སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཕན་བདེའི་དཔལ་སྟེར།

སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཕན་བདེའི་དཔལ་སྟེར།

༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་ནག་འགྲོས་སུ་བཀོད་པ་བཞུགས་སོ།།

 

༄༅། །ན་མོ་ཨཱརྱ་ཏཱ་རེ་ཡེ། གང་ཞིག་དྲན་པས་འཇིགས་པ་མཐའ་དག་ལས། །སྒྲོལ་མཛད་རྗེ་བཙུན་ཐུགས་རྗེའི་གཏེར་ཆེན་ལ། །གུས་པས་བཏུད་ནས་གསོལ་བཏབ་ཆོ་གའི་རིམ། །དེང་འདིར་འགྲོ་བའི་དཔལ་དུ་མངོན་པར་སྤེལ། །

དེ་ཡང་གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན་ཞེས་གསུངས་པའི་དོན་བཞིན་རྗེ་བཙུན་འཕགས་མ་སྒྲོལ་མར་རང་ཅག་རྣམས་ཀྱི་གནས་སྐབས་མཐར་ཐུག་གི་འདོད་དོན་ཡིད་བཞིན་འགྲུབ་ཕྱིར་ཐུགས་རྗེ་བསྐུལ་བའི་ཐབས་ཁྱད་པར་ཅན་བྱིན་རླབས་ཀྱི་མཚན་ཁ་ཤིན་ཏུ་ཆེ་བའི་གོ་ཆའི་རིམ་པ། དོན་མ་ལུས་པ་ལེགས་པར་ཚང་ཞིང་ཤིན་ཏུ་ལེན་པ་ལ། སྟེགས་གཙང་མའི་སྟེང་རྗེ་བཙུན་མའི་སྐུ་བརྙན་རབ་གནས་ཅན་བཞུགས་སུ་གསོལ། དེའི་མདུན་དུ་དྲི་བཟང་བྱུགས་པའི་མཎྜལ་ཚོམ་བུ་དང་བཅས་པ་ཆུ་གཉིས་ཉེར་མཆོད་ཚར་བཞི་བཅས་ལེགས་པར་བཤམས། ཆོ་ག་དངོས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང༌། རང་གི་མདུན་དུ་སེང་ཁྲི་པད་ཟླའི་གདན་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ལྷ་ཚོགས་ལ་རྩ་རྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་བཀའ་སྡོད་ཀྱི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་བཛྲ་ས་མ་ཡ་ཛ༔ པོ་ཊ་ལ་ཡི་གནས་མཆོག་ནས། །ཏཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །འོད་དཔག་མེད་ཀྱི་དབུ་ལ་བརྒྱན། །དུས་གསུམ་སངས་རྒྱས་འཕྲིན་ལས་མ། །འགྲོ་བའི་དོན་དུ་གཤེགས་སུ་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་ཚོགས་ཞིང་རྣམས་སྤྱན་དྲངས། ལངས་ཏེ་ཕྱག་འཚལ་བའམ། ཕྱག་འཚལ་བར་མོས་ཏེ་ཐལ་མོ་སྦྱར་ནས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡིས། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །

༈ ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་དུ་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གི་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བརྗོད་དེ་རྟེན་ལ་མེ་ཏོག་འཐོར། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭབྷཱ་ཝ་ཤུདྡྷོ་ཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ཨརྒྷཾ་ཨ༔ཧཱུཾ། ཨོཾ་པཱདཾ་ཨ༔ཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱ༔ཧཱུཾ། ཞེས་པ་ནས། ཨོཾ་བཛྲ་ཤཔྟ་ཨ༔ཧཱུཾ། གིས་བྱིན་གྱིས་བརླབས།

༈ རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཞེས་པ་ནས། རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་སིལ་སྙན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་ཨ༔ཧཱུཾ། གིས་མཆོད་པ་འབུལ།

༈ མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པ་བདུག་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡི། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མར་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པའི་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིད་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡིད་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོལ་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེད། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པའི་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པ་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་བསྔོ། །མཎྜལ་འབུལ་བ་ལ། ཞིང་ཁམས་འབུལ་བར་ཞུ། ཨོཾ་བཛྲ་བྷུ་མི་ཨཱ༔ཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱ༔ཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་གཡབ་གཞན། གཡོ་ལྡན་དང་ལམ་ཕྱོགས་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་གཙང་ཞིང་ཡིད་དུ་འོངས་བ་འདི་དག་དྲིན་ཅན་རྩ་བ་དང༌། བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཁྱད་པར་དུ་ཡང་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཞིང་ཁམས་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་མ་འགྱུར་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ།  ས་གཞི་སྤོས་གཞི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉིན་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རནྟ་མཎྜལ་ལ་ཁཾ་ནིར་ཡ་ཏ་ཡ་མི།   རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཞིང༌། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། །བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །ཞེས་འདོད་དོན་ལ་གསོལ་བ་གདབ། དེས་སྡེ་ཚན་དང་པོ་སྤྱི་མཆོད་འབུལ་བའོ། །

གཉིས་པ་ལ། ༈ ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་ཅིང༌། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ལན་བདུན་གྱིས་ཕྱག་བྱས་ཏེ་མེ་ཏོག་འཐོར། ༈ བསོད་ནམས་ཞིང་དུ་གྱུར་པའི་སངས་རྒྱས་ལ། །སྣང་ལ་རང་བཞིན་མེད་པའི་མཆོད་ཡོན་འདི། །སྣང་སྟོང་དབྱེར་མེད་སེམས་ཀྱིས་འབུལ་ལགས་ན། །དབྱེར་མེད་བདེ་ཆེན་ཐུགས་ཀྱིས་བཞེས་སུ་གསོལ། །ཞེས་པ་ནས། བསོད་ནམས་ཞིང་དུ་གྱུར་པའི་སངས་རྒྱས་ལ། །སྣང་ལ་རང་བཞིན་མེད་པའི་སིལ་སྙན་འདི། །སྣང་སྟོང་དབྱེར་མེད་སེམས་ཀྱིས་འབུལ་ལགས་ན། །དབྱེར་མེད་བདེ་ཆེན་ཐུགས་ཀྱིས་བཞེས་སུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་ཨ༔ཧཱུཾ། གིས་བར་གྱིས་མཆོད། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་པའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བགྱིས་པ་ཐམས་ཅད་བཤགས་པ་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡིད་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ། མཎྜལ།  ས་གཞི་སྤོས་གཞི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རནྟ་མཎྜལ་ལ་ཁཾ་ནིར་ཡ་ཏ་ཡ་མི།  ཞེས་མཎྜལ་ཕུལ། སྒྲོལ་མའི་ཕྱག་གཡས་པའི་སྐྱབས་འོག་ཏུ་ཚུད་པར་མོས་ཏེ། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པ་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་གཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བརྗིད་པའི། །དབུ་བརྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པ་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱི་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ཀྱི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉི་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རྣམ་པར་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉི་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཞེས་སྒྲོལ་མ་ཚར་གཉིས་འདོན། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །ཞེས་ཤོ་ལོ་ཀ་གཅིག་གིས་འདོད་དོན་ལ་གསོལ་བ་གདབ་བོ། །

གསུམ་པ། ༈ ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་ཅིང༌། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལན་བདུན་བརྗོད་ཅིང༌། ཕྱག་བྱས་ཏེ་མེ་ཏོག་འཐོར། ༈ རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །ཞེས་པ་ནས། སིལ་སྙན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེར་བ་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་པའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པས། །བགྱིས་པ་ཐམས་ཅད་བཤགས་པ་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡིད་རང༌། །སེམས་ཅན་རྣམས་ཀྱི་བསམ་པ་དང༌། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ། མཎྜལ།  ས་གཞི་སྤོས་གཞི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག ། ཨི་དཾ་གུ་རུ་རནྟ་མཎྜལ་ལ་ཁཾ་ནིར་ཡ་ཏ་ཡ་མི། སྒྲོལ་མ་ཚར་གསུམ་འདོན། ༈ བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་སོགས་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་འདོད་དོན་ལ་གསོལ་བ་གདབ་བོ།།

བཞི་པ་ལ། ༈ ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་ཅིང༌། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལན་བདུན་བརྗོད་ཅིང་ཕྱག་བྱས་ཏེ་མེ་ཏོག་འཐོར། ༈ མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་ཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ན། །བདག་ཉིད་ཆེན་པོ་རྗེ་བཙུན་སྒྲོལ་མ་མཆོད། །ཅེས་པ་ནས། སིལ་སྙན་ཕལ་ཆེར་སིལ་སྙན་བླ་བྲེ་དང༌། །སིལ་སྙན་བཀོད་པའི་འོད་ཟེར་རབ་ཀྱེ་སྟེ། །སིལ་སྙན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ན། །བདག་ཉིད་ཆེན་མོ་རྗེ་བཙུན་སྒྲོལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད།

༈ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོ་བསྔོ། །མཎྜལ། ས་གཞི་སྤོས་གཞི་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རནྟ་མཎྜལ་ལ་ཁཾ་ནིར་ཡ་ཏ་ཡ་མི། སྒྲོལ་མ་ཚར་བདུན་བརྗོད།

༈ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །རྨི་ལམ་ངན་མཚན་མ་ངན་པ་དང༌། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པས་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང༌། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །གྲངས་གསོག་དགོས་ཚེ་མཚམས་འདིར་བྱ།

འཁྲུས་གསོལ་བསྡུས་པ་ནི། ༈ ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། །ཞེས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཕུན་ཚོག་ས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཐུབ་དབང་རྡོ་རྗེ་འཆང་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ཟབ་མོ་ལྟ་བའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ཉམས་ལེན་བྱིན་རླབས་བརྒྱུད་ལ་སྐུ་ཁྲུས་གསོལ། །བརྒྱུད་པའི་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། སྟོན་པ་སངས་རྒྱས་རྣམས་ལ་སྐུ་ཁྲུས་གསོལ། །སྐྱོབ་པ་དམ་ཆོས་རྣམས་ལ་སྐུ་ཁྲུས་གསོལ། །འདྲེན་པ་དགེ་འདུན་རྣམས་ལ་སྐུ་ཁྲུས་གསོལ། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲཱི༔ ཞེས་པ་སྐུ་ཕྱིས་དང༌། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་པས་སྐུ་བྱུག །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེ་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་གོས་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཅེས་པས་རྒྱན་ཕུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པས་བཞུགས་སུ་གསོལ། ཁྲུས་གསོལ་རྒྱས་པ་ནི།

༈ ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། །ཞེས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཕུན་ཚོག་ས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོཾ་བྷི་པ་དང་ཨ་ཏི་ཤ།།ཉམས་ལེན་བྱིན་རླབས་བརྒྱུད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་བདེ་དང་གྲགས་པའི་དཔལ། །སེང་བཟང་སྐུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ། །རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས། །བཀའ་གདམས་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ། །དངོས་སྟོབས་རིགས་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །ཡབ་སྲས་བརྒྱུད་པ་བཅས་ལ་སྐུ་འཁྲུས་གསོལ། །ཨོཾ་སརྦ༌XX། སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང༌། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། གསང་བ་འདུས་པ་བདེ་དགྱེས་ཧེ་རུ་ཀ །དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ། །གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་མགོན། །ཡི་དམ་ལྷ་ཚོགས་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX།  འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་པ་ནས། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་སརྦ༌XX། མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ་སྐུ་འཁྲུས་གསོལ། །ཨོཾ་སརྦ༌XX། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་དགོངས་པ་ཡོངས་རྫོགས་པ། །བདེ་བར་གཤེགས་པ་བརྒྱད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང༌། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་དམ་པའི་ཆོས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། དུས་གསུམ་རྒྱལ་བའི་རྒྱལ་སྲས་ཐུགས་རྗེ་ནི། །ཉན་ཐོས་ཚུལ་དུ་བསྟན་པ་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པའི། །གནས་བརྟན་ཆེན་པོ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པ་མཛད་པའི་གང་ཟག་རྣམས། །བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ་ཡི། །ཆོས་སྐྱོང་སྲུང་མ་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མིག་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་སྒོ་བཞི་བསྲུང༌། །རྒྱལ་ཆེན་བཞི་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ཅན་གནས་པ་ཐམས་ཅད་དང༌། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ༌XX། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པའི་སྐུ་ཕྱིའོ། །ཨོཾ༌XX། ཞེས་པ་སྐུ་ཕྱིས་དང༌། སྟོང་གསུམ་ཀུན་ཏུ་དྲི་དང་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཞེས་པས་སྐུ་བྱུག །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེ་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་གོས་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཅེས་པས་རྒྱན་ཕུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པས་བཞུགས་སུ་གསོལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭབྷཱ་ཝ་ཞེས་པ་ནས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ༔ཧཱུཾ། ལན་གསུམ། རྗེ་བཙུན་མའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྱ་ཏ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་འབུལ། ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱི་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཞེས་པ་ནས། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ས་ཏྭ་ཞེས་སོགས་ཡིག་བརྒྱ་བཟླས། མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་པ་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཱཧཱ།

༈  སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་དང༌། ཚར་གྲངས་གསོག་ཚེ་མཎྜལ་མཆོད་པ་རྣམས་ཁ་གསོས། གོང་གི་སྐྱབས་འགྲོ་ནས་ཡིག་བརྒྱ་ཡན་གྲངས་ཇི་ཙམ་དགོས་པ་སོང་ནས་མཇུག་ཏུ་ཡིག་བརྒྱ། བཟོད་གསོལ། བརྟན་བཞུགས། ཤིས་བརྗོད་རྣམས་བྱའོ། །དེ་ལྟར་མཎྜལ་བཞི་པའི་ཆོ་གའི་སྒོ་ནས་དར་རྒྱས་སུ་མཛད་ན་རང་གཞན་འགྲོ་བ་ཐམས་ཅད་ཀྱི་ལེགས་ཚོགས་བསམ་དོན་ཡིད་མོས་རྣམས་ལྷུན་གྱིས་འགྲུབ་པའི་ཐབས་ཁྱད་པར་ཅན་སྙིགས་དུས་འདིར་འཕྲིན་ལས་མྱུར་ཞིང་བྱིན་རླབས་ཀྱི་མཐུ་བྱིན་ལྷག་པར་ཆེ་བ་བཅས་ཡིད་ཆེས་ཀྱིས་གནས་དམ་པ་བླ་ན་མ་མཆིས་པ་ཡིན་ནོ། །

༈ སྨྲས་པ། མཉམ་མེད་ཇོ་བོ་ཡབ་སྲས་ཐུགས་ཀྱི་བཅུད། །འཕགས་མའི་ཐུགས་རྗེ་བསྐུལ་བའི་ཐབས་མཆོག་འདིས། །བདག་སོགས་ཡིད་ཀྱི་རེ་བ་བདེ་བླག་ཏུ། །སྩོལ་བའི་སྐལ་བཟང་འདི་ཡང་རྨད་དུ་བྱུང༌། །ཞེས་རྗེ་བཙུན་འཕགས་མ་སྒྲོལ་མར་ཐུགས་རྗེ་བསྐུལ་བའི་ཆོ་ག་བརྗོད་བྱའི་དོན་མ་ལུས་པར་ཚང་ཞིང་མདོར་བསྡུས་ཚོགས་འདོན་བྱས་ཆོག་པ་ཞིག་དགོས་ཞེས། རྡོ་རྗེ་སློབ་དཔོན་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར། བྱང་འདྲེན་རབ་འབྱམས་པ་རྒྱ་མཚོ། དགེ་བསྐོས་རབ་འབྱམས་པ་ཐུབ་བསྟན་ཕྱོགས་གླང་བཅས་ནས་བསྐུལ་མ་བྱུང་བ་ལྟར་དམ་པ་གོང་མ་རྣམས་ཀྱིས་ཕྱག་སྲོལ་ཉམས་པ་མེད་པར་མདོར་བསྡུས་སུ་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་ཀུན་ལ་ཕན་པའི་བསམ་པས་དང་དུ་བླངས་ཏེ་བྲིས་པའོ། །

བརྒྱུད་སྐུལ།

མཆན་སྤེལ།