ཡར་ཆབ་གཙང་པོ་དང་ཡར་ལུང་གཙང་པོ་གཉིས་གླེང་བ།

ཡར་ཆབ་གཙང་པོ་དང་ཡར་ལུང་གཙང་པོ་གཉིས་གླེང་བ།
ཡར་ཆབ་གཙང་པོ་དང་ཡར་ལུང་གཙང་པོ་གཉིས་གླེང་བ།
རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ།
ཁོ་བོའི་དཔེ་ཀློག་གི་ཟིན་བྲིས་འདི་འགོད་དོན་ནི། རང་རེ་བོད་ཀྱི་ས་བཀྲའི་ཐོག་ལ་གཟིགས་ན། མངའ་རིས་ནས་གཙང་ཁུལ་བརྒྱུད། དབུས་ཀྱི་ལྷོ་ཁའི་ལྗོངས་འགྲིམས་ཏེ་དྭགས་ཀོང་བརྒྱུད་ཅིང་། རིམ་པས་རྒྱ་གར་ཤར་ཕྱོགས་སུ་འབབས་པའི་གཙང་པོ་ཆེན་པོ། བྷར་མ་པུ་ཏར་ཞེས་པ་དེ་ཉིད་ལ་ཡར་ཀླུང་གཙང་པོ་ཞེས་བྲིས་ཡོད་ལ།
དེ་བཞིན་དུ་ཡིག་ཐོག་ཏུ་འགོད་རྐྱང་གནང་གིན་ཡོད་པ་མ་ཟད། ཡིག་རིགས་གཞན་དག་ལའང་དེ་བཞིན་སྒྲ་བསྒྱུར་གྱིས་བཀོད་ཡོད་པ་དང་། ངག་ལའང་དེ་བཞིན་བརྗོད་དང་བཤད་པ་བྱེད་བཞིན་ཡོད། དེ་བཞིན་ལྷོ་ཁའི་ལྟེ་བར་གྱུར་པའི་རྩེད་ཐང་གྲོང་ཁྱེར་གནས་སའི་ལུང་པ་ལའང་ཡར་ཀླུང་ཞེས་ཡིག་ངག་གཉིས་ཀ་ན་དར་ཡོད་ལ། ཡར་ལུང་གཞུང་དུ་འབབས་པའི་གཙང་པོ་འམ་ཤམ་ཆུ་ཟེར་བ་ཡོད་ལ། དེ་ལ་ཡར་ཀླུང་གཙང་པོའང་ཟེར་བས། བོད་ལ་ཡར་ཀླུང་གཙང་པོ་གཉིས་ཡོད་པའི་ཚོར་བ་ཅིག་བྱིན་ཡོད་པ་མ་ཡིན་ནམ།
༡ ཁོ་བོས་བོད་ཀྱི་ལོ་རྒྱུས་ལ་དཔེ་ཀློག་ཞུས་པའི་འབྲས་བུ་ལ། རང་རེས་ཡར་ཀླུང་དང་ཡར་ཀླུང་གཙང་པོ་ཟེར་བ་ཡིག་ངག་གཉིས་ན་སྤྱོད་པ་འདི་ནི་མ་དག་རྒྱུན་འབྱམས་ཀྱི་ཐ་སྙད་ཅིག་དང་། མཁས་རློམ་ཚོས་ཡིག་ཐོག་ཏུ་བཀོད་པའི་ཐ་སྙད་ས་རྫད་ཅིག་རེད་འདུག་ཅེས་ལབ་པར་འདོད་དེ། སྔོན་དུས་པུར་རྒྱལ་བཙན་པོའི་བསྟི་གནས་དང་། ཕྱིས་སུ་ཕག་གྲུའི་སྲིད་གཞུང་གི་ལྟེ་བ་དང་། ད་ལྟའི་ལྷོ་ཁའི་ལྟེ་བ་རྩེད་ཐང་གྲོང་ཁྱེར་གནས་སའི་ཡུལ་ལུང་། ཕུ་ཡར་ལྷ་ཤམ་པོ་ནས་མདའ་ཡར་མདའི་བར་གྱི་མིང་དངོས་ནི། ཡར་མོ་ལུང་རིང་དང་ཡུལ་ཡར་མོ་ལུང་རིང་ཞེས་པའི་མིང་འདི་ཉིད་གནའ་གནའ་ནས་དར་ཞིང་། བཙན་པོའི་སྐབས་ཀྱི་ཡིག་ཚངས་གལ་ཆེན་ཏུན་ཧོང་ཡིག་རྙིང་ནང་། ཡར་མོ་ལུང་རིང་དང་ཡར་མོ་ལུང་ཞེས་ཡང་ཡང་གསལ་བར་བཀོད་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚངས་གཞན་ན་ཡང་ཡར་ལུངས་དང་ཡར་ལུང་ཞེས་གསལ་པོར་བཀོད་ཡོད་དོ།།
འོ་ན་ཡར་ཀླུངས་ཞེས་པ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་ཕྱིས་སུ་བྱུང་བ་ཅིག་ཡིན་པར་གསལ་ཡོད་དེ། དུས་རབས་བཅུ་གསུམ་པར་བྱོན་པའི་གཏེར་སྟོན་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། བོད་ཀྱི་སྐབས། འདི་རྣམས་ཟོ་དང་སྨྲས་པས་ཡུལ་ལ་སྔ་བ་ཡར་ལུང་ཟོ་དང་བྱ་བ་ཡིན་ནོ། །དེ་ནས་དེ་རྣམས་དགའ་ཆེ་སྟེ། འདི་ལས་ལྟོས་ལས་ཟོ་དང་ཟེར་ཏེ་མུ་གེ་ཡར་བས་ཡར་ཀླུང་དུ་གྲགས་སོ། །ཞེས་བཀོད་ཡོད་པ་དང་། དེ་བཞིན་གཏེར་སྟོན་ཨོ་རྒྱན་གླིང་པས་པད་མ་བཀའ་ཐང་ལེའུ་རེ་དགུ་ལས། ཡུལ་དབུས་གནམ་ལ་ཁ་གཏད་ཡར་ཀླུངས་བཟང་། །ཡབ་ཡུམ་ཡར་ཀླུངས་རོག་པ་རྩ་རུ་བཞག །ཅེས་དང་ཡར་ཀླུངས་ཤ་དག་བཀོད་པ་དང་། དེ་བཞིན་མཁས་པ་གཞན་པས་ཀྱང་དེ་བཞིན་བཀོད་པ་ལས་བྱུང་བ་ཡིན་པར་གསལ་ཡོད།
༢ ཁ་བབས་རྣམ་བཞིའི་ཡ་གྱལ། རྟ་མཆོག་ཁ་བབས་ལ་ཡར་ཀླུང་གཙང་པོ་ཞེས་འབོད་པ་ནི་ཐ་སྙད་རྣམ་པར་མ་དག་པ་དང་། དེ་ཉིད་སྤྱོད་པ་ནི་མ་དག་རྒྱུན་འབྱམས་ཅིག་རེད་ཅེས་སྨྲ་བ་འདོད་དེ། དེ་ནི་དུས་ཕྱིས་སུ་བྱིས་པའི་བརྡ་བཞིན་མ་དག་པའི་ངག་སྒྲོས་དང་། དེ་ཉིད་མ་བརྟག་མ་དཔྱད་པར་མཁས་པ་དག་གིས་ཡིག་ཆའི་ནང་བཅུད་པ་མ་ཟད། ཆེ་ཕྲ་ཀུན་གྱིས་ཡིན་ཤག་ཤག་གིས་ས་བཀྲ་སོགས་སུ་བཀོལ་ཐལ་ཧ་ཅང་ཆེ་བས། མིང་མཛོད་སོགས་སུ་གྲལ་གནས་ཐོབ་པ་དང་། བརྡ་དང་ཐ་སྙད་ཡང་དག་ཏུ་བཀུར་བ་སོགས་ངོ་ཚ་བའི་ཤུལ་ལམ་གང་སར་དོད་ཡོད་པ་འདི་ཀས་མཚོན་ཐུབ་པ་ཡིན་ནོ། །
དེ་ཡང་རང་རེའི་གནའ་བོའི་ཡིག་ཚངས་ལ་མཇལ་ན། ཡར་ཆབ་དང་ཡར་ཆབ་གཙང་པོ་ཞེས་གསལ་གསལ་ཐིང་ཐིང་འབོད་པར་གྲུབ་སྣང་སྟེ།
ཏུན་ཧོང་ཡིག་ཚངས་ན།
ཆབ་ཆབ་ནྀ་ཕ་རོལ་ན། །ཡར་ཆབ་ནྀ་ཕ་རོལ་ན། །
ཞེས་གསལ་བ་དང་། འདུས་སྲོང་མགུར་ན།
ཡར་ཆབ་ནི་སྔོན་པོ་ལ། །ཆུ་བཅད་ནྀ་ཡུར་དྲངས་ཀྱང་། །
ཡར་ཆབ་ནི་གཞུང་མྱི་སྐམས། །ཞེས་དང་།
སྐྱི་ཅུ་ནྀ་སྔོན་མོ་དང་། །ཡར་ཆབ་ནྀ་ཆུ་བོ་ཆེ། །
གར་རྀང་ནྀ་གང་ཐུང་བ། །ཐང་ལྷ་ནྀ་ཡར་བཞུར་མཁྱེན། །
ཞེས་གསལ་བར་བཞུགས་ཡོད་པས། གནའ་བོའི་མྱེས་པོ་དམ་པ་ཚོས་ཡར་ཆབ་གཙང་པོ་ཞེས་འབོད་པའི་ཚུལ་གསལ་པོར་ཤེས་ཐུབ་པ་ཡིན་ནོ། །
ཡར་ཆབ་ཀྱི་དོན་ནི་ས་བབས་མཐོ་ས་ནས་དམའ་སར་འབབས་པའི་ཆབ་ཡིན་པ་དང་འབྲེལ་བ་ཟབ་མོ་ཡོད་དེ། སྟོད་མངའ་རིས་ནས་ས་བབས་དམའ་ས་གཙང་ཁུལ་བརྒྱུད་དེ་དབུས་སུ་མར་བབས་པའི་ཕྱིར་དང་། སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་ཞེས་པའང་ས་བབས་ལ་གཞིགས་པའི་མིང་ཡང་དག་ཡིན་པའི་ཕྱིར་དང་། སྟོད་ཁུལ་མངའ་རིས་ལ་ཡར་ཞེས་པའི་ཐ་སྙད་འཇུག་པའི་ཚུལ་ཡང་ཏུན་ཧོང་ཡིག་ཚངས་ན། p1060.0063 ཡུལ་ཆབ་ཀྱི་ཡར་མགོ་ན། མཁར་ཁྱུང་ལུང་རྔུལ་མཁར་གྱྀ་ནང་ནའ། ཞེས་དང་། ཡུལ་ཆབ་ཀྱི་མར་གཞུག་རྒྱ་མཁར་སྟེགས་པའི་ནང་ནའ། ཞེས་བཀོད་འདུག་པ་དེས། ཡར་ཆབ་གཙང་པོའི་ཡར་ཕྱོགས་ཀྱི་མགོ་ན། ཞང་ཞུང་གི་ལྟེ་བ་ཁྱུང་ལུང་དངུལ་མཁར་ཡོད་པར་བསྟན་ལ། ཡར་མགོ་ཞེས་པ་དེས་ས་བབས་མཐོ་སའམ་སྟོད་ཕྱོགས་དང་། ཡར་ཕྱོགས་ནས་མར་བབས་པའི་ཆབ་རྒྱུན་ཡིན་པས། ཡར་ཆབ་སྔོན་མོ་ཞེས་པའི་ཐ་སྙད་བྱུང་བར་མངོན་ཡོད་དེ། ཡར་ཆབ་འབབ་ཡུལ་དམའ་ཤོས་ཀོང་པོའི་གཏིང་ལ་ཆབ་ཀྱི་མར་གཞུག་ཅེས་པའི་ཐ་སྙད་བཏགས་པས་ཀྱང་གསལ་པོར་ཤེས་པར་ནུས་སོ། །
དེ་བཞིན་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་རྡོ་རིང་སྟེ། ཡར་ལུང་བང་སོའི་རྡོ་རིང་གི་ཡི་གེའམ་རྒྱལ་ཆེན་རྡོ་རིང་ཡི་གེ་ལས་ཀྱང་། ཡར་ནི་ཏ་ཞིག་དང་། ཞེས་བོད་ཀྱི་ཡར་ཕྱོགས་སྟོད་ཁུལ་གྱི་ནུབ་འདབས་ནི་ཏ་ཟིག་དང་འབྲེལ་བར་བཤད་ཡོད་པས་ཀྱང་ཤེས་ནུས་པ་མ་ཡིན་ནམ། བར་ལམ་མཁས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡར་ཆབ་དང་ཡར་ཆབ་གཙང་པོ་ཞེས་པ་བཀོལ་རྒྱུན་ཉམ་དམད་དུ་གྱུར་པ་ནི་ལོ་རྒྱུས་ལ་འགན་མ་འཁུར་བའི་ངོ་ཚ་ཆེན་པོ་མ་ཡིན་ནམ།
བདག་གི་ཕ་ཡུལ་གྱི་དམངས་ཁྲོད་དུ་ཡར་རྒྱབ་གཙང་པོ་ཞེས་པའི་བོས་རྒྱུན་གནས་འདུག་ལ།
ཆུ་མོ་ཆང་ངེ་ཆུང་ངེར། །ལྷམ་ཆུང་ཕུད་དགོས་བྱུང་ན། །
ཡར་རྒྱབ་གཙང་པོ་བསྒྲལ་དུས། །ཉྭ་ལྤགས་བཤུ་དགོས་རེད་པས། །ཞེས་པའི་དམངས་གཞས་ཀྱང་ཡོད་པས། ཡར་རྒྱབ་ནི་ཡར་ཆབ་ཟུར་ཆག་པ་ལས་བྱུང་བར་མངོན་འདུག་གོ །ཁོ་བོ་ནི་ལོ་རྒྱུས་ཆེད་ལས་པ་ལྟ་བུ་གང་ཡང་མ་ཡིན་ནའང་། ལོ་ངོ་ཁྲི་ཕྲག་རིང་ལ་བྱོན་པའི་མེས་པོའི་བླ་སྲོག་ཐིམ་པའི་མཐོ་སྒང་གི་གཞི་འདིར་རབ་ཏུ་དགའ་བས་ན། གནའ་བོའི་ས་མིང་རི་མིང་ཆུ་མིང་སོགས་ལ་གཅེས་པའི་བློས་དཔེ་ཀློག་གི་རེག་ཟིག་བཀོད་པ་ཙམ་ཡིན་ནོ། །༢༠༢༢ ༨ ༧

བརྒྱུད་སྐུལ།

མཆན་སྤེལ།