གངས་དཀར་ཤ་མེད་ཀྱི་མིང་དང་གནས་ཡུལ་གླེང་སློང་།

གངས་དཀར་ཤ་མེད་ཀྱི་མིང་དང་གནས་ཡུལ་གླེང་སློང་།
གངས་དཀར་ཤ་མེད་ཀྱི་མིང་དང་གནས་ཡུལ་གླེང་སློང་།
ར་སེ་དཀོན་རྒྱམ།
བོད་ཀྱི་བརྟན་མ་བཅུ་གཉིས་ཁོངས་སུ་གངས་དཀར་ཤ་མེད་མའམ། ཡིག་རྙིང་དུ་ཤ་མེད་གངས་དཀར་ཞེས་བོད་པ་འདི་ཡི་མིང་ཇི་ལྟར་ཐོགས་པ་ཡིན་མིན་དང་གང་ནས་གནས་པའི་ཐད་ལ་ཡིག་ཆ་སྔ་ཕྱིའི་འགྲེལ་ཚུལ་ལ་བསམ་གཞིགས་ཅུང་ཟད་བྱ་དགོས་པར་མཐོང་བས། འདིར་ཡིག་ཆ་གཞིར་བཞག་ནས་བཤད་པར་བྱའོ། །

བོད་ཡུལ་ཡོངས་གྲགས་སུ་ཁྱབ་པའི་དབང་དུ་བྱས་ན། གངས་དཀར་ཤ་མེད་ཅེས་པའི་མིང་གི་ཐོགས་ཚུལ་ནི། ཨོ་རྒྱན་གླིང་པས་མཛད་པའི་པད་མ་བཀའ་ཐང་ལས། དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོནཿ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེཿ སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བསཿ མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོསཿ  མཚོ་སྐོལ་ཤ་རུས་བྱེ་སྟེ་བྲལ་བ་ལསཿ སློབ་དཔོན་རྡོ་རྗེ་བརྒྱབ་པས་མིག་གཡས་བཅརཿ མཚོ་ཁར་ཡར་བྱུང་ཞུ་བ་གསོལ་བ་ནིཿ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ  བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་གློདཿ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆིཿ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགསཿ གསང་མཚན་ཤ་མེད་རྡོ་རྗེའི་གཡུ་སྒྲོན་མཿ གཏེར་ཁ་ཆེན་པོ་ཞིག་གི་གཉེར་ཁ་གཏདཿ ཅེས་བཀོད་ཡོད་པ་དང་། དེ་བཞིན་དུ་ཁོང་གིས་བཀའ་ཐང་སྡེ་ལྔ་ལས་ཀྱང་། དེ་ནས་ཁ་རག་ལ་ཁར་བྱོན་ཙ་ནཿ གངས་དཀར་མོ་ཡི་སྐུངས་འཐུམས། །ཐོག་མདའ་དགུ་ནི་དུས་གཅིག་ཕབ། །སློབ་དཔོན་ཕྱག་མཛུབ་དཀྲིས་ནས་ཆུ་ནང་བསྐྱུར། །མོ་བྲེད་དཔལ་མོ་དཔལ་མཚོའི་ནང་དུ་བྲོས། །མཚོ་ཁར་རྡོ་རྗེ་བཞག་པས་མཚོ་འཁོལ་ལོ། །མོ་ཡི་ཤ་རུས་བྱེ་ནས་ཀེང་དཀར་སང་སོང་། །མཚོ་ནག་གྱོད་མཚོ་འདི་ཡི་སྒོ་ཆོད་དམ། །དེ་སྐད་ཟེར་ཅིང་མཚོ་ཁར་བྲོས་ནས་བྱུང་། །སློབ་དཔོན་རྡོ་རྗེ་འཕངས་པས་མིག་ཞར་རོ། །བར་ཆོད་བྱེད་ན་དེ་ཁྱེར་དེ་ལ་འགོམ། །ཞེས་སོགས་པད་མ་བཀའ་ཐང་འདྲ་བར་བཀོད་འདུག
ད་ལྟ་མོ་པྲའི་སྐོར་ཞིབ་འཇུག་པ་ལ་ལས་ཏུན་ཧོང་ནས་ཐོན་པའི་མོ་ཡིགCh.9.11.19པར་ཤ་མེད་གངས་ཀར་ཞལ་ནས་ཞེས་འཁོད་ཡོད་པས་ན། དཔྱད་དོན་ལ། སློབ་དཔོན་པད་མ་འབྱུང་གནས་བོད་ལ་ཕེབས་ནས་ཁོ་མོ་དམ་ལ་བཏགས་རྗེས་མཚན་འབོད་ལུགས་ལྟར་བྱས་ཏེ། ཤ་མེད་གངས་དཀར་དུ་བོས་ཡོད་པས། མོ་གཞུང་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་དམ་དེ་ལས་འཕྱིས་པའི་དུས་ཤིག་ལ་བཤུ་བྲིའམ་ཡང་ན་བརྩམས་པར་ངེས། ཞེས་གསུངས་མཁན་ཡོད་ནའང་། ཤ་མེད་གངས་དཀར་ནི་པུར་རྒྱལ་གྱི་གོང་ནས་ཡོད་པ་ཅིག་དང་། གངས་དཀར་ཤ་མེད་ཅེས་པའི་ཐ་སྙད་འདི་ནི་ཕྱི་དར་གྱི་གཡས་གཡོན་ཙམ་ལ་དར་བར་མངོན་ཡོད་པ་ཤེས་དགོས་སྙམ།
དེའི་གོང་གི་དུས་ཡུན་རིང་མོ་སྟེ་པུར་རྒྱལ་དུས་རབས་ནང་སྲིད་པའི་ལྷ་རྒན་སྤྱི་མཚུངས་སུ་ཤ་མེད་གངས་དཀར་ཞེས་བོས་སྲོལ་དར་ཡོད་པ་ཤེས་རྒྱུ་འདི་ལོ་རྒྱུས་རིག་པའི་ངོས་ན་གལ་འགང་ཧ་ཅང་ཆེ་བར་མཐོང་། མི་རིགས་དཔེ་སྐྲུན་ཁང་ནས་པར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ངོས་༦༢ལས། གནུབས་མཚོ་གླིང་དགུའ་དང་། །གྲང་པོ་ནི་མཚོ་ལེ་གོང་། །གང་ཆེ་ནྀ་གག་ཆུང་བ། །ཤ་མྱེད་ནྀ་གངས་ཀར་མཁྱེན། །ཞེས་འཁོད་འདུག་ལ། འདི་ནི་ཐང་ལྷ་དང་ཡར་ལྷ། ལྷེ་འུ་རྗེ་མཉམ་དུ་བོས་འདུག་ཅིང་། འདི་བོས་མཁན་ནི་བཙན་པོ་འདུས་སྲོང་མང་པོ་རྗེ་ཡིན་པར་གསལ་པོར་འཁོད་འདུག མགུར་འདི་ཡང་དུས་འཕྱིས་བརྩམས་པར་ཁས་ལེན་དགོས་པའི་སྐྱོན་ཡོད་པས། མིང་འདི་བོད་དུ་སློབ་དཔོན་པདྨས་ནང་ཆོས་སྤེལ་རྗེས་དར་བ་ཅིག་མ་ཡིན་པར་སྔར་ནས་ཡོད་པ་དང་། བཙན་པོའི་མགུར་ལྷའི་ཁོངས་སུ་གཏོགས་ཡོད་པ་དང་། འདི་ཉིད་ལྷ་ཕོ་ཅིག་ཡིན་པའི་སྣང་ཚུལ་གསལ་པོར་མངོན་ཡོད། གལ་ཏེ་ལྷ་མོ་ཡིན་ན་སྐབས་དེར་བཙན་པོས་མོ་ལྷ་བཀུར་བའི་དད་མོས་ཀྱི་རྒྱབ་ལྗོངས་དང་། མགུར་ལྷ་བཅུ་གསུམ་གྱི་གྲངས་འདྲེན་མི་འདྲ་བ་ཁག་ལའང་དཔྱད་དགོས་པའི་སྐུལ་མ་ནན་མོ་བཏང་ཡོད།
དེས་ན་ཤ་མེད་ཅེས་པའི་དོན་ཡང་ཤ་མེད་རུས་པ་སྐྱ་སེང་དུ་གྱུར་པའི་དོན་མ་ཡིན་པར་གནའ་བོའི་གདུང་རུས་ལས་ཐོན་པའི་གཏམ་རྒྱུད་གཞན་ཞིག་ཡིན་པར་ཐེ་ཚོམ་མི་དགོས། ཕྱིས་ཀྱི་ཤ་མེད་ཀྱི་མིང་ཐོགས་ཚུལ་གྱི་གཏམ་རྒྱུད་འདི་ནི་གཉན་ཆེན་ཐང་ལྷ་ཡར་བཞུར་ཟེར་བ་ནི་མེའི་དྲོད་ཀྱིས་གངས་རི་ཡར་བཞུར་བའི་དོན་དུ་འཆད་པ་དང་གཉིས་སུ་མེད་ལ། དོན་ལ་གནའ་བོའི་མིང་རྙིང་པའི་ངོ་བོ་བོར་ནས་གཡའ་མ་ལུང་ཞེས་པ་ཡིད་སྨོན་ལུང་དུ་འཆད་པ་ལྟ་བུའོ། །
གལ་ཏེ་ཤ་མེད་གངས་ཀར་དང་གངས་དཀར་ཤ་མེད་ཐ་དད་ཡིན་ཟེར་ན། དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་ཐར་ངོས་༡༧༦ལས། ཡུལ་ནི་ཤེའུ་ཤེ་སྟོད་ནཿ གངས་དཀར་ལྗོངས་ཀྱི་ཤེ་སྟོད་ནཿ གདུང་རུས་གཉན་དེ་ཤ་བཟའ་མཿ ཤ་མེད་གངས་དཀར་རྡོ་རྗེ་སྨནཿ ཞེས་སོགས་ཡིག་ཆ་དེར་བརྟན་མ་བཅུ་གཉིས་གྲས་སུ་བཀོད་འདུག་ཅིང་། གངས་དཀར་ཤ་མེད་དང་གཅིག་པར་གསལ་བཤད་ཡང་ཡང་བྱས་འདུག་ལ། ཡུལ་ཤེའུ་ཤེ་སྟོད་ཅེས་པ་དེ་ནི། ད་ལྟ་་གཞིས་རྩེ་གྲོང་ཁྱེར་ཁོངས། རྣམ་གླིང་རྫོང་སྟེ། གནའ་དུས་འུ་ཡུག་ཅེས་གྲགས་པའི་ལུང་པ་ཆེན་པོ་དེའི་ཕུ། མང་ར་སྡེ་ཤོག་དང་ཉེ་བའི་ཇོ་མོ་གངས་དཀར་རི་བོའི་ནུབ་འདབས་ན་ཡོད་ལ། ད་ལྟ་ཡང་ཤེའུ་ཡུལ་དང་ཤེའུ་སྟོད་ཅེས་བོས་བཞིན་པའི་འབྲོག་ས་ཡོད་བཞིན་པས། ཡུལ་མིང་ཁོ་ནས་ཀྱང་ལོ་རྒྱུས་དཔང་པོ་བྱས་མི་འདུག་གམ། ཡུལ་མིང་ལ་བསམ་ན་ཡང་ཤེ་མེད་ཟུར་ཆག་ནས་ཤ་རུ་གྱུར་པའང་ཡིན་སྲིད་ལ།  གོང་གསལ་དེབ་ངོས་༡༧༥ལས། གདུང་རུས་ཤ་བཟའ་་་ཞེས་འཁོད་འདུག་པས་ཤ་མེད་ཀྱི་ཤ་ནི་རུས་མིང་ཡིན་པར་གསལ་འདུག་པས། ཤ་བཟའ་རུ་འབོད་པར་གསལ་བའང་ཁུངས་སྣེ་རྩ་ཆེན་ཅིག་ཡིན།
ཤ་མེད་གངས་དཀར་རི་དེ་གང་དུ་ཡོད་དམ་ཟེར་ན། གནས་བཤད་སོགས་ལ་ལར་ལ་སྟོད་ལྷོའི་དཔལ་ཁུད་མཚོའི་ལྷོ་ནུབ་ཀྱི་གངས་རི་དེ་ཡིན་ཟེར་བ་དང་། དེ་ཉིད་ཁ་ལ་ཡིན་པར་བཤད་ཡོད་ཅིང་། དེའི་ཁུངས་ནི་བར་ཆད་ལམ་སེལ་ལས། བོད་ཡུལ་ཁ་ལའི་ལ་ཐོག་ཏུ། །གངས་དཀར་ཤ་མེད་དམ་ལ་བཏགས། །ཞེས་པའི་རྗེས་སུ་འབྲངས་མོད། དེ་ནི་ཕྱིས་ཀྱི་གཏམ་ཡིན་ལ།  བརྟན་མ་བཅུ་དམ་ལ་འདོགས་ཚུལ་དང་འདོགས་ས་མི་འདྲ་བ་མང་བ་དང་འབྲེལ་ཡོད། ལོ་རྒྱུས་ལ་ལར་ཤ་མེད་གངས་དཀར་ནི་སྙེ་མོ་དང་འུ་ཡུག་མཚམས་ཀྱི་ཇོ་མོ་གངས་དཀར་དང་གཅིག་པར་གསུངས་པས། ཕྱི་མ་འདི་ཉིད་ནི་དོན་མཐུན་ཡིན་ཞིང་། བཙན་པོའི་དུས་སུ་གྲགས་པ་འབར་བའི་སྐུ་ལྷ། ཤ་མེད་གངས་དཀར་ཞུ་བ་དེ་ཉིད་ཀྱི་གནས་རི་དངོས་ཡིན་ནའང་། ད་ལྟ་ཇོ་མོ་གངས་དཀར་ཞེས་ཞུ་བ་ལས་ཤ་མེད་གངས་དཀར་ཞེས་བོས་ཚུལ་ནུབ་ཟིན་པའང་གང་ལ་ཐུག་མིན་ད་དུང་བརྟག་པར་བྱ་བའི་གནད་དུ་ཡོད་འདུག་གོ །
གནས་ཡུལ་གཙོ་བོ་ལྷ་ས་གྲོང་ཁྱེར་ཁོངས། སྙེ་མོ་རྫོང་མར་རྐྱང་སྡེ་ཤོག་གི་ལུང་པའི་ཕུར་རྔམ་བརྗིད་ལྡན་པར་གནས་ཡོད་ལ། གངས་རིའི་ནུབ་འདབས་རྣམ་གླིང་རྫོང་ཁོངས་ཀྱི་ཤེའུ་ལུང་དང་འབྲེལ་བ་དང་། ཤར་འདབས་ནི་གནའ་བོའི་གནམ་ལུང་པ་དང་། ད་ལྟའི་འདམ་གཞུང་རྫོང་ཁོངས་ཀྱི་ཡང་ཡིད་སྡེ་ཤོག་དང་འབྲེལ་ཡོད་ཅིང་། གནའ་དུས་སུ་གནམ་ལྷ་བརྒྱད་ཀྱི་ཁོངས་སུ་བརྩི་བའང་ས་འབྲེལ་ཡིན་པའི་ཕྱིར་དང་། མདུན་གྱི་རྩྭ་ཐང་ཉམས་དགའ་བར། གོང་གསལ་རྫོང་ཁག་གསུམ་གྱི་གཞུང་ལམ་གྱི་གསུམ་མདོ་འཁེལ་ཡོད་པས་མཇལ་ལམ་སྟབས་བདེ་ལ། གངས་མདུན་གྱི་མཚེའུ་གཡུ་ཡི་མན་ཌལ་བཤམས་པ་དང་རྗེས་སུ་མཐུན་པ་མཆིས་པས། ལྗོངས་རྒྱུ་བའི་འཁོར་ལམ་བཟོས་ཡོད་པ་སོགས་ཀྱིས་མཇལ་སྐོར་ཡང་ཧ་ཅང་མང་བར་གྲགས་སོ། །
སྔོན་ཚེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བལ་ཡུལ་ནས་གདན་དྲངས་འོང་བའི་སློབ་དཔོན་པད་མ་སཾ་བྷ་ཝ་དེ་ཉིད་ས་ཆ་འདི་ནས་ཕེབས་ཤིང་། གནམ་དང་ཉེ་བའི་ལ་ཁར་བརྟན་མ་སོགས་རིམ་པས་དམ་ལ་བཏགས་པར་མཛད་པའི་ཚུལ་གྲགས་པ་དང་། དེ་བཞིན་འགྲོ་མགོན་བཀའ་བརྒྱུད་མེས་པོའི་དབེན་གནས་དམ་པ་ཡིན་པས། ཀམ་ཚང་སྲོལ་འབྱེད་གྲུབ་ཐོབ་ཁམས་པ་དབུ་སེའི་སྒྲུབ་ཕུག་ཕ་བོང་དཀར་ལེབ་དང་། གྱ་བ་གངས་པ་ཞེས་པའང་གངས་འདིར་བཞུགས་པས་ཐོགས་ཤིང་། འདིར་གྱ་བ་གངས་པའི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད་པ་སོགས་ཆོས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མཐུག་པའི་སྲིད་པའི་གངས་རི་གཟི་ཉམས་ལྡན་པ་ཅིག་ལགས་སོ། །
དེས་ན་ཁོ་བོས་ཅུང་ཟད་གླེང་བའང་ཞིབ་མོར་རྟོགས་པའི་རྟིང་བསྐུལ་ཙམ་ཡིན་ལ། ནོར་འཛོལ་ཡོད་ན་ནི་དགོངས་དག་ཞུ་ངེས་ཡིན་ལ། དེང་སང་ལ་ལས། ཐོག་མར་མངའ་རིས་རུ་ཐོག་གི་རྒྱབ་ཀྱི་འུ་ཐེན་ནམ་ཡུའུ་ཐེན་དང་། མཚོ་སྔོན་པོའི་བྱང་རྒྱབ་ཀྱི་ཏུན་ཧོང་དང་གནའ་མིང་ཧོ་ཐེན་ཟེར་བ་རྣམས་གཅིག་པ་ཡིན་ཞེས་ཁས་བླངས་ཏེ་ཧམ་པ་དང་། དེ་གཉིས་བར་ལ་ལེ་བར་སྟོང་ཕྲག་གིས་ཆོད་པ་ཤེས་རྗེས། འུ་ཐེན་ལྟེ་བའི་མིང་དེ་མཐའ་མཚམས་ལ་བཏགས་པ་རེད་ཟེར་ཡང་ཧམ། དེ་ནི་ནོར་འདུག་ཟེར་དུས་ཁས་མ་བླངས་པར། སྒྲུབ་བྱེད་དུ་རྒྱ་སྐད་ཀྱི་ཤིས་ཙང་ཟེར་བ་ནི་དོན་འགྱུར་ལ་བོད་ལྗོངས་ཏེ། འབྲི་ཆུའི་ནུབ་རྒྱུད་ནས་མངའ་རིས་སྐོར་གསུམ་ཏེ་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཧྲིལ་པོར་འཇུག་པ་ནི་གྲགས་ཤིང་གྲུབ་ལ། ཐད་སྒྱུར་ལ་ཤིས་ནི་ནུབ་དང་ཙང་ནི་བོད་དེ། ནུབ་བོད་ཅེས་པའི་དོན་ཡིན་པར་རབ་ཏུ་གསལ་ཡང་། དབུས་གཙང་གི་དོན་ཡིན་ཟེར་ཧམ་པ་དང་། བོད་བཙན་པོའི་དུས་སུ་ལྷ་ས་སོགས་རྒྱལ་ས་ཡིན་པ་ཀུན་ཤེས་ཡིན་མོད། དབུས་གཙང་ནི་རྒྱལ་སའི་མིང་རེད་ཟེར་ཞིང་བོད་ཀྱི་མཐའ་མཚམས་ལ་དབུས་གཙང་ཟེར་བ་ལྟ་བུ་རེད་ཅེས་ཧམ་གཏམ་སྨྲ་ཞིང་། དོགས་སློང་ཙམ་འགྲོ་ས་མེད་པར་གཤེ་གཤེ་ཁོ་ན་གཏོང་བར་དགའ་ཞིང་ངོ་ཚ་མི་ཤེས་པ་དང་། ང་རྒྱལ་གྱི་ཡོངས་སུ་བཟི་ཞིང་། གཞན་ལ་ཁྱད་གསོད་ཁོ་ནའི་གཏམ་སྨྲ་བ་ལྟ་བུ་རིགས་པ་སྨྲ་བའམ། ལོ་རྒྱུས་སྨྲ་བའི་ངག་སྒོ་ནས་ཐོན་ན་ལྟས་ངན་ཡིན་ནོ། །
ཁོ་བོ་ནི་ལོ་རྒྱུས་སྨྲ་བ་དང་ལོ་རྒྱུས་རིག་པ་སྨྲ་བ་ཅིག་ཡིན་ཞེས་སྔ་ཕྱི་གང་དུའང་བཤད་མྱོང་མེད། ལོ་རྒྱུས་དང་འབྲེལ་བ་འདི་སོགས་རྩོམ་ཐུང་སྤེལ་བ་དག་ཀྱང་དཔེ་ཀློག་གི་ཟིན་བྲིས་ཅི་རིགས་པ་ཀློག་པ་པོར་གཟིགས་ལམ་དུ་བཤམས་པ་ཁོ་ན་ཡིན་ནོ། །
༢༠༢༢/༥/༡

བརྒྱུད་སྐུལ།

མཆན་སྤེལ།