དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༣༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་གྲུབ་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ༣༽

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
རྭ་སྒྲེང་དགེ་འཕེལ་གླིང་། ༡༠༥༧ འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དགེ་ལུགས།
ཇོ་གདན་དགོན། ༡༡༤༨ ཞང་འོས་འཇོས་ཕྱི། དགེ་ལུགས།
ནལེཎྜ་དགོན། ༡༤༢༤ ཀུན་མཁྱེན་རོང་སྟོན་སྨྲ་བའི་དབང་ཕྱུག། ས་སྐྱ།
སེ་ཁང་དགོན། དུས་རབས་བཅོ་ལྔ། རེད་མདའ་བ། དགེ་ལུགས།
སྟག་ལུང་དགོན། ༡༡༨༠ སྟག་ལུང་ཐང་པ་བཀྲིས་དཔལ། བཀའ་བརྒྱུད།
ཤར་འབུམ་པ་བཙུན་དགོན། དུས་རབས་བཅུ་གཉིས། དགེ་བཤེས་ཤ་ར་བ། དགེ་ལུགས།
ཀློ་ཁ་སྟོད་བྱམས་ཁང་། ༡༠༡༥ ཞང་སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
ར་ལུང་དགོན། ༡༠༡༥ ཞང་སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
ར་མ་བྱམས་ཁང་། དུས་རབས་བཅུ་གཅིག། སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
༡༠ རྒྱ་ལྕགས་རི་དགོན། ༡༡༠༠ རྒྱ་ལྕགས་རི་བ་བྱང་ཆུབ་དཔལ། བཀའ་གདམས།
༡༡ ཁམས་ལུང་དགོན། དུས་རབས་བཅུ་གཅིག ཁམས་ལུང་པ། དགེ་ལུགས།
༡༢ གླང་ཐང་དགོན། ༡༠༩༣ གླང་ཐང་པ་རྡོ་རྗེ་སེང་གེ། བཀའ་གདམས།
༡༣ གླང་ངུ་དགོན། དུས་རབས་བཅུ་གཉིས། བཀའ་བརྒྱུད།
༡༤ ལྕམ་གླིང་ཆོས་སྡེ། དགེ་བཤེས་སྤྱན་ལུང་པ། དགེ་ལུགས།
༡༥ ཐང་སང་དགའ་ཆོས། ཞང་ཐང་ཡེ་ཤེས་འབྱུང་གནས། དགེ་ལུགས།
༡༦ དཔལ་འབར་དགོན། མངའ་རིས་བསོད་ནམས་རིན་ཆེན། དགེ་ལུགས།
༡༧ སྦ་ཚག་དགོན། རྒྱལ་མཆོག་ལྔ་པ་ཆེན་པོ། དགེ་ལུགས།
༡༨ སེང་གླིང་རྒོད་ཚང་། སྟག་ལུང་ཐང་པ། བཀའ་བརྒྱུད།
༡༩ དྲིའུ་ལུང་དགོན། སྟག་ལུང་དུ་མ་སྤྲུལ་བདུན་པ་བསྟན་འཛིན་བྱམས་པ། བཀའ་བརྒྱུད།
༢༠ རྒྱབ་བྲག་བཙུན་དགོན། མི་ནག་མགོན་པོ་ཡེ་ཤེས། བཀའ་བརྒྱུད།
༢༡ འབྲི་ལུང་བཙུན་དགོན། གྲུབ་ཐོབ་དབུས་སྨྱོན་པ། དགེ་ལུགས།
༢༢ རིན་ཆེན་བྲག། ཉན་པོ་ཤཱཀྱ་རྒྱལ་མཚན། དགེ་ལུགས།
༢༣ པོ་ཏོ་དགོན། དགེ་བཤེས་པོ་ཏོ་བ། དགེ་ལུགས།
༢༤ སྣེའུ་ཟུར་དགོན། དགེ་བཤེས་སྣེའུ་ཟུར་བ། དགེ་ལུགས།
༢༥ ཉན་པོ་ས་ལུགས་གྲྭ་ཚང་། ཚད་ཤེས་རབ་གྲགས། ས་སྐྱ།
༢༦ ཉན་པོ་དགེ་ལུགས་གྲྭ་ཚང་། རྗེ་ཉི་མ་རྒྱལ་མཚན། དགེ་ལུགས།
༢༧ བསམ་གཏན་སྡིངས་དགོན། ཕ་དམ་པ་སངས་རྒྱས། ཞི་བྱེད།
༢༨ དགོན་པ་གསར་པ། སེར་བྱེས་དགེ་བཤེས་འཇམ་དཔལ། དགེ་ལུགས།
༢༩ པ་ཚབ་དགོན། པ་ཚབ་ཉི་མ་གྲགས་པ། དགེ་ལུགས།
༣༠ གྲུབ་བརྒྱ། ཤཱཀྱ་མཆོག་ལྡན། དགེ་ལུགས།
༣༡ རྒྱལ་རྨད། སྣ་རྣམ་རྡོ་རྗེ་དབང་ཕྱུག། ས་སྐྱ།
༣༢ རྒྱལ་སྟོད། སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
༣༣ སེ་སྨུན་བཙུན་དགོན། སྣ་རྣམ་རྡོ་རྗེ་དབང་ཕྱུག། དགེ་ལུགས།
༣༤ ཐར་པ་གླིང་དགོན། སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
༣༥ ར་ལུང་དགོན་ཤོད། སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
༣༦ སྣ་མོ་བཙུན་དགོན། ཇོ་གདན་བཟོད་པ་རྒྱ་མཚོ། དགེ་ལུགས།
༣༧ སྣ་མོ་དགོན། ཇོ་གདན་བཟོད་པ་རྒྱ་མཚོ། དགེ་ལུགས།
༣༨ ཕན་བདེའི་རྩེ་དགོན། རོང་སྟོན་སྨྲ་བའི་སེང་གེ། དགེ་ལུགས།
༣༩ བསམ་གཏན་གླིང་དགོན། རྗེ་ཙོང་ཁ་པ། དགེ་ལུགས།
༤༠ ར་མའི་ཕུ་བཙུན་དགོན། དགེ་ལུགས།
༤༡ གཟིམ་ཕུན་བཙུན་དགོན། དགེ་ལུགས།
༤༢ ཉི་མ་རག་དགོན། དགེ་ལུགས།
༤༣ སྤོས་དཀར་བཙུན་དགོན། དགེ་ལུགས།
༤༤ དགོན་གསར་བཙུན་དགོན། དགེ་ལུགས།
༤༥ སེ་བ་ལུང་དགོན། བཀའ་བརྒྱུད།
༤༦ འོད་འཇོ་དགོན། བཀའ་བརྒྱུད།
༤༧ སྣ་དཀར་བཙུན་དགོན། བཀའ་བརྒྱུད།
༤༨ གསུམ་འཕྲེང་བྱམས་ཁང་། བཀའ་བརྒྱུད།
༤༩ ཀློ་པ་སྟོད་བྱམས་ལྷ་ཁང་། དུས་རབས་བཅིུག ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག། དགེ་ལུགས།
༥༠ འཕན་པོ་རྒྱལ་ལྷ་ཁང་། ༡༠༡༢ ཀླུ་མེས་ཀྱི་སློབ་མ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག། བཀའ་གདམས།
༥༡ ཀློ་པ་སྟོད་བྱམས་ལྷ་ཁང་། དུས་རབས་བཅིུག ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག། དགེ་ལུགས།
༥༢ རྒྱལ་ལུགས་ལྷས་ལྷ་ཁང་། ༡༠༡༢ ཀླུ་མེས་ཚུལ་ཁྲིམས།
༥༣ ཉི་མ་ལྷ་ཁང་། ཤཱཀྱ་མཆོག་ལྡན། དགེ་ལུགས།
༥༤ དར་ཡུལ་མགོན་པོ་ལྷ་ཁང་། རོང་སྟོན་སྨྲ་བའི་སེང་གེ། ས་སྐྱ།
༥༥ སུའི་ལྷ་ཁང་། དགེ་ལུགས།
༥༦ ཚེ་དཔག་ལྷ་ཁང་། དགེ་ལུགས།
༥༧ འབུམ་སྟོང་ལྷ་ཁང་། དགེ་ལུགས།
༥༨ རྫོང་ཞོལ་ཚེས་བཅུ་ལྷ་ཁང་།
༥༩ སྤོས་དཀར་རི་ཁྲོད། དུས་རབས་བཅུ་གཅིག སྤོས་དཀར་བླ་མ་བློ་བཟང་མཆོག་གྲུབ། དགེ་ལུགས།
༦༠ རྩ་ཉ་རི་ཁྲོད། ༡༡༤༨ མཁན་པོ་ཨེར་ཏེ་ནི། དགེ་ལུགས།
༦༡ འབྲུག་མགོ་རི་ཁྲོད། བོ་དོང་ཕྱོགས་ལས་རྣམ་རྒྱལ། དགེ་ལུགས།
༦༢ རྒྱབ་ར་ཤེལ་དཀར་རི་ཁྲོད། མི་ཉག་མགོན་པོ་ཡེ་ཤེས། དགེ་ལུགས།
༦༣ གངས་སྐྱ་རི་ཁྲོད། རོང་སྟོན་སྨྲ་བའི་སེང་གེ། དགེ་ལུགས།
༦༤ ཡང་དགོན་རི་ཁྲིད། སྣ་རྣམ་རྡོ་རྗེ་དབང་ཕྱུག དགེ་ལུགས།
༦༥ སྒོ་མོ་རི་ཁྲོད། སྒོ་མོ་སྐྱེ་མཆོག་ཆོས་རྗེ། དགེ་ལུགས།
༦༦ ཡང་དགོན་རི་ཁྲོད། དགེ་ལུགས།
༦༧ ཇོ་མོ་མཚོ་ཁ།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
ལོ་ཙཱ་བ་སྐ་བ་དཔལ་བརྩེགས། འཕན་པོ་མཚོ་སྟོད། དུས་རབས་བརྒྱད་པ། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཏེ།མཁན་ཆེན་ལས་རབ་ཏུ་བྱུང་།
བློན་སྟག་སྒྲ་ཀླུ་ཁོང་། དུས་རབས་བརྒྱད་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཡི་བློན་ཆེན་དང་།ཁོང་ལ་སོགས་པས་དམག་གི་སྣེ་ཁྲིད་དེ་རྒྱའི་གོང་མ་ཁྲི་ལས་ཕབ་མྱོང།
རྨ་རིན་ཆེན་མཆོག། རྨ་གཅོ། དུས་རབས་བརྒྱད་པ། སད་མི་བདུན་གྱི་ཡ་གྱལ་དང་།ལོ་ཙཱ་བའ་རབ་དགུའི་བར་པ་གསུམ་གྱི་ཡ་གྱལ་ཡིན།
ངན་ལམ་རྒྱལ་བ་མཆོག་དབྱངས། འཕན་པོ། དུས་རབས་བརྒྱད་པ། སད་མི་མི་བདུན་དུ་གྲགས་པའི་ཡ་གྱལ་ཞིག་ཡིན།
ཀ་བ་ཤཱཀྱ་དབང་ཕྱུག། འཕན་པོ། ཇོ་བོ་རྗེའི་དངོས་སློབ་བགྲེས་པའི་གྲས་ཡིན།
དགེ་བཤེས་སྣེ་ཟུར་བ། སྣེའུ་ཟུར་རམ་གསུམ་ཕྲེང། ༡༠༦༣-༡༡༣༨
དགེ་བཤེས་པོ་ཏོ་བ། བྲའོ་ཐང་ངམ་གསུམ་ཕྲེང། ༡༠༢༧-༡༡༠༥ བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་ཞིག་ཡིན།
གླང་ཐང་པ་རྡོ་རྗེ་སེང་གེ། གཉན་གོང་། ༡༠༥༤-༡༡༢༣
༡༠ ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པ། པ་ཚབ་སྟོད་གྲོང་། ༡༠༥༥-
༡༡ ཞ་ཀ་མ་པ། ཀླུང་ཤོད། ༡༠༥༧-༡༡༣༡
༡༢ དགེ་བཤེས་ཤ་ར་བ། རོམ་པོའམ་གཙང་གཞུང་། ༡༠༧༠-༡༡༤༡
༡༣ དགེ་བཤེས་འབན་གུང་རྒྱན།
༡༤ ཁམས་པ་ལུང་པ་སྒང་ཤཱཀྱ་ཡོན་ཏན། ཡུང་བའི་ནང་། ༡༠༨༥-༡༡༧༥
༡༥ འབའ་རོམ་དར་མ་དབང་ཕྱུག། སྐ་བ་ཡུལ་སྣ། ༡༡༢༧-༡༡༩༩
༡༦ ཀམ་ཀམ་དོན་གྲུབ་དཔལ་བ། ཀླུ་གོང། ༡༣༦༥-༡༤༡༧
༡༧ སྟག་ལུང་ཀུན་སྤངས་ནམ་མཁའ་དཔལ་དབྱངས། དར་ཡུལ། ༡༣༣༣-༡༣༧༩ སྟག་ལུང་ཁྲི་རབས་བརྒྱད་པ་ལགས།
༡༨ རྒྱལ་དབང་བཀྲ་ཤིས་དཔལ་བརྩེེགས། དར་ཡུལ་སྟེང་ཁང་། ༡༣༥༩-༡༤༢༨ དགུང་གྲངས་དྲུག་བཅུ་རེ་དགུ་བཞུགས།
༡༩ བཀྲ་ཤིས་དཔལ་འོད་ཟེར་བཟང་པོ། དར་ཡུལ་བྱེ་མ་གཞིས། ༡༤༠༨-༡༤༦༠ སྟག་ལུང་ཁྲི་རབས་བཅུ་གཅིག་པ་ལགས།
༢༠ ཀུན་མཁྱེན་ངག་གི་དབང་ཕྱུགས་གྲགས་པ། བྱེ་མ་གཞིས། ༡༤༡༨- སྟག་ལུང་ཁྲི་རབས་བཅུ་གཉིས་པ་ལགས།
༢༡ ངག་དབང་རྣམ་རྒྱལ། ལྷུན་གྲུབ་རྫོང་། ༡༥༧༡-༡༦༢༦ སྟག་ལུང་ཁྲི་རབས་དགུ་པ།
༢༢ ཞབས་དྲུང་རྣམ་རྒྱལ་ལེགས་གྲུབ། སྟག་ལུང་ཁྲི་རབས་ཉེར་གཉིས་པ་ལགས།
༢༣ འོད་འཇོ་བ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ། ༡༦༦༠- སྟག་ལུང་ཁྲི་རབས་ཉེར་གསུམ་པ་ལགས།
༢༤ རྗེ་བཙུན་བསྟན་འཛིན་རྣམ་རྒྱལ། རྒྱ་གྲོང་། -༡༧༤༣ སྟག་ལུང་ཁྲི་རབས་ཉེར་བཞི་པ་ལགས།
༢༥ འབྲས་ཁྲི་ཤཱཀྱ་རིན་ཆེན།
༢༦ ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས། ཀླུང་ཤོད། ༡༤༩༣-༡༥༦༨
༢༧ མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། སྟག་ལུང་། ༡༦༩༧-༡༧༦༣ བོད་གཞུང་གི་བཀའ་བློན་མྱོང་བ་དང་།མི་དབང་རྟོགས་བརྗོད་བརྩམས།
༢༨ རྗེ་སྐལ་བཟང་དགེ་ལེགས་རྒྱ་མཚོ། ༡༧༧༦-༡༧༩༣ རྔོག་ཆོས་སྐུ་རྡོ་རྗེའི་གདུང་རྒྱུད་དུ་གཏོགས།
༢༩ ཁྲི་ཆེན་བློ་བཟང་དགེ་ལེགས། རྒྱལ་ལྷ་ཁང་གི་ཉེ་འདབས། ༡༧༥༧-༡༨༡༦
༣༠ འཇོག་པོ་བླ་མ་རྣམ་གྲོལ། དུས་རབས་བཅོ་བརྒྱད།
༣༡ སེར་སྔགས་ནམ་མཁའ་བསྟན་སྐྱོང། ༡༧༩༩-༡༨༤༥
༣༢ མགར་བའི་བུ་ཁྲ། དུས་རབས་བཅུ་དགུ་པ།
༣༣ རྗེ་བཙུན་ཆོས་ཉིད་དབང་མོ། ཕོད་མོད། ༡༨༧༡-༡༩༥༧
༣༤ ཚ་རོང་ཟླ་བཟང་དགྲ་འདུལ། དཔལ་གླིང་ཁ་སྐོར། ༡༨༨༨-༡༩༥༩
༣༥ རྫ་བཟོ་དབུ་ཆེན་དཀོན་མཆོག་ཤེས་རབ། ལྕང་ར།
༣༦ བདེ་མཁར་ཀླུ་ཁང་པ་ཚེ་དབང་རབ་བརྟན། ནང་སོ། ༡༨༩༦-༡༩༧༣
༣༧ བློ་བཟང་ཚེ་རིང། རྒྱལ་ལྷ་ཁང་གྲོང་། -༡༩༧༠ བོད་ཀྱི་ལྷ་མོའི་སྒྱུ་རྩལ་བྱང་ཆུབ་པའི་གྲགས་ཅན་ཞིག་ཡིན།
༣༨ ཁམས་པ་ལུང་པ། ཉན་པོའི་ཀ་ས། ༡༢༣༢-༡༢༨༢
༣༩ ཁྲི་ཆེན་བྱམས་པ་རྒྱ་མཚོ། ཞོགས་ཀྱི་གྲམ་ཕུ། ༡༥༡༦-༡༥༩༠ དགའ་ལྡན་ཁྲི་ཐོག་ཉེར་བཞི་པ།
༤༠ ཁྲི་ཆེན་ངག་དབང་ཆོས་ཀྱི་རྒྱལ་མཚན། འཕན་པོ་མདའ། ༡༥༧༥- དགའ་ལྡན་ཁྲི་ཐོག་སོ་བཞི་པ།
༤༡ ཁྲི་ཆེན་བློ་བཟང་དོན་ལྡན་རྣམ་དག་རྡོ་རྗེ། ཞོགས་གྲམ་ཕུ། ༡༦༠༢-༡༦༧༨ དགའ་ལྡན་ཁྲི་ཐོག་ཞེ་གཉིས་པ།
༤༢ ཁྲི་ཆེན་བློ་བཟང་མཁས་མཆོག སྦས་གྲོང་། ༡༧༣༦-༡༧༩༢ དགའ་ལྡན་ཁྲི་ཐོག་རེ་གསུམ་པ།
༤༣ གྲུབ་ཐོབ་དཔལ་འཛིན།
༤༤ གྲུབ་དབང་དཀོན་མཆོག་འཕྲིན་ལས་དཔལ་བཟང་པོ། འབྲི་གུང་སྦྲ་ག། ༡༩༠༠-༡༩༨༨
༤༥ ཆོས་རྗེ་ནམ་མཁའ་བཟང་པོ། དར་ཡུལ། ༡༣༣༣-༡༣༧༩
༤༦ དར་རྒྱལ་མང་པོ་རྗེ། དར་ཡུལ། དུས་རབས་བདུན་པ། ཆུང་དུས་ནས་བློ་རིག་རྣོ་བས་བློན་ཆེན་མགར་ལ་བོད་ཁོས་བཤམས་རོགས་མཛད།
༤༧ པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམ་རྒྱལ་མཚན།
༤༨ སྤྱན་སྔ་ཚུལ་ཁྲིམས་འབར། ཉན་སྣ་ར་སྒང། ༡༠༣༨-༡༡༠༣
༤༩ དགེ་བཤེས་ཕུ་ཆུང་པ། རྒྱལ་གྱི་སྐྱི་ར་རྫིང་། ༡༠༣༡-༡༡༠༦ བཀའ་གདམ་སྐུ་མཆེད་གསུམ་གྱི་ཡ་གྱལ་ཞིག་ཡིན།
༥༠ ཞོགས་དོན་ཡོད་མཁས་གྲུབ། སྨད་ཅུང་པ་ཆུ་སྐོར། ༡༦༧༡-༡༧༣༧
༥༡ ཞྭ་དམར་ཆོས་ཀྱི་དབང་ཕྱུག འབྲི་གུང་གཞོ་ལུང། ༡༥༨༤-༡༦༣༠ ཞྭ་དམར་སྐུ་ཕྲེང་དྲུག་པ་ལགས།
༥༢ ལྷ་རྗེ་སྒོམ་པ། གྲབ། ཇོ་ནང་པའི་མཁས་པ་ཞིག
༥༣ སྒྲོ་སྟོན་གནམ་བརྩེགས། ཇོ་ནང་པའི་མཁས་པ་ཞིག
༥༤ ཁྲི་ཆེན་དགེའདུན་བསྟན་པ་དར་རྒྱས། ཀླུང་ཤོད། ༡༤༩༣-༡༥༦༨ དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ།
༥༥ ཁྲི་ཆེན་བློ་བཟང་དགེ་ལེགས། རྒྱལ། ༡༧༥༧-༡༨༡༦ དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ།
༥༦ དགེ་བཤེས་ཕུ་ཆུང་པ། རྒྱལ་གྱི་སྐྱིད་ར་རྫིང། ༡༠༣༡-༡༡༠༦
༦༦ མཚམས་པ་དཔའ་ཆུང་། འབྲི་གུང་སྦྲ་ག། ༡༩༠༠-
༦༧ རིན་པོ་ཆེ་རྡོ་རྗེ་རིན་ཆེན། གཞུ་སྨད། ༡༢༧༨-༡༣༡༤ འབྲི་གུང་གདན་རབས་བརྒྱད་པ།
༦༨ སྐལ་བཟང་དགེ་ལེགས་རྒྱ་མཚོ། འཕན་ཡུལ་རྔོག ༡༧༧༦-༡༨༣༣
༧༠ གཏེར་སྟོན་དབུ་རུ་སྟོན་པ་ཤཱཀྱ་འོད། འཕན་ཡུལ། གཏེར་སྟོན་བརྒྱ་རྩའི་ཡ་གྱལ།རྟེན་སྔགས་བཙུན་དཀྱུས་མ།ར་ས་འཕྲུལ་སྣང་སོགས་ནས་རླུང་འཁོར་གདམས་སྐོར་སོགས་གཏེར་ནས་བཞེས།
༧༡ གཏེར་སྟོན་གནམ་ལྕགས་རྡོ་རྗེ། འབྲི་གུང། གཏེར་སྟོན་བརྒྱ་རྩའི་ཡ་གྱལ། ཏི་སྒྲོའི་ཚོགས་ཁང་ནས་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྡེ་གཏེར་ནས་བཞེས།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
 

མཁར།

ཟིང་པོ་རྗེའི་མཁར་ཤུལ། ཟིང་པ་གྲོང། མཁར་ཤུལ་དེ་བཙན་པོ་གནམ་རི་སྲོང་བཙན་སྐབས་འཕན་པོའི་ཁུལ་གྱི་རྗེ་བོ་སྟོབས་ཆེ་བ་ཞིག་གི་མཁར་ཡིན། ཁུལ་དེའི་མི་རྣམས་ཟིང་པོ་རྗེའི་མི་རྒྱུད་ཡིན་སྐད་འདུག
མཁར། ཀཀྞི་སྒོ་བཞི། དབུ་རུ་ལུང། མཁར་ཤུལ་དེ་བོད་སིལ་བུའི་སྐབས་སུ་བརྩིགས་པའི་མཁར་རྫོང་ཡིན་སྐད་་དང་། མཁར་དེར་སྒོ་བཞི་ཡོད་སྒོ་བཞིར་གྲགས།
ཡུལ། ཤོ་མ་ར། དབུ་རུ་ལུང། བཙན་པོ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་དང་། དར་རྒྱལ་མང་རྗེ་སོགས་ཀྱིས་ཁྲིམས་ལུགས་ཀྱི་ཁོད་གཏན་འབེབས་བྱ་ཡུལ་ཡིན།
མཁར། མེར་གེའི་མཁར་ཤུལ། ཕོད་མདོ་གྲོང། མཁར་ཤུལ་དེ་ཤོད་རྒྱུན་དུ་བོད་སིལ་བུའི་དུས་སུ་མེར་གེ་ཉི་མ་འབྲུག་གྲགས་ཞེས་པའི་དཔོན་ཞིག་བྱུང་བ་དེའི་མཁར་ཡིན་པ་གྲགས།
རྡོ་བརྐོས། བན་བྱང་གི་རྡོ་བརྐོས་ཡི་གེ། མཚོ་སྟོད་གྲོང། ཀློ་པ་སྟོད་ཀྱི་ཕུའི་བན་ཆང་ས་ཆར་རྡོ་བརྐོས་ཡིག་རྙིང་ཞིག་ཡོད་པ་དེའི་ནང་དོན་སྨན་གྱི་སྐོར་ཡིན། ཤོད་རྒྱུན་ལ་རྡོ་བརྐོས་དེ་སློབ་དཔོན་རིན་པོ་ཆེ་བཙུགས་པར་གྲགས།
མཁར། ཕོད་མདོའི་མཁར་ཤུལ། ཕོད་མདོ་གྲོང། མཁར་དེ་ནི་དུས་རབས་བཅུ་གཅིག་པའི་ནང་ཁུལ་དེར་དཔོན་ཞང་འཁྲང་ཁ་བེར་ཆུང་བྱ་བ་འབྱུང་བ་ས་དེར་མཁར་བརྩིགས་ནས་གཞིས་ཆགས་པའི་ཤུལ་ཡིན་པར་གྲགས།
ཟམ་པ། ཕོད་མདོ་ལྕགས་ཟམ། ཕོད་མདོ་གྲོང། ལྕགས་ཟམ་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐྲུན་གནང་བའི་ལྕགས་ཟམ་ཐོག་མ་དེ་ཡིན་སྐད། ཕྱི་ལོ་ ༡༩༦༡ ཡར་སྔོན་ལ་བྱང་ཕྱོགས་ནས་ལྷ་སར་ཡོང་བའི་འགྲུལ་ལམ་ལྟེ་བ་ཞིག་ཡིན།
མཁར། ལྷུན་གྲུབ་མཁར་ཤུལ། ལྷུན་གྲུབ་རྫོང། དེ་སྔ་ཕག་གྲུ་དང་། སྟག་ལུང་པ། དགའ་ལྡན་ཕོ་བྲང་པའི་གཞུང་འཛིན་གནས་ཡུལ། མཁར་དེར་ཐོག་བརྩེགས་དགུ་ལྡན་གྱི་མཁར་དབུས་དམར་པོ། མཐའ་སྐོར་དཀར་པོ། མཐར་གྱང་གི་ལྕགས་རི་ཆེན་པོ་བཅས་ཡོད།
མཁར། བཟའ་དམ་མཁར་ཤུལ། བཟའ་དམ་གྲོང། མཁར་ཤུལ་དེར་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འདས་ས་འཕན་ཡུལ་ཟལ་མོ་སྒང་ཞེས་པ་ཡིན་སྐད་དང། ཕྱིས་ཟ
གནས། དམ་པ་ཕུག གསུམ་ཕྲེང། བྲག་ཕུག་དེ་ནི་རྒྱ་གར་གྱི་གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་ཡིན་པར་གྲགས།
གནས། བཏབ་ཁ་འབུམ་པ། ངར་ནང་གྲོང། གནའ་བའི་ས་འབུམ་དེ་ནི་བཀའ་གདམས་པའི་དགེ་བཤེས་བཏབ་ཁ་བའི་གདུང་རུས་བཞུགས་པའི་མཆོད་རྟེན་ཡིན།
གནས། ཡུང་བ་ཤེལ་གྱི་མཆོད་རྟེན། ཡུང་བ་གྲོང། གནའ་བའི་ས་འབུམ་དེ་ནི་དགེ་བཤེས་ཤ་ར་བའི་ཡུམ་གྱི་གདུང་རྟེན་ཡིན།
གནས། གྲུབ་ཐོབ་བུམ་པ། ཡུང་བ་གྲོང། གནའ་བའི་མཆོད་རྟེན་དེ་ནི་འབྲོམ་སྟོམ་པའི་ཞལ་སློབ་དགེ་བཤེས་ཕུ་བྱུང་བའི་གདུང་རྟེན་ཡིན།
གནས། ཕུ་བྱུང་ཕུག ཡུང་བ་གྲོང། བྲག་ཕུག་དེ་ནི་དགེ་བཤེས་ཕུ་བྱུང་བའི་སྒྲུབ་ཕུག་ཡིན།
གནས། སྟོང་རྩེ་རི་བོ། མཚོ་སྟོད་གྲོང། གནས་རི་དེར་ས་སྐྱའི་བླ་མ་ཚར་ཆེན་བློ་གསལ་རྒྱ་མཚོས་ན་རོ་མཁའ་སྤྱོད་མའི་སྒྲུབ་པར་བཞུགས་མྱོང།
གནས། གུ་རུའི་སྒྲུབ་ཕུག དབུ་རུ་ལུང། དབུ་རུ་ལུང་ཤོ་མ་རའི་ལྷོ་ངོས་ཀ་དག་རི་ལྡེབས་ཀྱི་བྲག་ཕུག་དེ་ནི་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཡིན།
གནས། ཀླུང་རི་ཕྱུག་མོ། ཕོད་མདོ་གྲོང། དེ་ནི་རི་ཞིག་དང་། དེར་ཡུལ་མི་ཚོས་བསངས་གཏོང་དར་འཛུགས་བྱེད་སྲོལ་མཆིས།
གནས། བྱམས་པ་སྤུན་གསུམ། རྒྱལ་གྲོང་ཚོ། རྒྱལ་གྱི་བྱམས་པ་དང་། རག་མའི་བྱམས་པ། ཀློ་པ་སྟོད་ཀྱི་བྱམས་པ་བཅས་ལ་བྱམས་པ་སྤུན་གསུམ་དུ་གྲགས། དེ་གསུམ་ཉིན་གཅིག་ལ་མཇལ་ཐུབ་ན་བྱིན་རླབས་ཆེ་སྐད།
གནས། ཁྲོ་མོ་བྲག་ཕུག བྱེ་མོ་གྲོང། བྲག་ཕུག་དེར་གུ་རུ་རིན་པོ་ཆེ་དང་། ཕ་དམ་པ་སངས་རྒྱས། རྗེ་ཙོང་ཁ་པ་སོགས་བཞུགས་མྱོང་སྐད། བྲག་ལྡེབས་སུ་རྗེས་དང་རང་བྱུང་རི་མོ་མང་པོ་ཡོད།
གནས། སྤྱན་སྔ་འབུམ་པ་སོགས། ལྷ་ཁང་གྲོང། གནའ་བའི་མཆོད་རྟེན་དེ་ནི་འབྲོམ་སྟོན་གྱི་སྐུ་མཆེད་གསུམ་གྱི་ཡ་གྱལ་ཡིན་པའི་སྤྱན་སྔ་ཚུལ་ཁྲིམས་འབར་བའི་གདུང་རྟེན་ཡིན།
གཏན་མར་ཞིང་། གསུམ་ཕྲེང་གྲོང། ཤིང་བཟོ་བ་ཞིག་གིས་བྱས་རྗེས་ལ་༸རྒྱལ་མཆོག་ལྔ་པ་ཆེན་པོས་གཟིགས་མཐོང་ཆེན་པོ་ཐོབ་པའི་ཁྱིམ་ཚང་ཞིག་ཡིན།
གླུད་གོང་སྒང་། གྲུབ་བརྒྱ་གྲོང། སྔར་ལྷ་སའི་ཚོགས་མཆོད་གྲོལ་སྐབས་ཆུ་ཤུར་བྱང་ཆུབ་གླིང་དགོན་གྱིས་གླུད་འགོང་གཏོང་ཡུལ་ཡིན་པས་མིང་དེ་ལྟར་ཐོགས།

ས་བཅད་བརྒྱད་པ། དམངས་སྲོལ།

དང་པོ། རྭ་སྒྲེང་མཆོད་བྲོ།

འབྲོམ་སྟོན་པས་ཕྱི་ལོ་ ༡༠༥༧ ལོར་རྭ་སྒྲེང་གཙུག་ལག་ཁང་བཞེངས་བཀའ་གདམས་པའི་ལུགས་གཏོད་པ་དེས། ཁུལ་དེའི་ཆུས་ལུགས་ཀྱི་བྱེད་སྒོ་མང་དུ་ཕྱིིན་པ་དང་། དམངས་ཁྲོད་གླུ་གུར་རོལ་དབྱངས་ཀྱི་བྱེད་སྒོ་ཡང་དུས་མཚུངས་མང་དུ་ཕྱིན་ནས། ལྷག་པར་ཆོས་དོན་མཛད་སྒོར་དམིགས་ནས་ཆེད་མངགས་གསར་གཏོད་བྱས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་དགྱེས་པ་སྐོང་ཕྱིར་བླང་བ་དབྱངས་སྙན་དང་འཁྲབ་པ་བྲོ་གར་གི་མཆོད་པ་གཟབ་རྒྱས་འབུལ་ཆེད། ཐུན་མོང་མ་ཡིན་པའི་རྭ་སྒྲེང་མཆོད་སྒྲོ་ཞེས་པ་གསར་གཏོད་བྱས་ནས་ལོ་ལྟར་དགོན་པ་དེའི་ཆོས་དོན་མཛད་སྒོ་ཁག་ལ་འཁྲབ་སྲོལ་བྱུང་། རྭ་སྒྲེང་མཆོད་བྲོར་དུམ་བུ་དགུ་དང་། གླིང་བྲོར་དུམ་བུ་དྲུག་བཅས་ཡོད་པ་དེ་དག་གི་གཞས་ཚིག་ནང་དོན་གཙོ་བོ་ནི་སངས་རྒྱས་བསྟན་པར་བསྟོད་པ་དང་། མཛེས་རིག་ལྟ་བུའི་རྣམ་པར་བཀྲ་བའི་རྭ་སྒྲེང་གི་རང་བྱུང་བཀོར་བསྟོད་པ་སོགས་རེད།

 

 གཉིས་པ། རྭ་སྒྲེང་ཁུ་བྱུག་མཆོད་པ།

རྭ་སྒྲེང་ཁུ་བྱུག་མཆོད་པ་ནི་ཕྱི་ལོ་ ༡༠༥༧ ལོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ཕྱག་བཏབ་པའི་བཀའ་གདམས་བསྟན་པའི་ཆུ་འགོ་བྱང་རྭ་སྒྲེང་དགེ་འཕེལ་གླིང་དུ་ལོ་གཅིག་ནང་། བྱ་ཟླ་མཆོད་པ་དང་། ཁུ་བྱུག་མཆོད་པ། མེ་ཏོག་མཆོད་པ། ཉ་དྲུག་མཆོད་པ། ཞེས་བཀའ་གདམས་མཆོད་པ་དུས་བཞི་ཡོད་པའི་ཡ་གྱལ་ཞིག་ཡིན། དེ་ཡང་ཁུ་བྱུག་མཆོད་པ་ནི་ལོ་ལྟར་བོད་ཟླ་ ༤ ཚེས་ ༡ ནས་ ༧ བར་ས་ཟླའི་དུས་མཆོད་དང་དུས་མཉམ་དུ་འཁེལ་བས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་དུས་མཆོད་དེ་དགེ་བ་གསོག་པའི་དུས་ཚིགས་ཧ་ཅང་རྩ་ཆེན་པོར་བརྩིས་ཏེ། ལ་བརྒྱབས་ཀླུང་བརྒལ་གྱི་རྭ་སྒྲེང་ཁུ་བྱུག་མཆོད་པར་མཇལ་བར་འགྲོ་སྲོལ་ཡོད། འོན་ཀྱང་། རྭ་སྒྲེང་དགོན་པར་འགྲོ་བར་ཕུ་མདོ་གཙང་པོའི་ཐོག་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཕྱག་བཏབ་པའི་ལྕགས་ཟམ་དེ་མ་བརྒྱུད་པར་ཆུ་རབ་རྒྱག་པའམ་བྱང་རྒྱུད་སྐོར་ནས་འགྲོ་བ་ལས་ཐབས་གཞན་མེད།

དེར་བརྟེན་ལོ་ལྟར་རྭ་སྒྲེང་ཁུ་བྱུག་མཆོད་པའི་དུས་མཆོད་སྐབས་ལྕགས་ཐག་གི་ཟམ་པ་དེའི་སྟེང་ཕེབས་མཁན་མི་ཚོགས་ཧ་ཅང་ཆེ་རྐྱེན་ཟམ་སྟེང་འཚང་ཁ་དང་། ཉེན་གཟར་ཆེ་བ་ལ་དམིགས་མི་རྣམས་ཀྱི་གཤམ་གྱི་དམངས་གཞས་དེ་བཏང་འདུག རྭ་སྒྲེང་ཁུ་བྱུག་མཆོད་པ།། མཇལ་འདོད་ཐུགས་ལ་ཡོད་ཀྱང་།། ཕུ་མདོ་ལྕགས་ཀྱི་ཟམ་པ།། དམྱལ་བའི་ཕྲང་ལས་དོག་པ།། དབུས་སྟོད་འཕན་ཡུལ་དང་། འབྲི་གུང་། མལ་གྲོལ་སོགས་ལ་ཡོངས་གྲགས་སུ་གཏོང་སྲོལ་དར་འདུག

 

གསུམ་པ། ཕ་བོང་རོང་ཐང་སྐོར་དང་མཁའ་འགྲོ་ཚོགས་གཞོང་།

ལུག་ལོ་ནམ་ཤར་དུ་ཕ་བོང་རོང་ཐང་སྐོར་ཞེས་རྭ་སྒྲེང་དགོན་པའི་ནུབ་ངོས་ཀྱི་ཕོ་བོང་ཐང་དུ་སྐོར་བ་རྒྱག་སྲོལ་ཡོད། དེ་ཡང་ཐང་ཆེན་དེའི་སྟེང་རྡོ་ཕ་བོང་དུ་མ་ཡོད་པའི་ནང་ནས་ཆེ་ཤོས་དེར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕོ་བྲང་ཞེས་པ་ཡིན་པར་གནས་སྐོར་བ་ཚོས་དེ་གར་བསྐོར་བ་རྒྱག་པ་སོགས་བྱེད། དེ་བཞིན་མཁའ་འགྲོ་ཚོགས་གཞོང་། བོད་ཟླ་བདུན་པའི་ཚེས་བཅོ་ལྔའི་ཉིན་རྭ་སྒྲེང་བླ་བྲང་ནས་ཕོ་རོང་ཐང་གི་མཁའ་འགྲོ་ཚོགས་གཞོང་ཞེས་པའི་ཕ་བོང་གི་སྟེང་དུ་རྩམ་ཁལ་ལྔ་བརྒྱའི་ཚོགས་བཞེངས་ནས་མང་ཚོགས་ལ་ཚོགས་ཀྱི་བྱིན་རླབས་སྤྲོད་པ་དང་། རྭ་སྒྲེང་དགོན་པའི་བླ་གྲྭ་རྣམས་དེ་གར་ཕེབས་ནས་ཉིན་གསུམ་རིང་ཚོགས་མཆོད་སོགས་མཛད་སྲོལ་ཐོག་དགེ་འདུན་པ་ཚོས་གར་འཆམས་དང་། ཡུལ་མི་ཚོས་བྲོ་གཞས་དང་། ལྷ་མོ་འཁྲབ་པ། རྟ་རྩལ་འགྲན་པ་སོགས་བྱེད་ཅིང་། སྐབས་དེར་ལྷ་ས་སོགས་ནས་མི་དམངས་ཧ་ཅང་མང་བ་འདུ་འཛོམས་བྱེད།

 

བཞི་པ། དགའ་ལྡན་ཆོས་འཁོར་གྱི་བརྟག་གཞི་དང་། ཤར་ཆེ་ནོ།

ལོ་རེའི་བོད་ཟླ་བཅུ་གཅིག་པའི་ཚེར་ཉེར་གསུམ་ཉིན་བཀའ་སྲུང་གཙོད་རུ་ཅན་སྐུ་རྟེན་ལ་ཞུགས་ཏེ་ལུང་བསྟན་བརྒྱབ་པ་བཞིན་ལོ་རེའི་ལེགས་ཉེས་བརྟག་གཞིའི་གོ་དོན་དངོས་པོ་དང་རི་མོ་རྣམས་གྲ་སྒྲིག་བྱས་ཐོག་ཚེས་ཉེར་བདུན་ཉིན་བརྟག་གཞིའི་དཔེ་རིས་ལ་ཞུ་དག་གིས་བསྒྱུར་བཅོས་བྱས་ནས་གནམ་གང་ཉིན་བརྟག་གཞི་ཐོ་འགོད་དང་སྦྲགས་ལུང་ཞུར་ཆོས་སྐྱོང་གི་ཐམ་ག་ཕབ་ནས་རྩེ་ཡིག་ཚང་ལས་ཁུངས་བརྒྱུད་ཏཱ་ལའི་བླ་མར་སྙན་ཞུ་འབུལ་དགོས་ཀྱི་ཡོད།

ཤར་ཆེ་མོ། ལོ་ལྟར་བོད་ཟླ་དྲུག་པའི་ཚེས་གཉིས་ནས་བཅོ་ལྔ་བར་ཤར་ར་དགོན་པར་ཤར་ཆེ་མོ་ཞེས་པའི་དུས་ཆེན་ཞིག་ཚུགས་སྲོལ་ཡོད། དེ་ཡང་བོད་ཟླ་དྲུག་པའི་ཚེས་གཉིས་ནས་བཟུང་དགོན་པ་དེ་གའི་བཙུན་མ་ཚོས་བཀའ་འགྱུར་དག་སྒྲོག་བྱེད་ཅིང་དེའི་རིང་དད་མཇལ་བ་མང་པོ་ཕེབས།  ཚེས་བཅུ་བཞི་ཉིན་ལྷུན་གྲུབ་རྫོང་དཔོན་ངོ་མ་ཤ་ར་དགོན་པར་ཡོང་ནས་ཉིན་གསུམ་བསྡད་དེ་ཚེས་བཅོ་ལྔའི་ཉིན་དགོན་པར་མང་ཇ་དང་། སྐུ་འགྱེད། བརྒྱ་མཆོད་བཅས་ཕུལ། དེ་ཉིན་དགོན་བདག་སྒེར་བར་ཞི་བས་རང་ཁོངས་མི་སེར་ནང་ནས་བུ་མོ་ཁ་འབྲས་མཚར་བ་གཉིས་ལ་སྐྱེས་པའི་ཆས་གོས་གཡོགས་ནས་དགོན་པའི་ལྷོ་ནུབ་ཀྱི་མཁའ་འགྲོའི་བྲོ་ར་ཞེས་པར་སྒོར་གཞས་ཀྱི་སྣེ་འཁྲིད་པར་གདན་ཞུའི་ཚུལ་གྱི་བསུ་བ་བྱས་ཏེ་སྒོར་གཞས་ཀྱི་སྒོ་ཕྱེ། དེ་དུས་དགོན་པའི་ཉེ་འགྲམ་དུ་ལྷ་ས་དང།  ལྷོ་ཁ་སོགས་ནས་ཡོང་བའི་ཚོང་པ་མང་པས་དེ་གར་ཉོ་ཚོང་འཁྲུག་པོའི་ཚོང་དུས་ཤིག་ཚུགས་སྲོལ་དང་། འཕན་པོའི་སྟོད་སྨད་ནས་ཡོང་བའི་ཡུལ་མི་ཕོ་མོ་ཚོས་སྒོར་གཞས་རྒྱག་སྲོལ་ཡོད།

 

ལྔ་པ། རྗེ་བདག་དུས་ཆེན།

འཕན་པོའི་ཡུལ་གྲོང་ཞིག་ཏུ་ཧོར་ཟླ་ ༡༠ ཚེས་ ༡༥ དགོང་མོ་བྱིས་པ་བུ་མོ་རྣམས་ཀྱི་དགའ་སྤྲོའི་གླུ་དབྱངས་ལེན་ས་ཡུལ་ཞིག་ཏུ་འཛོམས་ནས་མེ་གཏོང་ཆུ་ལེན་བྱེད་པ་དང་། བྱིས་པ་བུ་རྣམས་ཀྱི་མཉམ་དུ་ཁྱིམ་ཚང་སོ་སོའི་སྒོ་འགྲམ་དུ་ཕྱིན་ནས་སློང་མོ་བྱེད་ཀྱི་ཡོད། སློང་མོ་བྱེད་པའི་ཚུལ་ནི་བྱིས་པ་རྣམས་ཀྱི་མགྲིན་དབྱངས་གཅིག་གྱུར་གྱིམི་ར་མི་ཡི་གང་བར་ཤོག རྟ་ར་རྟ་ཡི་གང་བར་ཤོག མཛོ་ར་མཛོ་ཡི་གང་བར་ཤོག ལུག་ར་ལུག་གི་གང་བར་ཤོག འབྲུ་མཛོད་འབྲུ་ཡི་གང་བར་ཤོག ཐུགས་ཀྱི་བཅད་པ་སྟེར་དང་ཞུས་པས་རྗེ་བདག་ལགས། ར་ཤའི་སྟོད་ཁོག་ལུག་ཤའི་སྨད་ཁོག་སྟེར་དང་ཞུས་པའི་རྗེ་བདག་ལགས། སྒོང་སྒོང་གི་མཇིང་པ་སྨད་སྨད་ཀྱི་མཚང་ར་སྟེར་དང་ཞུས་པས་རྗེ་བདག་ལགས། ཇ་རྡོག མར་རྡོག ཚིལ་རྡོག་སྟེར་དང་ཞུས་པའི་རྗེ་བདག་ལགས། ཞེས་སློང་མོ་བྱེད་ཅིང་མཇུག་སྒྲིལ།

དེ་ནས་སྔར་གྱི་གནས་དེར་འཛོམས་ནས་བྱིས་པ་རྒན་པ་འགས་ཤ་ཚིལ་གཏུབ་པ་དང་། བུ་མོ་ཚོས་ཇ་ཐུག་སོགས་སྐོལ་བ། ལོ་ཆུང་རྣམས་གར་དང་རྩེད་མོ་ལ་རོལ་བར་བྱེད། མཚན་མོའི་ཆུ་ཚོད་ ༡༡ ཡས་མས་སུ་རང་སོ་སོའི་ཁྱིམ་གྱི་ཟན་ཁང་ནས་ཟན་རྩྭ་སླངས་ཏེ་དཔའ་འབར་ཆེན་པོ་རེ་བཟོས་ཐོག་དུས་གཅིག་ཏུ་མེ་སྤར་ནས། ཆུ་གསོད། མེ་གསོད། འབུ་གསོད་ཞེས་སྐད་གསང་མཐོ་པོས་འབོད་སྒྲ་བསྒྲགས་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་དུ་རྒྱུག་སྟེ་ལེགས་འབྲས་བཟང་གི་འདུན་པས་ཁེངས་པའི་ལོ་གསར་པ་དེའི་ནང་ཞིང་འབྲོག་ཐོན་སྐྱེད་ལ་ཆུ་སྐྱོན་དང་། ཐན་སྐྱོན། འབུ་སྐྱོན་སོགས་ཀྱི་གནོད་པ་མི་ཡོང་སྔོན་འགོག་བྱེད་ཀྱི་བྱེད་ཐབས་ཚར་བ་དང་། སྒོར་སྒོར་དུ་འཛོམས་ནས་ཇ་ཐུག་བཞེས་རྗེས་མེ་སྐོང་བཏང་ནས་མཚན་གྱི་དཀྱིལ་བར་ཞབས་བྲོ་འཁྲབ་བཞིན་དུ་བསྡོད་ཀྱི་ཡོད།[1]

[1] བསོད་ནམས་ཆོས་དར། བོད་ཟླ་བཅུ་གཅིག་པའི་བཅོ་ལྔའི་རྗེ་བདག་དུས་ཆེན། གངས་ལྗོངས་རིག་གནས། ཕྱི་ལོ་ ༡༩༩༠།༣། ཤོག ༧༢།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།