་སྨད། ལྗང་དཀྱིལ་ཞེས་པའི་གྲོང་ཚོ་བཞིའི་ཕྱོགས་སུ་ཡིན་པར་སྣང་སྟེ། རྒྱལ་ཕྲན་དེའི་དབང་ཐང་ཡང་ཆུ་ཤུར་ཕྱོགས་ཀྱི་ས་ཆ་ཕལ་ཆེ་བར་ཁྱབ་པར་སྙམ།(9)ཞེས་པ་ལྟར་རྒྱལ་ཕྲན་དེའི་ཁྱབ་ཁོངས་ནི་ལྷ་ས་ནས་ཆུ་ཤུར་བར་ཡིན་པར་སྙམ།)ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་གནས་པའི་རྒྱལ་ཕྲན་སྟོད་རོ་ལུང་སུམ། དབུ་རུ་ཀླུང་ཤོད་གཙང་པོའི་རྒྱུག་ཁུལ་དུ་གནས་པའི་རྒྱལ་ཕྲན་ཀླུམ་རོ་ཡ་སུམ།(10)སྐྱིད་ཆུའི་སྟོད་ཀྱི་ཡུལ་ཕྱོགས་ཞིག་ཏུ་ཆགས་པའི་རྒྱལ་ཕྲན་ཡེ་རབ་སྡེ་བཞི།(11)འཕན་པོའི་ཕྱོགས་སུ་གནས་པའི་རྒྱལ་ཕྲན་ངས་པོ་ཁྲ་སུམ་བཅས་ལྔའོ། རྒྱལ་ཕྲན་དེ་དག་སོ་སོའི་ཡུལ་གྱི་ཁྱབ་ཁོངས་གཤམ་གྱི་རི་མོར་གཟིགས་ན་ཅུང་ཟད་མཐོང་བདེ་བར་སྣང་། འོན་ཀྱང་འདི་ནི་ང་རང་གིས་གྲོང་ཁྱེར་ལྷ་སའི་སྲིད་འཛིན་ས་ཁོངས་གི་ས་ཁྲའི་ཐོག་སྤྱིའི་རྣམ་པ་ཙམ་ཞིག་འགོས་པ་ཡིན་གྱི་ཞིབ་ཚགས་ལ་གནད་དུ་འཁེལ་བ་ཞིག་མ་ཡིན་པས་དེ་བས་དཔྱོད་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་འཚལ།
图片

 

དབུས་ཀྱི་རྒྱལ་ཕྲན་ལྔ་ཡི་ས་རིས།
གོང་གི་ས་རིས་ལ་བལྟས་ན་ང་ཚོས་རྒྱལ་ཕྲན་ལྔ་པོ་དེ་དག་གི་ས་ཆའི་ཁྱབ་ཁོངས་རབ་རིབ་ཙམ་ཞིག་མཐོང་ཐུབ། དེའི་ནང་ནས་རྒྱལ་ཕྲན་ངས་པོ་ཕྲ་སུམ་ནི་བྱང་ན་ཀླུམ་རོ་ཡ་སུམ་དང་ཤར་ན་ཡེ་རབ་སྡེ་བཞི། ལྷོ་ན་སྐྱི་རོ་ལྗང་སྔོན་དང་ནུབ་ན་སྟོད་རོ་ལུང་སུམ་བཅས་རྒྱལ་ཕྲན་བཞི་པོ་དེ་དག་གིས་མཐའ་ནས་བསྐོར་བའི་དབུས་སུ་གནས་པས། རྒྱལ་ཕྲན་དེའི་ཆབ་སྲིད་དང་དཔལ་འབྱོར་སོགས་གང་སྤྱིའི་ཐད་ནས་སྟོབས་ཤུགས་མི་དམན་པ་ཞིག་ཡོད་སྙམ།
གཉིས་པ། བར་དུ་རྒྱལ་ཕྲན་གཉིས་ལ་འགྱེས་ཚུལ།
དེ་ལྟར་རྒྱལ་ཕྲན་ངས་པོ་ཁྲ་སུམ་དེ་གུག་གྲི་ཟིང་པོ་རྗེའི་བུ་རྒྱུད་རྣམས་ཀྱིས་ལེགས་པར་བསྐྱངས་པས་རྒྱལ་ཕྲན་དེའི་སྟོབས་ཤུགས་ཇི་ཆེ་ནས་ཇི་ཆེ་རུ་སོང་སྟེ་སྔར་གྱི་རྒྱལ་ཕྲན་ཀླུམ་རོ་ཡ་སུམ་དང་ཡེ་རབས་སྡེ་བཞི། དེ་མིན་བོད་དབུས་ཀྱི་ས་ཆ་མང་པོ་ཞིག་དབང་དུ་བསྡུས་ནས་གཅིག་འགྱུར་གྱི་རྒྱལ་ཕྲན་སྟོབས་པོ་ཆེ་ཞིག་ཏུ་འགྱུར། འོན་ཀྱང་ཡུན་རིང་པོར་མ་འགོར་བར། ཟིང་པོ་རྗེའི་བུ་རྒྱུད་ནང་ཁུལ་དུ་མ་འཆམ་པའམ་ཕྱི་ནང་གི་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཕྲན་དེ་ཁག་གཉིས་སུ་འགྱེས་པ་སྟེ། ཏུན་ཧོང་ཡིག་རྙོང་དུ་མཁར་པྱྀང་བ་(ཕྱི་དབང་)སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཟིགས་བཞུགས། ཉེན་ཀར་(མཁར་)རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། སྡུར་བའྀ་ཡུ་སྣ་ན་ནི། ཟིང་པོ་རྗེ་ཁྲི་པངས་སུམ་མཆིས།(12)ཞེས་འཁོད་པ་ལྟར། བཙན་པོ་སྟག་རི་གཉན་གཟིགས་སྐབས་སྔར་གྱི་རྒྱལ་ཕྲན་ངས་པོ་ཁྲ་སུམ་དེ་ད་ལྟ་ཟིང་པོ་རྗེ་སྟག་སྐྱ་བོ་བྱ་བ་ཞིག་དང་ཟིང་པོ་རྗེ་ཁྲི་པངས་སུམ་བྱ་བའི་རྗེ་བོ་གཉིས་ཀྱིས་དབང་འཛིན་པའི་རྒྱལ་ཕྲན་གཉིས་སུ་འགྱེས་ཟིན་པ་མཐོང་ཐུབ། དེའང་རྒྱལ་ཕྲན་དེ་གཉིས་སྔོན་གྱི་རྒྱལ་ཕྲན་ངས་པོ་ཁྲ་སུམ་གྱི་རྗེ་བོ་གུག་གྲི་ཟིང་པོ་རྗེའི་བུ་རྒྱུད་ལས་མཆེད་པ་ཡིན་ཟེར་དོན་ནི། ཟིང་པོ་རྗེ་ཁྲི་པངས་སུམ་གྱི་རྒྱལ་ཕྲན་དེའི་མངའ་ཁོངས་དང་མཁར་གྱི་ཆགས་ཡུལ་སོགས་ནི་སྔོན་གྱི་རྒྱལ་ཕྲན་ངས་པོ་ཁྲ་སུམ་དང་མཚུངས་པར་སྣང་བས་དེ་ནི་གུག་གྲི་ཟིང་པོ་རྗེའི་བུ་རྒྱུད་འཁྲུལ་མེད་གཅིག་ཡིན་པར་སྙམ། དེ་མིན་ཟིང་པོ་རྗེ་སྟག་སྐྱ་བོའི་རྒྱལ་ཕྲན་དེའང་གཅིག་ནས་རྒྱལ་ཕྲན་དེ་གཉིས་ཀའི་རྗེ་བོའི་མིང་གི་འགོར་ཟིང་པོ་རྗེ་ཞེས་པའི་མཚན་ཡོད་པས་ཁོང་གཉིས་ནི་རུས་རྒྱུད་གཅིག་གི་མི་ཡིན་པ་འདྲ་ལ། གཉིས་ནས་རྒྱལ་ཕྲན་དེ་གཉིས་ཕན་ཚུན་ཐག་ཉེ་བར་གནས་སྟབས། དེའང་ཐོག་མའི་རྒྱལ་ཕྲན་ངས་པོ་ཁྲ་སུམ་ནས་འགྱེས་པའི་རྒྱལ་ཕྲན་ཞིག་ཡིན་སྲིད་པར་སྙམ། འོན་ཀྱང་དེ་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཞིག་མ་རྙེད་པས་ད་དུང་དཔྱད་པར་འཚལ།
༼གཅིག༽ ཟིང་པོ་ཁྲི་པངས་སུམ་གྱི་སྐོར།
༡༽ གནས་ཡུལ།
དེའང་ཏུན་ཧོང་ཡིག་རྙིང་དུ་འཁོད་པ་ལྟར་ན། སྔོན་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བློན་པོ་མྱང་ཙེང་སྐུ་དང་དབའས་དབྱི་ཚབ་གཉིས་ཀྱིས་བཙན་པོ་གནམ་རི་སྲོང་བཙན་ལ་མགོ་བཏགས་ཏེ་ཕྱི་ནང་ཟུང་འབྲེལ་གྱིས་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་རྒྱལ་ཕྲན་བཙན་པོའི་རྒྱལ་ཁབ་ཀྱི་དབང་དུ་བཅུག་པ་མ་ཟད་བཙན་པོས་བཀའ་སྩལ་ཏེ་ཡུལ་ངས་པོ་འཕན་ཡུལ་དུ་མིང་སྤོས་པ་ཡིན། དེ་ལྟར་ན་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་རྒྱལ་ཕྲན་དེ་ནི་འཕན་པོའི་ཡུལ་དུ་ཡོད་པ་དང་། ཡང་ཏུན་ཧོང་ཡིག་རྙིང་དུ་སྡུར་བའྀ་ཡུ་སྣ་ན་ནི། ཟིང་པོ་རྗེ་ཁྲི་པངས་སུམ་མཆིས། (13) ཞེས་འཁོད་པ་ལྟར་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་རྒྱལ་ཕྲན་དེ་ནི་སྡུར་བའི་ཡུ་སྣ་སྟེ་སྔར་གྱི་རྒྱལ་ཕྲན་ངས་པོ་ཁྲ་སུམ་ཆགས་ཡུལ་ཡུ་སྔ་ཤང་དུ་ཡོད་པ་ཡིན།
༢༽ མངའ་ཁོངས།
རྒྱལ་ཕྲན་དེའི་ས་ཆའི་མངའ་ཁོངས་ནི་འཕན་ཡུལ་གྱི་ས་ཆ་ཙམ་དུ་སྣང་སྟེ།ཕྱིས་སུ་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་གཉན་འཛི་ཟུང་གིས་སྟག་སྐྱ་བོ་བསད་ནས་ཁྲི་པངས་སུམ་ལ་མགོ་བཏགས་པ་དང་།སྟག་སྐྱ་བོའི་ཡུལ་ཀླུམ་རོ་ཡ་སུམ་དང་ཡེ་རབ་སྡེ་བཞི་བཅས་ཁྲི་པངས་སུམ་ལ་ཕུལ་ཚུལ་ཏུན་ཧོང་ཡིག་རྙིང་དུ་གསལ་བར་ལྟར་ན།ཡུལ་ཀླུམ་རོ་ཡ་སུམ་དང་ཡེ་རབ་སྡེ་བཞི་སོགས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་ཡུལ་དག་ནི་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་ཁོངས་སུ་མི་གཏོགས་པ་ཤེས།ཡང་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་གཉན་འཛི་ཟུང་གི་བྱ་དགར་མཁར་སྤུར་བས་བཅད་དེ།ཀླུམ་ཡ་སུམ་གྱི་སྨད།གཉན་འཛི་ཟུང་གི་བྲན་དུ་བྱིན་ནོ།(14)ཞེས་པར་ལྟས་ན།ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་ཁོངས་ནི་ཕལ་ཆེར་མཁར་ཡུ་སྣ་ཡན་ཆད་ནས་འཕན་པོའི་ཆག་ལ་མན་ཆད་དུ་ཡིན་པར་སྙམ།
༼གཉིས།༽ཟིང་པོ་རྗེ་སྟག་སྐྱ་བོའི་སྐོར།
༡༽གནས་ཡུལ།
ཏུན་ཧོང་ཡིག་རྙིང་དུ་ཉེན་ཀར་(མཁར་)རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཞེས་འཁོད་པ་ལྟར་རྒྱལ་ཕྲན་ནི་ཉེན་ཁར་རྙིང་པ་བྱ་བའི་ཡུལ་ཞིག་ལ་ཡོད་པ་གསལ། ཡུལ་དེ་གང་དུ་ཡོད་མེད་ཐད་མཁས་པ་རྣམས་ཀྱིས་འདོད་ཚུལ་མང་པོ་ཡོད་དེ། བཙན་པོའི་སྐབས་སུ་ཉན་ཀར་བྱ་བའི་ས་ཆ་འགའ་ཞིག་ཡོད་པར་སྣང་བས། ཞིབ་ཕྲའི་ཡུལ་གང་ལ་ངོས་འཛིན་དགོས་མིན་སྐབས་དང་བསྟུན་ནས་དབྱེ་ཞིབ་བྱེད་དགོས་པ་འདུག་སྙམ་(15)ཞེས་པ་ལྟར་རོ། འོན་ཀྱང་ཏུན་ཧོང་ཡིག་རྙིང་དུ་སྟག་སྐྱ་བོའི་ཡུལ། ཡུལ་ཡེ་རབ་སྡེ་བཞི་དང་ཀླུམ་ཡ་གསུམ་(16)ཞེས་པ་ལྟར་ན། རྒྱལ་ཕྲན་དེའི་མངའ་ཁོངས་གཙོ་བོ་ནི་སྔར་གྱི་རྒྱལ་ཕྲན་ཀླུམ་རོ་ཡ་སུམ་དང་ཡེ་རབ་སྡེ་བཞི་གཙོ་བོར་བྱས་པའི་ད་ལྟའི་དབུ་རུ་ཀླུང་ཤོད་ཁུལ་དང་མལ་གྲོ སྟག་རྩེའི་ས་ཆ་ཁག་གཅིག་བཅས་ཚུད་ཡོད་པས། ཉན་ཀར་ཞེས་པའང་དེའི་རྒྱུད་དུ་མིན་ནམ་སྙམ།
དེ་མིན་ཉན་ཀར་བྱ་བ་དེའང་ཕྱིས་ཀྱི་བཙན་པོའི་བཞུགས་གནས་གལ་ཆན་ཞིག་ཡིན་ཏེ། ཏུན་ཧོང་ཡིག་རྙིང་དུ། དེའི་རྗེས་སུ་དབའ་དབྱི་ཚབ་རྒས་ཏེ། ཉི་མ་འདེ་ཞིང་མཆིས་སྐབས། བཙན་པོ་ཁྲི་སྲོང་བཙན་ཉེན་ཀར་ནས། སྐྱི་ལུང་དུ་གཤེགས་ཁར།(17) དབྱི་ཚབ་ཀྱིས་སྲོང་བཙན་བཙལ་ཏེ་རང་བུ་རྒྱུད་རྣམས་ལའང་རང་དང་འདྲ་བར་རྒྱལ་བློན་རྣམས་ཀྱིས་བྲོ་བོར་བའི་རེ་བ་ཞུས་ཚུལ་འཁོད་ཡོད། དེའི་ནང་སྲོང་བཙན་ཉེན་ཀར་ནས་སྐྱི་ལུང་དུ་གཤེགས་ཀར་ཞེས་པར་ལྟས་ན། སྐབས་དེའི་ཉེན་ཀར་ནི་སྲོང་བཙན་གྱི་ཐོག་མའི་ཞུགས་གནས་ཏེ་ཡབ་གནམ་རི་སྲོང་བཙན་གྱིས་བཞེངས་པའི་མལ་གྲོའི་རྒྱ་མ་ཁྲི་ཁང་ཞེས་པ་དེ་ཡིན། སྲོང་བཙན་གྱིས་བཙན་པོས་རྒྱལ་ས་མལ་གྲོ་ནས་སྐྱིད་ཤོད་ལྷ་སར་སྤོས་པ་ཡིན་པས། ཉེན་ཀར་ནས་སྐྱི་ཡུལ་དུ་གཤེགས་ཞེས་པ་དང་དོན་གཅིག་ཡིན་པར་སེམས། དེ་འདྲ་ཡིན་ན་ཉེན་ཀར་ཞེས་པ་དེ་ནི་མལ་གྲོའི་རྒྱ་མ་ཁྲི་ཁང་ཞེས་པ་དེ་ཡིན་སྲིད།
ཡང་《ཏུན་ཧོང་ཡིག་རྙིང་ནང་གསལ་བའི་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོའི་སྐོར་གྱི་དོགས་དཔྱོད་ཐོར་བུ།》(18)ཞེས་པར་ཉེན་ཀར་བྱ་བ་དེ་ནི་དེང་གི་བོད་ལྗོངས་རྣམ་གླིང་རྫོང་ཁོངས་གྲགས་ཅན་བོན་གནས་ངོ་མཚར་ཅན་རུ་ལག་གཡུང་དྲུང་གླིང་གི་ཁ་སྤྲོད་དུ་གནས་པའི་སྟག་གྲུ་ཁ་བྱ་བའི་ཡུལ་དེའི་ཕུ་ལ་ཡིན་ཚུལ་དང་ད་དུང་ཡུལ་དེའི་ནང་སྟག་སྐྱ་རི་ཞེས་པའི་གནས་རི་ཞིག་ཀྱང་ཡོད་ཚུལ་སོགས་གསུངས་འདུག་པས་ཕར་ལྟས་ན་ཧ་ཅང་བློ་ངོར་འཐད་པ་ཞིག་གནང་བས་ད་དུང་དཔྱད་པར་འཚལ།
༢༽ མངའ་ཁོངས།
གོང་དུ་བརྗོད་ཟིན་པ་བཞིན་རྒྱལ་ཕྲན་དེའི་མངའ་ཁོངས་གཙོ་བོ་ནི་སྔར་གྱི་རྒྱལ་ཕྲན་ཀླུམ་རོ་ཡ་སུམ་དང་ཡེ་རབ་སྡེ་བཞི་གཙོ་བོར་བྱས་པའི་ད་ལྟའི་དབུ་རུ་ཀླུང་ཤོད་ཁུལ་དང་མལ་གྲོ སྟག་རྩེའི་ས་ཆ་ཁག་གཅིག་བཅས་ཚུད་ཡོད་པ་ཡིན། གལ་ཏེ་ཉེན་ཀར་བྱ་བ་གཞིས་རྩེ་རྣམ་གླིང་ལ་ཡོད་ན་སྟག་སྐྱ་བོའི་རྒྱལ་ཕྲན་དེའི་མངའ་ཁོངས་ནི་རྣམ་གླིང་ནས་སྙེ་མོ་དང་། སྟོད་ལུང་། མལ་གྲོ་སོགས་འཚུད་པའི་ས་རྒྱ་ཧ་ཅང་ཆེ་བ་ཞིག་ཡིན་ས་རེད།
༣༽ སླར་ཡང་གཅིག་འགྱུར་བྱུང་བ།
ཏུན་ཧོང་ཡིག་རྙིང་དུ་འཁོད་པ་ལྟར་ན། སྟག་སྐྱ་བོ་ནི་ལས་ཅི་ལའང་ཕྱིན་ཅི་ལོག་པར་བྱེད་ལ་བླང་དོར་གྱི་གནས་ལ་རྨོངས་པ་ཞིག་ཡིན་པས། དེའི་བློན་གཉན་འཛི་ཟུང་གིས་རང་གི་རྗེ་བོ་བསད་དེ་ཟིང་པོ་རྗེ་ཁྲི་པངས་སུམ་ལ་འགོ་བཏགས་ནས་སྟག་སྐྱ་བོའི་ཡུལ་རྣམས་ཁྲི་པངས་སུམ་ལ་འཕུལ། དེ་ལྟར་རྒྱལ་ཕྲན་དེ་གཉིས་སླར་ཡང་གཅིག་གྱུར་བྱུང་བ་ཡིན། འོན་ཀྱང་ཡུན་རིང་པོར་མི་འགོར་བར། ཡར་ལུང་ཕྱོགས་ཀྱི་མངའ་ཐང་མཚོ་བཞིན་རྒྱས་པའི་བཙན་པོའི་རྒྱལ་ཁབ་དེས་བྱ་ཁྱུང་ཆེན་སྦྲུལ་བཟའ་བར་སྒུག་པ་བཞིན་གཅིག་གྱུར་བྱུང་མ་ཐག་པའི་རྒྱལ་ཕྲན་དེ་ལ་ལྡིར་ནས་བསྡད་ཡོད་པས། རྒྱལ་ཕྲན་ཆུང་ཆུང་དེ་སྟོངས་རྒྱུ་ནི་དུས་ཀྱི་སྔ་ཕྱི་ཙམ་ཡིན།
གསུམ། མཐའ་མ་བཙན་པོའི་མངའ་འོག་ཏུ་བཅུག་ཚུལ།
༡༽ ཟིང་པོ་རྗེ་ཁྲི་པངས་སུམ་བཙན་པོའི་མངའ་འོག་ཏུ་བཅུག་ཚུལ།
དེའི་སྐོར་ཏུན་ཧོང་རྙིང་P1287ནང་དུ་ཁ་གསལ་བར་བརྗོད་ཡོད་པས་འདིར་རགས་བསྡུས་ཙམ་ཞིག་བརྗོད་ན་ནི། ཟིང་པོ་རྗེ་ཁྲི་པངས་སུམ་ཡང་སྟག་སྐྱ་བོ་དང་འདྲ་བར་བཟང་ངན་དབྱེ་འབྱེད་མི་ཤེས་མཁན་ཞིག་ཡིན་སྟབས་དེའི་བློན་པོ་མྱང་ཙེང་སྐུ་དང་དབའས་དབྱི་ཚབ་གཉིས་གྲོས་བྱས་ནས་བཙན་པོ་སྟག་རི་གཉན་གཟིགས་ལ་མགོ་བཏགས་སུ་སོང་། འོན་ཀྱང་བཙན་པོ་སྟག་རི་གཉན་གཟིགས་མི་རིང་བར་འདས་པས་ཁོང་གི་སྲས་གནམ་རི་སྲོང་བཙན་གྱིས་ཡབ་གྱི་རྒྱུན་བསྐྱངས་ཏེ། མྱང་དབའས་གཉིས་དང་ཕྱི་ནང་ཟུང་འབྲེལ་གྱིས་ཟིང་པོ་རྗེ་ཁྲི་པངས་སུམ་ལ་དམགས་དྲངས་ཏེ་རྗེ་བོ་བཀུམ་ནས་མཁར་བཟུང་། ཟིང་པོ་རྗེའི་མངའ་འབངས་ཡོད་ཚད་བཙན་པོའི་མངའ་འོག་ཏུ་བཅུག་པ་དང་ཡུལ་ངས་པོ་དེ་འཕན་པོ་ཞེས་པར་མིང་སྤོས་པའོ། དེའི་སྐོར་ལ་ཏུན་ཧོང་ཡིག་རྙིང་དང་དེང་རབས་མཁས་པ་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་ཁག་ཏུ་ཞིབ་པར་བརྗོད་ཡོད་པས། འདིར་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་མ་བྲིས།
༢༽ བོད་གཅིག་འགྱུར་གྱི་བྱ་བའི་ལྟེ་གནས་སུ་གྱུར་ཚུལ།
ཏུན་ཧོང་ཡིག་རྙིང་1287དུ་བཙན་པོ་སྲོང་བརྩན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས་ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དྭགས་པོ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག ཡབ་གནམ་རྀ་སློན་བཙན་དུག་བོན་ཏེ་བཀྲོངས་སོ།(19) ཞེས་པ་ལྟར། བཙན་པོ་གནམ་རི་སྲོང་བཙན་གྱིས་ཚེ་སྟོད་ལ་མངའ་ཁོངས་རྒྱ་བསྐྱེད་ཀྱི་བྱ་བ་མང་དུ་བརྩམས་ཀྱང་། ཚེ་སྨད་ལ་རྒྱལ་བློན་ནང་ཁུངས་འཁྲུགས་པ་དང་མཐའ་ན་རང་ཉིད་ཀྱང་འཐབ་རྩོད་དེའི་ཁྲོད་སྲོག་ཤོར་བ་ཡིན། དོན་དུ་རྒྱལ་བློན་མི་འཆམ་པའི་གནས་ཚུལ་དེ་སྔ་ས་ནས་ཐོན་ཡོད་དེ། གནམ་རི་སྲོང་བཙན་གྱིས་རང་གི་ཆབ་སྲིད་ཀྱི་ལྟེ་བ་ཡང་ལུང་ཕྱིང་བ་ནས་མལ་གྲོ་རྒྱ་མར་སྤོ་དགོས་པ་ཀྱང་གཅིག་ནས་སྐབས་དེར་དབང་དུ་བསྡུས་མ་ཐག་པའི་ཟིང་པོ་རྗེའི་རྒྱལ་ཕྲན་གྱི་མངའ་འབངས་ལ་དབང་བསྒྱུར་བྱེད་བདེ་བའི་ཆེད་དུ་དང་། གཉིས་ནས་རང་གི་ཕ་ཡུལ་ལ་ཡོད་པའི་བློན་པོ་རྣམས་དང་དེ་ཙམ་མི་མཐུན་པར་གྱུར་ཡོད་སྟབས། བཙན་པོས་རང་གི་ཚེ་སྲོག་ལ་ཉེན་ཁ་མི་ཡོངས་བའི་ཕྱིར། དེ་བས་ཡིད་སྟོན་རུང་བའི་མྱང་དབའས་གཙོས་པའི་བློན་པོ་གསར་པ་རྣམས་ཀྱི་མངའ་ཁོངས་མལ་གྲོ་རྒྱ་མ་ཁྲི་ཁང་དུ་སྤོས་པ་ཡིན། དེས་ན། བཙན་པོ་གནམ་རི་སྲོང་བཙན་གྱིས་ཟིང་པོ་རྗེའི་རྒྱལ་ཕྲན་དབང་དུ་བསྡུས་རྗེས་ཆབ་སྲིད་ཀྱི་ལྟེ་བ་ཡར་ལུང་ནས་མལ་གྲོར་སྤོས་པ་དེས། བཙན་པོ་རང་ཉིད་རྒྱལ་བློན་འཁྲུགས་པའི་ཉེན་ཁ་ལས་གཡོལ་ཐུབ་པ་བྱུང་ཡོད་ལ། བོད་གཅིག་གྱུར་གྱི་བྱ་བར་ཕན་པ་ཆེན་པོ་ཐོན་ཡོད་པ་ཡིན།
མདོར་བསྡུས་ནས་བརྗོད་ན། སྔར་རྒྱལ་ཕྲན་སིལ་མའི་སྐབས་སུ་ཡུལ་འཕན་པོའི་ཡུལ་དུ་དབང་བསྒྱུར་བའི་རྒྱལ་ཕྲན་ངས་པོ་ཁྲ་སུམ་བྱ་བ་དེ་རིམ་བཞིན་སྟོབས་ཤུགས་ཇི་རྒྱས་སུ་སོང་ནས། རྒྱལ་ཕྲན་ཀླུམ་རོ་ཡ་གསུམ་དང་ཡེ་རབ་སྡེ་བཞི་སོགས་དབང་དུ་བསྡུས་ནས་སྟོབས་འབྱོར་ཅན་གྱི་རྒྱལ་ཕྲན་ཞིག་ཏུ་ཆགས། དེ་ནས་དུས་གང་ཙམ་ཕྱིན་པ་ན། རྒྱལ་ཕྲན་དེ་རྒྱུ་རྐྱེན་ག་གེ་མོ་ཞིག་གིས་རྐྱེན་པས་རྒྱལ་ཕྲན་ཁག་ཁག་གཉིས་སུ་འགྱེས་པ་སྟེ། འཕན་པོའི་ཡུལ་དུ་དབང་བསྒྱུར་བའི་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་རྒྱལ་ཕྲན་དང་། ཡུལ་ཀླུམ་རོ་ཡ་སུམ་དང་ཡེ་རབ་སྡེ་བཞི་གཙོ་བོར་དབང་བསྒྱུར་བའི་ཟིང་པོ་རྗེ་སྟག་སྐྱ་བོའི་རྒྱལ་ཕྲན་བཅས་གཉིས་སུ་འགྱེས། ཡང་དུས་གང་ཙམ་སོང་བ་ན། ཟིང་པོ་རྗེ་སྟག་སྐྱ་བོའི་བློན་གཉན་འཛི་ཟུང་གིས་སྟགས་སྐྱ་བོ་བསད་དེ་ཁྲི་པངས་སུམ་ལ་མགོ་བཏགས། དེ་ནས་ཡང་ཁྲི་པངས་སུམ་གྱི་བློན་མྱང་དབའས་གཉིས་རྒྱལ་པོ་དང་མི་འཆམ་པར་གྱུར་དེ། བཙན་པོ་སྟག་རི་གཉན་གཟིགས་ལ་མགོ་བཏགས་པ་དང་བཙན་པོའི་དམགས་དྲངས་ཏེ་ཁྲི་པངས་སུམ་བཀུམ་པ་དང་། ཟིང་པོ་རྗེའི་མངའ་འབངས་ཡོད་ཚད་བཙན་པོའི་ཕྱག་ཏུ་འཕུལ་བ་སོགས་ཟིང་པོ་རྗེའི་ལོ་རྒྱུས་ཉུང་ངུ་ཞིག་དེ་ཙམ་གྱིས་བསྡུས་པར་བྱའོ།།  །།
དཔྱད་གཞིའི་ཡིག་ཆ།
(1)(3)(4)(5)(8)(12)(13)(16)འབྲི་གུང་སྐྱབས་མགོན་ཆེ་ཚང་། 《བཙན་པོའི་རྒྱལ་རབས། 》 འཕྲུལ་དེབ།
(2)(7)བསོད་ནམས་ཆོས་དར། 《འཕན་ཡུལ་རིག་པའི་འབྱུང་གནས།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ་༤པ།
(6)(15)མིག་དམར་ཚེ་རིང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱོ་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༥ལོའི་ཟླ་༨པར།
(9)(11)《བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག》 པ་ཚབ་པ་སངས་དབང་འདུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་༦པར།
(10)དཔྱད་རྩོམ། 《གནའ་ཡིག་ལས་ཁོལ་བའི་ཡུལ་མིང་ཀླུམ་རོའམ་ཀླུང་རོ་ཞེས་པའི་ཡུལ་གྱི་མགོ་རྔ་ངོས་འཛིན་པ་དང་མཐའ་དཔྱོད།》 བསྟན་འཛིན་ལྷུན་གྲུབ་དང་སྐལ་བཟང་གསལ་སྒྲོན།
(14)(17) (19) 《 དེབ་ཐེར་དཀར་པོ།》 དགེ་འདུན་ཆོས་འཕེལ།མི་རིགས་དཔེ་སྐྲུན་ཁང་།༢༠༠༩ལོའི་ཟླ་༥པར།
(18) དཔྱད་རྩོམ། 《ཏུན་ཧོང་ཡིག་རྙིང་ནང་གསལ་བའི་རྒྱལ་ཕྲན་ཟིང་པོ་རྗེ་སྟག་སྐྱ་བོའི་སྐོར་གྱི་དོགས་དཔྱོད་ཐོར་བུ།》
【རྩོམ་པ་པོ། ཀརྨ་དབང་འདུས།】    སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ། ཡོངས་ཁུངས། རྩོམ་པ་པོ་དྲ་བ།

བརྒྱུད་སྐུལ།

མཆན་སྤེལ།