དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། ༢༽

 

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

དང་པོ། རྫོང་གཞིས་འགྲོ་སྟངས།

        སྔོན་བོད་གཞུང་དགའ་ལྡན་ཕོ་བྲང་གིས་གཞུང་འཛིན་མཛད་སྐབས་ལྷུན་གྲུབ་རྫོང་གི་སྒྲིག་གཞིའི་ཐད་རྫོང་(གཞིས་)སྡོད་སེར་མོ་བ་གཅིག། དེའི་འོག་ལས་དྲུང་གཅིག། གཙོ་དྲག་གཞུང་རྒྱུག་སེ་བ་སྒང་དང་། སྟག་ལུང་ཆོས་གཞིས་སྤྱི་ཆེན་དཔོན། ལེན་པོ་བར་གཞི་ཆུ་འཁོར། ཚེ་སྨོན་གླིང་དབུ་མ་གཞིས། གཞུང་རྒྱུག་ལྕང་སྲུང་པ་བཅས་ལྔ།

སྒེར་བཤད་སྒྲའི་གཞིས་བཀྲ་ཤིས་རབ་བརྟན་གཞིས། བརྒྱ་ཚོ་རྒན་པོ་བཅས་ཡོད་པ་ནས་ནམ་རྒྱུན་གཏན་ལས་དོན་ནི་རྩེ་ཤོད་བཀའ་ཤག་གི་བཀོད་རྒྱ་གཞིར་བཟུང་ལས་དོན་སྒྲུབ་རྒྱུ་དང་། རང་ཁོངས་གཞུང་སྒེར་ཆོས་གསུམ་གྱི་ཁོངས་ནས་ཁྲལ་རིགས་སྒྲུབ་རྒྱུག་གི་ཆ་བགོས་བྱ་རྒྱུ་སོགས་ཡིན། བརྒྱ་ཚོ་རྒན་པོའི་ལས་འགན་གཙོ་བོ་ནི་སྐད་གཏོང་བརྡ་རྒྱག་བྱེད་དགོས་པ་དང་། ཞོལ་པ་རྐང་བཅུ་གཉིས་ཞེས་ཐེམ་དུད་བཅུ་གཉིས་ཡོད་པ་ནས་རྫོང་གཡོག་རྩག་རྩིག་རྣམས་རྒྱུག་རེས་སྐུལ་རྒྱུ།[1] སོགས་ཡིན།

ཕོད་མདོ་གཞིས་ཀྱི་སྒྲིག་གཞི་ནི། གཞིས་སྡོད་དང་ལས་དྲུང་། གཙོ་དྲག་གི་གྲས་སུ་སྟག་ལུང་གཉེར་པ། རྭ་སྒྲེང་བླ་བྲང་གི་ཞབས་གྲས་གཅིག། འབྲས་བདེ་ཡངས་སྦར་ཚག་གཞིས་གཉེར། སེར་སྔགས་སྙུག་རྫོང་གཞིས་སྡོད། འབྲས་སྤུངས་བློ་གསལ་གླིང་དཔལ་འབར་གཞིས་སྡོད། ལོ་བླ་བྲང་གི་གཞིས་སྡོད། འབྲི་གུང་བླ་བྲང་གི་ལྗང་གྲོང་གཞིས་སྡོད་བཅས་བདུན། བརྒྱ་ཚོ་རྒན་པོ་བཅས་ཡོད། བརྒྱ་ཚོ་རྒན་པོའི་ལས་འགན་ནི་རྒྱུན་དུ་ཁྲལ་འུལ་གང་ཅི་སྐད་གཏོང་བརྡ་རྒྱག་གི་འགན་འཁུར་བྱེད་དགོས་པ་ཡིན། དེ་མིན་རྭ་འབྲི་སེར་གསུམ་གྱི་ཆོས་གཞིས་གསུམ་པོ་ནས་ལོ་རེ་སྐོར་གྱིས་བརྒྱ་ཚོ་རྒན་པོ་གཅིག་འཛུགས་དགོས་པ་དེས་གཞུང་རྒྱུག་བརྒྱ་ཚོ་རྒན་པོ་དང་མཉམ་དུ་ལས་འགན་འཁུར་དགོས། གཞུང་རྒྱུག་བརྒྱ་ཚོ་རྒན་པོར་ལོ་ཚད་མེད་པར་གཞུང་རྒྱུག་ཁྲལ་པ་སྤྱི་ནས་བསྐོ་འཐེན་བྱེད་པ། སྤྱི་མི་ཞེས་སྤྱི་རྫས་བདག་གཉེར་མཁན་དེས་བརྒྱ་ཚོ་རྒན་པོར་རམ་འདེགས་ཞུ་དགོས། བོད་དུ་དུས་ངན་མ་བྱུང་སྔོན་སྤྱི་མི་གྲོང་སྐྱིད་ཚང་གི་ཚེ་བརྟན་གཡུ་རྒྱལ་ཞུ་བ་དེ་ཡིན།[2]

ཟ་ལྷ་གཞིས་ཀྱི་སྒྲིག་གཞི་ནི་གཞིས་སྡོད་སེར་མོ་བ་གཅིག ལས་དྲུང་། དེ་འོག་གཙོ་དྲག་མི་བཞི་ཡོད་པ་ནས་གཅིག་གི་བརྒྱ་ཚོ་རྒན་པོའི་འགན་འཁུར་བྱེད། བོད་དུ་དུས་ངན་མ་བྱུང་སྔོན་གྲུབ་བརྒྱའི་ཤར་ཕྱོགས་ཀྱི་པཱ་ལགས་ཀྱི་བརྒྱ་ཚོ་རྒན་པོའི་འགན་འཁུར་དང་། སྦ་ཤོད་རྒུ་ཟླ་བས་ལས་དྲུང་བྱེད་བཞིན་ཡོད།[3]      མཁར་རྩེ་གཞིས་ཀྱི་སྒྲིག་གཞི་ནི། གཞིས་སྡོད་སྐྱ་བོ་ཀུན་བདེ་གླིང་གི་ཞབས་སྡོད་པ་གཅིག སྐད་གཏོང་བརྡ་རྒྱག་པ་རྒྱལ་པོ་ནང་པ་མི་རྒྱུད་གཏན་འཇགས་དང་། ཐུག་འདེད་ཅེས་ཁྱིམ་ཚང་བཞི་ཡོད། ལས་འགན་ནི་ཉིནམཚན་གང་དུ་སྐད་གཏོང་བརྡ་རྒྱག་བྱ་དགོས་བྱུང་ཚེ་ལམ་སེང་འགྲོ་དགོས་པ་དང་། ཁྱིམ་ཚང་བཞི་པོར་ཁྲལ་རྟེན་ས་ཞིང་སོན་ཁལ་བཅོ་ལྔ་རེའི་ས་ཡོད། ཁྲིམས་གཏུགས་ཀྱི་གྱོད་གཞི་ཆེ་ཆུང་ཚང་མ་རང་ཁོས་ནས་ཐག་གཅོད་བྱེད་སྲོལ་ཡོད།[4]  གླང་ཐང་གཞིས་ཀྱི་སྒྲིག་གཞི་ནི། གཞིས་སྡོད་སྐྱ་བོ་གཅིག་དང་ལས་དྲུང་། རྒན་པོ།[5] སོགས་ཡོད།

 

གཉིས་པ། ཁྲལ་འུ་ཁྲིམས་འགོ།

ལྷུན་གྲུབ་རྫོང་གི་ཁྲལ་རིགས་ཐད་ཁུལ་འདིའི་རི་ཀླུང་སོགས་གཞུང་སྒེར་ཆོས་གསུམ་ལ་དབང་བས་གཞུང་ཁྲལ་ལམ་ཕྱི་ཁྲལ་དང་། རྫོང་པ་དང་གཞིས་སྡོད་ཀྱི་ཁྲལ་འུལ་ལམ་ནང་ཁྲལ་སོགས་ནི་བོད་སྤྱི་བྱིངས་དང་མཚུངས་པ་ཡིན། ཁུལ་འདིར་ཕྱི་ཁྲལ་ལ་རྒྱ་ཤིང་རྔོད་གསུམ་དང་། ལམ་ཐོག་ས་ཚིགས་ཅེས་དཔོན་རིགས་དང་། དམག་དཔུང། གཞུང་ཡིག་སྐྱེལ་མཁན་སོགས་གཞུང་དོན་དུ་འགྲོ་བསྐྱོད་ལ་སྡོད་གནས་དང་། རྟ་ཁལ་གཏོང་རྒྱུ་སོགས་དང་། འདམ་རྩྭ་བརྔ་བསྡུ་སྐུ་སྒེར་ཆུ་ཆག་དང་། བྱང་ཐང་ཆུ་ཆག་ཅེས་ཁྲལ་རྐང་ལ་ནས་སྲན་མ་ཁལ་ལྔ་རེ་ཙམ་འཁྲི་བ། ཕོ་བྲང་ཡས་མས་ཀྱི་ཐུག་རལ་དོད་འོས་འཚམས་ཤིག་ཞབས་པད་དབུ་རེས་སུ་འབུལ་དགོས་པ་ད་རྩེ་རྣམ་གན་བཀར་འཇུག་ཏུ་བསྡུ་སྲོལ་ཡོད་སྐད། ཁྲལ་ཆག་ཐད་བོགས་དུད་ཅེས་བོགས་མ་ཕུལ་ནས་ཁྲལ་ཆག་བྱུང་བའི་དུད་ཚང་ཆེ་བས་འབྲུ་ཁལ་ལྔ་བཅུ་དྲུག་བཅུ་སྐོར་དང་། ཆུང་བར་བྲེ་ཁ་ཤ་ཡོད་པ་དེ་གཞུང་རྒྱུག་ཁེ་གཙང་ལ་འཁྲི་ཞིང་། བོགས་འབུལ་ཐེམ་དུད་ལ་ཁྲལ་གཞན་འཁྲི་སྲོལ་མེད། མེ་ཤོར་སོགས་སྐྱོན་ཆ་ཐོན་རིག་ལ་དུང་དཀར་གྱི་སྒྲ་ཐོས་སར་དུང་བརྡ་དང་། མ་ཐོས་སར་སྐད་གཏོང་བརྡ་རྒྱག་བྱེད་སྲོལ། རྫོང་ཁོངས་སུ་རྐུ་རྒྱག་སོགས་ཀྱི་གནས་ཚུལ་བྱུང་ཚེ་རྫོང་དེ་རང་ནས་ཐག་གཅོད་བྱེད་ཀྱི་ཡོད།[6]

ཕོད་མདོ་གཞིས་ཀྱི་ཁྲལ་རིགས་ཐད་ནག་ཆུ་རྒྱུད་ནས་ཚོང་པ་ཡོང་སྐབས་རྒྱ་གར་དུ་འགྲོ་མཁན་རྣམས་ཕོད་མདོར་གན་རྒྱ་བཞག་ནས་ཐོངས་འཛིན་དོད་ཞོ་གསུམ་དང་། བལ་དང་རྔ་མ་བཏང་ཆོག་པའི་ཤོ་ཁྲལ་འཛིན་དོད་དངུལ་སྲང་ལྔ་བཅུ་ཐམ་པ་རེ་བསྡུས་ཏེ་རྫོང་ནས་གཞུང་རྩིས་ཞུ་དགོས། ཕོད་མདོ་གཙང་པོར་ཀོ་གྲུ་གཏོང་མཁན་ཀོ་པ་འཛུགས་དགོས་པ་དེའི་ཀོ་གླའི་ཕྱེད་འབབ་རྫོང་དང་། ཕྱེད་འབབ་མི་སེར་ལ་འབབ་ཀྱི་ཡོད། ཀོ་པ་འཛུགས་སྟངས་ནི་དེ་ཁུལ་གྱི་མི་སེར་འཁྱེར་ཞན་མིན་པ་གཉིས་ལ་ཀོ་པ་བྱེད་དུ་བཅུག་ཐོག་ལམ་སྟེང་འགྲུལ་སྲུང་མི་རེ་འཛུགས་སྲོལ། རྫོང་སྐྱོང་ས་ཞིང་གི་གཡོག་བྱེད་དང་། རྟ་ཐབ་ལག་གཡོག་སོགས་རྒྱུག་མཁན་མི་དྲུག་ཙམ་ལ་ཁྲལ་རྟེན་ས་ཞིང་ཕྲན་བུ་ཡོད། གཞུང་རྒྱུག་ཁྲལ་པ་རྣམས་ཁྲལ་གྱི་རྐང་ལེན་ཡིན་སྟབས་ཕྱི་ཁྲལ་འཁྲི་ཆ་ཆེ་བ་ཡོད། འོན་ཀྱང་ཕོད་མདོ་རྫོང་འོག་ཏུ་རྫོང་གཞིས་གཞན་ལྟར་གྱི་རྒྱ་ཤིང་རྔོད་གསུམ་གྱི་འཁྲི་ཆ་རྒྱུག་མི་དགོས་པའི་བཀའ་གཏན་ཁག་གསུམ་ཙམ་ཡོད་སྐད།

རྒྱུན་གཏན་རྟ་ཁལ་མི་གསུམ་གྱི་ཁྲལ་འུལ་རྒྱུག་ཕྱོགས་ནི་རྫོང་སྐྱེལ་ཡིན་ན་བྱང་དུ་ནག་ཆུ་དང་། ལྷོར་ལྷུན་གྲུབ་བར་སྐྱེལ་རྒྱུ། ས་ཚིགས་ཡིན་ན་བྱང་དུ་ས་གཞུང་དང་། ལྷོར་ལྷུན་གྲུབ། ནུབ་བྱང་དུ་སྦས་ཚང་(འདམ་གཞུང་རྫོང་ཁོངས་) ཤར་ལྷོར་ཐ་རྒྱས། (མལ་གྲོ་གུང་དཀར་ཁོངས་) བར་བཅས་སུ་སྐྱེལ་དགོས། གཞན་ཡང་རྩེ་ཤོད་བཀོད་རྒྱ་སོགས་གཞུང་ཡིག་རྣམས་ཕོད་མདོ་ནས་བྱང་དུ་ལ་གཉིས་རྟ་ཟམ་སེམས་དཔའི་སྒང་བར་དང་། ལྷོར་ལྷུན་གྲུབ་ས་ཚིགས་བར་སྐྱེལ་རྒྱུ། རྟ་ཟམ་(ཡིག་སྐྱེལ་) མི་གསུམ་ཡོད་པ་དེ་ནི་འབྲི་གུང་བླ་བྲང་དང་། ཕོད་མདོ་གཞུང་རྒྱུག སྙིག་རུམ་གཞིས་སྡོད་བཅས་ནས་མི་རྟ་ཆ་ཚང་རེ་འཛུགས་དགོས་པ་དེ་རྣམས་ཀྱིས་བཀོད་རྒྱ་སོགས་གཞུང་ཡིག་སྐྱེལ་ལེན་བྱ་རྒྱུར་འཁོར་རེས་སྒུག་སྡོད་བྱ་རྒྱུའི་ཐོག་དུས་རྒྱུན་རྫོང་གི་རྟ་རའི་ནང་ལས་ཤག་ཡོད་པར་བསྡད་དེ་རྟ་གཡོག་སོགས་རྒྱུག་དགོས་ལ་ལུས་ཐོག་ཉེས་ཆད་གཅོད་དགོས་བྱུང་ན་མི་གསུམ་པོ་དེས་རྟ་ལྕག་གཞུ་མཁན་བྱེད་དགོས།

ཁྲལ་འཕར་ནི་དཔོན་རིགས་དང་། དམར་སྒར་ཁག་སོགས་གཞུང་དོན་དུ་འགྲོ་འོང་སྐབས་རྟ་འུལ་བརྒྱ་ལོན་པ་དང་། ཁལ་མ་ལྔ་བརྒྱ་ལོན་ན་འཕན་སྟག་རྫོང་འགོ་དྲུག་མཉམ་དུ་འཐུ་དགོས་པ་ཡིན། གཞན་ཡང་ཞོལ་པ་ལས་ཁུངས་སུ་སོལ་རྒྱག་(སོལ་བའི་ཁྲལ་) ཅེས་ཞོལ་པ་ལས་ཁུངས་ཀྱི་ནང་གཟན་གཅིག་ནས་ཁྲལ་བསྡུས་པ་རྣམས་ལྷུན་གྲུབ་བར་དང་། ཞོལ་པ་ལས་ཁུངས་ཀྱི་ཚྭ་སྒྲུབ་རྣམས་ལྷུན་གྲུབ་བར་སྐྱེལ་དགོས། དམག་ཁྲལ་ནི་ཁ་དང་གྲ་བཞི་དམག་མི་གཉིས་དང་། བཅུ་གཉིས་དྲུག་སྣའི་དམག་མི་གཉིས་འཁྲི་སྲོལ། ལོ་ལྟར་ལོ་གསར་སྐབས་གཞུང་རྒྱུག་ཁྲལ་པ་ཐེམ་དུད་རེ་ནས་མི་རེ་རྫོང་དཔོན་ལ་ལོ་མཇལ་ཁ་བཏགས་འབུལ་བར་འགྲོ་དགོས་པར་རྫོང་ནས་མི་ཚང་མར་ལྟོ་དུས་གསུམ་དང་། ཇ་ཆང་། ཁ་ཟས། བཅས་སྟོན་མོ་ཉིན་གསུམ་གཏོང་སྲོལ་བཅས།[7] ཟ་ལྷ་གཞིས་ཀྱི་ཁྲལ་རིགས་ཐད་འཕན་སྟག་རྫོང་དྲུག་སྦྲེལ་གྱི་ཁྲལ་རིགས་ཆག་རྫོང་འགོ་གཞན་དང་སྤྱི་མཚུངས། དེ་མིན་ནང་ཁྲལ་གཞིས་གཡོག་སོགས་རྒྱུག་དགོས།[8] མཁར་རྩེ་གཞིས་ཀྱི་ཁྲལ་རིགས་ཐད་འཕན་སྟག་རྫོང་འགོ་དྲུག་གི་ཁྲལ་རིགས་ཐེ་རྒྱུ་ཕུད། དེ་མིན་ནང་ཁྲལ་ཀུན་བདེ་གླིང་གི་གཞིས་ཀའི་འུ་ལག་དང་། དོས་སྐྱེལ་མ་གཏོགས་ཕྱིའི་གཞུང་ཁྲལ་རྒྱུག་དགོས་ཀྱི་མེད།[9] གླང་ཐང་གཞིས་ཀྱི་ཁྲལ་རིགས་སྐོར་མ་རྙེད་ཀྱང་། འཕན་པོ་སྒོ་ལ་བརྒྱུད་ནས་འགྲོ་མཁན་ལ་ས་ཚིགས་རྟ་ཁལ་དོས་སྐྱེལ་སོགས་འཕན་སྟག་རྫོང་དྲུག་སྦྲེལ་གྱི་ཐེ་ཆ་སྤྱི་འགྲེ་ཡིན།[10]

༄༅། །ཕན་(འཕན་)ཡུལ་གྱི་སེར་སྐྱ་དྲག་ཞན། མཁའ་(མཁར་)རྩེ་རྫོང་བསྡོད་སྡོད་གཉེར་ལས་འཛིན། སྟག་ལུང་ལྷ་སྡེ་མི་སྡེ་དཔོན་ཆེ་ཆུང་ཁག་དང་བཅས་པར་སྤྲིངས་པ། ་་་ཟེར་བ་སྔ་སོར་ནས་བཅོ་བརྒྱད་པར་མགོ་བརྟགས་ནས་འདུག་པས། འདི་པ་ཁམ་པ་ཆུ་བསྐོར་བ་ཆུ་དང་བཅས་པ་རྣམས་ལ། འདི་ཁ་ནས་དམ་ཁ་སོང་བ་ཡིན་ཀྱང་། མཐུས་(འཐུས་)པ་ཞིག་མ་བྱུང་འདུག་པར་ད་དགོས་ཀྱི་རྩྭ་ཆུ་ཤིང་གསུམ་གྱི་དབང་རིགས་་་་་ཆུ་སྐོར་དང་བཅས་པ་བཅོ་བརྒྱད་རང་ནས་བདག་བྱེད་པ་ལ་ཁྱོད་སུས་ཀྱང་བསྙད་འཁྲི་བརྩོད་བརློངས་(རྩོད་སློང་)བརྟེན་(གཏན་)མ་བྱེད། མེ་སྦྲུལ་ཟླ་ ༡༢ ཚེས་ ༢༤ ལ་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས། མེ་སྦྲུལ་ཟླ་བ་དགུ་པ་ཕན་གཅོད་འདོད་དུ་འཛིན་བདག་བྱེད་བཞིན་ཡིན་ན་གོང་བཞིན་གྱིས། རྟགས་ཐམ། ༸གོང་ས་ལྔ་པ་ཆེན་པོའི་རྒྱ་ཐམ་རྩི་རྩི་ཕོའུ། འདི་ནི་གོང་ས་ལྔ་པས་མ་གཏོགས་རྒྱལ་བ་གཞན་གྱིས་བསྩལ་མི་འདུག

 

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

འཕན་ཡུལ་རྫོང་གཞིས་ཁག་དྲུག་ཁོངས་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་ཐད། ལྕགས་སྟག་ཞིབ་གཞུང་ལས། ལྷུན་གྲུབ་རྫོང་ཁུལ་དུ་བསྡོམས་ཆོས་གཞིས་འདོན་བཞི་བཅུ་ཞེ་ཕྱེད་ལྔ་དང་བཞི་ཆ་གཅིག སྒེར་པ་འདོན་ལྔ་བཅུ་ང་གཅིག་དང་བཅུ་གཉིས་ཀྱི་ཆ་གཅིག གཞུང་རྒྱུག་རྐང་ལྔ་བཅུ་ང་གཅིག་དང་བཞི་ཆ་གཅིག་བཅས་ཡོད།[11] ཟ་དམ་ཁུལ་དུ་མཆོད་གཞིས་འདོན་བརྒྱ་དང་བཅོ་ལྔ་དང་དྲུག་ཆ་གཅིག སྒེར་པ་འདོན་བཅུ་གསུམ་དང་བཞི་ཆ་གཅིག གཞུང་རྒྱུག་རྐང་བཞི་བཅུ་ཞེ་ཕྱེད་བདུན་དང་གསུམ་ཆ་གཅིག་བཅས་ཡོད།[12] མཁར་རྩེ་ཁུལ་དུ་བསྡོམས་ཆོས་གཞིས་འདོན་གཅིག་དང་། སྒེར་པ་འདོན་བཅུ་བཞི་དང་བཞི་ཆ་གཅིག གཞུང་རྒྱུག་འདོན་སུམ་བཅུ་སོ་ཕྱེད་བཞི་དང་ཉེར་ཤུ་རྩ་བཞིའི་ཆ་གཅིག་བཅས་ཡོད།[13] གླང་ཐང་ཁུལ་དུ་བསྡོམས་ཆོས་གཞིས་འདོན་ཕྱེད་བརྒྱད་ཆ་གཅིག་དང་། གཞུང་རྒྱུག་རྐང་དྲུག་ཅུ་རེ་དྲུག་དང་བཞི་ཆ་གཅིག དང་ད་དུང་ཕོད་མདོ་ཡོད།[14]

ལྷུན་གྲུབ་རྫོང་ཁོངས་སུ་ངོ་གཞིས་ཡོད་པའི་སྒེར་པ་རྒྱལ་གྲོང་ནང་བསོ་དང་། བདེ་མཁར་བ། (ཀླུ་ཁང་པ་)བསོད་ནམས་སྒང་པ། སྲས་ནང་པ་བཅས་ཡོད་པ་ནས་གཞི་རྒྱ་ཆེ་བ་ནི་སྒེར་རྒྱལ་གྲོང་ནང་བསོའི་མ་གཞིས་ཡིན་པ་དང་། གོང་གསལ་མ་གཞིས་ཡོད་པའི་སྒེར་པ་བཞི་ཕུད། ད་དུང་ཡབ་གཞིས་ལྷ་ཀླུ་དང་། སྒེར་ལྕང་ལོ་ཅན། སྒེར་ཁྲི་སྨོན། སྒེར་ཆ་པ། སྒེར་དགའ་བཞི་བ། (རྡོ་རིང་) སྒེར་རམ་པ། སྒེར་མདོ་མཁར་(རགས་ཤག་)སྒེར་ལྡུམ་ར་བ། སྒེར་བར་གཞིས་བ། སྒེར་བཤད་སྒྲ།[15]  བཅས་ཀྱི་གཞིས་ཀ་ཡོད་ཅེས་གསལ།

 

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག།

ཐང་མགོ། བྱང་མདོ། གཞུང་མདོ། ཁ་ཁྲ། གཙང་གཞུང་། ཨ་ན། ཕུ་མདོ། སྦ་མདོ། བཅོམ་མདའ། གཤོང་སྟོད། ཇ་ཙ། གཙང་གཤོང་། འགའ་ཕད། ངར་ནང་། ཀ་ལེབ། འབུར་སྒང་། ལྷ་ཁང་། སྙིང་པོ། རུ་པ། མཁར་མཐོ། ཨུ་རུ་ལུང་། སྦྲ་མདོ། མཁར་རྡོ། གནས་ཆུང་། སྟག་ལུང་། སྙིང་པོ་སྒང་། རྭ་སྒྲེང་དགོན། མགོ་འཛོམ། ཕོད་གཡམ་གངས་ཆེན།[16]

 

ལེ་ཚན་གཉིས་པ། རི་དང་ལ།

         ཀླུང་རི་ཕྱུག་མོ། འཕན་དཀར་རིའམ་སྟོང་རྩེ་རི་བོ། ཕོད་གཡམ་གངས་ཆེན། མགོ་འཛོམས། ཆག་ལ། ལྷ་ལ་སོགས་ཡོད་ཅིང་། དེ་དག་ལས་ཀླུང་རི་ཕྱུག་མོ་ཞེས་པ་ནི་རྫ་རི་བཟོ་དབྱིབས་ངོ་མཚར་ཆེ་ཞིང་། རི་དཔྱད་ལེགས་པའི་རི་རྩེ་དེར་ཡུལ་མིས་བསངས་གཏོང་དར་འཛུགས་བྱེད་པ་དང་། ཕོད་གཡམ་གངས་ཆེན་ནི་རྫོང་ཆགས་ཡུལ་གྱི་ནུབ་ཕྱོགས་སུ་གནས་ཡོད་ཅིང་། ཚིག་དོན་ནི་འཐབ་རྩོད་བྱེད་ཕོད་པའི་གཡམ་པའི་གངས་ཀྱི་རི་བོ་ཆེན་པོ་ཞེས་པའོ། བཤད་སྲོལ་ལ་ཡུལ་དེའི་ཡུལ་མིས་དེ་སྔ་བོད་གཞུང་གི་དཔོན་དམག་ཕམ་ཉེས་བཏང་མྱོང་བས་མིང་ལྟར་ཐོགས་ཟེར། རི་འདབས་ལ་རང་བྱུང་འབྲོག་ས་དང་ཞིང་ཁ་ཡོད། ཆག་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་ཚིག་དོན་ནི་ཆག་དུམ་དུ་གྱུར་བའི་ལ་ཞེས་པའོ། ལ་དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༨༥༥ ཡོད།[17]

 

ལེ་ཚན་གསུམ་པ། མཚོ་དང་གཙང་པོ།

རྭ་སྒྲེང་གཙང་པོ། ལྷ་ཆུ། དཔའ་ཆུ། འཕན་པོ་ངན་ཆུ་སོགས་ཡོད། དེ་དག་ལས་འཕན་ཡུལ་ངན་ཆུ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཕྱོགས་སུ་ཡོད། འཕན་ནི་དགོན་པའི་ནང་རྒྱན་རྒྱུའི་དར་ཆ་ཞིག་དང་ཡུལ་ནི་ས་གནས་ལ་ཟེར། ངན་ཆུ་ནི་ཆུ་བོ་ངན་པ་ལ་གོ འཕན་ཡུལ་ངན་ཆུ་ཞེས་པ་ནི་འཕན་པོའི་ཡུལ་གྱི་ཆུ་ངན་པ་ཞེས་པའོ། གཙང་པོ་དེ་རྫོང་ཁོངས་ནས་བྱུང་ཞིང་ནུབ་ནས་ཤར་དུ་རྒྱུག་རྗེས་ལྷོ་རུ་རྒྱུག་ནས་ལྷ་ས་སྐྱིད་ཆུ་དང་འདྲེས། རྒྱུག་ཁུལ་ནང་གི་སྟོད་ཕྱོགས་སུ་རང་བྱུང་འབྲོག་ས་དང་དབུས་སྨད་ལ་ཞིང་ཁ་ཡོད། རྭ་སྒྲེང་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ཤར་ཕྱོགས་སུ་གནས། ཆུ་མགོ་ལྷ་རི་རྫོང་ལ་ཐུག་ཡོད། སྟོད་ཁུལ་ལ་སྨི་ཏི་གཙང་པོ་ཟེར། ལྷ་ས་གཙང་པོའི་ཆུ་ལག་གི་ཡ་གྱལ་ཞིག་ཡིན་ཞིང་། རྒྱུག་ཁུལ་ནང་རང་བྱུང་འབྲོག་ས་དང་ཞིང་ས་བཟང་པོ་ཡོད།[18]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

ལྷུན་གྲུབ་རྫོང་ནི་ལྷ་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞིའི་རྫོང་གི་ཡ་གྱལ་གཙོ་བོ་ཞིག་རེད།  ལོ་ཏོག་གཙོ་བོ་ནས་དང་དགུན་གྲོ། དཔྱིད་གྲོ། པད་ཁ། ཚལ་རིགས་སོགས་ཡོད། གཙོ་བོ་ནོར་དང་མཛོ། བ་ཕྱུགས། ལུག ར་བཅས་གསོ་ཚགས་བྱེད། ལས་རིགས་གཙོ་བོ་སྣམ་བུ་དང་ཁ་གདན་འཐག་པ། དེ་བཞིན་རྫ་བཟོ་སོགས་ཡོད། རྫ་བཟོའི་ལས་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐོན་ཡུལ་གཙོ་བོ་འཕན་པོར་ཡོད།  ཐོན་རྫས་སུ་མེ་ཕོར་དང་མེ་ཏོག་བུམ་པ། སྣུམ་དམ། ཆང་དམ་སོགས་ཡོད།[19]

 

ས་བཅད་ལྔ་པ། ཁྱད་ལྡན་ལག་ཤེས།

འཕན་ཡུལ་ཁུལ་དེར་ཞིང་འབྲོག་གཉིས་ཀྱི་ཐོན་ཁུངས་ཡོད་པའི་ས་ཁུལ་ཞིག་ཡིན། དམིགས་བསལ་ལག་ཤེས་ནི་འཕན་ཡུལ་ལྷོ་ཕྱོགས་ཀྱི་སྐྱིད་ལུང་། བྱང་ཕྱོགས་ཀྱི་ལྷ་ཁང་སོགས་ཀྱི་ས་ཆ་ཁག་གཅིག་ནས་རྫ་ཆས་ཐོན་སྐྱེད་བྱེད་ཅིང་། ཁོང་ཚོས་བཟོས་པའི་རྫ་ཆས་གཡུ་རྩི་ཅན་གྱི་ཁོག་ལྡིར་མེ་ཕོར་དང་། རྫ་ཀོང་། རྫ་བུམ། མེ་ཏོག་ཁོག་མ། སྤོས་འཛིན་སོགས་ཡོད་ལ། གཞན་ཡང་གཡུ་རྩི་མེད་པའི་ཁོག་མ་དང་། མོག་ཕྲུ། ཁོག་ལྡིར། མེ་ཕོར། གསང་བུམ་སོགས་ལྷ་སའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང་འཕན་པོ་ལྕང་ར་ཤར་སྐྱིད་ལུང་གྲོང་ཚོའི་རྫ་མཁན་དཀོན་མཆོག་ཤེས་རབ་གཡུ་རྩི་སྔོ་ལྗང་སེར་སྨུག་གཏོང་བའི་ལག་རྩལ་ལ་མཁས་པར་བརྟེན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་ཁོ་པ་ནོར་གླིང་དུ་སྐོང་འགུགས་མཛད་དེ་གཡུ་རྩིའི་རྒྱ་ཕིབས་བཟོ་སྐྲུན་བྱེད་དུ་བཅུག་པར་གྲུབ་འབྲས་གཟེངས་སུ་ཐོན་ནས་རྫ་མཁན་དབུ་ཆེ་མོའི་མིང་གནས་བསྩལ་ཡོད།[20]

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

         སྲོག་ཆགས་ཀྱི་རིགས་ལ་བྱ་ངང་དང་། བྱ་རྒོད། བྱ་གོ་བོ་ཀླད་དཀར། བླ་གླག ལྷ་བྱ་གོང་མོ། ངང་པ་སེར་པོ། ངང་པ་དཀར་པོ། བྱ་སྲེག་པ། ཁྲུང་ཁྲུང་སྐེ་ནག་མགོ་དམར། འཇོལ་མོ། མཛེས་མོ་སོགས་བྱ་དང་བྱེའུ། གླ་བ་དང་། གནའ་གཡག། ཤ་བ། དགོ་བ། འཕྱི་བ། རི་བོང་། གཟིག གསའ་གཟིག གཡི། སྤྱང་ཀི། ཝ་མོ། གྲུམ་པ། དྲེད་མོང་སོགས་ཡོད། རྩི་ཤིང་གི་རིག་སལ་ཤུག་པ། སྤ་མ། སྐྱེར་པ། གླང་མ། སེ་བ། གླ་ཚེར། ཚར་པ། བ་ལུ། སུ་ལུ། སྤེན་མ། བྲ་མ། སྦྱར་པ། སྦྱར་དཀར། རྒྱ་ལྕང། སྐྱེ་ཡག  ཅོའོ། ལྕང་ནག འབྲས་བུ་མེད་པའི་བཙུགས་ཤིང་དང་། ཁམ་བུ། ཀུ་ཤུ། སེའུ་སོགས་འབྲས་ལྡན་བཙུགས་ཤིང་ཡོད།

སྨན་རྫས་ཀྱི་རིགས་ལ་ཨ་སྦི་ཁ། དབྱར་རྩྭ་དགུན་འབུ། སོ་ལོ་དམར་པོ། པང་སྤོས། གསུམ་ཏིག། ཧོང་ལེན། ཨུཏྤལ། བྲག་སྐྱ་ཧའོ། མེ་ཏོག་ཤང་ཤང་སོགས་སྣེ་གྲངས་སུམ་བརྒྱ་སྐོར།[21] ཡོད་ཅེས་འཁོད། གཏེར་ཁའི་རིགས་ལ་གསེར་དང་། རྡོ་སོལ། དངུལ། ཞ་ཉེ། ས་མཚུར། ས་དམར། ཨར་ཀ། རྡོ་གཡམ་སོགས་གཏེར་དངོས་དང་། ཨར་རྒྱག་རྒྱུ་ཆ་[22]སོགས་ཡོད། དེ་མིན་འཕན་ཡུལ་ལྷོ་ཕྱོགས་ཀྱི་སྐྱིད་ལུང་། བྱང་ཕྱོགས་ཀྱི་ལྷ་ཁང་སོགས་ཀྱི་ས་ཆ་ཁག་གཅིག་ནས་རྫ་ཆས་ཐོན་སྐྱེད་བྱེད་ཅིང་། ཁོང་ཚོས་བཟོས་པའི་རྫ་ཆས་གཡ་རྩི་ཅན་གྱི་ཁོག་ལྡིར་མེ་ཕོར་དང་། རྫ་ཀོང་། རྫ་བུམ། མེ་ཏོག་ཁོག་མ། སྤོས་འཛིན་སོགས་ཡོད་ལ། གཞན་ཡང་གཡུ་རྩི་མེད་པའི་ཁོག་མ་དང་། མོག་ཕྲུ། ཁོག་ལྡིར། མེ་ཕོར། གསང་བུམ་སོགས་ལྷ་སའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད།[23]

ཤེས་རྟོགས་བྱུང་བའི་གཏེར་ཁ་ཞ་ནི།  ཏི་ཚ། ལྗིད་ཚད་ཆེ་བའི་ཤེལ་རྡོ།  རྡོ་སོལ། ཅུ་གང་སོགས་ཡོད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་གཙོ་བོ་ཤྭ་བ་དང་གླ་བ། སྲམ། ཁྲུང་ཁྲུང་སྐེ་ནག  གོང་མོ། ཆུ་བྱ། བྱ་གག་ཐལ་སྐྱ། ཏི་ཕུ། དགོ་བ་དང་དབྱར་རྩྭ་དགུན་འབུ། སྙི་བ་སོགས་དང་།[24] དར་ཡུལ་ཆུ་ཚན་དང་། བྲག་སྣེ་འབྲུག་འདྲ་ཆུ་ཚན་སོགས་ཡོད།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

 

[1] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༦།

[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༩།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢།

[4] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༣།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༣།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༣།

[7] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༩།

[8] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢།

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༣།

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༤།

[11] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༡༥༠། ༡༥༤། ༡༦༣།

[12] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༡༥༠། ༡༥༤། ༡༥༨།

[13] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༡༥༠། ༡༥༤། ༡༥༠།

[14] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག་ ༡༥༠། ༡༥༤། ༡༥༤།

[15] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༤༧།

[16](1)武振花.西藏地名.中国藏学出版社.1995年.

(2)西藏地名资料简编,西藏自治区革命委员会测绘局.1979.Pg 10.

[17]武振花.西藏地名.中国藏学出版社.1995年.

[18] (1)武振花.西藏地名.中国藏学出版社.1995年.

(2)西藏地名资料简编,西藏自治区革命委员会测绘局.1979. Pg 11.

[19]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

[20] འཇིགས་དབང་། བོད་ཀྱི་རྫ་ཆས་སྐོར་ངོ་སྤྲོད་མདོ་ཙམ། བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༢༠༠༩།༡ ཤོག ༡༢༤།

[21] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༥།

[22] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༥།

[23] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་པ། ལྷུན་གྲུབ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༦།

[24]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 22.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།