སྟོད་ལྷ་ཟེ་ཟེ་དང་ཇོ་མོ་ཟེ་ཟེ་གཉིས་ཐ་དད་དུ་གླེང་བ།

སྟོད་ལྷ་ཟེ་ཟེ་དང་ཇོ་མོ་ཟེ་ཟེ་གཉིས་ཐ་དད་དུ་གླེང་བ།

 

སྟོད་ལྷ་ཟེ་ཟེར་གྲགས་པའི་རི་རྒྱུད།

རྩོམ་པ་པོ། དག་སྨྱོན།

 

བོད་ཀྱི་རིག་གནས་ལོ་རྒྱུས་མཁས་ཅན་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་ལུག་ཚང་དཔལ་ཡོན་གྱི་འཕྲིན་ཕྲན་སྤྱི་སྟེགས་སུ་སྤེལ་བའི་རྩོམ་ཡིག་《ཡུལ་སྟོད་རོ་ལུང་གསུམ་གྱི་སྟོད་ལྷ་ཟེ་རྗེའམ་ཟེ་ཟེའི་སྐོར་ཟིན་བྲིས།》

ཞེས་པ་ལས་འདི་སྐད་གསུངས་པ་སྟེ། “ལ་ལས་ཇོ་མོ་ཟེ་ཟེ་གནས་ཡུལ་ལྷ་སའི་བྱང་ཤར་ཡིན་པ་ལས། སྟོད་ལུང་མ་ཡིན་པས་མི་བདེན་ནོ་སྙམ་སྲིད་མོད། སྐབས་དེར་ལྷ་སའི་ཡུལ་འདི་སྟོད་རོ་ལུང་སུམ་རྒྱལ་ཕྲན་གྱི་མངའ་ཁོངས་ཡིན་སྲིད་ལ།” ཞེས་པ་འདིར་གཏམ་གླེང་བ་འདི་ཡོད་དེ།

 

༡༽ གལ་ཏེ། ཉིད་ཀྱིས་གསུངས་པ་ལྟར། ལྷ་ས་ཁུལ་དེ་དག་སྔར་རྒྱལ་ཕྲན་སྟོད་རོ་ལུང་གསུམ་སྟེ། སྟོད་ལུང་ཁུལ་དུ་ཡིན་ཅེ་ན། ལོ་རྒྱུས་སྨྲ་བས་གཙིགས་ཆེར་འཛིན་པའི་ཏུན་ཧོང་གནའ་ཡིག་ལས། རྒྱལ་ཕྲན་སིལ་མ་བརྗོད་པའི་སྐབས་སུ། ཞང་ཞུང་གི་ཡུལ་ཐོག་མར་དྲངས་ཏེ། ཡུལ་ཁ་ལ་རྩང་སྟོད། ཡུལ་སྐྱི་རོ་ལྗང་སྔོན། དབྱེ་མོ་ཡུལ་དྲུག རྔེགས་ཡུལ་སེ་མོ་གྲུ་བཞི། མཆིམས་ཡུལ་དགུ་སུལ། ཡུལ་ལྷོ་ཁ་ལང་དྲུག ཡུལ་སྟོད་རོ་ལུང་གསུམ། མཁར་མྱང་རོ་ཤམ་པོ་སོགས་གསལ་བས། དེའི་ནང་དུ་གསལ་བའི་སྐྱི་རོ་ལྗང་སྔོན་ནི་ལྷ་སའི་ཁུལ་དུ་ཡིན་པ་ཡོངས་གྲངས་ལ། དེ་ལས་ལོགས་སུ་གྱུར་པའི་རྒྱལ་ཕྲན་སྟོད་རོ་ལུང་གསུམ་སྟེ་སྟོད་ལུང་ཁུལ་འདྲེན་ཡོད་པས། གནའ་དུས་ཚོ་པའི་རྒྱལ་ཕྲན་སྐབས་སུ་ལྷ་སའི་ཁུལ་དེ་རྒྱལ་ཕྲན་སྟོད་རོ་ལུང་གསུམ་གྱི་མངའ་ཁོངས་སུ་མིན་པ་གསལ་བཤད་ཐུབ་ཡོད།

དེ་ཡང་རྒྱལ་ཕྲན་སིལ་མ་ལས་སྐྱི་རོ་ལྗང་སྔོན་ནི་ལྷ་སའི་ཁུལ་དུ་ཡིན་པ་མཁས་དབང་དུ་མས་མགྲིན་གཅིག་ཏུ་གསུངས་ཤིང་། ལྷག་པར་མཁས་དབང་་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ནི་རྒྱལ་ཕྲན་དེའི་ལྟེ་བ་ནི། སྐྱི་རོ་ལྗང་སྔོན་གྱི་ལྗང་ཞེས་པའི་ཚིག་ལ་འཁྲིལ་ནས་ལྷ་ས་སྐྱི་ཆུའི་སྨད་རྒྱུད་ལྗང་ངམ་འཇང་གྲོང་ཚོའི་ཉེ་འཁོར་དུ་ཡིན་པར་དགོངས་ནས་གསུངས་འདུག དེ་དང་དེའི་ལྟ་བུའི་ཚིག་ཟུར་ཙམ་ལ་བརྟག་དཔྱད་བགྱི་འོས་པ་ལོས་བདེན་མོད། རིགས་བསྒྲེས་ཚུལ་དུ་བྱས་ན། སྐྱི་རོ་ལྗང་སྔོན་ཞེས་པའི་སྔ་ཚིག་སྐྱི་རོ་དང་མཐུན་ཤས་ཆེ་བ་ནི། དཔལ་ལྡན་འབྲས་སྤུངས་དགོན་གྱི་བྱང་ངོས་རི་ཟུར་དེར། སྐྱི་རི་ཞེས་ཟེར་བ་ལ། སྒྲ་ཟུར་ཉམས་ནས་སྤྱི་རི་དང་སྐྱེས་རི་ཞེས་ཟེར་བ་དེའི་ཁུལ་གྱི་རྒན་རྒོན་མང་པོའི་ངག་ནས་ཐོས་ལ། འབྲས་སྤུངས་དགོན་གྱི་རང་འདེམས་རྒྱ་ཁོག་ཟ་ཁང་གི་སྒོ་བྱང་དུའང་སྐྱེས་རི་ཞེས་པའི་ཚིག་འདི་ཉིད་དག་ཁུལ་དུ་སྤྱད་ཡོད། ས་མིང་ཡུལ་མིང་དང་། ཆུ་མིང་རི་མིང་རྙིང་པ་སྒྲ་མ་ཉམས་པར་ཡིག་ངག་གཉིས་ཐོག་ལ་རྒྱུན་སྤྱོད་དུ་གནས་ཐུབ་པ་བྱ་རྒྱུ་ནི་ལོ་རྒྱུས་དཔྱད་ཞིབ་པ་ལ་མེད་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན་པ་སྨོས་མེད་ལགས་ན། སྐྱི་རོ་ལྗང་སྔོན་ཞེས་པའི་སྐྱི་རོ་དང་། དཔལ་ལྡན་འབྲས་སྤུངས་དགོན་གྱི་ནུབ་ངོས་རི་ཟུར་དེ་སྐྱི་རི་ཞེས་པའི་སྒྲ་ཐག་ཉེ་ཞིང་དཔྱད་འོས་པ་ཡོད།

 

༢༽ ཡངམཁས་དབང་ར་སེ་ཁོང་གི་རྩོམ་དེ་ཉིད་ལས། “ཁོ་བོས་ཡིག་རྙིང་འགའ་མཇལ་བའི་སྐབས་སུ་ཟེ་ཟེ་མོ་ཞེས་པ་མཇལ་བྱུང་བས། དེ་ཉིད་སྟོད་ལྷ་ཟེ་ཟེ་དང་གཅིག་པ་ཡིན་ནམ་སྙམ་པ་ཤར།” ཞེས་གསུངས་པ་ལ། དེར་བབ་གསལ་ཙམ་ཞིག་བགྱིད་ན། སྐྱི་རོ་ལྗང་སྔོན་གྱི་ཡུལ་ལྷ་ཇོ་མོ་ཟེ་ཟེ་ཡིན་པ་དང་། དེ་ཡང་སྟོད་ལྷ་ཟེ་ཟེ་དང་གཅིག་གོ་སྙམ་པ་ནི་མི་འཐད་པ་སྟེ། མཁས་པ་གང་ཉིད་ཀྱིས་གཟིགས་མྱོང་བའི་ལྷ་རྒོད་དྲག་བདར་ལས། ཡུལ་ནི་སྐྱི་རོ་ལྗང་སྔོན་ན། །སྐྱི་ལྷ་བྱ་རྨང་གཉན་པོ་ནི། །སྐྱི་རྗེ་གཉན་གྱི་ལྷ་རུ་ཆེ། །ཞེས་སོགས་གསལ་ཞིང་། རྒྱལ་ཕྲན་སྐྱི་རོ་ལྗང་སྔོན་གྱི་ཡུལ་ལྷ་འམ་ཕ་མེས་མཚུན་གྱི་ལྷ་ནི། སྲིད་པའི་ལྷ་རྒན་འོ་དེ་གུང་རྒྱལ་དང་སྐྱི་བཟའ་སྐྱི་མོ་ཐང་གི་སྲས། སྐྱི་ལྷ་བྱ་རྨང་ཡིན་པར་གསུངས་པ་དང་། ཏུན་ཧོང་གནའ་ཡིག་ལས་ཀྱང་། ཡུལ་སྐྱི་རོ་ལྗང་སྔོན་ན། མཁར་སྐྱི་མཁར་ཟོ་ཡོང་སྔོན་འབུའི་ནང་ན། ལྷ་སྐྱིབས་ལྷ་བྱ་མངས་ངས། རྗེ་སྐྱི་རྗེ་རྨང་པོ། ཞེས་སོགས་སྐྱི་ལྷ་བྱ་རྨང་དང་སྒྲ་ཐག་ཉེ་ཞིང་དོན་མཐུན་པ་ལྟ་བུར་བྱུང་བས། སྐྱི་རོ་ལྗང་སྔོན་གྱི་ཡུལ་ལྷ་ནི་སྐྱི་ལྷ་བྱ་རྨང་ཡིན་ལ་དེ་ཡང་ཕོ་ལྷ་ཡིན།

ལྷ་སའི་དོག་སྡེའི་ཤར་ངོས་ཀྱི་ཇོ་མོ་ཟེ་ཟེ་ནི་ཡུལ་དེའི་ཁུལ་དུ་རྒྱུན་སྡོད་སྐྱ་སེར་ཆོས་དད་ཅན་བགྲེས་པ་ཕལ་མོ་ཆེས་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱི་ཡ་གྱལ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་བླ་རི་ཡིན་པར་གསུངས་ཤིང་མོ་ལྷ་ཡིན་པ་མངོན། གཞན་ཡང་དཔྱད་པའི་ཁུངས་སྣེ་ཙམ་འགོད་པ་ལ། 《རྒྱལ་བའི་བསྟན་སྐྱོང་རྡོ་རྗེ་གཡུ་སྒྲོན་མ་ཆེན་མོའི་མཆོད་གཏོར་འབུལ་ཚུལ་བདུད་རྩིའི་ཟིལ་དངར་འཛག་པའི་ཆུ་སྐྱེས་གསར་པའི་དོ་ཤལ》ཞེས་པ་ལས། གངས་ཅན་བོད་ཀྱི་དབུས་རིའི་གནས་བཞུགས་ཚེ། །བེར་ནག་གྱོན་ནས་སྒུག་བྱེད་ལྕགས་ཀྱུ་འཛིན། །རྐྱང་ལ་བཞོན་ནས་སྟོང་གསུམ་མ་ལུས་མྱུལ། །རྡོ་རྗེ་གཡུ་ཡི་དྲིལ་སྙན་གཤེགས་སུ་གསོལ། །ཞེས་དང་། གཞན་ཡང་དཔེ་རྙིང་གཞན་ལས། སྨན་མོ་བཞི་པ། གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེ་མ་ནི། ཡུལ་ཡར་ལུང་སྤང་ཕུ་དང་། བྱང་གནམ་མཚོ་ཕྱུག་མོ། བདུད་ཀྱི་ཇོ་མོ་གཡུ་རི། བོད་ཀྱི་དབུས་རིའི་གནས། དབུ་རུ་ཀ་ཚལ་ལམ་དབུ་རུ་སྙིང་ཚལ་རྣམས་སུ་བཞུགས། ཞེས་གསལ་བས་ལྷ་སའི་བྱང་ཤར་དོག་སྡེའི་ཇོ་མོ་ཟེ་ཟེ་ནི་བོད་ཀྱི་དབུས་རི་ཟེར་བ་འདི་ཡིན་ཡང་སྲིད་དེ། ཇོ་མོ་ཞེས་པའ་མོ་ལྷར་མངོན་པ་དང་ཕ་གཏམ་བུ་འཇགས་ལྟ་བུའི་ངག་རྒྱུན་ལས་རྡོ་རྗེ་གཡུ་སྒྲོན་མའི་བླ་རི་འམ་གནས་རི་ཡིན་ཟེར་བས་དཔྱད་གཞིར་རུང་ངོ་། །

ཇོ་མོ་ཟེ་ཟེ་ཞེས་ཇོ་ཕོ་དང་ཇོ་མོ་རི་མིང་ལ་འདོགས་པ་ཡང་ཡུལ་ལྷ་ཕོ་མོའི་ཁྱད་པར་ལ་བསམ་རིན་ཡོད་པ་དང་། གནའ་མི་རྒན་པོའི་འདུ་ཤེས་མཚོན་ཚུལ་ཡང་ཞར་ལ་ཤེས་དགོས་པར་སྣང་ཡང་དེ་ལ་དགོངས་པ་མི་འཁོར་བ་ནི་ཡ་མཚན་ཆེ། སྟོད་ལྷ་ཟེ་ཟེ་ནི་བོན་གྱི་དཔེ་རྙིང་ལྷ་རྒོད་དྲག་བདར་སོགས་སུ་ཕོ་ལྷ་ཡིན་པར་གསལ་བས། ཇོ་མོ་ཟེ་ཟེ་ནི་སྟོད་ལྷ་ཟེ་ཟེ་དང་ལྷ་གཅིག་གོ་སྙམ་པ་ནི་ཟེ་ཟེ་ཞེས་པའི་མིང་གཅིག་པ་ཙམ་དུ་དབུ་འཁོར་བར་ཟད་དོ། །

དེ་བས་སྟོད་ལྷ་ཟེ་ཟེ་ནི་ལྷ་སའི་དོག་སྡེ་ཤར་ངོས་ཀྱི་ཇོ་མོ་ཟེ་ཟེ་མ་ཡིན་ལ། ལྷ་སའི་ཁུལ་དེར་རྒྱལ་ཕྲན་སྟོད་རོ་ལུང་གསུམ་མ་ཡིན་པ་ཤེས་དགོས་ཤིང་། གནའ་དུས་རྒྱལ་ཕྲན་སིལ་མ་དག་ལ་ཡུལ་གྱི་རྗེ་བོ་རེ་དང་ལྷ་རེ། རུས་ཚན་གྱི་བློན་པོ་རེ་གཉིས་ཙམ་གྱི་མཚན་ནི། ཏུན་ཧོང་གནའ་ཡིག་དང་། ལྡེའུ་ཆོས་འབྱུང་། གཏམ་ཤུལ་དགའ་ཐང་གི་ཡིག་རྙིང་སོགས་ལས་གསལ་བས། ཡུལ་སྟོད་རོ་ལུང་གསུམ་གྱི་ལྷ་ནི་སྟོད་ལྷ་ཟེ་ཟེ་ཡིན་ཅིང་། དེ་ཡང་ཕོ་ལྷ་ཡིན་པ་གང་ཞིག། ཏུན་ཧོང་གནའ་ཡིག་དང་། ཁྱད་པར་ལྷ་རྒོད་དྲག་བདར་ལས་ཀྱང་། བསྭོ་ཡུལ་ནི་སྟོད་ལུང་རལ་གསུམ་ན། སྟོད་ལྷ་ཟེ་ཟེ་གཉན་པོ་བསྭོ། སྐུལ་དར་དཀར་བེར་ཆེན་གསོལ། ཆིབས་སུ་འབྲོང་བུ་དར་མ་ཅིབ། ཕྱག་ན་ལྕགས་མདའ་འོད་ཆེན་བསྣམས། སྟོད་རྗེ་གཉན་གྱི་ལྷ་རུ་འབོད། ཞེས་གསལ་བ་དང་། བོན་དཔེ་འགའ་ཞིག་ལས་རྗེ་ཡི་མགུར་ལྷ་བཅུ་གསུམ་གྲས་སུ་འདྲེན་པའང་མཇལ་རྒྱུ་ཡོད།

མཐའ་དོན་དྲིལ་ན། སྟོད་ལུང་ནི་སྟོད་ལྷ་ཟེ་ཟེའི་གནས་སའི་ཡུལ་ལ་སྟོད་ལུང་དང་། སྟོད་རོ་ལུང་གསུམ་མམ་སྟོད་རོལ་ལུང་གསུམ་ཞེས་པའི་སྟོད་རྗེ་འབྲོང་ལོམ་དང་། སྟོད་ལྷ་ཟེ་ཟེ་དང་འབྲེལ་ནས་ཐོགས་པ་ནི་ལྷ་སྒྲུང་ཙམ་མ་ཡིན་པར་གདོད་མའི་རང་རེའི་ཨ་མྱེས་དབང་དང་ལག་རྗེས་ཅན་ཞིག་དང་འབྲེལ་བ་ཡོད་ངེས་པ་ནི་གོར་མ་ཆག །ལ་ལས་ལྷ་སའི་སྟོད་དུ་ཆགས་པས་སྟོད་ལུང་ཟེར་རོ་ཞེས་ཤོད་པ་ནི་ལུང་པའི་ཕུ་མདའ་མ་ཤེས་པའི་བྱིས་པ་སྣབས་ལུད་ཅན་གྱི་གཏམ་ལས་ཀྱང་ཡ་ང་བའོ། །

འོ་ན། ཡང་སྙིང་སྟོད་ལྷ་ཟེ་ཟེ་ཞེས་པ་གང་དུ་ངོས་འཛིན་ནམ་ཞེ་ན། འདི་ནི་སྟོད་ལུང་ཞང་སྟོན་གྲོང་ཚོའི་ཕུར་ཆགས་པའི་རྒྱབ་རི་དེ་ཡིན་པར་འགོ་བ་དགེ་བཤེས་ཀྱིས་གསུངས་པ་ལྟར་དོན་ལ་གནས་ཤིང་། ཁོ་བོས་ཀྱང་ལན་རེ་གཉིས་ཙམ་རི་རྒྱུད་དེར་སོང་ལ། ཡུལ་མི་རྒན་པོའི་ངག་ལས་ཀྱང་སྟོད་ལྷ་ཟེ་རི་དང་ཐང་ལྷ་ཟེ་རི། སྐུ་ལྷ་ཟེ་ཟེ་ཟེར་བ་སོགས་སྟོད་ལྷ་ཟེ་ཟེ་དང་སྒྲ་ཐག་ཉེ་བ་བྱུང་ཞིང་། ཁྱད་པར་རི་རྒྱུད་དེར་མཐོན་པོའི་རྫ་རི་གནམ་ལ་སྙེག་པ་ལྟ་བུ། གནའ་དུས་གངས་རི་ཡིན་ངེས་པ། ཡས་སྟོད་ལུང་དང་། བར་འབྲི་ལུང་། མས་སྐྱོར་ལུང་གསུམ་སྦྲེལ་མཚམས་སུ་གནས་ཤིང་། རི་ལག་དུ་མས་སྦྲེལ་བ། རི་རྒྱུད་དེའི་འཁོར་དུ་གཉན་ཆེན་ཐང་ལྷ་དང་། སྲིད་པ་རྒྱལ་མོ། ལྷ་མོ་དྲེལ་བཞོན་མ། དམུ་རི། བྲག་བཙན་སོགས་རང་རེའི་ཨ་མྱེས་ཆོས་ལུགས་དང་འབྲེལ་ཆེ་བའི་ལྷ་མིང་མང་དུ་རྙེད་འོང་ལ། སྟོད་ལྷ་ཟེ་ཟེའི་འོག་གི་གྲོང་ཚོ་འདིར་་སྟོད་ལུང་ཁུལ་དུ་དམིགས་བསལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཞང་སྟོན་མཆོད་ཁང་ཆེན་མོ་དང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་བོན་སྡེ་དག་ལ་བཀའ་དྲིན་གཟིགས་པ་བླ་མེད་བསྩལ་ཅིང་། ལྷ་ལྡན་གཙུག་ལག་ཁང་དུ་སྲིད་པ་རྒྱལ་མོ་གསོལ་མཆོད་དུ་ཞང་སྟོན་ནས་ཕེབས་སྲོལ་བཀའ་ཕེབས་ཆོག་མཆན་གནང་བ་སོགས་ས་གནས་དེ་རང་དུ་གནའ་བོའི་བོན་གྱི་ཆོ་ག་དང་རྣམ་པ་མ་ནུབ་པའི་ཚུལ་དུ་སྣང་རྒྱུ་ཡོད།

དེ་ཡང་རང་གི་བློ་ངོར་ཡུལ་ལྷ་དང་གངས་རི་དག་ངོ་བོ་གཅིག་ཏུ་དང་། དེ་དག་ཀྱང་གདོད་མའི་བོད་ཀྱི་མེས་པོར་འདོད་པ་དང་། མེས་པོ་དེ་དག་གིས་ཀྱང་གངས་རི་ལ་བླ་གནས་པའི་དད་མོས་དང་བརྩི་འཇོག་གིས་གོམས་སྲོལ་བཟང་པོ་ད་ལྟ་ལ་ཐུག་གི་བར་གནས་ཤིང་། དད་མོས་ཀྱི་འདུ་ཤེས་མ་ཉམས་ཙམ་འཛིན་བཞིན་ཡོད་པའི་མི་བུ་སྟོད་ལུང་ཁུལ་དུ་ལྟེ་ཁྲག་ཐོར་བའི་སྨྱུག་མིང་དག་སྨྱོན་ནམ་དངོས་མིང་དཔའ་ལྡན་དབང་ཕྱུག་ཏུ་འབོད་པས་ལྷ་སར་རིམས་ནད་ཐོན་པའི་ཉིན་གསུམ་པར་ཁོམ་གླགས་སུ་བྲིས་སོ། །

བརྒྱུད་སྐུལ།

མཆན་སྤེལ།