དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

ལྷུན་གྲུབ་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ།  རྫོང་གི་མིང་ཐོགས་ཚུལ།

རྫོང་དེའི་མིང་ཆ་ཚང་བར་དབུས་སྟོད་འཕན་ཡུལ་ལྷུན་གྲུབ་རྫོང་། ཞེས་ཟེར་རིང་། གནའ་དུས་ཡུལ་ངས་པོ།[1] ཞེས་འབོད་རྒྱུན་དུ་ཡོད་པར་སྣང། ཡུལ་མིང་དེ་ཡིག་ཐོག་ཏུ་འཁོད་སྔ་ཤོས་ནི་《ཏུན་ཧོང་གཏེར་ཡིག་》ལས། བཙན་པོ་ཁྲི་སློན་བཙན་གྱྀས་བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱིང་སྤོས་སོ།[2] ཞེས་པ་དེ་ཡིན་པར་སྣང་ཞིང་།

ད་དུང་དེང་འཕན་ཡུལ་གྱི་མངའ་ཁོངས་ཕུ་མདོ་ཞེས་པ་དེ་ཡང་།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལས། བྱ་གགྀ་ལོ་ལའ: (ཕྱི་ལོ་ ༦༧༣)བཙན་པོ:དབྱར་སྟོད:ཕོ་དམ་མདོ་ན་བཞུགས་ཤིང་། དབྱར:སྨད་སུམ་ཆུ་བོར:སྤོསྟེ།[3] ཞེས་བྱུང་བ་དེ་ཡིན་ལས་ཆེ་བ་ནི། སྔར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལྡན་ཁོག་ནས་དབུས་གཙང་ཕྱོགས་སུ་ཕེབས་སྐབས། བྱང་རྭ་སྒྲེང་དང་ཐག་ཉེ་བའི་ས་ན་ཕོད་མདོ་བྱ་བའི་གྲོང་ཞིག་ཡོད་ཚུལ་དང་། ལྷག་པར་དུ་སྟང་ལུང་ཐང་པ་བཀྲ་ཤིས་དཔལ་ཉིད་ཕོད་མདོར་སྐབས་ཤིག་རིང་བཞུགས་པའི་ལོ་རྒྱུས་བྱུང་ཚུལ་ལ་བལྟས་ན། སྐབས་དེའི་ཕོད་མདོ་ཞེས་པ་དེ་བཙན་པོའི་དུས་སུ་ཕོ་དམ་མདོར་གྲགས་པའི་ས་མིང་གི་སྐད་ཟུར་ཆག་བསྡུས་འབྲི་བྱས་པ་ཞིག་མིན་ནམ་སྙམ་པ་བཅས་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན།[4] ཞེས་གསུངས།

བཙན་པོ་ཁྲི་སློན་བཙན་སྟེ་རྒྱལ་ཐོག་སོ་གཉིས་པ་གནམ་རི་སྲོང་བཙན་གྱིས་འཕན་ཡུལ་གྱི་རྗེ་ཁྲི་པངས་གསུམ་གྱི་སྲིད་བརླག་སྟེ། བཙན་པོ་སྐུ་ངོ་མས་ཡུལ་ངས་པོ་ལས་འཕན་ཡུལ་བརྗེས་ཚུལ་གསལ་བར་འཁོད་པ་ལས་ཤེས་པར་གྱུར་ཞིང་། གནམ་རི་སྲོང་བཙན་སྐབས་ཡུལ་ངས་པོ་ཞེས་པའི་དོད་དུ་འཕན་ཡུལ་ཞེས་འབོད་པར་སྒྲགས། འོན་ཀྱང་། བོན་གཞུང་《སྒྲ་འགྲེལ་》ལས་སྤུར་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་དབུས་གཙང་ཁུལ་བོན་གྱི་འདུ་གནས་སོ་བདུན་བཞེངས་པར་གྲགས་པའི་བོན་གྱི་འདུ་གནས་གཅིག་འཕན་ཡུལ་སྲབ་དཀར།[5] ཞེས་སྐབས་དེ་དུས་ནས་དབུ་རུའི་ཁུལ་དུ་འཕན་ཡུལ་ཞེས་པའི་ས་མིང་ཡོད་པ་གསལ་འདུག་ན་ངས་པོ་ནས་འཕན་པོར་བསྒྱུར་ཞེས་པ་དེར་ཡང་བརྟག་དགོས་པ་འདུག་སྙམ།

ཡང་འབྲི་གུང་ཆེ་ཚང་རིན་པོ་ཆེས་བརྩམས་པའི་《བོད་བཙན་པའི་རྒྱལ་རབས》ལས། ཡུལ་ངས་པོ་དང་འཕན་པོ་(ཕན་པོ་)གཉིས་ཀ་བོད་ཀྱི་ཡུལ་སྤྱིའི་མིང་ཡིིན་པའི་སྒྲུབ་བྱེད་ལུང་འདྲེན་མང་དུ་མཛད་པ་དང་སྦྲགས། ངས་པོ་དང་འཕན་པོ་གཉིས་བོད་ཡུལ་བྱེ་བྲག་པ་ཞིག་གི་མིང་ཡིན་པར་འཛིན་པ་ནི་ནོར་འཁྲུལ་ཡིན་པར་གསུངས།[6] མ་ཟད་འཕན་ཡུལ་ཞེས་པའི་མིང་གི་བྲིས་རྒྱུན་ལའང་ཕན་ཡུལ་ཞེས་བཀོལ་འདུག ལྷུན་གྲུབ་རྫོང་ནི་འཕན་ཡུལ་དཀྱིལ་རྒྱུད་དུ་ཡོད་པའི་མཁར་རྫོང་ཞིག་གི་མིང་ཡིན། ལྷུན་གྲུབ་ཅེས་པའི་མིང་ཐོགས་དོན་ལའང་གནའ་བོའི་ཤོད་རྒྱུན་མི་འདྲ་བ་འགའ་མཆིས། དེ་ཡང་དུས་རབས་དྲུག་པའི་ནང་འཕན་པོ་ཁུལ་གྱི་དབང་བསྒྱུར་པ་ཟིང་པོ་རྗེ་སྟག་སྐྱ་བོས། རང་ཉིད་སྡོད་སའི་གནས་གཞི་དེ་རང་བྱུང་གི་ས་དཔྱད་ཕུན་སུམ་ཚོགས་པ་ཞིག་འཚོལ་བར་ཕྱིན་ནས། ད་ལྟའི་རྫོང་ཞོལ་གྲོང་ཚོའི་བྱང་ངོས་ཀྱི་རི་སྣ་དེ་བསམ་འདུན་དང་མཐུན་པ་ཞིག་བྱུང་ནས་དེར་གནས་གཞི་བྱས་ཏེ་ལྷུན་གྲུབ་ཅེས་མིང་བཏགས་སྐད་དང་། གཞན་ཞིག་ཏུ་རི་སྟེང་གི་མཁར་རྫོང་དེ་ཐོག་མར་བསྐྲུན་སྐབས་རྟ་ལམ་མ་བཅོས་ལྷུན་གྱིས་གྲུབ་པ་ཞིག་ཡོད་པ་དང་། མཁར་རྫོང་གི་ཉེ་འགྲམ་དུ་ཆུ་མིག་ཀྱང་ཡོད་པར་བརྟེན་ལམ་དང་ཆུ་མ་བཅོས་ལྷུན་གྱིས་གྲུབ་པ་ན་ལྷུན་གྲུབ།[7]  ཅེས་འབོད་སྲོལ་མཆིས།

 

ལེ་ཚན་གཉིས་པ། ས་བབ་ཆགས་ཚུལ།

ལྷུན་གྲུབ་རྫོང་ནི་ལྷ་ས་སྐྱིད་ཆུའི་སྟོད་དང་འཕན་པོ་གཙང་པོའི་གཤོང་ཁུལ། བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༩༚ ༧’ 〜    ༣༠༚ ༥’ དང་། ཤར་གྱི་གཞུང་ཐིག་ཏུའུ་གྲངས་ ༩༠༚ ༧’ 〜    ༩༡༚ ༨’ བར། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གཙང་པོའི་གཤོང་སའི་ས་རྒྱུད་དུ་གཏོགས། རི་བོ་གཉན་ཆེན་ཐང་ལྷའི་རི་ལག་ཁ་ལ་རི་བོས་མངའ་ཁོངས་དེ་བཞིན་འཕྲེད་བཅད་བཏང་ནས་ལྷུན་གྲུབ་རྫོང་དེ་བཞིན་ལྷོ་བྱང་གི་ཆ་ཤས་ཆེན་པོ་གཉིས་སུ་འབྱེད།  བྱང་ཕྱོགས་སྐྱིད་ཆུའི་སྟོད་རྒྱུད་ཁོངས་དང་དེའི་འབྱུང་ཁུངས་ཀྱི་འབབ་ཁུལ་དུ་གཏོགས་ཤིང་། གཙོ་བོ་རི་ཁུལ་ཡིན་ཞིང་ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༡༦༠ སྒང་ཡིན་ཞིང་མཐོ་གྲང་ཁུལ་དུ་གཏོགས།  ལྷོ་ཕྱོགས་འཕན་པོ་གཙང་པོའི་འབབ་ཁུལ་དུ་གཏོགས་ཤིང་། ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༣༨༥༠ ཡོད་པ་དང་ས་བབ་བདེ་ལ་རྒྱ་ཆེ་བ། ཕྱེད་ཐན་པའི་ཞིང་འབྲོག་ཁུལ་གྱི་ཁོངས་སུ་གཏོགས། རྫོང་ཡོངས་ཀྱི་ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༣༩༠༠ དང་། མཐོ་སྒང་དྲོད་ཁུལ་ཕྱེད་ཐན་པའི་མཐོ་སྒང་དུས་རླུང་གི་གནམ་གཤིས་ཁུལ་གྱི་ཁོངས་སུ་གཏོགས།[8]

ལོ་རེའི་ཆ་སྙོམས་དྲོད་ཚད་ ༢ ༚C‚ ཡིན་ཞིང་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༠ ༚C‚ དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༢ ༚C‚ རེད། གནམ་གཤིས་དྲོ་འཇམ་ཡིན་ཞིང་སྐམ་རློན་དུས་ཚིགས་ཀྱི་ཁྱད་པར་ཆེ་བ། ཉིན་མོའི་དྲོད་ཁྱད་དང་ཉི་འོད་འཕྲོ་ཚད་ཆེ་ཞིང་ལོའི་ཉི་འོད་འཕྲོ་ཡུན་ཆུ་ཚོད་ ༣༠༠༠ ཡས་མས་ཡིན། ལོ་རེའི་སད་མི་རྒྱག་པའི་དུས་ཡུན་ཉིན་ ༡༢༠ ཡས་མས་དང་། དབྱར་དུས་ཆར་ཆུ་འདུ་ཞིང་ལོའི་ཆར་ཆུ་འབབ་ཚད་ལི་སྨི་ ༤༩༡ རེད།[9]  ཟླ་བ་དྲུག་པ་ནས་ཟླ་བ་དགུ་པ་བར་རླངས་ཤུགས་ཐོན་ཚད་ཧའོ་རྨིས་ ༡༩༡༨ mm དང་གྲངས་ཆུང་གསུམ། བ་མོ་མེད་པའི་དུས་ཚོད་ཉིན་དྲུག་ཅུ་ནས་བདུན་ཅུ་བར། ཕྱི་སད་སྔ་ཤོས་དེ་སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཡས་མས་ནས་ཡོང་བ་དང་། སྔ་སད་ནི་སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་ཡས་མས་ནས་ཡིན།[10] ཅེས་གསལ། རྒྱུན་མཐོང་གི་རང་བྱུང་གནོད་སྐྱོན་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། ཐན་པ། སེར་བ། ནད་དང་འབུའི་གནོད་པ། གངས་སྐྱོན། སད་སྐྱོན་སོགས་ཡོད།[11]

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་ལྷུན་གྲུབ་རྫོང་།

འཕན་པོ་ལྷུན་གྲུབ་རྫོང་ཁུལ་འདིར་སྔ་དུས་རྒྱལ་ཕྲན་སིལ་མའི་སྐབས་རྗེ་དགུ་གྲི་ཟིང་པོ་རྗེ་ཡི་མངའ་དབང་བསྒྱུར་བའི་ཡུལ་གྲུ་ཞིག་ཡིན་པ་ནི། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུ་གྲི་ཟིང་པོ་རྗེ། བློན་པོ་མགར་དང་། གཉན་གཉིས། ཞེས་བྱུང་བའི་ཡུལ་ངས་པོའི་ཁྲ་གསུམ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཡུལ་སྔ་ཤང་གི་ཁོངས་སུ་ཡོད་པ་གསུང་ཤིང་།[12] དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་བའི་སྐབས། བོད་དབུས་གཙང་རུ་བཞི་ལས་དབུ་རུ་བྱང་ཕྱོགས་ཀྱི་ཡུལ་འཕན་ཡུལ་འདི་བཞིན་དབུས་རུའི་སྟོང་སྡེའི་ཁོངས་དང་། དུས་རབས་དགུ་པའི་ནང་བོད་སིལ་བུར་འཐོར་སྐབས། བོད་དབུས་གཙང་ཁུལ་དུ་ཡུལ་གྱི་རྗེ་ཚན་འགའ་བྱུང་བའི་ནང་ཚན། སྒྲོ་དང་རྨ་ཡི་རུས་རྒྱུད་ཀྱིས་དཔོན་བྱས་པའི་ཡུལ་སྡེ་ཞིག་ཡིན་པ་ནི།《ལྡེའུ་ཆོས་འབྱུང་》ལས། འཕན་ཡུལ་ཟ་གད་སྟག་པར་རྗེའུ་ཚན་གཅིག་ཆགས། ལྷམ་ལྷ་ཕོ་རྒྱུད་ཀྱིས་ཞུ་བ་བྱས།[13] ཞེས་འཕན་པོ་ཟྭ་དམ་དུ་བཙན་མཁར་བྱས་ཤིང་། སྒྲོ་དང་རྨ་ཡི་རུས་རྒྱུད་ཀྱིས་དཔོན་བྱས་པའི་རྗེ་དཔོན་ཚན་པ་གཅིག[14] བྱུང་ངོ་།

དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་དབུས་ཀྱི་ཁྲི་སྐོར་དྲུག་གི་ཡ་གྱལ་འབྲི་གུང་ཁྲི་སྐོར་གྱི་མངའ་ཁོངས་སུ་གཏོགས་པ་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་འཕན་པོ་ལྷུན་གྲུབ་རྫོང་དེ་བཞིན་བརྩིགས་ཤིང་དེའི་མངའ་ཁོངས་སུ་བཞག་འདུག དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་སྐབས། འཕན་ཡུལ་ཁུལ་དེ་བཞིན་རྫོང་གཞིས་ལྔ་རུ་དབྱེ་ཡོད་པ་ནི་རིམ་དྲུག་གི་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སེར་མོ་གཅིག་གིས་བསྐྱོངས་བའི་ལྷུན་གྲུབ་རྫོང་དང་།[15] རིམ་དྲུག་གི་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སྐྱ་བོ་གཅིག་གིས་བསྐྱོངས་བའི་མཁར་རྩེ་གཞིས།[16] རིམ་བདུན་གྱི་རྫོང་གཞིས་ཆུང་གྲས་རྫོང་སྡོད་སེར་མོ་གཅིག་གིས་བསྐྱོངས་བའི་ཟ་ལྷ་གཞིས།[17] རིམ་བདུན་གྱི་རྫོང་གཞིས་ཆུང་གྲས་རྫོང་སྡོད་སེར་མོ་གཅིག་གིས་བསྐྱོངས་བའི་གླང་ཐང་གཞིས།[18] ཕོད་མདོ་གཞིས་བཅས་ཡིན། ལྷུན་གྲུབ་རྫོང་ནི་རྩེ་དྲུང་གི་ཐབ་རྟེན་དུ་ལོ་དུས་ཚད་བཀག་གིས་སྐྱོང་ལམ་འདུག[19]

ཕྱི་ལོ་ ༡༩༥༤ ལོར་རྒྱལ་ཁྱབ་རྫོང་གཞིས་ཡོངས་རྫོགས་གཞུང་འོག་མ་བཟོས་གོང་། ལྷུན་གྲུབ་རྫོང་ནི་མཁན་དྲུང་ངག་དབང་བསྟན་སྐྱོང་གི་ཐབ་རྟེན་ཡིན་རེད་འདུག[20] ཕྱི་ལོ་ ༡༩༥༨ ལོ་རྫོང་གཞིས་འཕོ་ལེན་སྐབས་རྩེ་དྲུང་ཚུལ་ཁྲིམས་རྒྱལ་མཚན་རིམ་པ་ལྔ་པའི་ལས་ཚན་ཐོག་འཕན་སྟག་རྫོང་གཞིས་དྲུག་(ལྷུན་གྲུབ་དང་། ཟ་ལྷ། མཁར་རྩེ། གླང་ཐང་། ཕོད་མདོ། སྟག་རྩེ་)བཅས་ཀྱི་སྤྱི་ཁྱབ་འགན་འཁུར་བཞེས།[21] ཕྱིས་རྫོང་གཞིས་ལྔ་པོའི་ནང་ནས་ཁྱབ་ཁོངས་ཆེ་ཤོས་སམ་སྤྱི་ཁྱབ་ལྟ་བུ་དེ་ལྷུན་གྲུབ་རྫོང་ཡིན་སྟབས་གོང་གསལ་རྫོང་གཞིས་བཞི་པོ་ལྷུན་གྲུབ་ཁོངས་སུ་ཟླ་སྒྲིལ་གྱི་ལྷུན་གྲུབ་རྫོང།[22] ཞེས་འབོད་ལམ་བྱུང་བ་འདྲ། ཕོད་མདོ་གཞིས་ཀྱི་ཁྱབ་ཁོངས་ནི་ཤར་ནག་ཆུའི་ས་མཚམས་ར་རིས་འཕྲེང་(ད་ལྟ་གདམ་གཞུང་རྫོང་)ནས། ནུབ་འདམ་ཀླུ་མོ་སྒང་(ད་ལྟ་གདམ་གཞུང་རྫོང་ཁོངས་)དང་། དབུ་རུ་ལུང་གི་ལྷ་ཆུ་གྱེན་འདེད་ཀྱི་ཉ་འབྲོམ་ཆུ་འགོ་འོ་མ་ཅན་བར། ལྷོར་ངར་མདོ་ཀུན་དགའ་ར་བ་བརྒྱུད་ཐ་རྒྱས་(དེང་མལ་གྲོ་གུང་དཀར་ཁོངས་)དང་། ཆག་ལའི་ལ་རྩེའི་བྱང་རྒྱུད་ནས། བྱང་ཅོག་རྩེ་ལའི་ལ་རྩེ་བར་ཡིན།[23] ཟ་ལྷ་གཞིས་ཀྱི་ཁྱབ་ཁོངས་ཤར་ཁུ་རའི་རིའི་སྣེ་ཟུར་གྲོང་ཚོ་ནས་ཐད་དྲངས་བྱང་ཁ་གཞིས་ཀྱི་མདུན་སྐེ་བརྟན་རི་ཆུང་མན་དང་། ནུབ་ཁ་རག་(དེང་སྟོད་ལུང་བདེ་ཆེན་རྫོང་ཁོངས་)བར། ལྷོ་སྐམ་ལའི་ལ་རྩེའི་བྱང་ངོས་ཀྱི་རི་རྒྱུད་ནས་བྱང་རྒྱལ་པོ་བླ་རིའི་རྒྱབ་ཀྱི་རི་རྒྱུད་བར་ཡིན།[24] བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ལོ་ལྷུན་གྲུབ་དང་། མཁར་རྩེ། ཕུ་མོད་སོགས་ཟླ་བསྒྲིལ་ནས་ལྷུན་གྲུབ་རྫོང་བཙུགས་པ་དང་། ད་ལྟ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་དགའ་ལྡན་ཆོས་འཁོར་དུ་ཡོད།[25]

མཁར་རྩེ་གཞིས་ཀྱི་ཁྱབ་ཁོངས་ཤར་སྒེར་བསོད་ནམས་སྒང་པའི་གཞིས་ནས་ནུབ་ཟ་ལྷ་གཞིས་འོག་བར་དང་། བྱང་ཆུ་ཁ་བྱང་གྲོང་ཚོ་ནས་ལྷོ་སྒོ་མོ་ནང་བར་ཡིན་ཞིང་།[26] ༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་མཁར་རྩེ་རྫོང་སྡོད་ཀ་ཡག་པ།[27] ཞེས་པ་བཀོད་མངགས་གནང་འདུག གླང་ཐང་གཞིས་ཀྱི་ཁྱབ་ཁོངས་ལྷོ་སྒོ་ལའི་རི་རྒྱུད་ཀྱི་བྱང་ངོས་དང་། ཤར་མཁར་རྩེའི་ས་ཁོངས། ནུབ་བྱང་གཉིས་ཟ་ལྷའི་ཁོངས་དང་འབྲེལ་ཡོད།[28] དེང་སང་ཆག་ལའི་ལྷོ་ཕྱོགས་པ་ཚོས་བྱང་ཕྱོགས་པ་རྣམས་ལ་བྱང་པ་འམ་ཧོར་པ་ཞེས་འབོད་པ་དང་། བྱང་པ་ཚོས་ལྷོ་ཕྱོགས་པ་རྣམས་ལ་བོད་པའམ་འཕན་པོ་བ་ཞེེས་འབོད་པའི་སྲོལ་དེ་བཞིན། དེ་སྔ་ཞུས་མྱོང་བ་ལྟར་འབྲོག་ལས་གཉེར་མཁན་བྱང་པ་དང་། ཞིང་ལས་གཉེར་མཁན་བོད་པ། ཅེས་དབུས་གཙང་གི་ཡུལ་གྲུ་གཞན་དུ་ཡང་འབོད་རྒྱུན་ཡོད་པ་གཅིག་མཚུངས་སུ་སྣང་།

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་ལྷུན་གྲུབ་རྫོང་གི་ཁྱབ་ཁོངས་ནི་བྱང་ཆག་ལའི་ལ་རྩེ་ནས། ལྷོ་གཡའ་རོང་ལུང་གཤམ་བར་དང་། ཤར་ཡུང་བ་ལུང་གཤམ་ནས། ནུབ་ལྷུན་སྡིངས།[29] བར་ཡིན། ད་ལྟའི་ལྷུན་གྲུབ་རྫོང་གི་ཁྱབ་ཁོངས་ནི། ཤར་ནག་ཆུ་ས་ཁུལ་གྱི་(ལྷ་རི་འགོ་)རྫོང་དང་། ཤར་ལྷོར་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མལ་གྲོ་གུང་དཀར་རྫོང་དང་། ལྷོར་སྟག་རྩེ་རྫོང་དང་། ལྷ་ས་ཁྲེན་ཀོན་ཆུས། ནུབ་ཏུ་སྟོད་ལུང་བདེ་ཆེན་རྫོང་། ནུབ་བྱང་དུ་འདམ་གཞུང་རྫོང།[30] བཅས་ཡིན། རྫོང་འདིའི་ས་བབ་ཆགས་སྟངས་ནི་བྱང་ངོས་མཐོ་ལ་ལྷོ་ངོས་ཅུང་དམའ་བ་དང་། ཁྱབ་ཁོངས་ཀྱི་ཤར་ནས་ནུབ་ཏུ་བར་ཐག་རིང་ཤོས་སྤྱི་ལེ་ ༤༩-༢ དང་། ལྷོ་བྱང་གི་བར་ཐག་རིང་ཤོས་སྤྱི་ལེ་ ༥༦ ཙམ་ཡོད། ཆག་ལའི་རི་རྒྱུད་ཀྱིས་ས་ཁོངས་ལྷོ་བྱང་གཉིས་སུ་དབྱེ་ཞིང་། བྱང་ཕྱོགས་ཕལ་ཆེར་རི་མ་ཀླུང་དང་། ལྷོ་ཕྱོགས་ཕལ་ཆེར་ཐང་གཤོང་ཡིན། འཕན་སྟོད་ནི་འབྲོག་ས་ལྟ་བུ་ཁ་ཞེང་ཆེ་ཞིང་ཉམས་དགའ་བ་ཞིག་སྣང་། གླང་ཐང་དང་། པོ་ཏོ། བྲག་རྒྱབ་སོགས་བཀའ་གདམས་པའི་གདན་ས་མིང་ཆེ་ཆེ་ཕལ་ཆེར་ལུང་པ་དེའི་མགོ་མཇུག་ཙམ་འདུག[31]  འཕན་ཡུལ་དེ་ཕྱོགས་སུ་མི་ཡང་གཤིས་དྲངས་ཟེར། ཡུལ་ཀྱང་ཤིན་ཏུ་སྐྱིད།[32] ཅེས་བྱུང་།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འབྲི་གུང་སྐྱབས་མགོནན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང།  ཕྱི་ལོ་ ༢༠༡༠ ཤོག ༡༦༥།

[2] འབྲི་གུང་སྐྱབས་མགོནན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང།  ཕྱི་ལོ་ ༢༠༡༠ ཤོག ༡༦༥།

[3] བསོད་ནམས་སྐྱིད་དང་དབང་རྒྱལ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༤།

[4] མི་དམར་ཚེ་རིང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༥། ཤོག ༨༠།

[5] ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༣༥།

[6] འབྲི་གུང་སྐྱབས་མགོནན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང།  ཕྱི་ལོ་ ༢༠༡༠ ཤོག ༡༨༠།

[7] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༤།

[8]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༥།

[11]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

[12] འབྲི་གུང་སྐྱབས་མགོནན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང། ཕྱི་ལོ་ ༢༠༡༠ ཤོག ༣༦།

[13] མཁས་པ་ལྡེའུ། ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༡། ཤོག ༣༦༢།

[14] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། ནོར་བྲང་ཨོ་རྒྱན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། སྟོད་ཆ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༤༦༦།

[15]多杰次仁,西藏封建农奴制社会形态,中国藏学出版社。2005.Pg  338.

[16]多杰次仁,西藏封建农奴制社会形态,中国藏学出版社。2005.Pg  339.

[17]多杰次仁,西藏封建农奴制社会形态,中国藏学出版社。2005.Pg  341.

[18]多杰次仁,西藏封建农奴制社会形态,中国藏学出版社。2005.Pg  341.

[19] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༩། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༢།

[20] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༢༠། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༨། ཤོག ༥༢།

[21] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༥།

[22] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༤།

[23] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༠།

[24] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢།

[25]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

[26] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢།

[27] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༣༦།

[28] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༣།

[29] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༦།

[30] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༥།

[31] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༧།

[32] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༠། ཤོག ༡༢།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།