སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་གཡུ་ཐོག་རྙིང་མ་ཡོད་པར་མི་བཞེད་པ།

སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་གཡུ་ཐོག་རྙིང་མ་ཡོད་པར་མི་བཞེད་པ།

ར་སེ་དཀོན་རྒྱམ།

 

དེ་ལ་སུམ་སྟོན་ཡེ་ཤེེས་གཟུངས་ནི་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཐོག་གི་མི་སྣ་ཆེས་འབུར་དུ་ཐོན་པ་ཅིག་རེད། ཁོང་གིས་རབ་བྱུང་གསུམ་པའི་ནང་བྱོན་པའི་གསོ་རིག་སྨྲ་བའི་དབང་པོ་གཡུ་ཐོག་མགོན་པོའམ་ཕྱིས་སུ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས་པའི་བདག་ཉིད་ཆེན་པོ་དེའི་དངོས་སློབ་ཡིན་པ་མ་ཟད། གཡུ་ཐོག་པའི་དགོངས་པ་བཞིན་དཔལ་ལྡན་རྒྱུད་བཞི་ཞེས་པའི་གསོ་རིག་གི་བསྟན་བཅོས་ཆེན་པོ་འདི་ཉིད་ཐོག་མར་བོད་ཡུལ་གྱི་གཞི་རུ་ཀུན་གྱི་སྤྱོད་ཡུལ་དུ་བཤམས་པར་མཛད་མཁན་དེ་ཡིན་ནོ། །

ད་ལྟ་རང་རེས་གཡུ་ཐོག་གསར་རྙིང་གི་རྣམ་གཞག་གླེང་རྒྱུ་ཡོད་པ་དང་། ཉེ་དུས་རྙིང་མ་ཡོད་མེད་སྐོར་རྩོད་གླེང་བྱེད་པ་སོགས་ཀྱི་བྱུང་རིམ་ལ་ཕྱིར་རྟོག་གནང་ན། དཔལ་ལྡན་རྒྱུད་བཞིའི་བྱུང་རིམ་ལ་ཐུག་ཡོད་ལ། གཡུ་རྙིང་ཡོད་ཚུལ་ཡང་གཡུ་རྙིང་གིས་བཻ་རོ་ཙ་ནས་བསྒྱུར་མཛད་པ་དེ་ཉིད་གཞན་ལ་མ་གནང་བར་ཁོང་གནང་དགོས་པར་ཞུས་པ་དང་། དེ་ཉིད་བསམ་ཡས་དགོན་པར་གཏེར་དུ་སྦས་ཏེ་ལུང་བསྟན་མཛད་ཚུལ་མང་དུ་ཡོད་མོད། དོན་དམ་པར་བོད་ཡུལ་འདིར་ཐུན་མོང་གི་སྣང་ངོར་རྒྱུད་བཞི་ཡོངས་གྲགས་གནང་མཁན་ནི་སུམ་སྟོན་ཡེ་ཤེས་གཟུངས་ཡིན་པ་ལ་མཁས་པ་ཀུན་ལ་རྩོད་པ་མེད་དོ། །

ང་ཚོས་དད་པ་ཁོ་ནའི་དབང་དུ་མ་སོང་བར་ལོ་རྒྱུས་དངོས་དང་དེ་སྟོན་པའི་ཡིག་རྙིང་ཁག་ལ་ཞིབ་གཟིགས་གནང་ན་ཧ་ཅང་བཟང་སྟེ། ལོང་བཤད་དང་ཚོད་བཤད་རིགས་ལ་ཆ་འཇོག་བྱ་མི་དགོས་པར་དོན་དངོས་དང་ཉེ་བར་བཅར་ཐུབ་པའི་དགེ་མཚན་ཡོད་པའི་ཕྱིར། སུམ་སྟོན་གྱིས་མཛད་པའི་རྒྱུད་བཞི་བྱུང་ལུགས་སམ་བརྒྱུད་རིམ་སྐོར་གཡུ་ཐོག་སྙིང་ཐིག་ན་བཞུགས་པའི་བླ་མ་བརྒྱུད་པའི་རྣམ་ཐར་མེད་ཐབས་མེད་པའམ། གསོལ་འདེབས་སྐུ་ལྔ་ལྷུན་གྲུབ་མར་གྲགས་པ་ལས་འདི་སྐད་ཅེས་གསལ་ཏེ། དེ་ཡིས་ཁ་ཆེ་ཟླ་དགའ་ལ། །དེ་ལ་བཻ་རོ་ཙ་ནས་ཞུས། །ཁྲི་སྲོང་ལྡེ་བཙན་ཆེ་ལ་གཏད། །མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། །བསམ་ཡས་དབུ་རྩེ་རིགས་གསུམ་ན། །བར་ཁང་ཀ་བའི་ཁོལ་དུ་སྦས། །དེ་ལས་འདོད་ལྷའི་ཞག་གསུམ་ན། །གྲྭ་པ་མངོན་ཤེས་ཅན་གྱིས་བཏོན། །འཛམ་བུ་གླིང་གི་བདག་པོར་གྱུར། །ཞེས་གསལ་བར་བཀོད་འདུག་པ་ལས། འདིར་བཻ་རོས་གཡུ་ཐོག་རྙིང་མར་གནང་ཚུལ་ཡོད་དགོས་ཀྱང་གཏན་ནས་མི་གསལ་བ་འདི་ལ་ངེས་པར་དུ་དོ་སྣང་མཛད་དགོས།

གལ་ཏེ་ཕྱིས་སུ་གཡུ་རྙིང་གི་རྣམ་ཐར་གཟི་བརྗིད་བཀའ་རྒྱ་མ་བཞིན་སྐབས་དེར་ལོ་རྒྱུས་སུ་གྲགས་པ་ཅིག་ཡོད་པ་ཡིན་ན། འདིར་བརྒྱུད་རིམ་དུ་གཡུ་རྙིང་ངེས་པར་དུ་ཡོད་དགོས་པ་ལ། གཏན་ནས་མི་གསལ་བ་འདི་གང་ཡིན་ནམ། གལ་ཏེ་གཡུ་རྙིང་གི་རྣམ་ཐར་ཡོད་བཞིན་དུ་ཁོང་གིས་སྣང་མེད་མཛད་པ་ཡིན་ནམ། ཁོང་གི་བླ་མ་ནི་གཡུ་ཐོག་མགོན་པོ་ཡིན་པས། དེའི་སྐུ་རབས་གོང་མ་ཡིན་པ་དང་གདུང་བརྒྱུད་གཅིག་པ་ཡིན་པས། བླ་མའི་ཆེ་བ་མཚོན་བྱེད་དུ་འགོད་རིགས་པ་ལ་འདིར་ཟུར་ཙམ་ཡང་མི་གསལ་བས། དེའི་གོང་ན་དེ་འདྲའི་རྣམ་ཐར་ལྟ་ཞོག གསུང་བསྒྲོས་ཙམ་ཡང་མེད་པ་ཡིན་ནམ་ཞིབ་མོར་དཔྱོད་དགོས་པར་སྣང་ངོ་། །

གཞན་ཡང་ཁ་ཅིག་གིས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས། བོད་དུ་སྲོང་བཙན་སྒམ་པོ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། དྭགས་པོ་ལྷ་རྗེ་རྣམས་ཁོ་བོ་ཡིན་ཅིང་། ཞེས་འཁོད་ཡོད་པ་མ་ཟད། ལོ་རྒྱུས་སྨྲ་བ་དག་གིས་ཀྱང་ལུང་འདྲེན་ཡང་ཡང་མཛད་ཡོད་པས། སུམ་སྟོན་གྱི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱོན་པར་ཞལ་བཞེས་མཛད་ཡོད་པས། དེའི་གོང་དུ་རྣམ་ཐར་ཡང་ཡོད་པར་དོན་གྱིས་གྲུབ་བོ་ཞེས་སྨྲ་བར་བྱེད་པ་མང་དུ་ཡོད་དོ། །

རང་རེས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་དཔེ་ཆ་ཁག་ལ་གཟིགས་ན། སྔ་མ་རྣམས་སུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་པ་དེ་མཇལ་རྒྱུ་མི་འདུག། ལྷ་ས་སྨན་རྩིས་ཁང་ལྕགས་པོ་རིའི་ཤིང་སྤར་མ་དང་། ཨ་རུ་རའི་དཔེ་ཚོགས་ཀྱི་ཨང་༤༣གཡུ་ཐོག་སྙིང་ཐིག་སོགས་ལ་གཟིགས་ན་ཤེས་པས། དུམ་བུ་དེ་ཉིད་དུས་ཕྱིས་སུ་ཡར་བཅུག་པར་མངོན་ཡོད་དེ། བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཅེས་པའི་ཐོག་མར་ལོ་རྒྱུས་དགེ་བའི་ལྕགས་ཀྱུར། ཕྱོགས་བཅུའི་རྒྱལ་བས་གངས་ཅན་སྐྱེ་འགྲོ་རྣམས། །འདུལ་ཕྱིར་སྤྱན་རས་གཟིགས་དབང་བསྐུལ་བ་ལས། །ཆོས་རྒྱལ་༼སྲོང་བཙན་སྒམ་པོ་༽པད་འབྱུང་༼ཕ་༽དམ་པ་རྗེ་བཙུན་༼བིར་ཝ་པ་༽དང་། །ཟླ་འོད་གཞོན་ནུ་ཞེས་བྱར་ཁྱོད་སྤྲུལ་མཛད། །གཞན་སྣང་ནད་ཀྱི་སྡུག་བསྔལ་སེལ་བའི་ཕྱིར། །འཕགས་དང་གངས་ཅན་ལྗོངས་སུ་ཁྱོད་ཀྱིས་ནི། །འཚོ་བྱེད་གཞོན་ནུ་དཔའ་བོ་མེ་ལྷ་༼སྐྱེས་བུ་༽དང་། །གུ་ཎ་༼རྗེ་ཡོན་ཏན་མགོན་པོ་༽ཞེས་བྱར་བསྟན་དེས་བདག་སྐྱོངས་ཤིག། ཅེས་གསལ་བར་བཀོད་འདུག་པར་གཞིགས་ན། དེར་སུམ་སྟོན་རང་གི་བླ་མ་ཡོན་ཏན་མགོན་པོའི་ཆེ་བ་བརྗོད་ཅིང་འཕགས་བོད་ཀྱི་སྐྱེས་རབས་གྲས་སུ་ཡང་གཡུ་ཐོག་རྙིང་མ་གཏན་ནས་བཀོད་མི་འདུག་པའི་ཕྱིར་རོ། །

ཁོ་བོ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བ་ཅིག་ཡིན་པའི་ཕྱིར། ལོ་རྒྱུས་ཀྱི་ཡིག་ཆ་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྣམས་གཞིར་བཟུང་སྟེ་བརྟགས་དགོས་པ་ཡིན་པས། ཡིན་པ་ནི་ཡིན་པ་དང་མིན་པ་ནི་མིན་པར་འཇོག་པ་ལས། གཡུ་རྙིང་ཡོད་པར་ནན་གྱིས་འདོད་པ་དང་གཡུ་རྙིང་མེད་པར་ནན་གྱིས་ཨུ་ཚུགས་བྱ་བའི་ཕྱོགས་ཞེན་གང་ཡང་མེད་དེ། ལོ་རྒྱུས་ལ་དོ་སྣང་དང་། ལོ་རྒྱུས་དངོས་ལ་ཉེ་བའམ། དངོས་རྟོགས་པར་འདོད་པའི་གང་ཟག་ཅིག་ཡིན་ན། དད་པའི་དབང་དུ་མི་འགྲོ་ཞིང་། ཕྱོགས་ཞེན་དང་རུས་ཞེན། ཁ་ཕོ་རུས་ཀྱི་དབང་དུ་མི་འགྲོ་བར། ད་ལྟའི་རང་རེའི་ཡིག་ཆར་འཁོད་པ་དང་བཤད་སྲོལ་ཅི་དང་ཅི་ཡོད་རུང་། རྒྱབ་བརྟེན་ལུང་རིགས་ཞེས་པ་དད་པ་དག་སྣང་གི་སྒོ་ནས་བཤད་པ་མང་དུ་ཡོད་ཆོག་ཀྱང་། འབྲེལ་ཡོད་ཡིག་ཆ་ཁག་མི་ཡུལ་དུ་བྱུང་བའི་ལོ་རིམ་དཀྱུས་སུ་བསྒྲིགས་ཏེ། ཕྱི་མ་ཕྱི་མར་གྲགས་པའི་རྒྱས་བཤད་རྣམས་སྔ་མ་སྔ་མ་རྣམས་སུ་ཇི་ལྟར་བཤད་ཡོད་མེད་ལུགས་ལྡོག་གིས་བརྟག་དགོས་ལ། ཆེས་སྔ་ཤོས་ནས་སྔ་མ་སྔ་མ་རྣམས་སུ་འཁོད་པ་ལ་ཕྱི་མ་ཕྱི་མ་རྣམས་སུ་ལུགས་འབྱུང་དུ་ཅི་འདྲར་འཕེལ་འགྱུར་བྱུང་ཡོད་མེད་ཞིབ་མོར་རྟོག་དགོས་པ་ནི་ལམ་རིམ་དངོས་ཡིན་ནོ། །

གཞན་ཡང་དེང་དུས་ཀྱི་རང་རེའི་རིག་པ་སྨྲ་བའི་ཞན་ཆ་ཅིག་ནི། ནང་པའི་བྱུང་བའམ་རིག་གནས་སྐོར་གང་ལ་ཡང་ཕྱི་མ་ཕྱི་མའི་ལམ་སྲོལ་དང་བཤད་སྒྲོས་རྣམས་སྔ་མ་སྔ་མར་མི་རན་བཞིན་དུ་ཡར་ནན་གྱིས་བཀབ་ནས་སྔ་མོ་ནས་ཡོད་ལུགས་སོགས་འགྲེལ་བརྗོད་བྱ་རྒྱུར་ནན་གྱིས་འབད་པ་དང་། གཞན་ལ་ལོག་རྟོག་ཅན་སོགས་ཀྱི་ངན་མིང་འདོགས་ཅི་ཐུབ་མཛད་པར་མང་ན་ཡང་། ཡིག་རྙིང་སྔ་མ་སྔ་མ་ཕྱིས་ཀྱི་སྨྱུག་རྩེས་མ་བསླད་པ་དག་ཏུ་གཏན་ནས་མི་གསལ་བ་མང་པོ་ཅིག་ལ། ཕྱིས་སུ་དད་པ་དག་སྣང་དང་བཅས་བརྡོལ་ཐབས་སུ་བྱུང་བ་རྣམས་ཀྱིས་ནོག་པར་བྱས་པའི་རྒྱབ་ལྗོངས་སྣང་མེད་གཏོང་རྐྱང་དང་། མཐོ་རིམ་པའི་ཆས་དང་ཆ་ལུགས་སོགས་ལ་ཏ་ཟིག་དང་མེ་ཉག་གྷ་དང་སོག་པོ། ཏཱ་མིང་། མན་ཇུ་སོགས་ཀྱི་གོ་ཐོབ་ཀྱི་སྲོལ་དང་འབྲེལ་བ་ཡོད་མེད་མི་བརྟག་པར་ཡོད་ཚད་དད་པའི་ངོས་ན་འགྲེལ་བཤད་གནང་བ་སོགས་ནི། གནས་སྐབས་སུ་རང་ཕྱོགས་པའི་ངོར་མཛེས་པ་ཙམ་ཡིན་ནོ། །༢༠༢༢/༦/༡

བརྒྱུད་སྐུལ།

མཆན་སྤེལ།