སྟོད་ལུང་རྒྱ་དམར་བའི་གདན་ས་སེ་ཐང་དགོན་གྱི་དགོན་ཤུལ།

སྟོད་ལུང་རྒྱ་དམར་བའི་གདན་ས་སེ་ཐང་དགོན་གྱི་དགོན་ཤུལ།

 

སྟོད་ལུང་རྒྱ་དམར་བའི་གདན་ས་སེ་ཐང་དགོན་གསར་དུ་འཚོལ་བ།

འཕྲང་སྟོད་པ།

སྟོད་ལུང་རྒྱ་དམར་བའི་གདན་ས་སེ་ཐང་དགོན་གྱི་དགོན་ཤུལ།

 

སྟོད་ལུང་སེ་ཐང་དགོན་ནི། བཀའ་གདམས་པའི་དགེ་བཤེས་ཆེན་པོ་བཤད་པ་དང་མན་ངག་གཉིས་ཀ་ལ་མཁས་པ་སྟོད་ལུང་རྒྱ་དམར་པའི་གདན་ས་ཡིན། གདན་ས་འདི་ཉིད་ནི་དུས་རབས་བཅུ་གཉིས་པའི་ནང་དུ་མཚན་སྙན་ཆེ་བའི་དབུས་ཀྱི་གྲྭ་ས་ཞིག་ཡིན་པས། སེ་ཐང་དུ་སློབ་གཉེར་གནང་བར་ཕེབས་མཁན་རྟོག་གེ་བ་ཆེན་པོ་སློབ་དཔོན་ཕྱྭ་པ་ཆོས་སེང་དང་། ཀརྨ་པ་དུས་གསུམ་མཁྱེན་པ།

རྗེ་ཕག་མོ་གྲུ་པ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་དུ་བྱོན་མྱོང་ཞིང་། ཀརྨ་པ་མི་མཆོག་དུས་གསུམ་མཁྱེན་པ་དགུང་ལོ་ཉི་ཤུའི་ལོར་ཁམས་ནས་དབུས་སུ་སློབ་གཉེར་ལ་ཕེབས་ཤིང་། སྐབས་དེར་ཐོག་མར་གྲྭ་ས་སྟོད་ལུང་སེ་ཐང་དུ་བཞུགས། གནས་དེར་རྒྱ་དམར་བ་ལས་དབུ་མ་རང་རྒྱུད་པ་ཤར་པའི་གཞུང་གསུམ་དང་། བྱམས་ཆོས་ཁག་གསན་བསམ་མཛད་ལ། ཁོང་ནི་རྗེ་དུས་མཁྱེན་དབུས་སུ་ཕེབས་སྐབས་ཀྱི་ཐོག་མའི་བླ་མ་ལྟ་བུར་ཆགས་ཡོད།

 

 

གཡོན། ཀརྨ་པ་དུས་གསུམ་མཁྱེན་པ། གཡས། ཕྱྭ་པ་ཆོས་སེང་།

 

དེ་ཡང་། རྗེ་ཉིད་ཀྱི་དངོས་སློབ་སྒང་ལོས་མཛད་པའི་རྣམ་ཐར་ཚིགས་བཅད་མ་ལས། “སྟོད་ལུང་རྒྱ་དམར་བ་ལ་བསྟེན། །” ཅེས་དང་། རྣམ་ཐར་ཚིགས་བཅད་མ་ཡིག་རྙིང་མཆན་བུ་ཅན་དུ་ཡང་། “སྟོད་ལུང་ཕུར་རྒྱ་དམར་བ་དང་ཕྱྭ་པ་ལ་བསྟེན།” ཅེས་འབྲུ་སྣོན་བསྐྱོན་ཡོད། ཆོས་འབྱུང་མཁས་པའི་དགའ་སྟོན་ཤོག་གྲངས ༤༣༦ ལས་ཀྱང་། “དགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་ཏེ་སྟོད་ལུང་སེ་ཐང་དུ་རྒྱ་དམར་གྱི་གྲྭ་སར་རྟ་སྒ་ཕོག་སྟེ་སྟོད་ལུང་རྒྱ་དམར་བ། ཕྱྭ་པ་ཆོས་སེང་གཉིས་ལ་དབུ་མ་རང་རྒྱུད་ཤར་གསུམ་ཚད་མ་སྡེ་བདུན་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ལ་མཁས་པར་མཛད།” ཅེས་དང་། དེབ་སྔོན་ཤོག་གྲངས་ ༥༦༥ ལས་ཀྱང་། “ཉི་ཤུ་པ་ལ་སྟོད་ལུང་སེ་ཐང་དུ་ཕེབས། སྟོད་ལུང་རྒྱ་དམར་བ་དང་། དེའི་སློབ་མ་བོད་སྐད་རིགས་གཅིག་པ་མཁས་པ་སློབ་དཔོན་ཕྱྭ་པ་གཉིས་ལ་བྱམས་ཆོས་དང་དབུ་མ་ཤར་གསུམ་གསན་ཅིང་མཁས་པར་བསླབས།” ཞེས་གསུངས་ཡོད།

དགོན་པ་དེ་ནི་ཀརྨ་པ་མི་མཆོག་དུས་གསུམ་མཁྱེན་པའི་རྣམ་ཐར་དང་འབྲེལ་ཡོད་ཀྱི་ས་གནས་གལ་ཆེན་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་ཡིན་ན་ཡང་། རྗེ་དུས་མཁྱེན་གྱི་རྣམ་ཐར་གཟིགས་མཁན་དང་། དེ་ལ་ཉམས་ཞིབ་གནང་མཁན་ཕལ་མོ་ཆེས་རྗེ་དུས་མཁྱེན་དང་སྟོད་ལུང་གསང་ཕུའི་འབྲེལ་བ་ཡང་སྐོར་བསྐྱར་སྐོར་གླེང་བ་ལས་སེ་ཐང་ལ་སློབ་གཉེར་གནང་ཚུལ་དང་སེ་ཐང་ལ་དོ་སྣང་མཛད་མཁན་ཧ་ཅང་དཀོན་ཚོད་དུ་སྣང་།

 

སེ་ཐང་དགོན་གྱི་མཆོད་རྟེན་གྱི་ཤུལ།

དོན་དུ་སྟོད་ལུང་སེ་ཐང་ནི། རྗེ་དུས་མཁྱེན་དབུས་སུ་ཕེབས་སྐབས་ཐོག་མར་བཞུགས་སའི་གྲྭ་ས་ཡིན་པས། དུས་མཁྱེན་གྱི་རྣམ་ཐར་གླེང་བའི་ཚེ་དེ་ཉིད་ཧ་ཅང་གལ་འགངས་ཆེ། གནས་དེ་ཉིད་གང་དུ་ཡོད་མིན་གྱི་ཐད་སྒང་ལོས་མཛད་པའི་རྣམ་ཐར་ཚིགས་བཅད་མ་མཆན་བུ་ཅན་དུ་སྟོད་ལུང་གི་ཕུར་ཡོད་ཚུལ་བཀོད་ཡོད་པས། དེ་བཞིན་དུ་སྟོད་ལུང་གི་ཕུར་ཡོད་མིན་ལ་དོགས་པ་གཏན་ནས་མེད་པར་མ་ཟད། སྟོད་ལུང་ལམ་པའི་ཁུལ་དུ་སྟོད་ལུང་གི་ཕུ་དང་སྟོད་ལུང་ནམ་མཁའི་ཁུལ་དུ་སྟོད་ལུང་གི་མདའ་ཞེས་ཡུལ་མི་ཚོས་དེང་གི་དུས་སུ་ཡང་ངོས་འཛིན་དེ་ལྟར་གནང་གི་འདུག །
ཉེ་དུས་སྟོད་ལུང་གི་ཕུའི་ཡུལ་མིས་སྟོད་ལུང་སེ་ཐང་ཞེས་འབོད་མཁན་དང་ཤེས་མཁན་མེད་ཚོད་དུ་འདུག་ལ། སྟོད་ལུང་ཕུའི་ས་ཆར་ད་ལྟ་དགོན་པ་ཡོད་པ་དང་། ཡང་ན། སྔར་ཀྱི་དགོན་ཤུལ་ཡོད་སར་སེ་ཐང་ཞེས་པའི་མིང་ཐད་ཀར་མ་ཉམས་པར་གནས་མེད། འོན་ཀྱང་། སྟོད་ལུང་ཕུར་དེ་སྔའི་དགོན་ཤུལ་ཡོད་སར་སེ་ཐང་ཞེས་པའི་ཐ་སྙད་དང་འབྲེལ་ཡོད་ཀྱི་མིང་གཅིག་དེ་གའི་ཡུལ་མིའི་ངག་སྒྲོས་སུ་ལུས་ཡོད་པ་ནི་སེ་ལུང་རེད། སེ་ལུང་གི་མདོ་འམ་ཐང་ཆེན་པོར་དགོན་ཤུལ་དང་གྱང་ཤུལ་གཞི་རྒྱ་ཧ་ཅང་ཆེན་པོ་མཐོང་རྒྱུ་འདུག་ལ། དེ་དང་ཉེ་བའི་གཡས་གཡོན་གྱི་ཡུལ་མང་པོར་བཀའ་གདམས་པའི་དགེ་བཤེས་སྟོད་ལུང་པ་ཆེན་པོ་སོགས་ཀྱིས་ཕྱག་བཏབ་པའི་དགོན་པ་ཇི་སྙེད་པ་ཞིག་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་པས་ན། སྔར་གྱི་དུས་སུ་ཡུལ་འདི་པའི་ཁུལ་ལ་བཀའ་གདམས་པའི་བསྟན་པ་ཤུགས་ཆེར་དར་མྱོང་བ་ལས། དེ་དང་དུས་མཚུངས་སེ་ལུང་གི་ཐང་དེར་ཡང་སྟོད་ལུང་རྒྱ་དམར་བས་གྲྭ་ས་བཏབ་ཅིང་གདན་སའི་མཚན་ལ་ཡང་སྟོད་ལུང་སེ་ཐང་ཞེས་ཐོགས་པ་མིན་ནམ་སྙམ།

 

སེ་ཐང་དགོན་གྱི་ཆགས་ཡུལ།

ཟུར་འཕྲོས་ཞུ་རྒྱུ་ཞིག་ལ། དུས་ཀྱི་འཕེལ་འགྲིབ་སྣ་ཚོགས་པའི་འོག་ནས་སྟོད་ལུང་སེ་ཐང་ཡང་ད་ལྟ་ངོས་ཟིན་དཀའ་བའི་གནས་སུ་གྱུར་ཀྱང་། ཁོ་བོས་ལོ་རྒྱུས་རྣམ་ཐར་ཁག་དང་། སྟོད་ལུང་གི་ས་ཡུལ་དངོས། ཡུལ་མིའི་ངག་རྒྱུན་སོགས་ལ་རྗེས་དཔག་བྱས་ནས་ད་ཐེངས་ས་གནས་ས་ཐོག་ནས་ངོ་སྤྲོད་ཞུ་ཁུལ་བྱས་ཡོད།

 

སེ་ཐང་།

གནས་དེ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་བརྡལ་ལམ་པ་གྲོང་ཚོ་གསུམ་པ་སྟག་ཀོག་གི་བྱང་ངོས་སྟོད་ལུང་ས་མཚམས་ཀྱི་ཁ་སྤྲོད་སེ་ལུང་གི་ཐང་དུ་གནས་ཡོད་ཅིང་། དེར་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་ ༧༣ ཙམ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་ ༤༠༠༠ ཙམ་ཡོད་དོ། །ཞེས་སྟོད་ལུང་སེ་ཐང་དགོན་གྱི་ངོ་སྤྲོད་མདོར་བསྡུས་འདི་འཕྲང་སྟོད་པས་གདན་ས་མཚུར་ཕུ་ནས་བྲིས་ཏེ་སྤེལ། རྒྱས་པར་གཟིགས་འདོད་ཚེ་གཞན་དུ་འབྲི་རྩིས་ཡོད་པས། དེར་ཐུགས་སྣང་མཛད་རོགས་ཞུ།

 

 

བརྒྱུད་སྐུལ།

མཆན་སྤེལ།