༄༅། །རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་བཀླགས་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་བཞུགས་སོ།།
སྐྱབས་འགྲོ། ༈ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་འགྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ།
གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པས་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །
༈ གང་ཞིག་གཟིགས་ཤིང་གསུངས་པ་ཡིས། །མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །དེ་ཚེ་བློ་དང་ལྡན་པ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །དེ་ལྟ་ལགས་ན་མགོན་ཁྱོད་ལ། །བསྟོད་པའི་སྒོར་ནི་སུ་ཞིག་གིས། །བརྟེན་ནས་འབྱུང་བ་གསུང་པ་ལ། །ངོ་མཚར་གྱུར་པ་ཅི་ཞིག་རྙེད། །གང་གང་རྐྱེན་ལ་རགས་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུང་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །གང་དུ་བཟུང་བས་བྱིས་པ་རྣམས། །མཐར་འཛིན་འཆིང་བ་བརྟན་བྱེད་པ། །དེ་ཉིད་མཁས་ལ་སྤྲོས་པ་ཡིས། །དྲ་བ་མ་ལུས་གཅོད་པའི་སྒོ། །བསྟན་འདི་གཞན་དུ་མ་མཐོང་བས། །སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེངྒེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །རྟེན་ཅིང་འབྲེལ་འབྱུང་ལེགས་གསུང་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །སྨན་པའི་སླད་དུ་བཀའ་སྩལ་པ། །བསྟན་པའི་སྙིང་པོ་སྟོང་པ་ཉིད། །ངེས་པའི་རྒྱུ་མཚན་ཟླ་མེད་པ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །འགལ་བ་དང་ནི་མ་གྲུབ་པར། །མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །ཇི་ལྟར་ཁོང་དུ་ཆུད་པར་ནུས། །ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །རྟེན་འབྱུང་དོན་དུ་མཐོང་བ་ན། །རང་བཞིན་གྱིས་ནི་སྟོང་པ་དང༌། །བྱ་བྱེད་འཐད་པའང་མི་འགལ་ཞིང༌། །དེ་ལས་བཟློག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང༌། །བྱ་དང་བཅས་ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྷུང་བར་བཞེད། །དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང༌། །རང་བཞིན་གྱིས་ནི་ཡོད་པས་མིན། །བལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པར་འགལ། །དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་པ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང༌། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །སེངྒེའི་སྒྲ་ཡིས་ཡང་ཡང་དུ། །མཁས་པའི་ཚོགས་སུ་ལེགས་གསུངས་པ། །འདི་ལ་སུ་ཡིས་འགོང་བར་ནུས། །རང་བཞིན་འགའ་ཡང་མེད་པ་དང༌། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་གཞག་ཐམས་ཅད་འཐད་པ་གཉིས། །མི་འགལ་འདུ་བ་སྨོས་ཅི་དགོས། །བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །མཐར་ལྟ་བ་ལ་མི་བརྟེན་ཞེས། །ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །སྨ་བ་བླ་ན་མེད་པའི་རྒྱུ། །འདི་ཀུན་ངོ་བོས་སྟོང་པ་དང༌། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང། །འདི་ལས་རྨད་དུ་བྱུང་བ་གང༌། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་དུ་མིན། །རྨོངས་པས་བྲན་དུ་བཟུང་བ་ཡིས། །གང་ཞིག་ཁྱོད་དང་ཞེ་འགྲས་པ། །དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །བརྟེན་ནས་འབྱུང་བར་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །རང་བཞིན་མེད་ལ་བཀྲི་བའི་སྒོ། །བླ་མེད་རྟེན་ཅིང་འབྲེལ་འབྱུང་གི། །མིང་ཉིད་ཀྱིས་ནི་རང་བཞིན་དུ། །འཛིན་ན་ད་ཀོ་སྐྱེ་བོ་འདི། །འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །འཇུག་ངོགས་ཟླ་དང་བྲལ་གྱུར་པ། །ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །ཐབས་གང་གིས་ནི་བཀྲི་བར་བྱ། །རང་བཞིན་བཅོས་མིན་བལྟོས་མེད་དང༌། །རྟེན་འབྲེལ་བལྟོས་དང་བཅོས་མ་གཉིས། །ཇི་ལྟ་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། །དེ་ཕྱིར་བརྟེན་ནས་འབྱུང་བ་གང༌། །རང་བཞིན་གྱིས་ནི་གདོད་མ་ནས། །རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང༌། །འདི་ཉིད་ཀྱིས་ནི་ལེགས་པར་ཁུམས། །ཅི་སླད་ཅེ་ན་འདི་བཤད་པས། །མཐོང་དང་མ་མཐོང་དངོས་པོ་ལ། །སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །གོ་སྐབས་རིང་དུ་མཛད་ཕྱིར་རོ། །ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི ལམ་འདི་ཉིད་ཀྱིས་གསུང་གཞན་ཡང༌། །ཚད་མེད་གྱུར་པར་ངེས་པ་སྐྱེ། །དོན་བཞིན་གཟིགས་ནས་ལེགས་གསུང་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཨེ་མའོ་མཁས་པས་འདི་གཉིས་ཀྱི། །ཁྱད་པར་ཁོང་དུ་ཆུད་གྱུར་པ། །དེ་ཚེ་རྐང་གི་ཁོང་ནས་ནི། །ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །ཁྱོད་གསུང་དུ་མ་ཅི་ཞིག་སྨོས། །ཆ་ཤས་རེ་ཡི་དོན་ཙམ་ལའང༌། །འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །དེ་ལའང་མཆོག་གི་བདེ་བ་སྟེར། །ཀྱི་ཧུད་བདག་བློ་རྨོངས་པས་བཅོམ། །འདི་འདྲའི་ཡོན་ཏན་ཕུང་པོ་ལ། །རིང་ནས་སྐྱབས་སུ་སོང་གྱུར་ཀྱང༌། །ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །འོན་ཀྱང་འཆི་བདག་ཁར་ཕྱོགས་པའི། །སྲོག་གི་རྒྱུན་ནི་མ་ནུབ་པར། །ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །འདི་ཡང་སྐལ་བ་བཟང་སྙམ་བགྱིད། །སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང༌། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །གང་གི་རྣ་བའི་ལམ་སོང་བ། །དེ་དག་ཐམས་ཅད་ཞི་འགྱུར་ཕྱིར། །ཁྱོད་བསྟན་འཛིན་པར་སུ་མི་གུས། །ཕས་རྒོལ་མཐའ་དག་འཇོམས་པ་དང༌། །ལྟག་འོག་འགལ་འདུས་སྟོང་པ་དང༌། །སྐྱེ་དགུའི་དོན་གཉིས་སྟེར་བྱེད་པ། །ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །ལ་ལར་སྐུ་དང་གཞན་དུ་སྲོག །སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། །གྲངས་མེད་བསྐལ་པར་ཡང་ཡང་བཏང༌། །གང་གི་ཡོན་ཏན་མཐོང་བ་ཡིས། །ལྕགས་ཀྱུས་ཉ་ལ་ཇི་བཞིན་དུ། །ཉིད་ཀྱི་ཐུགས་དྲངས་ཆོས་དེ་ནི། །ཁྱོད་ལས་མ་ཐོས་སྐལ་བ་ཞན། །དེ་ཡི་མྱ་ངན་ཤུགས་ཀྱིས་ནི། །སྡུག་པའི་བུ་ལ་མ་ཡི་ཡིད། །རྗེས་སུ་སོང་བ་ཇི་བཞིན་དུ། །བདག་གི་ཡིད་ནི་གཏོང་མི་བྱེད། །འདི་ལའང་ཁྱོད་གསུང་བསམས་པ་ན། །མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །འོད་ཀྱི་དྲ་བས་ཡོངས་བསྐོར་བའི། །སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །འདི་ནི་འདི་ལྟར་གསུང་སྙམ་དུ། །ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །ཤར་བ་ཙམ་ཡང་ཚ་བ་ཡིས། །གདུངས་ལ་ཟླ་ཟེར་བཞིན་དུ་སྨན། །དེ་ལྟར་རྨད་དུ་བྱུང་བ་ཡི། །ལུགས་བཟང་དེ་ཡང་མི་མཁས་པའི། །སྐྱེ་བོས་བལ་བ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་པར་བྱས། །ཚུལ་འདི་མཐོང་ནས་བདག་གིས་ནི། །འབད་པ་དུ་མས་མཁས་པ་ཡི། །རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །དགོངས་པ་ཡང་དང་ཡང་དུ་བཙལ། །དེ་ཚེ་རང་གཞན་སྡེ་པ་ཡི། །གཞུང་མང་དག་ལ་སྦྱངས་པ་ན། །ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །བདག་གི་ཡིད་ནི་ཀུན་དུ་གདུངས། །ཁྱོད་ཀྱིས་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །ཇི་བཞིན་འགྲེལ་བར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚུལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་ཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །སྟོན་པ་བླ་ན་མེད་པའི་བསྟན་པ་དང༌། །འཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང༌། །བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང༌། །ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང༌། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །དེ་བཞིན་ཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱོད་ཀྱི་མཚན་མཆོག་མཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ༎
༈ ན་མོ་ཨཱརྱ་ལོ་ཀི་ཤྭ་རཱ་ཡ། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི། །འགྲོ་ལ་ཆགས་པས་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་བའི་དཀྱིལ་འཁོར་སྟེང་། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད། །མཐོང་བའི་མོད་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་བས་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག །མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོད་པ་དུ་མའི་དཀྱིལ་འཁོར་སྣང་། །སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱེད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་འཚར་འགྱུར། །རྣམ་པ་ཀུན་གྱི་རྗེས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་ཏེ། །སྐལ་ལྡན་སྐྱེ་བོས་རྟག་ཏུ་བསྟེན་པས་སྐྱོ་མེད་ས་གཞི་ཉིད་དུ་གྱུར། །འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པ་མཐར་མཛད་ཉི་མ་འབར་བ་དང་། །ཞེ་སྡང་ཡིད་བསྲེག་གདུང་བ་སེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །པུཎྜ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང་། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང་། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་སོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་བ་ངན་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་བའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ཉེར་དྲངས་ནས། །ལྷ་ཡི་དཔལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྦྱར། །དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་པོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུ་ལ་མཛེས། །ཕྱག་གཡས་མཆོག་སྦྱིན་རྩེ་མོ་ལས་བབས་བདུད་རྩི་དཀར་པོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུངས་བས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གཡོན་སྟ་ཟུར་ངོས་ལ་བརྟེན་པའི་བགྱིང་བག་ཡིད་འོང་གཙང་མའི་སྐུ། །ཚངས་དབང་ལ་སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག །འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབ་སྤ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་དེད་དཔོན་སེང་གེའི་སྒྲ་དང་གཞན་དུ་ནི། །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག །རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །དྲི་ཟའི་རྒྱུད་མང་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། །ཡིད་དུ་འཐད་ཀྱང་ཆགས་ལྡན་རྣམས་ཀྱི་ཡུལ་གྱི་འདོད་པ་མ་ལུས་འཇོམས། །ནམ་མཁའ་ཁྱབ་པའི་འབྲུག་སྒྲ་ཇི་བཞིན་ཟབ་མོར་འབྱིན་ཡང་དེ་ཡི་མོད། །འཇིགས་པས་སྐྲག་པ་དེ་དག་གི་ཡང་སྡུག་བསྔལ་མིང་གི་ལྷག་མར་མཛད། །འཁོར་བ་པ་རྣམས་རྟག་ཏུ་གཡོ་བའི་སྐྱེ་བ་ཡང་དག་གྲོལ་སླད་དུ། །རྣམ་པ་ཀུན་ལྡན་གསང་མཐོར་སྒྲོག་པའི་ཆོས་ཀྱི་འཁོར་ལོ་སྔོན་འགྲོ་བ། །དུས་གསུམ་གཏོགས་པའི་རྒྱལ་བ་ཀུན་གྱི་གསུང་དབྱངས་ངེས་པ་རབ་རྫོགས་པས། །བླ་མེད་འབྱོར་བའི་དབང་ཕྱུག་ཁྱོད་ནི་འཇིག་རྟེན་ཀུན་གྱི་བླ་མར་གྲགས། །སྐྱེ་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་བའི་དབང་གྱུར་ཏེ། །གསོད་པར་བརྩམས་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགོངས་ནས། །གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱེད་ཐུགས་སྙིང་རྗེའི་ཆར་མི་ཕོད། །ག་བུར་ཙནྡན་ཨུ་ཤིར་ལ་སོགས་ཆབ་ཀྱིས་སྦངས་པ་ལྟར་བསིལ་བའི། །ཞི་བའི་གཟིགས་སྟངས་ནམ་ཡང་མི་འཛུམ་རིགས་དྲུག་སྤྱན་རས་བཙའ་མོད་ཀྱི། །མྱོང་སྣང་སྤྲོས་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་དགོངས་པ་ནི། །བདེ་བ་མཆོག་གིས་རྟག་ཏུ་འཁྱུད་བཞིན་གཡོ་བ་མེད་ལ་ཕྱག་འཚལ་ལོ། །ཕྱོགས་ཀུན་འབར་བའི་མེ་ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། །གཤེད་མེད་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། །འབྲུ་ལྟར་འཚོད་པའི་ཚ་དམྱལ་གནས་སུ་བདུད་རྩིའི་ཆར་གྱིས་བསིལ་བ་དང་། །ཤ་རུས་འགས་བྱེད་གྲང་བས་ཉེན་རྣམས་དྲོ་བའི་རེག་པས་སྐྱོབ་ཏུ་གསོལ། །ལྟོ་བ་རི་མཚུངས་མགྲིན་པ་འགག་ཅིང་ཡན་ལག་རྩ་ཕྲན་བཞིན་དུ་ཕྲ། །ལུས་སྐམས་ཐལ་བས་རབ་གཡོགས་ལྷུ་ཚིགས་འཐབ་ལས་མེ་ཡི་ཚ་ཚ་འབབ། །ཆ་ཀླུང་དག་ཀྱང་བལྟས་པ་ཙམ་གྱིས་སྐེམ་འགྱུར་རྟག་ཏུ་ངལ་བ་དང་། །བཀྲེས་པས་གདུང་བའི་ཡི་དྭགས་རྣམས་ལ་ཟས་གོས་བདུད་རྩིའི་ཆར་པ་སྩོལ། །ཟས་ཁམ་ཙམ་གྱི་འདོད་ལ་སྲེད་པས་ཕྲ་མོའི་བདེ་བ་དེ་ཡི་སླད། །གཅེས་པའི་སྲོག་ཀྱང་ཡལ་བར་འདོར་བགྱིད་བླང་དོར་འགའ་ཡང་སྐབས་མི་བྱེད། །དབྱིབས་དང་ཁ་དོག་མི་སྡུག་ལ་བརྟེན་ཤིན་ཏུ་སྐལ་དམན་དུད་འགྲོ་རྣམས། །མྱུར་དུ་དགེ་བའི་དྲན་པ་ཐོབ་ཅིང་བདེ་བས་འཚོ་བ་སྩལ་དུ་གསོལ། །ནོར་བུ་འབར་བའི་གཞལ་མེད་ལ་བརྟེན་ཚངས་པའི་རྒྱལ་པོའི་དཔལ་དེ་ཡང་། །མི་རྟག་ཉམས་ནས་མནར་མེད་མེ་ནང་རུས་པ་རྐང་ཡང་འབར་འགྱུར་ཞིང་། །རེག་ན་བདེ་བའི་མལ་སྟན་འཇམ་དང་ཡིད་འོང་སྐྱེད་ཚལ་ངོགས་རྩེ་བའི། །ལྷ་བུ་ཉིད་ཀྱང་འགྱུར་བྱེད་འཐུང་ཞིང་ལྕགས་ཀྱི་ཚེར་རྣོན་ཐང་ལ་འདྲད། །མཐོ་བ་ཉིད་ཀྱང་མི་རིང་དུས་སུ་རྐང་པས་བསྣུན་འོས་བྲན་དུ་འགྱུར། །ལང་ཚོ་འདི་ཡང་ཡུད་ཀྱིས་ཉམས་འགྱུར་སྟོན་མཐའི་མེ་ཏོག་ཇི་ལྟ་བུ། །འབྱོར་བ་འདི་ཡང་དུས་ཀྱིས་འདོར་ངེས་བརྙན་པོའི་རྒྱན་ལ་དགའ་སྙམ་བཞིན། །བདག་གི་ཚེ་ཡང་གློག་འོད་འགྱུ་བཞིན་སྐད་ཅིག་ཙམ་ཞིག་འདིར་སྣང་སྟེ། །འཇིག་རྟེན་འདི་ཡི་ཕ་རོལ་ཞེས་བྱ་སྔར་འདྲིས་དངོས་པོ་ཐག་བསྲིང་བའི། །མུན་ཁྲོད་སྡུག་པོར་བདག་ཉིད་གཅིག་པུ་རྣམ་པར་འཁྱམས་འགྱུར་དེ་ཡི་སླད། །འཇིགས་རུང་འཁོར་བར་ཉོན་མོངས་སྒྱུ་ཡིས་སྙིང་ལ་མངོན་པར་བསླུས་གྱུར་པ། །བདག་ཅག་སྡུག་བསྔལ་རྒྱ་མཚོ་འདི་ནས་ཐུགས་རྗེའི་ཕྱག་གིས་དྲང་དུ་གསོལ། །གངས་ཅན་རི་ཡིས་བསྐོར་བའི་ཞིང་འདིར་ཐུབ་པའི་བསྟན་སྲོལ་གནད་མོད་ཀྱི། །ཆོས་བྱེད་ཕལ་ཆེར་ཚུལ་ཁྲིམས་གོས་བྲལ་གཅེར་བུར་ངོ་ཚ་སྤངས་ནས་ནི། །ཁྱིམ་པ་རྣམས་ལ་བསྙེན་ཅིང་ངོར་བལྟ་དམ་པས་སྨད་པའི་ལས་ལ་འཇུག །ཀྱེ་མ་དམ་ཆོས་ཉི་མའི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེ། །སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན། །ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང་། །སངས་རྒྱས་གྲངས་མེད་བསྙེན་པའི་ལས་དང་ཁྱོད་མཚན་འཛིན་ཙམ་འབྲས་མཚུངས་ཞེས། །དྲང་སྲོང་བདེན་པའི་ཚིག་གིས་བསྟན་བཞིན་བདག་ཅག་རེ་བས་གསོལ་འདེབས་ན། །མགོན་པོ་གཞན་དུ་གཡེལ་བའི་ཐུགས་སྤངས་ཉམ་ཐག་སེམས་ཅན་སྐྱོབ་ཏུ་གསོལ། །སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་པོ་གུས་པས་ཉེ་བར་བསྟེན་པ་དང་། །ལས་དང་འབྲས་བུའི་གནས་ལ་དད་པས་རྟག་ཏུ་ཆོས་ཀྱི་ལམ་དུ་འཇུག །སྣ་ཚོགས་ཁམས་དང་སྐལ་པར་འཚམས་པའི་ཞི་ཁྲོའི་ཆོ་འཕྲུལ་དཔག་མེད་ཀྱིས། །སྲིད་པ་ཉམ་ངའི་གནས་འདིར་ལྷུང་བའི་གཉེན་རྣམས་བདེ་ལ་སྦྱོར་དུ་གསོལ། །རབ་གུས་བདག་ཀྱང་དེ་ཉིད་འབྱེད་པའི་བློ་གྲོས་དྲི་མ་མེད་པ་དང་། །སྲིད་ལ་སྐྱོ་དང་སྙིང་རྗེས་གཞན་དོན་སྐྱེ་བ་དུ་མར་སྤྱོད་ལ་བརྩོན། །བདུད་སྡེ་མཐའ་དག་ཕམ་པར་བྱེད་པའི་མཐུ་ཆེན་ཕ་རོལ་ཕྱིན་ཐོབ་སྟེ། །རྣཾ་དག་དགའ་ལྡན་ཆོས་ཀྱི་ཚུལ་དང་འགྲོ་བ་དུས་རིང་སྐྱོང་གྱུར་ཅིག །བློ་གྲོས་དམན་ཡང་ཁོ་བོའི་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་བའི་མཐུས། །བསྟོད་ཅིང་སྨྲེ་བའི་འཕྲེང་བ་རབ་མཛེས་དབུ་བ་དཀར་པོ་རྒོད་པ་འདི། །ཀློག་གམ་ཐོས་བསམ་དྲན་པ་དེ་ཡང་སྡིག་པའི་དྲི་མ་རྣམས་དག་ཅིང་། །གྲུ་འཛིན་ཞིང་དུ་རྒྱལ་བ་མཆོག་རབ་སྤྱན་རས་གཟིགས་ཀྱིས་རྗེས་གཟུང་ཤོག །༎
༈ འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱང་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་དྲང་དུ་གསོལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས། །ཚེ་རབས་ཀུན་དུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ལ་བཞག་ཏུ་གསོལ། །༎
༈ རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མགོན། མཚོ་སྐྱེས་རྡོ་རྗེ་ཐུགས་རྗེའི་འོད་ཟེར་གྱིས། གངས་ཅན་སྐྱེ་དགུའི་བསོད་ནམས་པདྨའི་ཚལ། རབ་རྒྱས་ཕན་བདེའི་སྦྲང་རྩིར་སྤྱོད་གྱུར་ཅིག ། ཟབ་གཏེར་བསྟན་པ་རྒྱས་མཛད་རྒོད་ལྡེམ་ཅན། བདུད་སྡེའི་གཡུལ་ལས་རྒྱལ་བའི་མངའ་རིས་པ། པདྨའི་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། རིག་འཛིན་བརྒྱུད་པའི་ཚོགས་ཀུན་སྤྱི་བོར་བསྟེན། ཁྱད་པར་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ། བཤེས་གཉེན་གར་གྱིས་རོལ་བ་རྡོ་རྗེ་འཛིན། བཀའ་འདྲིན་མཉམ་མེད་པདྨ་བཛྲ་ཞབས། འབྲལ་མེད་སྙིང་གི་ཟེའུ་འབྲུར་རྟག་ཏུ་རོལ། རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་གདུང། ཚུལ་བཞིན་སྒྲུབ་པའི་རིམ་པ་ལྷ་བྲག་གཏེར། མཐོང་བ་དོན་དང་ལྡན་པའི་ལས་བྱེད་འདི། སྐལ་བཟང་སྔགས་འཆང་ཚོགས་ཀྱི་དོན་དུ་བྲི། དེ་ལ་འདིར་རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ཁྲིགས་ཆགས་སུ་བཀོད་པ་ནི།
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།
ནང་གཏོར་མ་ལ་བརྟེན་ཏེ་བླ་མ་མཆོད་པའི་འཕྲིན་ལས་བྱ་བ་ནི། གནས་དབེན་པར་མཎྜལ་པདྨ་བཅུ་དྲུག་དང་ལྡན་པ་སྒོ་རྒྱན་རྫོགས་པར་བྲི། གཏོར་སྣོད་ཡངས་ཤིང་གཙང་བའི་ནང་དུ་གཏོར་མ་རིན་པོ་ཆེ་འབར་བ་བཅའ། དཀར་གསུམ་གྱིས་བརྒྱན། མངར་གསུམ་གྱི་བཅུད། ཛ་གད་དཔའ་བོ། རཀྟ། བླ་རེ། འཕན་འདུགས། རོལ་མོ་རྣམས་བསག་གོ། ཡེ་ཤེས་པ་སྤྱན་དྲང་བ་ནི། ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། །
བླ་མ་བསོད་རྒྱས་ཀྱི་མཛད་པའི་ཐུགས་དམ་གནད་བསྐུལ།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སངས་རྒྱས་གཞན་ལས་ཐུགས་རྗེའི་འཕྲིན་ལས་མྱུར། །བོད་ཁམས་སྐྱོང་བ་ཞལ་གྱིས་བཞེས་པ་བཞིན། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིཌ། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ། །ཡུལ་ལྷ་ཡུལ་ཕུད་འབྱུང་པོས་ཤུལ་བཟུང་ན། །གཞི་བདག་གནས་སུ་འཁོད་ཅིག་པདྨ་འབྱུང་། །ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང། །ཆོས་སྐྱོང་རྣམས་ཀྱི་དམ་བཅའ་བཏང་གྱུར་ན། །དམ་ཚིག་ཕྱག་རྒྱས་ཆིངས་ཤིག་པདྨ་འབྱུང། །དམ་མེད་ཤི་འདྲེས་བར་ཆད་རྩོམ་གྱུར་ན། །འདྲེ་རྒོད་དམ་ལ་ཐོག་ཅིག་པདྨ་འབྱུང། །སྐྱེ་འགྲོའི་ཤེས་རྒྱུད་འགེགས་ཀྱིས་བརླམས་གྱུར་ན། །ཁ་ཁྲོལ་བགེགས་ཚོགས་བསྐྲོད་ཅིག་པདྨ་འབྱུང། །སྨོན་ལོག་དམ་སྲིས་བསྟན་ལ་བར་གཅོད་ན། །དྲག་རྩལ་ཤུགས་ཀྱིས་སྒྲོལ་ཅིག་པདྨ་འབྱུང། །རྒྱ་འདྲེ་འགོངས་པོས་བོད་ཁམས་ཕུང་གྱུར་ན། །མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང། །མཐའ་བཞིའི་དམག་གི་མཚོན་ཁ་ལྡང་བ་ན། །མཐའ་དམག་དུས་འཁྲུག་བཟློག་ཅིག་པདྨ་འབྱུང། །ལྷ་སྲིན་མ་མོའི་དལ་ཡམས་འཐིབས་པ་ན། །ཐུགས་རྗེ་སྨན་གྱིས་སོས་ཤིག་པདྨ་འབྱུང། །འབྲོག་པ་ཕྱུགས་ཉེས་ཡུལ་པ་ལོ་ཉེས་ན། །འབྲུ་ནོར་ལོངས་སྤྱོད་སྤེལ་ཅིག་པདྨ་འབྱུང། །ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་ན། །བཅུད་གཡང་བྱིན་ཆེནཕོབ་ཅིག་པདྨ་འབྱུང། །བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་རྣམས། །དར་ཞིང་རྒྱས་པར་མཛོད་ཅིག་པདྨ་འབྱུང། །ཆོས་མེད་བདག་སོགས་འཁོར་བར་འཁྱམས་པ་ན། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང། །ལྟ་སྒོམ་སྤྱོད་པ་གོལ་སར་འཕྱུགས་གྱུར་ན། །དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང། །འདི་དང་ཕྱི་མ་བར་དོ་ཐམས་ཅད་ལ། །འབྲལ་མེད་ཐུགས་རྗེས་གཟིགས་ཤིག་པདྨ་འབྱུང། །མདོར་ན་སྡུག་བསྔལ་ཉེས་ཚོགས་ཅི་བྱུང་ཡང་། །རྟག་ཏུ་ཐུགས་རྗེས་སྐྱོངས་ཤིག་པདྨ་འབྱུང་། །། །
གོང་ས་ཆེན་པོས་མཛད་པའི་ཐུགས་དམ་གནད་བསྐུལ་གདུང་དབྱངས་གསོལ་འདེབས་བཞུགས་སོ།།
མཐའ་བྲལ་དོན་དམ་འོད་གསལ་གཉུག་མའི་གཤིས། །ལྷུན་གྲུབ་མཚན་དཔེའི་གཟི་འབར་ལོངས་སྤྱོད་རྫོགས། །འགྲོ་ཁམས་ཇི་བཞིན་སྣ་ཚོགས་སྤྲུལ་པའི་སྐུ། །ཐུབ་དབང་ཐུགས་རྗེ་རྒྱ་མཚོས་དུས་ཀུན་སྐྱོངས། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །པུར་རྒྱལ་བོད་ཀྱི་འགྲོ་བའི་དཔལ་ཤར་བ། །གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །དེང་འདིར་གདུང་བས་བསྐུལ་ལོ་ཐུགས་རྗེས་ཟུངས། །སྤངས་རྟོགས་མཐར་ཕྱིན་སྐུ་ལྔའི་བདག་ཉིད་ཀུན། །མཉམ་ཉིད་ཉེ་རིང་གཟིཌ་པ་མི་མངའ་ཡང་། །གདུལ་བྱའི་ཁམས་སོགས་རྟེན་འབྲེལ་མཐུ་བཙན་པས། །ཁྱོད་ནི་གངས་ལྗོངས་འགྲོ་བའི་མགོན་དཔུང་ཉིད། །ལྷག་པར་ཁྲི་སྲོང་སྡེ་བཙན་ཡབ་སྲས་ཀྱིས། །བོད་ཁམས་ཐུགས་རྗེས་འཛིན་པར་བསྐུལ་བའི་ཚེ། །འགྱུར་མེད་ཞལ་བཞེས་མཛད་པ་དོན་གནས་ན། །དུས་འདིར་ཁྱོད་ཀྱིས་ཐུགས་རྗེས་སྐྱོང་བར་གསོལ། །ཕོངས་ཤིང་དོན་མེད་བཀོལ་སྤྱོད་གདུང་བས་མནར། །སྙད་སྡང་སྲོག་ལ་འཇིགས་པའི་དངངས་སྐྲག་གི། །གཤེན་རྗེའི་གྲོང་ཁྱེར་ལྟ་བུར་གྱུར་བ་ཡི། །ཆོས་ལྡན་གངས་ཅན་པ་རྣམས་ཅི་ཡིས་ནོངས། །འོན་ཏེ་སྔོན་བསགས་དཀར་མིན་ལས་ཀྱི་འབྲས། །བརྣག་དཀའི་དུཿཁ་བཅུ་ཕྲག་ཟུང་ལྷག་ལོར། །མྱངས་བའི་ཉམ་ཐག་ངང་ཚུལ་འདི་བས་ན། །ལྷག་པར་དགོངས་ཤིག་བརྩེ་ཆེན་ཐུགས་རྗེའི་གཏེར། །ཨེ་མ་དཀར་མིན་ལས་ཀྱི་མཐུ་བཙན་མོད། །དད་དང་འདུན་སྟོབས་ལྷག་བསམ་བྱིན་མཐུ་ཡང་། །སྟོབས་དང་ལྡན་ཕྱིར་དགེ་འབྲས་འདོད་རྒུའི་ཚོགས། །མྱུར་དུ་སྨིན་པའི་རྟེན་འབྲལ་མཐུ་འགྲུབ་མཛོད། །བླ་མ་མཆོག་གསུམ་བོད་སྐྱོང་དམ་ཅན་དང་། །གངས་ཅན་སྐྱེ་རྒུའི་དད་དམ་བྱིན་མཐུའི་སྟོབས། །སྣང་སྟོང་རྒྱུ་འབྲས་མི་བསླུའི་བདེན་སྟོབས་ཀྱིས། །སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་པར་ཤོག །
དང་པོ་སྐྱབས་འགྲོ་སེམས་བསྐྱེས་ནི། བདག་དང་ཁམས་གསུམ་སེམས་ཅན་ཀུན། །ལོག་པའི་ལམ་ལས་བཟློག་ནས་ཀྱང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཉོན་མོངས་དབང་གྱུར་སྡུག་བསྔལ་ལས། །ཐར་པར་བྱ་ཕྱིར་སེམས་བསྐྱེད་དོ། །ལན་གསུམ།
བདག་གི་སྤྱི་བོ་ནམ་མཁའི་ཁམས། །ཉི་ཟླ་པདྨའི་གདན་སྟེང་དུ། །བླ་མ་བཀྲག་དང་གཟི་མདངས་ལྡན། །མཛེས་པའི་ན་བཟའ་སྐུ་ལ་གསོལ། །ཞལ་འཛུམ་མདངས་དང་ལྡན་པར་བསམ། །ཤར་ཕྱོགས་མདུན་གྱི་ནམ་མཁའ་ལ། །ཤཱཀྱ་སེང་གེ་ལ་སོགས་པའི། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀུན། །ཁ་དོག་ལྔར་གསལ་རྣམ་དག་བསམ། །ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུང་། །གླེགས་བམ་ཡི་གེའི་རྣམ་པ་ལ། །དམ་ཆོས་མ་ལུས་འདུས་པར་བསམ། །ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགས། །རིགས་གསུམ་མགོན་པོ་བྱམས་པ་དང་། །འགྲོ་དོན་མཛད་པ་ཐམས་ཅད་བསམ། །བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡི། །ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམས། །བཀའ་ཉན་ལས་བྱེད་ཕོ་ཉར་བསམ། །འོག་ཏུ་རིགས་དྲུག་སེམས་ཅན་རྣམས། །སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནས། །ལས་ལ་འགྱོད་པའི་སེམས་བསྐྱེད་བསམ། །རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །
ཀྱེ་མ། ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུན། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངས། །དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ། །བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགས། །ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནས། །བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི། །གང་ལ་གང་འདུལ་འགྲོ་དྲུག་དོན་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་གསུང་ལས་སྤྲུལ་པའི་ཡེ་གེར་བྱོན། །ཉོན་མོངས་འཇོམས་མཛད་ཆོས་ལ་སྐྱབས་སུ་མཆི། །ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛད། །བྱང་ཆུབ་སེམས་པའི་ཚོགས་ལ་སྐྱབས་སུ་མཆི། །གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པ། །ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆི། །བདག་གི་དུས་གསུམ་བསགས་པའི་དགེ་བ་ཡིས། །འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོག །རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ། །ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག །བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུ། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག །ལན་གསུམ།
ཕྱིའི་མཎྜལ་ནི། ན་མོ། དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ། །རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན། །གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་རྣམས། །གཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་བལྟམས། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར། །ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གང་། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ། །ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར། །ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག །
ནང་གི་མཎྜལ་ནི། ན་མོ། འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུ། །བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡི། །ཡུལ་མཁར་ལོངས་སྤྱོད་འདོད་པའི་ར་བར་བཅས། །བྱམས་པའི་ཕ་མ་འཛའ་བའི་གྲོགས་དང་ནི། །བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོར། །ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡན། །བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅས། །འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡི། །བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན། །གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལ། །བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས། །དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ། །། །
གསང་བའི་མཎྜལ་ནི། ཧཱུཾ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུ། །སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ། །དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱས། །རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱན། །ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡན། །མིག་གཉིས་དྭངས་པའི་འོད་ཀྱིས་མུན་པ་བསལ། །བདག་ལུས་ལོངས་སྤྱོད་རྒྱལ་པོའི་སྒྱུ་ལུས་འདི། །ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལ། །བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནས། །རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །
རང་གི་སྒྱུ་ལུས་བེམ་པོ་འདི། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །ཨཱཿལས་རྡོ་རྗེ་སེམས་དཔའ་ཉིད། །དུང་མདོག་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད། །དེ་ཡི་ཐུགས་ཀར་ཡི་གེ་ཨ། །ཨ་ལས་འོད་འཕྲོས་མདངས་དང་ལྡན། །ཨ་ལས་བདུད་རྩིའི་ཆུ་རྒྱུན་བབས། །བདག་གི་སྤྱི་གཙུག་རྐང་མཐིལ་བར། །ཕྱི་ནང་ལུས་བཀྲུས་དག་པར་བསམ། །
༑ ཨོཾ་བཛྲ་སཏྭ་ས་མ་ཡ། །མ་ནུ་པཱ་ལ་ཡ། །བཛྲ་སཏྭ། ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷཱ་ཝ། སུ་པོཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ༌ཤྲཱི་ཡཾ་ཀུ་རུ། ཧཱུཾ། ཧ་ཧ་ཧ་ཧ། ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷཱ་ཝ། མ་ཧཱ་ས་མ་ཡ་ས་ཏྭ། ཨཱཿ ། །
རང་གི་ཡུལ་མཁར་ཁང་ཁྱིམ་དང་། །ས་རྡོ་རི་བྲག་འཇིག་རྟེན་ཁམས། །བརྩིགས་དང་གནས་དང་འཇིག་པ་དང་། །དུས་ཀྱི་འཕོ་འགྱུར་ལེགས་པར་བསམ། །བར་དུ་རང་གི་དགྲ་དང་གཉེན། །སྲོག་ཆགས་ཀུན་དང་རང་གི་ལུས། །སྐྱེ་དང་གསོན་དང་འཆི་བ་བསམ། །ཐ་མ་འཁོར་བ་རིགས་དྲུག་གི ། །སྡུག་བསྔལ་རིམ་པ་བརྟག་ཅིང་བསམ། །ཐུན་དུ་བཅད་ལ་མི་རྟག་བསྒོམ། །མི་རྟག་མཐོང་ནས་ཆོས་ལ་འཇུག །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱང་། །བདག་ནི་འཁོར་བའི་གནས་སུ་འཁྱམས། །ད་ལྟ་ངེས་པའི་དོན་སྟོན་པའི། །བླ་མ་དི་ནི་སངས་རྒྱས་ཀྱི། །སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེ། །དཔེར་ན་ཡིད་བཞིན་ནོར་བུ་དེ། །འབྱུང་བ་ལྔ་ཡི་བཅུད་ཡིན་ཏེ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་ལ། །རྩོལ་བ་མེད་པར་གྲོགས་སུ་འབྱུང་། །རྒྱལ་པོ་དགུང་དུ་གཤེགས་པའི་ཚེ། །ས་རྡོ་གཞན་གྱིས་མི་ཐུབ་པར། །འབྱུང་བ་ལྔ་ལ་ཟང་ཐལ་དུ། །གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནང་། །རིན་ཆེན་གསེར་གྱི་ས་གཞི་ལ། །ནོར་བུ་རིན་ཆེན་ཆགས་པར་འགྱུར། །དེ་བཞིན་མན་ངག་ཟབ་མོའི་ཆོས། །ངེས་དོན་སྟོན་པའི་བླ་མ་དེ། །སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིན། །བདག་ལ་སངས་རྒྱས་ཀུན་ལས་ལྷག །ལས་ཅན་གང་ཟག་ཡོད་པའི་སར། །རྩོལ་བ་མེད་པར་འབྱུང་བར་འགྱུར། །དད་མེད་ལོག་ལྟ་སྡིག་སྤྱོད་གནས། །དེར་ནི་བཞུགས་པར་མི་འགྱུར་ཏེ། །དག་པའི་ཞིང་དུ་གཤེགས་པར་འགྱུར། །གསང་སྔགས་ངེས་པའི་དོན་འདོད་ན། །བླ་མའི་རྣལ་འབྱོར་བསྒོམ་པར་བྱ། །། །
བླ་མའི་རྣལ་འབྱོར་ནི། རང་ལུས་འཛིན་མེད་སྤྱི་བོ་ཡི། །པདྨ་ཉི་ཟླའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པའི་རིག་འཛིན་ནི། །པདྨ་འབྱུང་གནས་རྒྱལ་བའི་སྐུ། །སྐུ་མདོག་དཀར་དམར་སྐྱིལ་ཀྲུང་བཞུགས། །གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ། །སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཆོས་གོས་དམར། །རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །དབུ་ལ་པདྨའི་གཉེན་ཞུ་གསོལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །བཀྲག་དང་གཟི་མདངས་ལྡན་པ་ལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དཔའ་བོ་དམ་ཅན་དང་། །ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཚོགས། །མ་ལུས་འཁོར་གྱི་བསྐོར་བ་བསམ། །། །
ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །ཕདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །། །
མཆོད་པ་འབུལ་བ་ནི། ཧཱུཾ། མེ་ཏོག་བདུག་སྤོས་མར་མེ་དང་། །ལྷ་བཤོས་དྲི་ཆབ་མཆོད་པར་བཤམས། །བླ་བྲེ་རྒྱལ་མཚན་ན་བཟའ་དང་། །བ་དན་གདུགས་དང་རོལ་མོའི་ཚོགས། །རིན་པོ་ཆེ་དང་མེ་ཏོག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །ཆོས་དང་མདངས་ཆེན་བྱང་ཆུབ་སེམས། །མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ། །རྩ་བ་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །ཆོས་བདག་དཔའ་བོ་མཁའ་འགྲོའི་ཚོགས། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱ་ཧཱུཾ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤར། །རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངང་། །ཆོས་སྐུ་ཀུན་དུ་བཟང་པོས་བྱིན་གྱིས་རློབས། །ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་འོད། །སྐུ་ལྔ་གསལ་འཚེར་བཀྲག་དང་གཟི་མདངས་ལྡན། །ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་པོ། །ལོངས་སྐུ་རྒྱལ་བ་རིགས་ལྔས་བྱིན་གྱི་རློབས། །ཐུགས་རྗེ་རྒྱུན་ཆད་མེད་པས་ཐབས་ཀྱིས་བཞེངས། །ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་གྱུར་པ། །སྲིད་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །གསང་བདག་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས། །རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང་། །དམིགས་གཏད་མེད་པར་ལྟ་བ་མཁའ་ལྟར་དག །སྐྱེ་འགག་མེད་པས་འཛིན་པ་རང་སར་གྲོལ། །དགའ་རབ་རྡོ་རྗེ་ལྟ་བས་བྱིན་གྱིས་རློབས། །བློ་བྲལ་ཡངས་པས་ཏིང་འཛིན་འཕེལ་འགྲིབ་མེད། །ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བ། །དམིགས་མེད་རང་རིག་ངོ་བོ་ཡེ་རེ་གནས། །ཤྲཱི་སིང་ཧ་སྒོམ་པས་བྱིན་གྱིས་རློབས། །འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལ། །ཐོགས་ཐུག་མེད་པས་ཅི་ལ་ཡ་མི་ང་། །བླང་དོར་མེད་པས་རོལ་པ་ཆེན་པོའི་ངང་། །རྒྱལ་པོ་ཛ་ཡི་སྤྱོད་པས་བྱིན་གྱིས་རློབས། །ཟག་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ། །ཡེ་ཤེས་ལོངས་སྐུ་མཚན་དཔེས་རབ་བརྒྱན་ཅིང་། །འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགས། །ཨིནྡྲ་བྷཱུ་ཏི་འབྲས་བུས་བྱིན་གྱིས་རློབས། །མཉམ་ཉིད་དགོངས་པ་རྣམ་པར་དག་པ་ལ། །ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངང་། །ཡེ་ཤེས་རང་གསལ་འགག་པ་མེད་པར་གསལ། །པདྨ་འབྱུང་གནས་ཐུགས་རྗེས་བྱིན་གྱིས་རློབས། །འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེ། །མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངས། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང་། །མཁས་པ་བི་མ་མི་ཏྲས་བྱིན་གྱིས་རློབས། །ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲས། །ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ། །སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་ཧཱུཾ་ཆེན་ཀ་རས་བྱིན་གྱིས་རློབས། །སྐུ་ཡི་རིག་འཛིན་རྣམ་སྣང་མཛད་ཀྱི་སྲས། །རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ། །དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་རློབས། །གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲས། །ཀ་ལ་པིང་ཀ་ལྟ་བུར་སྒྲ་དབྱངས་སྙན། །ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་ནཱ་གརྫུ་ནས་བྱིན་གྱིས་རློབས། །འཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲས། །འཇའ་ཚོན་ལྟ་བུ་འཕྲིན་ལས་མ་འདྲེས་གསལ། །ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛད། །སློབ་དཔོན་པྲ་ཝ་ཧ་ཏིས་བྱིན་གྱིས་རློབས། །དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲས། །ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དག །ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལ། །དྷ་ན་སང་ཀྲྀ་ཏ་ཡིས་བྱིན་གྱིས་རློབས། །འཆི་མེད་གྲུབ་པ་ཚེ་དཔག་མེད་ཀྱི་སྲས། །ས་དང་ལམ་ལ་སྦྱངས་ནས་འབྲས་བུ་ཐོབ། །རང་བཞིན་ལྷུན་གྱིས་གྲུབ་པའི་དགོངས་པ་བརྙེས། །ཚེ་དབང་རིག་འཛིན་ཆེན་པོས་བྱིན་གྱིས་རློབས། །ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲས། །རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་འཁོལ། །ཀུན་ལ་དབང་སྒྱུར་འཁོར་འདས་སལ་ལེར་གཟིགས། །རོམ་བུ་གྷུ་ཡ་ཙནྡྲས་བྱིན་གྱིས་རློབས། །དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲས། །མཐུ་རྩལ་ཆེན་པོ་གནམ་ལྕགས་ཐོག་ལྟར་འབེབས། །ཞིང་བཅུ་ཚར་གཅོད་སྒྲོལ་ལམ་ཐབས་ལ་མཁས། །སློབ་དཔོན་ཤནྟིང་གརྦྷས་བྱིན་གྱིས་རློབས། །པདྨ་འབྱུང་གནས་ཐུགས་རྗེས་བྱིན་བརླབས་པའི། །རྡོ་རྗེ་ཕག་མོ་ཡུམ་གྱི་སྲས་མཆོག་སྟེ། །རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་པ་པོ། །སྤྲུལ་སྐུ་རིག་འཛིན་ཆེན་པོས་བྱིན་གྱིས་རློབས། །རྒྱལ་བས་ལུང་བསྟན་མཚན་དང་དཔེ་བྱད་ལྡན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །ལས་ཅན་རྣམས་ལ་ཡེ་ཤེས་མངོན་སུམ་སྟོན། །རིག་འཛིན་རྣམ་རྒྱལ་མགོན་པོས་བྱིན་གྱིས་རློབས། །གུ་རུས་ལུང་བསྟན་སྦས་པའི་ཚུལ་དུ་བྱོན། །གསང་སྔགས་ཐབས་མཁས་མངོན་སུམ་ཡེ་ཤེས་སྟོན། །ལས་ཅན་མ་ལུས་ཐར་པའི་ལམ་ལ་འདྲེན། །འདྲེན་མཆོག་སངས་རྒྱས་དབོན་ཆེན་གྱིས་བྱིན་གྱིས་རློབས། །རྒྱལ་བའི་གདུང་འཛིན་སྙིགས་དུས་འགྲོ་བའི་དཔལ། །ལས་ཅན་རྣམས་ལ་གསང་སྔགས་སྙིང་པོའི་དོན། །ཅིག་ཅར་སྟོན་མཛད་དྲིན་ཅན་སྤྲུལ་པའི་སྐུ། །མཚན་ལྡན་བྱམས་པ་བཤེས་གཉེན་གྱིས་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་འཕྲིན་ལས་གཅིག་བསྡུས་ནས། །འགྲོ་བའི་དོན་མཛད་མངོན་སུམ་དོན་སྟོན་ཅིང་། །ཁམས་གསུམ་སེམས་ཅན་ཐར་པའི་ལམ་ལ་འདྲེན། །དྲིན་ཅན་སངས་རྒྱས་དཔལ་བཟང་གིས་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་ཨོ་རྒྱན་པདྨ་ཡི། །ཞལ་གཟིགས་མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །འཕྲིན་ལས་དྲག་པོ་གདུལ་བྱ་སྨིན་གྲོལ་མཛད། །སྔགས་འཆང་ཆོས་རྒྱལ་བསོད་ནམས་ཀྱི་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་རྒྱལ་སྲས་པདྨ་ཡི། །བསྟན་ལ་རབ་ཞུགས་ཉམས་དང་རྟོགས་པའི་བདག །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །རིག་འཛིན་སངས་རྒྱས་བསྟན་པས་བྱིན་གྱིས་རློབས། །ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག །བཀའ་བབས་ལུང་བཞིན་སྦས་ཡུལ་གནས་སྒོ་ཕྱེ། །ཆོས་བློན་པདྨ་གུང་བཙན་སྤྲུལ་པའི་སྐུ། །སྔགས་འཆང་ཤཱཀྱ་བཟང་པོས་བྱིན་གྱིས་རློབས། །ལུང་ཐོབ་བཀའ་བབས་བླ་མའི་གསུང་བཞིན་དུ། །འགྲོ་མང་དོན་དུ་གནས་ཕྱིན་དཀའ་སྤྱད་འཛད། །རྒྱལ་དབང་པདྨའི་གདུང་གསོབ་མངའ་རིས་རྗེ། །རིག་འཛིན་ལེགས་ལྡན་རྡོ་རྗེས་བྱིན་གྱིས་རློབས། །སྒོ་གསུམ་གུས་པས་བླ་མ་འབྲལ་མེད་བསྟེན། །ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག །བཀའ་བབས་ལུང་བསྟན་བླ་མའི་ཐུགས་སྲས་མཆོག །ཆོས་རྒྱལ་མངྒའི་མཚན་གྱིས་བྱིན་གྱིས་རློབས། །ལྷང་ལྷང་བྲག་གི་ཟབ་མོའི་གཏེར་ཁ་ལས། །དྲག་སྔགས་གྲུབ་པའི་དབང་པོར་ལུང་བསྟན་ཅིང་། །རིག་འཛིན་གོང་མའི་གདུང་གསོབ་ངག་གི་དབང་། །ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱིས་བྱིན་གྱིས་རློབས། །དཔལ་གྱི་མཆིམས་ཕུར་ངོ་མཚར་རྫུ་འཕྲུལ་གྱིས། །གྲུབ་པའི་རྟགས་བསྟན་ཛྙཱ་ན་ཀུ་མཱར། །བསམ་བཞིན་སྲིད་འདིར་སྤྲུལ་པའི་ཟློས་གར་མཁན། །པདྨ་དབང་གི་གྲོང་ཁྱེར་གྱིས་བྱིན་གྱིས་རློབས། །བདུད་འཇོམས་རྡོ་རྗེ་ཆོས་རྒྱལ་དབང་པོའི་སྡེས། །རྨི་ལམ་ཚུལ་དུ་ཟབ་གཏེར་གདམས་པའི་བཀའ། །ལེགས་གཏད་ཟ་ཧོར་སྔགས་སྨྱོན་དྲག་པོ་རྩལ། །རིག་འཛིན་གང་ཤར་རང་གྲོལ་གྱིས་བྱིན་གྱིས་རློབས། །སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམས། །ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ནས། །ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
ཕྱིའི་མཚམས་མཐོ་རྒྱལ་ཆེན་བཞི་རུ་བསྐྱེད་ལ་བཞག
དང་པོ་ཧཱུཾ། ཞེས་བརྗོད་པས་སྟོང་ཉིད་ཀྱི་ངང་ལ་ཐུན་གཅིག་བཞག ། དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། ཞེས་པས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ལ་འདི་སྐད་དོ།། ཧཱུཾ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །དཀར་སེར་དམར་ལྗང་ཧཱུཾ་ཆེན་བཞི། །འཕྲོ་འདུས་འོད་དུ་ཞུ་བ་ལས། །ཡེ་ཤེས་རྒྱལ་པོ་བཞི་རུ་གྱུར། །ཨོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱཧཱ། །
ཧཱུཾ། རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང། །སྐུ་མདོག་དཀར་པོ་པི་ཝང་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱི། །གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས། །
ཧཱུཾ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོ་བེེ་ཌཱུརྱ། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །སྐུ་མདོག་སེར་པོ་རལ་གྲི་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱི། །གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས། །
ཧཱུཾ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་དཔལ། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོ། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱི། །གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས། །
ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་གུ་རྒྱལ་མཚན་འཛིན། །བཙུན་མོ་སྲས་དང་བློན་པོར་བཅས། །འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོར། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱི། །གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངས། །
ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །དོན་གྱི་སངས་རྒྱས་ཡིན་མོས་ཀྱང་། །གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། །བར་ཆད་འདུལ་བར་མཛད་དུ་གསོལ། །ཨོཾ་དྷྲི་ཌྷ་ར་ཥྟྲ་ཡེ་སྭཱཧཱ། །བེ་རུ་ཏ་ཀ་ཡེ་སྭཱཧཱ། །བེ་རུ་བྷཀྵ་ཡེ་སྭཱཧཱ། །བེ་ཤྲ་མ་ཎ་ཡེ་སྭཱཧཱ། །། །
ནང་གི་མཚམས་བཅད་པ་ནི། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན། །སངས་རྒྱས་སྤྲུལ་པའི་སྐུ་ཡིས་གང་། །རིག་འཛིན་བླ་མའི་རྣལ་འབྱོར་པས། །སྡོན་ཚེ་དགྲ་བགེགས་བཏུལ་བ་བཞིན། །ཕོ་ཉ་མང་པོ་བཀྲམ་ནས་ཀྱང་། །སྟེང་འོག་ཕྱོགས་མཚམས་མཚོན་ཆས་གང་། །བདུད་དང་དམ་སྲི་བསྒྲལ་བར་བྱ། །གསང་བའི་དཀྱིལ་འཁོར་གཉན་པོ་འདིར། །བར་ཆད་བྱེད་པའི་འབྱུང་པོ་རྣམས། །མ་འདུག་རང་རང་གནས་སུ་དེངས། །ཅི་སྟེ་བཀའ་ལས་འདས་གྱུར་ན། །ཐལ་བ་བཞིན་དུ་རླག་པར་བྱེད། །ཨོཾ་བཛྲ་མཧཱ་ཀྲོ་དྷ་པདྨ་ཀྲོ་དྷ་ཤཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་རཾ་ཧཱུཾ་ཕཊ། །། །
བཤགས་པ་བྱ་བ་ནི། ཧཱུཾ། གྲུབ་པའི་རིག་འཛིན་ཐམས་ཅད་དགོངས་སུ་གསོལ། །མ་རིག་འཁྲུལ་པའི་ལས་ཀྱི་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་། །སྒྲུབ་པ་ཡུན་ཐུང་ཡི་དམ་ལྷ་མི་གསལ། །ལེ་ལོ་གཉིད་རྨུགས་གཡེང་བའི་ལས་ཀྱིས་མནར། །རིག་འཛིན་གདུང་གསོབ་རྣམས་ཀྱི་བརྒྱུད་མ་ཟིན། །བཀའ་ལས་འདས་པའི་སྤྱོད་པ་ཅི་བྱས་རྣམས། །བླ་མ་སྐུ་གསུམ་བརྒྱུད་པའི་སྤྱན་སྔ་རུ། །ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགས། །། །
བྱིན་དབབ་པ་ནི། ཧཱུཾ། ཡེ་ཤེས་གཞལ་ཡས་བསྐྱེད་པ་རྒྱ་ཆེ་ཡངས། །སེང་གེ་གླང་ཆེན་ཁྲི་བཤམས་དཔངས་རེ་མཐོ། །ཉི་ཟླ་པདྨའི་གདན་བཤམས་བརྗིད་རེ་ཆེ། །ཡེ་ཤེས་ལྷ་མཆོག་སྒྲུབ་པ་འདུ་འབྲལ་མེད། །མ་མོ་མཁའ་འགྲོ་མཆོད་པར་དམ་ལ་འདུ། །རྡོ་རྗེ་སློབ་དཔོན་བཀུར་བས་བྱིན་རླབས་ཆེ། །ཆོས་སྐྱོང་དམ་ཅན་བསྟེན་པས་མཐུ་རྩལ་ཆེ། །མ་གཡེལ་མ་གཡེལ་རིག་འཛིན་གྲུབ་པ་རྣམས། །དཀྱིལ་འཁོར་གྲུབ་པའི་རྫས་ལ་བྱིན་གྱིས་རློབས། །རྣལ་འབྱོར་བདག་ལ་དབང་དང་དངོས་གྲུབ་སྩོལ། །ས་མ་ཡ་སིདྡྷི་ཧཱུཾ་ཧཱུཾ། །། །
དེ་ནས་མཆོད་པ་བྱིན་གྱིས་རླབས་པ་ནི། རཾ་ཡཾ་ཁཾ་བྷྲུཾ་བི་ཤ་བི་བུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲུཾ། ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ། མུཾ་ལཾ་མཾ་སྱཾ་ཏཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོ། ཨོཾ་ཨཱཿཧཱུཾ་མཧཱ་སརྦ་པཉྩ་ཨམྲྀ་ཏ་ཧཱུཾ་ཧྲཱིཿཐ། ཨོཾ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ཏེ་གྷུ་ཡ་ས་མ་ཡེ་སྭཱཧཱ། རཀྟ་ས་མནྟ་མན་དྷྲཧཱུཾ།
ཧཱུཾ། འབྲུ་བཅུད་སྟོང་ལས་སྦྱར་པའི་ཛ་གད་དང་། །དམ་རྫས་སྨན་དུ་བྱུང་བའི་གཏོར་མ་དང་། །ཉོན་མོངས་རྒྱུད་དྲུག་བསྒྲལ་བའི་རཀྟ་དང་། །ཐབས་དང་ཤེས་རབ་སྦྱར་བའི་ཟླ་གམ་དང་། །རྩ་བརྒྱད་སྟོེང་ལས་སྦྱར་བའི་བདུད་རྩི་དང་། །མ་རིག་མུན་པ་གསལ་བའི་སྒྲོན་མེ་དང་། །རིན་འཛིན་གྲུབ་པ་རྣམས་ཀྱི་ཚེ་མཆོག་དང་། །ཞལ་ཟས་སྣ་ཚོགས་སྦྱར་བའི་མཆོད་པ་རྣམས། །བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང་། །དམ་ཚིག་བསྐང་བའི་རྫས་སུ་བྱིན་གྱིས་བརླབས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་ཨ་ཧི་སུ་ཀ་ས་མ་ཡ་ཨ་ཧོ། །། །
དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུཾ། གཟུང་འཛིན་སྤྲོས་དང་བྲལ་བ་ལས། །ཞེན་མེད་ཤེས་པ་རང་སོར་གནས། །མ་བཅོས་རང་དངས་དེ་བཞིན་ཉིད། །རང་ལུགས་བསྟན་ན་ཆོས་ཀྱི་སྐུ། །ཨོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། །
ཧཱུཾ། དེ་ལྟར་གནས་པའི་གསལ་གདངས་ནི། །རང་བཞིན་འོད་གསལ་ཡེ་ཤེས་ལྔ། །སོ་སོར་མ་འདྲེས་སལ་ལེ་མཐོང་། །རང་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །ཨ་དྷརྨདྷཱ་ཏུ་ཙཀྵུ་མཎྜལ་ཨ། །
ཧཱུཾ། མ་རིག་འཁྲུལ་སྣང་འཁོར་བའི་རྒྱུ། །གཟུང་འཛིན་བལྟས་པས་སྙིང་རེ་རྗེ། །འགྲོ་བ་རིགས་དྲུག་དྲང་བའི་ཕྱིར། །ཐུགས་རྗེས་སྤྲུལ་པའི་སྐུ་རུ་བཞེངས། །ཧཱུཾ་བོདྷི་ཙིཏྟ་བཛྲཧཱུཾ། །
ཧཱུཾ། འཇིག་རྟེན་ཡུལ་སྣང་འབྱུང་བ་ལྔ། །སྟེང་འོག་རིམ་པར་ཆགས་པ་ནི། །ཨེ་ལས་ནམ་མཁའ་བཐའ་དབུས་མེད། །ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས། །རཾ་ལས་བསྐལ་པའི་མེ་ཆེན་འབར། །བཾ་ལས་ཆུ་ཡི་རྒྱ་མཚོ་འཁྱིལ། །སུཾ་ལས་ས་མཁྲེགས་ས་གཞི་ཆགས། །ལཾ་ལས་རིན་ཆེན་རི་རབ་བརྗིད། །ཨེ་ཡཾ་རཾ་བཾ་སུཾ་ལཾ། །
ཧཱུཾ། འོག་གི་འབྱུང་བ་ལྔ་ཡི་སྟེང་། །བྷྲུཾ་ལས་ཡེ་ཤེས་གཞལ་ཡས་ཁང་། །རྣམ་དག་འོད་ལྔའི་ཕོ་བྲང་མཛེས། །ལྷུན་གྲུབ་རིན་པོ་ཆེ་ཡི་དཀྱིལ། །བྷྲུཾ་བྷི་ཤ་བི་ཤུདྡྷེ་རཏྣ་ཛྙ་ན་པདྨ་མཎྜལ་བྷྲུཾ། །
ཧཱུཾ། དབུས་ན་པདྨ་འདབ་མ་བཞི། །ཕྱི་རིམ་པདྨ་འདབ་བརྒྱད་བསྐོར། །གྲུ་བཞི་སྒོ་བཞི་རྩིག་པ་ལྔ། །འདོད་ཡོན་ཕ་གུ་དྲ་བ་དང་། །དྲ་ཕྱེད་མདའ་ཡབ་རྟ་བབས་དང་། །ཆོས་ཀྱི་འཁོར་ལོ་གདུགས་དང་ཏོག །རྡོ་རྗེ་ར་བ་མེ་རིས་བསྐོར། །རིན་ཆེན་ཕོ་བྲང་གསལ་བར་བསྒོམ། །རཏྣ་མཎྜལབྷྲུཾ། །། །
ལྷ་བསྐྱེད་པ་ནི། ཧཱུཾ། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། །པདྨ་ཉི་ཟླའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པའི་རིག་འཛིན་ནི། །པདྨ་འབྱུང་གནས་རྒྱལ་བའི་སྐུ། །སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛད། །གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ། །སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཆོས་གོས་དམར། །རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །དབུ་ལ་པདྨའི་གཉེན་ཞུ་གསོལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བཀྲག་མདངས་གཟི་མདངས་ལྡན་པར་བསྐྱེད། །རིག་འཛིན་པདྨ་འབྱུང་གནས་ཀྱི། །སྤྱི་གཙུག་པདྨ་འདབ་བཞི་ཡི། །དབུས་སུ་འོད་ལྔའི་ཐིག་ལེ་ལ། །འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཅན། །དབུས་སུ་ཉི་ཟླའི་གདན་སྟེང་དུ། །མགོན་པོ་འོད་མི་འགྱུར་བའི་སྐུ། །མཐིང་ཁ་མཚན་དང་དཔེ་བྱད་ལྡན། །སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས། །ཀུན་བཟང་ཡུམ་དང་གཉིས་སུ་མེད། །གཡས་སུ་སངས་རྒྱས་རྡོ་རྗེ་འཆང་། །མཐིང་ཁ་རྡོ་རྗེ་དྲིལ་བུ་བསྣམས། །བདག་མེད་མ་དང་གཉིས་སུ་མེད། །རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས། །གཡོན་ན་རྣམ་པར་སྣང་མཛད་མཐིང་། །འཁོར་ལོ་རྩིབས་བརྒྱད་དྲིལ་བུ་བསྣམས། །དབྱིངས་ཕྱུག་ཡུམ་དང་གཉིས་སུ་མེད། །ཤར་གྱི་ཐིག་ལེ་དཀར་པོའི་སྟེང་། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམས། །སངས་རྒྱས་སྤྱན་དང་གཉིས་སུ་མེད། །ལྷོ་ཕྱོགས་ཐིག་ལེ་སེར་པོའི་སྟེང། །རིན་ཆེན་འབྱུང་ལྡན་སྐུ་མདོག་སེར། །རིན་ཆེན་འབར་བ་དྲིལ་བུ་བསྣམས། །མཱ་མ་ཀི་དང་གཉིས་སུ་མེད། །ནུབ་ཕྱོགས་ཐིག་ལེ་དམར་པོའི་སྟེང་། །སྣང་བ་མཐའ་ཡས་སྐུ་མདོག་དམར། །པདྨ་འདབ་བརྒྱད་དྲིལ་བུ་བསྣམས། །གོེས་དཀར་ཡུམ་དང་གཉིས་སུ་མེད། །བྱང་ཕྱོགས་ཐིག་ལེ་ལྗང་གུའི་སྟེང་། །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་། །རྡོ་རྗེ་རྒྱ་གྲམ་དྲིལ་བུ་བསྣམས། །སྒྲོལ་མ་ཡུམ་དང་གཉིས་སུ་མེད། །ཐམས་ཅད་རིན་ཆེན་རྒྱན་དང་ལྡན། །སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགས། །དེ་ཡི་ཕྱོགས་བཞིར་པདྨའི་སྟེང་། །ཉི་ཟླ་པདྨའི་གདན་སྟེང་དུ། །ཤར་དུ་དགའ་རབ་རྡོ་རྗེ་དཀར། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས། །སྤྲུལ་སྐུའི་ན་བཟའ་ཆོས་གོེས་གསོལ། །རྒྱལ་བ་རིགས་ལྔས་དབུ་ལ་བརྒྱན། །ཞབས་གཉིས་སྐྱིལ་ཀྲུང་མཛད་དེ་བཞུགས། །ལྷོ་རུ་འཕགས་པ་འཇམ་དཔལ་ནི། །དམར་སེར་རལ་གྲི་ཨུཏྤལ་བསྣམས། །ནུབ་ཏུ་འཕགས་པ་སྤྱན་རས་གཟིགས། །དཀར་པོ་པདྤའི་ཕྲེང་བ་བསྣམས། །བྱང་དུ་ཕྱག་ན་རྡོ་རྗེ་ལྗང་། །རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམས། །ཐམས་ཅད་རིན་ཆེན་རྒྱན་དང་ལྡན། །མོས་ཤིང་དད་པས་བསྒོམ་པར་བྱ། །གཙོ་བོའི་ཤར་ཕྱོགས་པདྨའི་སྟེང་། །ཉི་མ་ཟླ་བའི་གདན་སྟེང་དུ། །སྤྲུལ་སྐུ་སྐལ་ལྡན་རྒྱལ་པོ་ཛ། །ཟབ་ཆེན་ལྗང་དམར་སྐུ་ལ་གསོལ། །ཕྱག་གཉིས་ཐུགས་དཀར་གླེགས་བམ་འཛིན། །དབུ་ལ་དར་དང་རིན་ཆེན་བརྒྱན། །སྐུ་མདོག་དཀར་པོ་སྐྱིལ་ཀྲུང་མཛད། །བརྗིད་ལྡན་རྒྱལ་པོའི་སྐུ་རུ་བསྐྱེད། །ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང་། །རྒྱལ་སྲས་ཨིནྡྲ་བྷཱུ་ཏི་ནི། །དཀར་པོ་ཟབ་བེར་སྦྲགས་མ་གསོལ། །དབུ་ལ་དར་ལྔའི་ཐོད་དང་ལྡན། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེད། །ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང་། །རིག་འཛིན་ཤྲཱི་སིང་ཧ་ནི། །ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་ཅན། །དབུ་ལ་གཉེན་ཞུ་མཛེས་པས་བརྒྱན། །སྐུ་ལ་དབང་གི་ཆོས་གོས་གསོལ། །ཐུགས་རྗེ་ཅན་གྱི་སྐུ་རུ་བསྐྱེད། །བྱང་ཕྱོགས་པདྨ་ཉི་ཟླའི་སྟེང་། །མཁས་པ་བི་མ་མི་ཏྲ་ནི། །ཕྱག་གཉིས་མཉམ་གཞག་བུམ་པ་འཛིན། །སྐུ་ལ་གཉེན་ཞུ་ཆོས་གོས་གསོལ། །ཨཱ་ཙརྻ་ཡི་ཆ་བྱད་ཅན། །ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེད། །དེ་ཡི་ཕྱི་རིམ་འདབ་བརྒྱད་ལ། །པདྨ་ཉི་ཟླའི་གདན་སྟེང་དུ། །སྤྲུལ་པའི་རིག་འཛིན་ཆེན་པོ་བརྒྱད། །ཐམས་ཅད་སྐུ་མདོག་དཀར་པོ་ལ། །སྤྲུལ་སྐུའི་ཆ་བྱེད་ཆོས་གོས་གསོལ། །དབུ་ལ་མཛེས་པའི་གཉེན་ཞུ་གསོལ། །ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེད། །ཤར་དུ་རིག་འཛིན་ཧཱུཾ་ཀ་ར། །རྡོ་རྗེ་སེམས་དཔའ་གསང་གོས་ནི། །དུང་མདོག་ཕྱག་རྒྱའི་ཕུ་དུང་ཅན། །ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣམས། །ལྷོ་རུ་འཇམ་དཔལ་བཤེས་གཉེན་ནི། །གཤིན་རྗེ་གཤེད་པོ་གསང་བའི་གོས། །མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅན། །བེ་ཅོན་ཕྱར་ནས་སྡིགས་མཛུབ་མཛད། །ནུབ་ཏུ་ནཱ་ག་རྫུ་ན་ནི། །པདྨ་དབང་གི་གསང་བའི་གོས། །དམར་སྨུག་ཕྱག་རྒྱའི་ཕུ་དུང་ཅན། །གསེག་ཤང་བདུད་རྩིའི་ལྷུང་བཟེད་བསྣམས། །བྱང་དུ་པྲ་བ་ཧ་ཏི་ནི། །འཕྲིན་ལས་ཕུར་པའི་གསང་གོས་ནས། །ལྗང་ནག་ཕྱག་རྒྱའི་ཕུ་དུང་ཅན། །རྡོ་རྗེ་རྒྱ་གྲམ་པོ་ཏི་བསྣམས། །ཤར་ལྷོར་དྷ་ན་སཾ་ཀྲྀ་ཏ། །དབྱིངས་དང་རིག་པའི་གསང་གོས་ནས། །སྨུག་ནག་ཕྱག་རྒྱའི་ཕུ་དུང་ཅན། །ཐོད་པའི་རྔ་ཆུང་བདུད་རྩི་བསྣམས། །ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོས། །ཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །དབུ་སྐྲའི་ཐོར་ཚུགས་དར་གྱིས་བརྒྱན། །སྐུ་ལ་རུས་པའི་རྒྱན་དྲུག་གསོལ། །རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་མཛད། །ཡུམ་ཆེན་རྣལ་འབྱོར་སྐུ་ལ་འཁྲིལ། །ནུབ་བྱང་གྷུ་ཡ་ཙནྡྲ་ནི། །འཇིག་རྟེན་དབང་སྡུད་གསང་བའི་གོས། །མཐིང་དམར་ཕྱག་རྒྱའི་ཕུ་དུང་ཅན། །ཕྱག་ན་ལྩགས་ཀྱུ་ཞགས་པ་བསྣམས། །བྱང་ཤར་ཤནྟི་གརྦྷ་ནི། །དྲག་པོ་སྒྲོལ་བའི་གསང་གོས་ནི། །མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅན། །ཕྱག་ན་ཐོག་དང་གྲི་གུག་བསྣམས། །ཕྱི་རིམ་པདྨའི་གོང་རས་ལ། །ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །ཚེ་ལ་དབང་བའི་རིག་འཛིན་དང་། །རྣམ་པར་སྨིན་པའི་རིག་འཛིན་སོགས། །རིག་འཛིན་ཐམས་ཅད་བསྐྱེད་ཅིང་བསྒོམ། །དཀྱིལ་འཁོར་དེ་ཡི་བར་ཁྱམས་ལ། །དམ་ཚིག་དབང་གི་སློབ་དཔོན་དང་། །མན་ངག་ལུང་གི་སློབ་དཔོན་དང་། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་དང་། །ཉམས་ཆགས་སྐོང་བའི་སློབ་དཔོན་དང་། །མཁའ་འགྲོ་རིགས་ལྔ་དཔའ་བོ་ལྔ། །རིགས་བཞི་གིང་བཞི་བསྐྱེད་པར་བྱ། །དཀྱིལ་འཁོར་དེ་ཡི་སྒོ་བཞི་རུ། །ཏ་ཀྲིད་བཞི་དང་སྒོ་མ་བཞི། །ཕྱི་རུ་རྒྱལ་ཆེན་སྡེ་བཞི་བསྐྱེད། །། །
དེ་ནས་དབང་བསྐུར་བྱིན་རླབས་བྱ། ཧཱུཾ། ཀུན་ཏུ་བཟང་པོའི་ཐུགས་ཀ་ནས། །འོད་ལྔའི་གཟེར་ལས་ཡིག་འབྲུ་རྣམས། །ཆར་བཞིན་བབས་པས་དབང་བསྐུར་རོ། །ཆོས་སྐུའི་ས་བོན་ཡི་གེ་གསུམ། །ཨོཾ་ཨཱཿཧཱུཾ། །སྐུ་གསུང་ཐུགས་ཀྱིས་དབང་བསྐུར་རོ། །ལོངས་སྤྱོད་རྫོགས་སྐུའི་ཡི་གེ་ལྔ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱ། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །སྤྲུལ་སྐུའི་ཡི་གེ་ལྔ་བཅུ་ཡིས། །སྣ་ཚོགས་དོན་བྱེད་དབང་བསྐུར་རོ། །ཀ་ཁ་ག་གྷ་ང། །ཙ་ཚ་ཛ་ཛྷ་ཉ། །ཊ་ཥ་ཌ་ཌྷ་ཎ། །ཏ་ཐ་ད་དྷ་ན། །པ་ཕ་བ་བྷ་མ། །ཡ་ར་ལ་ཝ། །ཤ་ཥ་ས་ཧ་ཀྵ། །ཨ་ཨཱ། །ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེེ། ཨོ་ཨོོ། ཨཾ་ཨ། ཨ་བྷི་ཥིཉྩ་ཨ། །། །
དེ་ནས་སྤྱན་དྲང་བ་ནི། སྙན་པའི་དབྱངས་དང་རོལ་མོ་ཐོགས་ལ། ཧཱུཾ། སྔོན་གྱི་བསྐལ་པ་དང་པོ་ལ། །ཀུན་གཞི་མ་བཅོས་ཡེ་སངས་རྒྱས། །ཡེ་ཤེས་ལྔ་ཡི་འོད་དང་ལྡན། །ཐོག་མའི་སངས་རྒྱས་འོད་མི་འགྱུར། །རིགས་བདག་ཆེན་པོ་རྡོ་རྗེ་འཆང་། །རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་། །ལྷུན་གྱི་གྲུབ་པའི་རིག་འཛིན་རྣམས། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་དགའ་ལྡན་བརྩེགས། །ཐུགས་རྗེའི་དབང་གིས་སྐུ་བཞེངས་པའི། །འཕགས་པ་འཇམ་དཔལ་སྤྱན་རས་གཟིགས། །གསང་བའི་བདག་པོ་རྡོ་རྗེ་འཛིན། །རིག་འཛིན་ཆེན་པོ་རྡོ་རྗེ་ཆོས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མི་ཡི་རིག་འཛིན་འཁོར་དང་བཅས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །ཤཱཀྱ་ཐུབ་པའི་རྒྱལ་ཚབ་མཆོག །གསང་བའི་བདག་པོས་བྱིན་བརླབས་པའི། །མཚན་མ་བདུན་ཐོབ་ལུང་བསྟན་མཐོང་། །གླེགས་བམ་པོ་ཏིའི་ཆར་པ་བབས། །དེ་ཕྱིར་སྐལ་ལྡན་རྒྱལ་པོ་ཛ། །བསྟན་པ་མཐའ་རྒྱས་མངོན་སངས་རྒྱས། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། སྤྲུལ་སྐུ་རྒྱལ་པོ་དེ་ཡིས་སྲས། །འཇིག་རྟེན་ཁམས་ལ་མངའ་མཛད་པའི། །མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས། །རྒྱལ་བུ་ཨིནྡྲ་བྷཱུ་ཏི་ཞེས། །བསྟན་པའི་མངའ་བདག་འགྲོ་བའི་མགོན། །རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །བྷུ་ཏའི་ཕོ་བྲང་དགུ་རིམ་དུ། །ཆོས་རྣམས་ཀུན་གྱི་སྙིང་པོའི་དོན། །མ་ལུས་ཐུགས་སུ་ཆུད་པ་ཡི། །རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ། །ཤྲཱི་སིང་ཧ་ཞེས་སུ་གྲགས། །སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ། །གཤེགས་ནི་ཆོས་ཀྱི་དབྱིངས་སུ་གཤེཌ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ། །སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། །དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་སྲས། །ཡབ་དང་ཡུམ་མེད་བརྡ་ཡིས་བྱོན། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀང་། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། །འཆི་མེད་ཚེ་ཡི་རིག་འཛིན་མཆོག །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །རྡོ་རྗེ་གདན་གྱི་ཕོ་བྲང་དུ། །ཕྱི་ནང་ཐེག་པ་མ་ལུས་པའི། །ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད། །མཁས་པ་ཆེན་པོར་ཡོངས་སུ་གྱུར། །བི་མ་མི་ཏྲ་ཞེས་སུ་གྲགས། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ། །སངས་རྒྱས་སྟོང་གི་འཕྲིན་ལས་མཛད། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །བསིལ་བ་(རུ་ཏྲའི་སྙིང་བབས། རང་བྱུང་མཆོད་རྟེན་བདེ་བྱེད། མ་མོའི་ཀི་ལ་གནས) ཚལ་གྱི་དུར་ཁྲོད་དུ། སློབ་དཔོན་ཆེན་པོ་ཧཱུཾ་ཀ་རས། ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབ། བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ།
ཧཱུཾ། ཡུལ་གྱི་མིང་ནི་སེང་གའི་ཡུལ། སྐུ་ལ་རྫོགས་པའི་(རུ་ཏྲའི་བགོ་བོ་བབས། རྒྱ་མཚོའི་གླིང་ལ་ཡོད། མཆོད་རྟེན་རི་པོ་ཏ་ལ་བྱོན། མ་མོ་ཙི་འུ་རི་གནས། ) དུར་ཁྲོད་དུ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །གཤིན་རྗེ་གཤེད་པོའི་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །ལྷུན་གྲུབ་བརྩེགས་པའི་(རུ་ཏྲའི་ལག་གཡས་བབས། མཆོད་རྟེན་བྱ་རི་ཁ་ཤོར། མ་མོ་སུ་ཀ་སེ་གནས། ) དུར་ཁྲོད་དུ། །སློབ་དཔོན་ནཱ་གཱ་རྫུ་ན་ཡིས། །པདྨ་དབང་གིས་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། །ལང་ཀ་བརྩེགས་ཀྱི་(རུ་ཏྲའི་ནང་ཀྲོལ་བབས། མཆོད་རྟེན་བདེ་བྱེད་གཞོན་ནུ་བྱོན། མ་མོ་སྨ་ཤ་ནི་གནས། ) དུར་ཁྲོད་དུ། །སློབ་དཔོན་པྲ་བ་ཧ་ཏི་ཡིས། །འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ས་ལའི་ཡུལ། །གསང་ཆེན་རོལ་པའི་(རུ་ཏྲའི་ལ་པ་གཡོན་པ་བབས། སྲིན་པོ་གྱང་ཀྱི་ཡུལ་ཡིན། མཆོད་རྟེན་གྷོ་མས་དང་། མ་མོ་བེ་ཏནལི་གནས་སོ། ) དུར་ཁྲོད་དུ། །སློབ་དཔོན་དྷ་ན་སཾ་ཀྲྀ་ཏས། །སྲིད་པ་མ་མོའི་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ། །པདྨ་བརྩེགས་པའི་(ར་ཏྲའི་མཚན་མ་བབས། མཆོད་རྟེན་དྷརྨ་ཙ་ཀྲ། མ་མོ་ཀ་སྨ་རི་གནས་སོ། ) དུར་ཁྲོད་དུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །ཧེ་ཆེན་བརྡལ་བའི་(འདིར་རུ་ཏྲའི་རྐང་པ་གཡས་བབས། མཆོད་རྟེན་ཀ་ནི་ཀ། མ་མོ་པྲ་མོ་གནས་སོ ) དུར་ཁྲོད་དུ། །སློབ་དཔོན་གྷུ་ཡ་ཙནྡྲ་ཡིས། །དྲེགས་པ་ཚར་གཅོད་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་བསབས་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཡུལ་གྱི་མིང་ནི་ལི་ཡི་ཡུལ། །ལང་ཀ་བརྩེགས་པའི་(འདིར་རུ་ཏྲའི་རྐང་པ་གཡོན་བབས། མཆོད་རྟེན་གེའུ་དེ་ཤན་དང༌། མ་མོ་ཙན་དྷ་ལི་གནས་སོ། ) དུར་ཁྲོད་དུ། །སློབ་དཔོན་ཤནྟིང་གརྦྷ་ཡིས། །བདུད་དཔུང་འདུལ་བའི་དངོས་གྲུབ་ཐོབ། །བདག་ཀྱང་ཁྱེད་ཀྱི་གདུང་བསབས་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧཱུཾ། ཀ་དག་ལྷུན་གྲུབ་དགོངས་པ་ཡིས། །མཛད་པ་མཐར་ཕྱིན་དངོས་གྲུབ་ཐོབ། །ཚེ་ལ་དབང་བའི་རིག་འཛིན་རྣམས། །བདག་ཀྱང་ཁྱེད་ཀྱི་གདུང་བསབས་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྒྱལ་བའི་བཀའ་བཞིན་སྒྲུབ་པ་ཡི། །ས་དང་ལམ་ལ་རབ་གནས་པའི། །རྣམ་པར་སྨིན་པའི་རིག་འཛིན་རྣམས། །སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨཱོྂ་ཨེ་ཧྱ་ཧི་བྷ་ག་ཝན་མཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾབཾ་ཧོཿ ས་མ་ཡ་ཧཱུཾཧྲཱིཾཧྲཱིཾ་ཛཿཛཿ ། །། །
དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུཾ། རང་བཞིན་འོད་གསལ་ཆེན་པོའི་ཕོ་བྲང་འདིར། །རྣམ་དག་པདྨ་འོད་ཀྱི་གདན་སྟེང་དུ། །རིག་འཛིན་རྣམ་བཞིའི་བླ་མ་བརྒྱུད་པ་རྣམས། །བདག་ལ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་བཛྲཿ ། །། །
དེ་ནས་ཕྱག་མཆོད་ནི། ཧཱུཾ། རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །གཞི་ནས་རང་བྱུང་རིག་པའི་དོན་རྟོགས་པའི། །རང་བཞིན་རྣམ་དག་བླ་མ་ཆོས་ཀྱི་སྐུ། །ཀུན་བཟང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཐུགས་ལས་འགྲོ་དོན་མཛད་པའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྤྲུལ་པ་འཇིག་རྟེན་འདུལ་བའི་དོན་དུ་བསྟན། །མཆོག་གི་སྤྲུལ་པ་ལྔ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་གིས་འཇིག་རྟེན་འདིར་བྱོན་ནས། །གདུལ་བྱའི་སྟོབས་ཀྱིས་འཕྲིན་ལས་སོ་སོར་མཛད། །རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པའི། །རྣལ་འབྱོར་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །གྲུབ་པའི་གནས་ཆེན་བཞུགས་གནས་སོ་སོ་ནས། །རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པས། །འབྲས་བུ་གྲུབ་པའི་ས་ལ་རབ་གནས་པའི། །རིག་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛཿཧོཿ ན་མ་ཡ་ཏིཿ ། །། །
དེ་ནས་མཆོད་པ་འབུལ་བ་ནི། ཧཱུཾ། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། །སངས་རྒྱས་ཀུན་གྱི་ཐོག་མ་ཡིན། །དེ་ལ་མཆོད་པ་འབུལ་བ་ནི། །རིག་པ་རང་བྱུང་དངས་པ་ལ། །ཡེ་ཤེས་ལྔ་ཡི་བཀྲག་མདངས་འཚེར། །འཛིན་མེད་མཆོད་པ་ཆེན་པོར་འབུལ། །ཀུན་བཟང་མཆོད་སྤྲིན་སྣ་ཚོགས་ཀྱིས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །བཞུགས་པའི་སངས་རྒྱས་མཉེས་གྱུར་ཅིག །ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཥེ་བྷྱཿ སརྦ་ཏད་ཁཾ། ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ།
ཧཱུཾ། རང་བཞིན་དག་པའི་ཞིང་ཁམས་ན། །བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས། །འགྲོ་དོན་མཛད་པ་ཐམས་ཅད་ལ། །ཟུང་འཇུག་བདེ་ཆེན་མཆོད་པ་འབུལ། །མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོ། །། །
དེ་ནས་གཏོར་མ་འབུལ་བ་ནི། ཧཱུཾ། གདོད་ནས་དག་པའི་དམ་ཚིག་རྫས། །ཡེ་ཤེས་ལྔ་ཡི་བདུད་རྩི་དང་། །འབྲུ་བཅུད་ཛ་གད་དཔའ་བོ་དང་། །བ་ལིཾ་ཏ་ཡི་གཏོར་མ་དང་། །དམར་དྭངས་སྐྱེད་བྱེད་རཀྟ་དང་། །དངོས་གྲུབ་ཞལ་ཟས་སྣ་ཚོགས་ཀྱིས། །བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཡི་ཐུགས་དམ་བསྐང་། །མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དཔའ་བོ་རྣལ་འབྱོར་ཐམས་ཅད་ཀྱི། །ཐུགས་དམ་གཏོར་མས་བསྐངས་གྱུར་ཅིག །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་སརྦ་པཱུ་ཛ་ཁཱ་ཧི། །། །
དེ་ནས་བདུད་རྩིའི་དངོས་གྲུབ་བླང་བ་ནི། ཧཱུཾ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྐྱེན་དང་བར་གཅོད་ཕྱི་ལ་ཟློག །མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། །ས་མ་ཡ་སིདྡྷི་ཧཱུཾ་ཧཱུཾ།
ཧཱུཾ། སྐུ་གསུང་ཐུགས་རྫོགས་པདྨ་འབྱུང་གནས་ནི། །རྒྱལ་བའི་གདུང་གསོབ་འཁོར་བའི་གཡུལ་པོ་ཟློག །ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་མཛད་པའི། །སྤྲུལ་སྐུ་འགྲོ་བ་འདྲེན་ལ་ཕྱག་འཚལ་ལོ། །རྒོད་ཀྱི་རྩེ་ལྡེམ་དབུ་ལ་བཙུགས་པ་ནི། །སྒྲུབ་པ་མཐར་ཕྱིན་ཡེ་ཤེས་རྒྱས་པའི་རྟགས། །དཔལ་ཆེན་ཤ་བའི་དབྱིབས་ཞུ་གསོལ་བ་ནི། །ཐེག་ཆེན་ལྟ་བའི་དོན་དང་ལྡན་པའི་རྟགས། །དབུ་སྐྲ་ཐོད་ཙུགས་རྒྱན་དུ་བཅིངས་པ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྟགས། །སྤྱན་གསུམ་དྲག་པོས་འགྲོ་ལ་གཟིགས་པ་ནི། །ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་རྟགས། །འཛུམ་པའི་ཞལ་རས་མདངས་དང་ལྡན་པ་ནི། །བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་པའི་རྟགས། །ཟ་འོག་བེར་ཆེན་སྐུ་ལ་གསོལ་བ་ནི། །སྒྲུབ་པ་བཀའ་བརྒྱད་སྐུ་ལ་རྫོགས་པའི་རྟགས། །ལེ་བརྒན་དམར་པོའི་ཆོས་གོས་གསོལ་བ་ནི། །ཚུལ་ཁྲིམས་རྣམ་དག་སྡོམ་དང་ལྡན་པའི་རྟགས། །བརྗིད་པའི་བེར་ཆེན་སྐུ་ལ་གསོལ་བ་ནི། །སྲིད་གསུམ་འགྲོ་བ་ཟིལ་གྱིས་གནོན་པའི་རྟགས། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ནི། །ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་པའི་རྟགས། །ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས་པ་ནི། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས། །ཁ་ཊྭཾ་རྩེ་གསུམ་སྐུ་ལ་བརྟེན་པ་ནི། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས། །མི་འགྱུར་ཞབས་གཉིས་སྐྱིལ་ཀྲུང་མཛད་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། །འཁོར་བའི་ཉོན་མོངས་རྣམ་པར་དག་པའི་རྟགས། །དྲག་པོ་ཧཱུཾ་རིང་ཧཱུཾ་ཐུང་སྒྲོག་པ་ནི། །མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས། །འཇའ་ཡི་གུར་ཕུབ་འོད་ཟེར་འཕྲོ་བ་ནི། །ཐུགས་རྗེ་ཐབས་ཀྱི་འགྲོ་བ་འདྲེན་པའི་རྟགས། །སངས་རྒྱས་འདུས་པའི་རྒྱལ་སྲས་པདྨ་འབྱུང་། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པ། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །། །ཞེས་སློབ་དཔོན་པདྨའི་རྟགས་བསྟོད་རྫོགས་སོ།
བདག་མདུན་གྱི་གསང་བ་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་མ་དག་པའི་སྣང་བ་རྒྱུ་དང་བཅས་སྦྱངས་ཏེ། ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་གསལ་བར་གྱུར། རིག་འཛིན་གྱི་འཛབ་ཀྱང་ཇི་ལྟར་འོས་པ་བཟླས། ཨཱོཾ་ཨཱཿཧཱུཾ་མཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ།
བསྙེན་དུས་དཀར་དམར་མཐིང་གསུམ་འོད་ཟེར་གྱིས། །བདག་དང་ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་ཀྱང། །སྒྲུབ་དུས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས། །བདག་དང་འགྲོ་བའི་ལུས་ངག་ཡིད་བྱིན་རླབས། །ལས་སྦྱོར་མཁའ་འགྲོའི་ཚོཌ་ཀྱིས་འཕྲིན་ལས་སྒྲུབས། །དཀར་སེར་དམར་ནག་འོད་ཟེར་འཕྲོ་འདུ་བཟླ། །ཨཱོཾཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུཾ། ཞེས་བརྒྱ་འམ་སྟོང་བཟླ།
རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤར། །རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངང་། །ཆོས་སྐུ་ཀུན་དུ་བཟང་པོས་བྱིན་གྱིས་རློབས། །ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་འོད། །སྐུ་ལྔ་གསལ་འཚེར་བཀྲག་དང་གཟི་མདངས་ལྡན། །ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་པོ། །ལོངས་སྐུ་རྒྱལ་བ་རིགས་ལྔས་བྱིན་གྱི་རློབས། །ཐུགས་རྗེ་རྒྱུན་ཆད་མེད་པས་ཐབས་ཀྱིས་བཞེངས། །ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་གྱུར་པ། །སྲིད་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །གསང་བདག་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས། །རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང་། །དམིགས་གཏད་མེད་པར་ལྟ་བ་མཁའ་ལྟར་དག །སྐྱེ་འགག་མེད་པས་འཛིན་པ་རང་སར་གྲོལ། །དགའ་རབ་རྡོ་རྗེ་ལྟ་བས་བྱིན་གྱིས་རློབས། །བློ་བྲལ་ཡངས་པས་ཏིང་འཛིན་འཕེལ་འགྲིབ་མེད། །ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བ། །དམིགས་མེད་རང་རིག་ངོ་བོ་ཡེ་རེ་གནས། །ཤྲཱི་སིང་ཧ་སྒོམ་པས་བྱིན་གྱིས་རློབས། །འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལ། །ཐོགས་ཐུག་མེད་པས་ཅི་ལ་ཡ་མི་ང་། །བླང་དོར་མེད་པས་རོལ་པ་ཆེན་པོའི་ངང་། །རྒྱལ་པོ་ཛ་ཡི་སྤྱོད་པས་བྱིན་གྱིས་རློབས། །ཟག་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ། །ཡེ་ཤེས་ལོངས་སྐུ་མཚན་དཔེས་རབ་བརྒྱན་ཅིང་། །འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགས། །ཨིནྡྲ་བྷཱུ་ཏི་འབྲས་བུས་བྱིན་གྱིས་རློབས། །མཉམ་ཉིད་དགོངས་པ་རྣམ་པར་དག་པ་ལ། །ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངང་། །ཡེ་ཤེས་རང་གསལ་འགག་པ་མེད་པར་གསལ། །པདྨ་འབྱུང་གནས་ཐུགས་རྗེས་བྱིན་གྱིས་རློབས། །འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེ། །མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངས། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང་། །མཁས་པ་བི་མ་མི་ཏྲས་བྱིན་གྱིས་རློབས། །ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲས། །ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ། །སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་ཧཱུཾ་ཆེན་ཀ་རས་བྱིན་གྱིས་རློབས། །སྐུ་ཡི་རིག་འཛིན་རྣམ་སྣང་མཛད་ཀྱི་སྲས། །རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ། །དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིན་གྱིས་རློབས། །གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲས། །ཀ་ལ་པིང་ཀ་ལྟ་བུར་སྒྲ་དབྱངས་སྙན། །ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པའི། །སློབ་དཔོན་ནཱ་གརྫུ་ནས་བྱིན་གྱིས་རློབས། །འཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲས། །འཇའ་ཚོན་ལྟ་བུ་འཕྲིན་ལས་མ་འདྲེས་གསལ། །ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛད། །སློབ་དཔོན་པྲ་ཝ་ཧ་ཏིས་བྱིན་གྱིས་རློབས། །དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲས། །ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དག །ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལ། །དྷ་ན་སང་ཀྲྀ་ཏ་ཡིས་བྱིན་གྱིས་རློབས། །འཆི་མེད་གྲུབ་པ་ཚེ་དཔག་མེད་ཀྱི་སྲས། །ས་དང་ལམ་ལ་སྦྱངས་ནས་འབྲས་བུ་ཐོབ། །རང་བཞིན་ལྷུན་གྱིས་གྲུབ་པའི་དགོངས་པ་བརྙེས། །ཚེ་དབང་རིག་འཛིན་ཆེན་པོས་བྱིན་གྱིས་རློབས། །ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲས། །རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་འཁོལ། །ཀུན་ལ་དབང་སྒྱུར་འཁོར་འདས་སལ་ལེར་གཟིགས། །རོམ་བུ་གྷུ་ཡ་ཙནྡྲས་བྱིན་གྱིས་རློབས། །དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲས། །མཐུ་རྩལ་ཆེན་པོ་གནམ་ལྕགས་ཐོག་ལྟར་འབེབས། །ཞིང་བཅུ་ཚར་གཅོད་སྒྲོལ་ལམ་ཐབས་ལ་མཁས། །སློབ་དཔོན་ཤནྟིང་གརྦྷས་བྱིན་གྱིས་རློབས། །པདྨ་འབྱུང་གནས་ཐུགས་རྗེས་བྱིན་བརླབས་པའི། །རྡོ་རྗེ་ཕག་མོ་ཡུམ་གྱི་སྲས་མཆོག་སྟེ། །རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་པ་པོ། །སྤྲུལ་སྐུ་རིག་འཛིན་ཆེན་པོས་བྱིན་གྱིས་རློབས། །རྒྱལ་བས་ལུང་བསྟན་མཚན་དང་དཔེ་བྱད་ལྡན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས། །ལས་ཅན་རྣམས་ལ་ཡེ་ཤེས་མངོན་སུམ་སྟོན། །རིག་འཛིན་རྣམ་རྒྱལ་མགོན་པོས་བྱིན་གྱིས་རློབས། །གུ་རུས་ལུང་བསྟན་སྦས་པའི་ཚུལ་དུ་བྱོན། །གསང་སྔགས་ཐབས་མཁས་མངོན་སུམ་ཡེ་ཤེས་སྟོན། །ལས་ཅན་མ་ལུས་ཐར་པའི་ལམ་ལ་འདྲེན། །འདྲེན་མཆོག་སངས་རྒྱས་དབོན་ཆེན་གྱིས་བྱིན་གྱིས་རློབས། །རྒྱལ་བའི་གདུང་འཛིན་སྙིགས་དུས་འགྲོ་བའི་དཔལ། །ལས་ཅན་རྣམས་ལ་གསང་སྔགས་སྙིང་པོའི་དོན། །ཅིག་ཅར་སྟོན་མཛད་དྲིན་ཅན་སྤྲུལ་པའི་སྐུ། །མཚན་ལྡན་བྱམས་པ་བཤེས་གཉེན་གྱིས་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་འཕྲིན་ལས་གཅིག་བསྡུས་ནས། །འགྲོ་བའི་དོན་མཛད་མངོན་སུམ་དོན་སྟོན་ཅིང་། །ཁམས་གསུམ་སེམས་ཅན་ཐར་པའི་ལམ་ལ་འདྲེན། །དྲིན་ཅན་སངས་རྒྱས་དཔལ་བཟང་གིས་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་ཨོ་རྒྱན་པདྨ་ཡི། །ཞལ་གཟིགས་མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །འཕྲིན་ལས་དྲག་པོ་གདུལ་བྱ་སྨིན་གྲོལ་མཛད། །སྔགས་འཆང་ཆོས་རྒྱལ་བསོད་ནམས་ཀྱི་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་རྒྱལ་སྲས་པདྨ་ཡི། །བསྟན་ལ་རབ་ཞུགས་ཉམས་དང་རྟོགས་པའི་བདག །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །རིག་འཛིན་སངས་རྒྱས་བསྟན་པས་བྱིན་གྱིས་རློབས། །ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག །བཀའ་བབས་ལུང་བཞིན་སྦས་ཡུལ་གནས་སྒོ་ཕྱེ། །ཆོས་བློན་པདྨ་གུང་བཙན་སྤྲུལ་པའི་སྐུ། །སྔགས་འཆང་ཤཱཀྱ་བཟང་པོས་བྱིན་གྱིས་རློབས། །ལུང་ཐོབ་བཀའ་བབས་བླ་མའི་གསུང་བཞིན་དུ། །འགྲོ་མང་དོན་དུ་གནས་ཕྱིན་དཀའ་སྤྱད་འཛད། །རྒྱལ་དབང་པདྨའི་གདུང་གསོབ་མངའ་རིས་རྗེ། །རིག་འཛིན་ལེགས་ལྡན་རྡོ་རྗེས་བྱིན་གྱིས་རློབས། །སྒོ་གསུམ་གུས་པས་བླ་མ་འབྲལ་མེད་བསྟེན། །ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག །བཀའ་བབས་ལུང་བསྟན་བླ་མའི་ཐུགས་སྲས་མཆོག །ཆོས་རྒྱལ་མངྒའི་མཚན་གྱིས་བྱིན་གྱིས་རློབས། །ལྷང་ལྷང་བྲག་གི་ཟབ་མོའི་གཏེར་ཁ་ལས། །དྲག་སྔགས་གྲུབ་པའི་དབང་པོར་ལུང་བསྟན་ཅིང་། །རིག་འཛིན་གོང་མའི་གདུང་གསོབ་ངག་གི་དབང་། །ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱིས་བྱིན་གྱིས་རློབས། །དཔལ་གྱི་མཆིམས་ཕུར་ངོ་མཚར་རྫུ་འཕྲུལ་གྱིས། །གྲུབ་པའི་རྟགས་བསྟན་ཛྙཱ་ན་ཀུ་མཱར། །བསམ་བཞིན་སྲིད་འདིར་སྤྲུལ་པའི་ཟློས་གར་མཁན། །པདྨ་དབང་གི་གྲོང་ཁྱེར་གྱིས་བྱིན་གྱིས་རློབས། །བདུད་འཇོམས་རྡོ་རྗེ་ཆོས་རྒྱལ་དབང་པོའི་སྡེས། །རྨི་ལམ་ཚུལ་དུ་ཟབ་གཏེར་གདམས་པའི་བཀའ། །ལེགས་གཏད་ཟ་ཧོར་སྔགས་སྨྱོན་དྲག་པོ་རྩལ། །རིག་འཛིན་གང་ཤར་རང་གྲོལ་གྱིས་བྱིན་གྱིས་རློབས། །སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམས། །ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ནས། །ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ། །མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཕྱིའི་མཚམས་མཐོ་རྒྱལ་ཆེན་བཞི་རུ་བསྐྱེད་ལ་བཞག ། །
བླ་མའི་རྣལ་འབྱོར་ནི། རང་ལུས་འཛིན་མེད་སྤྱི་བོ་ཡི། །པདྨ་ཉི་ཟླའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ལས་སྤྲུལ་པའི་རིག་འཛིན་ནི། །པདྨ་འབྱུང་གནས་རྒྱལ་བའི་སྐུ། །སྐུ་མདོག་དཀར་དམར་སྐྱིལ་ཀྲུང་བཞུགས། །གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ། །སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཆོས་གོས་དམར། །རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་མཉམ་གཞག་ཀ་པཱ་ལ། །དབུ་ལ་པདྨའི་གཉེན་ཞུ་གསོལ། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །བཀྲག་དང་གཟི་མདངས་ལྡན་པ་ལ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དཔའ་བོ་དམ་ཅན་དང་། །ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཚོགས། །མ་ལུས་འཁོར་གྱི་བསྐོར་བ་བསམ། །། །
གསོལ་འདེབས་ལེའུ་བདུན་མ་དོན་བསྡུས་པ་འཞུགས་སོ།།
ཨེ་མ་ཧོ། ཐོག་མའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་། །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ལོངས་སྤྱོད་རྫོགས། །གང་ལ་གང་འདུལ་གར་བསྒྱུར་སྤྲུལ་པའི་སྐྱ། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །སྣང་བ་མཐའ་ཡས་སངས་རྒྱས་འོད་དཔག་མེད། །འཇིག་རྟེན་དབང་ཕྱུག་བྱམས་མགོན་སྤྱན་རས་གཟིགས། །དཀྱིལ་འཁོར་གཙོ་བོ་ཁྲག་འཐུང་ཧེ་རུ་ཀ། །ཀུན་གྱི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །དྷན་ཀོ་ཤ་པདྨའི་གླིང་དུ་འཁྲུངས། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྒྱལ་སྲིད་མཛད། །མངལ་སྐྱོན་མ་གོས་དྲི་མེད་སྤྲུལ་པའི་སྐུ། །སྲིད་གསུམ་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །བསླབ་སྦྱང་མཐར་ཕྱིན་འཛམ་གླིང་མཁས་པའི་མཆོག །བརྟུལ་ཞུགས་མཐར་ཕྱིན་མཁའ་འགྲོ་བྲན་དུ་འཁོལ། །སྒྲུབ་པ་མཐར་ཕྱིན་སྣང་སྲིད་དབང་དུ་བསྡུས། །ཐམས་ཅད་མཁྱེན་པ་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །བོད་ཡུལ་དབུས་སུ་ལྷ་སྲིན་དམ་ལ་བཏགས། །མངའ་བདག་རྒྱལ་པོའི་དགོངས་པ་རྫོགས་པར་མཛད། །སྐལ་ལྡན་མ་ལུས་རིག་འཛིན་ས་ལ་བཀོད། །འགྲོ་བའི་འདྲེན་མཆོག་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །ལས་ཅན་དོན་དུ་ཟབ་གཏེར་འབུམ་ཕྲག་སྦས། །མངོན་སུམ་ཇི་བཞིན་ཕྱི་རབས་ལུང་བསྟན་མཛད། །འབྲལ་མེད་ཐུགས་རྗེས་སྐྱོང་བར་ཞལ་གྱིས་བཞེས། །དུས་གསུམ་ཀུན་མཁྱེན་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །འདི་ནས་རྔ་ཡབ་པདྨའི་གླིང་དུ་འགྲོ། །ཚེས་བཅུ་བྱུང་རེས་བོད་དུ་འོང་ངོ་གསུངས། །སྙིགས་མའི་སེམས་ཅན་མོས་གདུང་བརྩེ་བ་ཅན། །འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །འཆི་མེད་རྡོ་རྗེ་ལྟ་བུའི་གོ་འཕང་བརྙེས། །ལྷོ་ནུབ་གདུག་པ་སྲིན་པོའི་ཁ་གནོན་མཛད། །རྒྱལ་བ་གཞན་ལས་ཐུགས་རྗེ་ངོ་མཚར་ཆེ། །འགྲོ་ཀུན་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་ཐར་པའི་ལམ་སྣ་དྲོངས། །འདི་ནས་བཟུང་ཏེ་ཐར་པ་མ་ཐོབ་པར། །རེ་སའི་སྐྱབས་གནས་གཞན་ན་མ་མཆིས་པས། །ཡེངས་མེད་ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས། །མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། །ཀ་དག་རིག་པའི་ངོ་བོ་མཐོང་ནས་ཀྱང་། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ས་མ་ཡ། རྒྱ་རྒྱ་རྒྱ། །། །གསོལ་འདེབས་ལེའུ་བདུན་མ་བསྡུས་པ་འདི་གུ་རུ་རིན་པོ་ཆེས་བསམ་ཡས་དབུ་རྩེ་ཁམས་གསུམ་ཟངས་ཁང་གླིང་དུ་སྦས་པ། ཕྱིས་མངའ་བདག་ཉང་གི་གཏེར་ནས་སྤྱན་དྲངས་པའོ། །། །
དེ་ནས་བསྟོད་པ་བྱ་བ་ནི། ཧཱོཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། །མི་མཇེད་འཇིག་རྟེན་ཁམས་སུ་བྱོན། །མཛད་པ་མཐར་ཕྱིན་མངོན་སངས་རྒྱས། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ། །རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་སྲས། །སྐུ་ནི་རྒྱ་མཚོའི་ཀློང་ནས་འཁྲུངས། །འཕྲིན་ལས་འཛམ་གླིང་ཁྱབ་པར་མཛད། །ཐུགས་རྗེས་བོད་ཀྱི་ཡུལ་དུ་གཟིགས། །སྤྱོད་པ་སྲིན་པོའི་ཡུལ་དུ་མཛད། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཧཱུཾ། །སིང་ག་ལ་ཡི་ནགས་ཚལ་དུ། །འཇམ་དཔལ་སྐུ་ཡི་དངོས་གྲུབ་ཐོབ། །མ་ག་དྷ་ཡི་བྲག་ཕུག་ཏུ། །པདྨ་གསུང་གི་དངོས་གྲུབ་ཐོབ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབ། །ཨ་སུ་ར་ཡི་བྲག་ཕུག་ཏུ། །འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབ། །བསིལ་བའི་ཚལ་གྱི་དུར་ཁྲོད་དུ། །བདུད་རྩི་ཡོན་ཏན་དངོས་གྲུབ་ཐོབ། །མ་མོ་རོལ་པའི་དུར་ཁྲོད་དུ། །སྦོད་གཏོང་མ་མོའི་དངོས་གྲུབ་ཐོབ། །དཀྱིལ་འཁོར་དྲུག་ལ་མངའ་བརྙེས་པའི། །དངོས་གྲུབ་རྒྱལ་པོ་ཉིད་ལ་བསྟོད། །ཧཱུཾ། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རིག་འཛིན་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤར། །རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངང་། །བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །ཐམས་ཅད་མཉམ་ཉིད་ངོ་བོ་ཆོས་ཀྱི་སྐུ། །གཉིས་མེད་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །གཉིས་སྣང་ཀུན་ཁྱབ་རང་རིག་བྱང་ཆུབ་སེམས། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པ་ནི། །ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་དུ་གྱུར། །འཁོར་བ་ཐམས་ཅད་ཐར་པའི་ལམ་ལ་འདྲེན། །བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང་། །མཉམ་ཉིད་ཀུན་ཁྱབ་ཕྱོགས་སུ་འཛིན་པ་མེད། །སྐྱེ་འགག་མེད་པས་རྣམ་རྟོག་རང་སར་གྲོལ། །ལྟ་བ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །བློ་གྲོས་ཆེན་པོས་ཏིང་འཛིན་འཕེལ་འགྲིབ་མེད། །ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བ། །དམིགས་མེད་ཡེངས་མེད་རང་རིག་ངོ་བོར་གནས། །སྒོམ་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །འཛིན་ཆགས་མེད་པར་སྣང་སྲིད་ཐམས་ཅད་གྲོལ། །ཐོགས་རྡུགས་མེད་པས་ཅི་ལའང་ཉམ་ང་མེད། །བླང་དོར་མེད་པར་རོལ་པ་ཆེན་པོའི་ངང་། །སྤྱོད་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལ། །མ་རིག་རྟོག་པའི་དབང་གིས་འཁོར་བར་འཁྱམས། །རིག་པ་རང་ངོ་ཤེས་ནས་འཁྲུལ་བ་བྲལ། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་སྣང་མཐོང་། །འབྲས་བུ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ། །ཀ་ལ་པིང་ཀ་ལྟ་བུར་སྒྲ་དབྱངས་སྙན། །ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུང་། །ཐུགས་རྗེ་ཕྱོགས་རིས་མེད་པར་འགྲོ་དོན་མཛད། །འཕྲིན་ལས་ཐོགས་པ་མེད་པར་སྤྲུལ་པ་འགྱེད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལ། །འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲས། །ད་ལྟ་བཞུགས་པའི་སངས་རྒྱས་སྐུ་ཡི་ཚབ། །མ་འོངས་སངས་རྒྱས་ཐམས་ཅད་སྐུལ་བའི་དཔལ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་བླ་མ་མཆོག །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །། །
དེ་ནས་ཚོགས་ཀྱི་ཡོ་བྱད་བཤམས་ལ། ཨཱོཾསྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་དག་པར་སྦྱངས། རཾ་ཡཾ་ཁཾ་གིས་སྟོང་པར་སྦྱངས། ཨཱོཾ་ཨཱཿཧཱུཾ། གིས་བདུད་རྩིར་བྱིན་གྱིས་བརླབས།
དེ་ནས་སྤྱན་དྲང་བ་ནི། ཧཱུཾ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པ་ཡི། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱོགས་བཅུ་དག་པའི་ཞིང་ཁམས་སོ་སོ་ནས། །ཐུགས་རྗེ་ཆེན་པོས་འགྲོ་དོན་མཛད་པའི། །ཡེ་ཤེས་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལ། །སྒྲུབ་པའི་ས་དང་ལམ་ལ་རབ་གནས་པའི། །རིག་འཛིན་རྩལ་འཆང་ཐམས་ཅད་གཤེགས་སུ་གསོལ། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལ། །གུ་རུ་དེ་ཝ་ཌཱ་ཀི་ནི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿ
དེ་ནས་ཚོགས་གསུམ་དུ་བཅད་ལ། དང་པོ་མཆོད་པ་འབུལ་བ་ནི། ཧཱུཾ། ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་། །རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ། །ཡེ་ཤེས་ལྔ་ཡི་ཚོགས་མཆོད་འབུལ། །སྤྲུལ་སྐུ་འགྲོ་དོན་མཛད་པ་ཡི། །རིག་འཛིན་བླ་མའི་ཚོགས་རྣམས་ལ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །མ་མོ་མཁའ་འགྲོ་ཐམས་ཅད་ལ། །བདེ་བ་ཆེན་པོའི་མཆོད་པ་འབུལ། །ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ། །ཚོགས་མཆོད་གཏོར་མའི་མཆོད་པ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཀེང་ནི་རི་ཏི་ཁཱ་ཧི། །། །ཞེས་འབུལ།
བར་པ་བཤགས་པ་བྱ་བ་ནི། ཧཱུཾ། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཧཱུཾ། །ཆོས་སྐུ་དྲི་མེད་སྤྲོས་བྲལ་ངང་ཉིད་ལས། །འགྲོ་དོན་བསྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོར། །ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཧཱུཾ། །ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལ། །མ་འགགས་རང་རྩལ་ཡེ་ཤེས་ལས་གྲུབ་ཚོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུཾ། །དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དང་། །རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷ། །དུས་གསུམ་བདེ་གཤེགས་སྒྲུབ་པ་དམ་ཚིག་ཅན། །སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེད། །དབང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ། །བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས། །སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་དང་། །ཡི་དམ་སོགས་དང་ཕྱག་རྒྱ་མ་གསལ་པ། །རྩ་བའི་དམ་ལས་འདས་འགྱུར་མཐོལ་ལོ་བཤགས། །ཤེས་བྱ་ལྔ་དང་བཅས་པར་བྱ་བ་ལྔ། །མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ། །དང་བླང་ལ་སོགས་ཡན་ལག་དམ་ཚིག་ཀུན། །ཉམས་གྱུར་རང་མནོང་འགྱོད་པས་མཐོལ་ཞིང་བཤགས། །སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད། །ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲངས། །ལོག་སྤྱོད་དབང་སོང་དུས་ཀྱི་མཆོད་པ་བཅག །སྡོམ་གསུམ་མཐུན་མོང་དམ་ཚིག་ཉམས་པ་བཤགས། །རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས། །སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ། །བློ་ཡི་སྟོབས་ཆུང་སྤྱོད་པས་བོགས་མ་ཐོན། །ལེགས་བསམས་བཤད་ཀྱང་དོན་ལོག་ཐུགས་འགལ་གྱུར། །འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས། །ཞེས་བཤགས་ཤིང་འདི་རྒྱུན་བཤགས་བྱས་ན་ཡང་ཤིན་ཏུ་ཟབ།
ཧཱུཾ། སེམས་ཅན་མ་རིག་འཁྲུལ་པའི་བློ། །ཉམས་རྟོགས་འཁྲུལ་པའི་དབང་དུ་ཤོར། །གསང་སྔགས་དཀྱིལ་འཁོར་ཆེན་པོ་ཡི། །སྒོ་རུ་ཞུགས་ཀྱང་དམ་ལས་འགལ། །རྩ་བ་ཡན་ལག་དམ་ཚིག་ལ། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །སྐུ་གསུམ་བླ་མའི་སྤྱན་སྔར་བཤགས། །ཚོགས་དང་གཏོར་མ་མ་དག་པ། །མཁའ་འགྲོ་སྲུང་མའི་སྤྱན་སྔར་བཤགས། །། །ཞེས་བརྗོད་དེ་དབུལ།
ཐ་མ་གདབ་པ་བྱ་བ་ནི། ཟན་ལ་དགྲ་བགེགས་ཀྱི་རཱུཔ་བྱས་ལ། ཛཿཧཱུཾ་བཾ་ཧོཿ ཕྱག་རྒྱ་བཞིས་འགུགས། གྷཱ་ཏ་ཡས་གཏུབས། ཞེས་པ་ནི། ན་མ་ས་མནྟ། ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ན། ཨཱོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཾ། གནོད་བྱེད་དགྲ་བགེགས་མ་ར་ཡ། ཀཱི་ལ་ཡ། སརྦ་པཱ་པཾ། ཧཱུཾ་ཧཱུཾ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་དྷ་རོད་ཨད་ཛྙཱ་པཱ་ཡ་ཏི། ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཀི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ།
ཧཱུཾ། ཉོན་མོངས་ལོག་པའི་སེམས་ཅན་རྣམས། །དགྲ་བགེགས་གཟུགས་སུ་ལས་ཀྱིས་གྲུབ། །བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིར། །མྱུར་མགྱོགས་ཐུགས་རྗེའི་ལྕགས་ཀྱུས་བཀུག །རྣོ་མྱུར་ཡེ་ཤེས་མཚོན་གྱིས་བསྒྲལ། །ཨོཾ་བཛྲ་ཀྲོ་དྷ་སརྦ་ནྲི་ཏྲི་ཨ་མུ་ཀ་མ་ར་ཡ་རྦད། །
ཧཱུཾ། ཤ་ནི་གཏི་མུག་ཆེན་པོ་སྟེ། །བསྒྲལ་བས་རིག་པའི་ཡེ་ཤེས་འཆར། །ཁྲག་ནི་འདོད་ཆགས་རང་བཞིན་ཏེ། །བསྒྲལ་བས་བདེ་བའི་མཆོད་པར་འགྱུར། །རུས་པ་ཞེ་སྡང་རང་བཞིན་ཏེ། །བསྒྲལ་བས་ཡེ་ཤེས་རང་ལ་གསལ། །དུག་གསུམ་བསྒྲལ་བའི་མཆོད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་སྲུང་མའི་ཞལ་དུ་གདབ། །མཧཱ་མཾ་ས་ཁཱ་ཧི། །མཧཱ་རཀྟ་ཁཱ་ཧི། མཧཱ་ཀེང་ནི་རི་ཏི་ཁཱ་ཧི།
ཧཱུཾ། ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །གཞི་བདག་གཞི་བསྲུང་རྣམས་ཀྱི་ཐུགས་དམ་བསྐང་། །མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་གཉེན་པོ་དེར་སྐོང་ལ། །གཡར་དམ་སོར་ཆུད་དངོས་གྲུབ་རྩལ་ཏུ་གསོལ། །ཨོཾ་ཨཱ་ཧཱུཾ་གུ་རུ་དེ་ཝ་ཌཱ་ཀི་ནི་གྷ་ན་ཙ་ཀྲ་པཱུཛཿཁཱ་ཧི། །། །
དེ་ནས་ལྷག་མ་རྣམས་རྡོ་རྗེ་སློབ་དཔོན་ཀྱི་ཁ་ཆུས་བྲན་ནས། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུཾ། ཧཱུཾ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་དང་། །བར་དུ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་དང་། །ད་ལྟ་རིག་འཛིན་བདག་ཉིད་ཀྱི། །བྲན་དང་ཕོ་ཉ་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕཾ་བབས་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །བདུད་དང་དམ་སྲི་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །
༈ ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས། །སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཏེ། །འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན། །འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས། །ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བར། །དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ། །རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས། །མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ། །ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ། །བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན། །ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན། །འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ། །སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས། །ཉོན་མོངས་འཇོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད། །དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབས། །དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན། །ཨོ་རྒྱན༴ བསམ་པ༴ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས། །ཆོས་འཁོར་གཉན་པོ་འཇིག་ལ་ཐུགས་པའི་ཚེ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ། །མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས། །ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ། །ཨོ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ། །སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས་། །དབུལ་འཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན། །དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས། །ཡིད་གཉིས༴ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས། །ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ། །ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན། །ཡིད་གཉིས༴ ཨོ་རྒྱན་གཞི་བདག་གཉན་པོ་འཁོར་དང་བཅས། །ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན། །འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ། །ཡིད་གཉིས༴ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས། །གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས། །སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ། །ཡིད་གཉིས༴ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས། །འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ། །བསད་ཁྱེར་ཇག་པའི་ཆོམ་པོས་ཉེན་པ་ན། །ཡིད་གཉིས༴ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན། །ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད། །ཨོ་རྒྱན༴ བསམ་པ༴ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས། །མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན། །ཡིད་གཉིས༴ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས། །གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར། །ཨོ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ། །གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན། །ཡིད་གཉིས༴ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། །བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ། །ཨོ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ། །འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན། །ཡིད་གཉིས༴ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས། །འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད། །ཨོ་རྒྱན༴ བསམ་པ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན། །ཡིད་གཉིས༴ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ། །སྡུག་བསྔལ་འཁྲུལ་པ་རྩད་ནས་བཤིག་པར་བྱེད། །ཨོ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་། །ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན། །དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས། །ཡིད་གཉིས༴ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །། །
༈ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ། །རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད། །བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ། །ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད། །ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བརྩེ་བས་བདག་སོགས་ལམ་སྣ་དྲོངས། །དགོངས་པས་བདག་ལ་དངོས་གྲུབ་སྩོལ། །ནུས་པས་བདག་སོགས་བར་ཆད་སོལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །གསང་བའི་བར་ཆད་དབྱིངས་སུ་སོལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །སྐུ་ཡི་ངོ་མཚར་མཐོང་བའི་ཚེ། །གཡས་པས་རལ་གྲིའི་ཕྱག་རྒྱ་མཛད། །གཡོན་པས་འགུགས་པའི་ཕྱག་རྒྱ་མཛད། །ཞལ་བསྒྲད་མཆེ་གཙིགས་གྱེན་ལ་གཟིགས། །རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན། །ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བརྩེ་བས་བདག་སོགས་ལམ་སྣ་དྲོངས། །དགོངས་པས་བདག་ལ་དངོས་གྲུབ་སྩོལ། །ནུས་པས་བདག་སོགས་བར་ཆད་སོལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །གསང་བའི་བར་ཆད་དབྱིངས་སུ་སོལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །། །དམ་ཆོས་རིན་ཆེན་གསན་པའི་ཚེ། །སྐུ་གསལ་འོད་ཟེར་མདངས་དང་ལྡན། །ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས། །གཡོན་པས་ཕུར་པའི་པུ་སྟི་བསྣམས། །ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད། །ཡང་ལེ་ཤོད་ཀྱི་པཎྜི་ཏ། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །དམ་ཅན་དམ་ལ་བཏགས་པའི་ཚེ། །དྲི་མེད་གནས་མཆོག་ཉམས་རེ་དགའ། །རྒྱ་གར་བོད་ཡུལ་ས་མཚམས་སུ། །བྱིན་གྱིས་བརླབས་ནས་བྱོན་པའི་ཚེ། །དྲི་བསུང་སྤོས་ངད་ལྡན་པའི་རི། །མེ་ཏོག་པདྨ་དགུན་ཡང་སྐྱེ། །ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ། །བདེ་ལྡན་དེ་ཡི་གནས་མཆོག་ཏུ། །སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ། །ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་པས་རིན་ཆེན་ཟ་མ་ཏོག །རཀྟ་བདུད་རྩིས་ནང་དུ་གཏམས། །མཁའ་འགྲོ་དམ་ཅན་དམ་ལ་བཏགས། །ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །རྒྱལ་བའི་བསྟན་པ་བཙུགས་པའི་ཚེ། །གཡའ་རིའི་ནགས་ལ་བསྒྲུབ་པ་མཛད། །བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར་། །རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ། །བསྒྲིལ་ཞིང་ཙནྡན་ནགས་སུ་འཕངས་། །མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམས། །སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས། །ཡཀྴ་ནག་པོ་རྡུལ་དུ་བརླགས། །འགྲན་གྱི་དོ་མེད་བདུད་ཀྱི་གཤེད། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །སྲིན་པོའི་ཁ་གནོན་མཛད་པའི་ཚེ། །ཁྱེའུ་ཆུང་སྤྲུལ་པའི་ཆ་ལུགས་ཅན། །ཡ་མཚན་གཟུགས་བཟང་ཁ་དོག་ལེགས། །ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས། །དགུང་ལོ་བཅུ་དྲུག་ལོན་པའི་ཚུལ། །རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ། །ཕྱག་གཡས་འཁར་བའི་ཕུར་པ་བསྣམས། །བདུད་དང་སྲིན་པོའི་ཁ་གནོན་མཛད། །གཡོན་པས་སེང་ལྡེང་ཕུར་པ་བསྣམས། །མོས་པའི་བུ་ལ་སྲུང་སྐྱོབ་མཛད། །མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས། །ཡི་དམ་ལྷ་དང་གཉིས་སུ་མེད། །གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ། །མེ་དཔུང་ཤོད་ཀྱི་ས་གཞི་ལ། །མདའ་རྒྱང་གང་གི་མཚོ་ནང་དུ། །པདྨའི་སྟེང་དུ་བསིལ་བསིལ་འདྲ། །པདྨའི་ནང་ན་དགོངས་པ་མཛད། །མཚན་ཡང་པདྨ་འབྱུང་གནས་ཞེས། །རྫོགས་པའི་སངས་རྒྱས་དངོས་སུ་བྱོན། །དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །བོད་ཀྱི་ཉི་མ་མཛད་པའི་ཚེ། །དད་ལྡན་འགྲོ་བ་འདྲེན་པའི་དཔལ། །གང་ལ་གང་འདུལ་སྐུར་སྟོན་པ། །གཙང་ཁ་ལ་ཡི་ལ་ཐོག་ཏུ། །དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས། །ཡུལ་ནི་ཚ་བའི་ཚ་ཤོད་དུ། །ལྷ་ཡི་དགེ་བསྙེན་དྲེག་པ་ཅན། །ཉི་ཤུ་རྩ་གཅིག་དམ་ལ་བཏགས། །མང་ཡུལ་དེ་ཡི་བྱམས་སྤྲིན་དུ། །དགེ་སློང་བཞི་ལ་དངོས་གྲུབ་གནང་། །ཁྱད་པར་འཕགས་པའི་རིག་འཛིན་མཆོག །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །དཔལ་མོ་ཐང་གི་དཔལ་ཐང་དུ། །བརྟན་མ་བཅུ་གཉིས་དམ་ལ་བཏགས། །བོད་ཡུལ་ཁ་ལའི་ལ་ཐོག་ཏུ། །གངས་དཀར་ཤ་མེད་དམ་ལ་བཏགས། །འདམ་ཤོད་ལྷ་བུའི་སྙིང་དྲུང་དུ། །ཐང་ལྷ་ཡར་བཞུད་དམ་ལ་བཏགས། །ཧས་པོ་རི་ཡི་ཡང་གོང་དུ། །ལྷ་སྲིན་ཐམས་ཅད་དམ་ལ་བཏགས། །ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས། །ལ་ལས་སྲོག་གི་སྙིང་པོ་ཕུལ། །ལ་ལས་བསྟན་པ་བསྲུང་བར་བྱས། །ལ་ལས་བྲན་དུ་ཁས་བླངས་བྱས། །མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །དམ་པ་ཆོས་ཀྱི་བསྟན་པ་ནི། །རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ། །བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ། །རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད། །སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ། །གཅིག་ནི་པདྨ་འབྱུང་གནས་ཞེས། །གཅིག་ནི་པདྨ་སམྦྷ་ཝ། །གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད། །རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང་། །རྗེ་བློན་ཐར་པའི་ལམ་ལ་བཀོད། །གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཆོས་སྐུ་དྲི་མེད་རིན་ཆེན་བསྟན། །སྐལ་ལྡན་སངས་རྒྱས་ས་ལ་བཀོད། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན། །ད་ལྟ་སྲིན་པོའི་ཁ་གནོན་མཛད། །མི་ལས་ལྷག་གྱུར་ཡ་མཚན་ཆེ། །སྤྱོད་པ་རྨད་བྱུང་ངོ་མཚར་ཆེ། །མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ། །ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂ། །སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ། །སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན། །དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ། །བྱང་ཆུབ་སྒྲུབ་ལ་བར་ཆད་ངེས་པར་སེལ། །ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བརྩེ་བས་བདག་སོགས་ལམ་སྣ་དྲོངས། །དགོངས་པས་བདག་ལ་དངོས་གྲུབ་སྩོལ། །ནུས་པས་བདག་སོགས་བར་ཆད་སོལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །གསང་བའི་བར་ཆད་དབྱིངས་སུ་སོལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕཱ་ལ་ཧཱུྃ་ཨཱ། །། །
༈ ཨེ་མ་ཧོ། །མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་དམག་འཁྲུག་མུ་གེའི་ཚོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པ་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང༌། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང༌། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་བཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུང་ཞིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །
༈ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །དངོས་གྲྱབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །། །
༈ ན་མོ་རཏྣ་ཏྲ་ཡཱ་ཡ། །ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། །ཉམ་ཆུང་འགྲོ་ལ་བུ་གཅིག་ལྟར་དགོངས་པའི། །དུས་གསུམ་བདེ་གཤེགས་སྲས་དང་སློབ་མར་བཅས། །བདག་གི་བདེན་པའི་སྨྲེ་ངག་འདི་དགོངས་ཤིག །སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །འཛམ་གླང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱལ། །དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། །མི་བཟད་ལས་ངན་དྲག་པོས་ཡོངས་ནོན་པས། །བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ ། །བཟོད་དཀའ་ནད་མཚོན་མུ་གེའི་འཇིགས་པ་ཀུན། །ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུངས་མཛོད། །ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས། །ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ། །ངན་དགུས་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན། །མྱུར་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་སྐྱེས། །ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ། །མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིིག །ཡོངས་ཐོབ་བྱམས་བརྩེ་མཛའ་བའི་དཔལ་ལ་སྦྱོར། །རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །ལྷུན་འགྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །མདོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །ཡོངས་བཟུང་རྒྱ་ཆེན་སྨོན་ལམ་གང་མཛད་པའི། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་གསོལ། །སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་། །མཆོག་གསུམ་ཐུགས་རྗེའི་མཐུ་དང་བདེན་ཚིག་སྟོབས། །ལས་འབྲས་བསླུ་མེད་བདེན་མཐུས་བདག་ཅག་གི། །བདེན་པའི་སྨོན་ལམ་གེགས་མེད་མྱུར་འགྲུབ་ཤོག །
དེ་ནས་རྩ་གསུམ་བསྐང་བ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི། །རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་། །ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ། །རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་། །བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག །སྙན་ཁུང་བརྒྱུད་པ་བླ་མའི་ཐུགས་དམ་བསྐང་། །བཀའ་བརྒྱུད་གཏེར་དུ་སྦད་པའི་བྱ་ར་མཛད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་། །མ་འོང་ལས་འཕྲོ་ཅན་ལ་ལུང་སྟོན་པའི། །སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས་དམ་བསྐང་། །ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི། །གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་། །ས་དང་ལམ་ལ་གནས་ཤིང་ཞིང་མཆོག་སྦྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་། །ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །དངོས་གྲུབ་ཐོགས་པ་མེད་པ་སྟེར་མཛད་པའི། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། །ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི། །མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་། །མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ། །རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགས་དམ་བསྐང་། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན། །ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་། །ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་། །ཁྲག་འཐུང་རོལ་བའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་། །སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་མ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །ཡོད་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང་། །འཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས། །ཕུར་པ་འཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང་། །ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས། །རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུགས་རྗེའི་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང་། །དམ་རྫས་རྫ་ལྟར་ཀླགས་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་། །དགྲ་བགེགས་གདུག་པ་འདུལ་བྱེད་དཀྱིལ་འཁོར་ནས། །སྨོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་། །དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ། །དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་བའི། །མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །གསང་སྔགས་རྒྱུད་སྡེ་བསྟན་པའི་བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །སློབ་དཔོན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །ཚུལ་བཞིན་སྒྲུབ་པ་བྱེད་པའི་གཏོང་གྲོགས་མཛད། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །འཇིག་རྟེན་འདི་ན་མཐུ་དང་ནུས་པའི་བདག །དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང་། །བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱིས་གཤེད། །དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་། །སྟོང་ཁམས་འདི་ན་དྲག་རྩལ་བསྟན་པའི་བདག །གཟའ་བདུད་ཆེན་པོ་དཔལ་འབར་ཐུགས་དམ་བསྐང་། །མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད། །སྲུང་མ་ཨེ་ཀ་ཛ་ཊིའི་ཐུགས་དམ་བསྐང་། །ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད། །གཤན་པ་སྲོག་སྒྲུབ་ནག་པོའི་ཐུགས་དམ་བསྐང་། །དམ་ལ་གནས་ཤིང་རྣལ་འབྱོར་གྲོགས་མཛད་མྱུར། །གནོེད་སྦྱིན་བཤན་པ་དམར་ནག་ཐུགས་དམ་བསྐང་། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་། །ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི། །ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས་དམ་བསྐང་། །ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས། །སྲིན་པོ་ན་ག་རཀྵའི་ཐུགས་དམ་བསྐང་། །ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི། །རྒྱལ་པོ་ལི་བྱིན་ཧ་རའི་ཐུགས་དམ་བསྐང་། །སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ཏེ། །བདུད་པོ་ཡབ་རྗེ་ནག་པོའི་ཐུགས་དམ་བསྐང་། །གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི། །བོད་སྐྱོང་བསྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་བའི་བར་དུ་ཐུགས་དམ་བསྐང་། །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་སྲིད་གསུམ་ཡོངས་ཀྱིས་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་། །ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་། །འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་། །པདྨ་མཾ་སར་བཅས་པའི་རཀྟ་དང་། །འཛབ་དང་གར་འཆམ་གྱིང་དང་སྟངས་སྟབས་དང་། །སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང་། །སྟོང་གསལ་འབྱོར་མེད་ལྟ་སྒོམ་མཐར་ཐུག་དང་། །ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས། །འདི་མན་རྔ་ཆུང་དལ་བརྡུང་བྱ།
ཧྲཱིཿ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །གཞི་བདག་གཞི་བསྲུང་རྣམས་ཀྱི་ཐུགས་དམ་བསྐང་། །མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་གཉེན་པོ་དེར་སྐོང་ལ། །གཡར་དམ་སོར་ཆུད་དངོས་གྲུབ་རྩལ་ཏུ་གསོལ། །
༈ ཀྱེེཿ མ་སྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཕྱག་ན་པདྨོའི་གདུལ་ཞིང་གསིལ་ལྡན་ལྗོངས། །མཐའ་དབུས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར། །གནས་ཤིང་རྒྱུ་བའི་ཡུལ་ལྷ་གཞི་བདག་དང་། །ཁྱད་པར་ཚེ་རིང་མཆེད་ལྔ་བརྟན་མའི་ཚོགས། །སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་སོགས། །བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས། །གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས། །རྫས་སྔགས་ཏིང་འཛིན་རོལ་པ་ལས་བྱུང་བའི། །དཀར་གསུམ་མངར་གསུམ་ཕྱེ་མར་ཆང་ཕུད་སོགས། །ཡིད་འོང་བཟའ་བཅའི་བྱེ་བྲག་དུ་མ་དང་། །རིན་ཆེན་དར་ཟབ་གོ་མཚོན་སྤྱན་གཟིགས་ཚོགས། །མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་དང་། །སྙིང་ནས་འཛའ་ཞིང་དབུ་འཕང་མཐོར་བཏེག་སྟེ། །གསོལ་ལོ་མཆོད་དོ་དམ་སྐོང་དགྱེས་མཛོད་ལ། །བག་མེད་ལས་ལོས་ནོངས་པ་ཅི་མཆིས་བཤགས། །ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྟེར་གཏོགས་ཀུན། །སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །སྔོན་ཚེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། །རྒྱལ་བློན་སེམས་དཔའ་དུ་མས་བཀའ་བསྒོས་ཤིང་། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །གདུངས་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན། །རང་རང་མཐུ་ལྟོབས་ནུས་པའི་དཔུང་བསྐྱེད་དེ། །རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ། །མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་ཀུན། །མ་ཐོགས་ད་ལྟ་ཉིད་དུ་སྒྲུབས་ཤིག་ཀྱེེ། །ལྷག་པར་གངས་ཅན་མགོན་པོ་དང་། །བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས། །མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ། །བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད། །
དེ་ནས་གཏེར་སྲུང་བརྒྱད་མཆོད་སྐབས་འདིར་བྱ་གསུངས་པས། ཤོ་ལོ་བཞི་ལ་དཔལ་ལྡན་གྲུ་འཛིན་མའི་དབྱངས་བཅས། ༈ སངས་རྒྱས་རྡོ་རྗེ་འཆང་ཆེན་གྱི། །བཀའ་སྲུང་ཁྲོ་མོར་ཀ་གཏོང་མ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཆོས་ཉིད་མངོན་སུམ་མཐོང་བར་མཛོད། །ཕྱག་ན་རྡོ་རྗེའི་བཀའ་ཉན་མ། །དུར་ཁྲོད་གནས་པའི་མ་མོ་གསུམ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྫོགས་པ་ཆེན་པོའི་བསྟན་པ་སྲུངས། །ཨེ་ཀ་ཛ་ཊིའི་བཀའ་ཉན་མ། །དཔལ་ལྡན་ལྷ་མོ་རེ་མ་ཏི། །བཀའ་ཡི་གཏོར་མ་འདི་བཞེས་ལ། །གསང་སྔགས་བསྟན་པ་གཉེན་པོ་སྲུངས། །ལྷ་མོ་ནག་མོའི་བཀའ་ཉན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བར་ཆད་སྲུངས། །
བྷྱོཿ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ཡི། །གཏེར་གྱི་སྲུང་མ་སྡེ་བཞི་པོ། །ཤར་ཕྱོགས་དུང་མཛོད་དཀར་པོ་ཡི། །དམ་ཅན་བསྟན་མ་བཅུ་གཉིས་པོ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྫོགས་ཆེན་ཉམས་སུ་ལེན་པ་ཡི། །རྣལ་འབྱོར་བར་ཆད་ཁྱེད་ཀྱི་སྲུངས། །ལྷོ་ཕྱོགས་གསེར་མཛོད་སེར་པོ་ཡི། །དམ་ཅན་རྡོ་རྗེ་ལེགས་པས་སྐྱོངས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །གསང་སྔགས་སྒྲུབ་ཆེན་སྤྱོད་པ་ཡི། །བར་ཆད་བདུད་དཔུང་ཁྱེད་ཀྱིས་ཐུལ། །ནུབ་ཕྱོགས་ཟངས་མཛོད་དམར་པོ་ཡི། །དམ་ཅན་གཉེན་ཅན་ཐང་ལྷ་དཀར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །རྟེན་འབྲེལ་ཆོས་བདུན་འཆང་བ་ཡི། །བར་ཆད་ཟུར་ཕུད་ལྔ་པས་སྲུངས། །བྱང་ཕྱོགས་ལྕགས་མཛོད་ནག་པོ་ཡི། །དམ་ཅན་སྟོང་དཔོན་དགྲ་ལྷ་རྒྱལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བོད་ཀྱི་ཆོས་སྐྱོེང་རྒྱལ་པོ་དང། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་བདུད་དཔུང་ཁྱེད་ཀྱི་ཐུལ། །སྤྱན་རས་གཟིགས་ཀྱི་བཀའ་ཉན་པ། །བཀའ་སྲུང་དབང་གི་མ་མོ་བདུན། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཐུགས་རྗེ་ཆེན་པོའི་བསྟན་པ་སྲུངས། །གཤིན་རྗེ་ཆེན་པོའི་བཀའ་ཉན་པ། །སྲོག་བདག་དམར་པོ་མདུང་དམར་ཅན། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་ལ་སྡང་བའི་དགྲ་བོ་ཡི། །སྲོག་རྩ་དམར་པོ་ཆོད་ལ་ཞོག །ཕྱག་ན་རྡོ་རྗེའི་བཀའ་ཉན་པ། །འཆི་མེད་ཉེ་བ་འཁོར་དང་བཅས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད། །ཨོ་རྒྱན་པདྨའི་བཀའ་ཉན་པ། །བཀའ་སྲུང་ཆོས་སྐྱོང་གཏེར་བདག་རྣམས། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བདག་གིས་བཅོལ་བའི་འཕྲིན་ལས་ནི། །ཐམས་ཅད་ཁྱེད་ཀྱིས་འགྲུབ་པར་མཛོད། །། །
དེ་ནས་ཚོགས་ལ་རོལ་བ་ནི། ཧོཿ ཞལ་ཟས་ཚོགས་མཆོད་དམ་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་བྱུང་། །རྣལ་འབྱོར་དགྱེས་པས་ཚོགས་ལ་རོལ། །སིངྡྷི་ཕ་ལཿ ཨ་ལ་ལ་ཧོཿ
ཧོཿ བདག་དང་རྡོ་རྗེ་སློབ་དཔོན་དང། །མཆེད་དང་ལྕམ་དྲལ་རྣམས་ཀྱི་མཧཱ་མཾ་ས་གསོལ་བས་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུས་པར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་གྲུབ་པ་པོ་མཐུ་དང་རྫུ་འཕྲུལ་དང་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག །དེའི་དགེ་བས་རྩ་བས་སྒྲིབ་པ་རྣམ་པ་གཉིས་སྦྱངས། །ཚོགས་རྣམ་པ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག །
དེ་ནས་ཚོགས་ལྷག་བསྔོ་བ་ནི། རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾ། ཧཱུཾ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་དང་། །བར་དུ་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་དང་། །ད་ལྟ་རིག་འཛིན་བདག་ཉིད་ཀྱི། །བྲན་དང་ཕོ་ཉ་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕཾ་བབས་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །བདུད་དང་དམ་སྲི་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །
ཅེས་ལྷགས་མ་བཏང་སྟེ་གཏོར་མ་ཤོད་དུ་ཕབ་ལ་རང་སློབ་དཔོན་པདྨར་གསལ་བས་འདི་སྐད་དོ། །
རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾ། ཧཱུཾ། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །རྒྱལ་ཚབ་སྤྲུལ་སྐུ་མང་པོ་བྱོན་པ་ཡིས། །བཀའ་དང་དམ་ལ་བཏགས་པའི་སྲུངས་མ་རྣམས། །དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལ། །ས་མ་ཡ་ཛཿ ཛཿ
ཧཱུཾ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སིནྡྷུ་རོལ་པའི་མཚོ་གླིང་དུ། །ནམ་མཁའི་གཟའ་རྣམས་དམ་ལ་བཏགས། །རྒྱ་དང་བལ་པོའི་ས་མཚམས་སུ། །བར་སྣང་ལྷ་སྲིན་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །གཡའ་རི་གོང་གི་བྲག་ཕུག་ཏུ། །བདག་ཉིད་ཆེན་མོ་དམ་ལ་བཏགས། །ཨ་སུ་ར་ལི་བྲག་ཕུག་ཏུ། །ཤྭ་ན་མཆེད་བཞི་དམ་ལ་བཏགས། །བྱང་ཆུབ་རིས་ཀྱི་ཆུ་མིག་ཏུ། །བསེ་ཡི་ལྷ་མོ་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མང་ཡུལ་བྱམས་སྤྲིན་ལྷ་ཁང་དུ། །རྒྱལ་པོ་དཔོན་གཡོག་དམ་ལ་བཏགས། །དཔལ་མོའི་ལྷ་མཚོ་སྲིན་མཚོ་རུ། །བསྟན་པ་བཅུ་གཉིས་དམ་ལ་བཏགས། །བྱང་རྒྱུད་བྱང་ལམ་བར་པ་རུ། །གནོད་སྦྱིན་ཐང་ལྷ་དམ་ལ་བཏགས། །བྱང་སྟོད་བྱང་སྨད་སོ་མཚམས་སུ། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །འབྲོག་མོ་ཐམས་ཅད་དམ་ལ་བཏགས། །གནམ་གྱི་ཤུ་ཐོག་གླང་ཐོད་དུ། །ཕོ་བདུད་ཉེར་གཅིག་དམ་ལ་བཏགས། །མལ་གྲོ་གཟི་ཆེན་མཚོ་འགྲམ་དུ། །ཀླུ་རིགས་རྣམ་ལྔ་དམ་ལ་བཏགས། །ཧས་པོ་རི་ཡི་རྩ་བ་རུ། །བོད་ཀྱི་ལྷ་སྲིན་ཐམས་ཅད་ཀུན། །དམ་ལ་མ་བཏགས་གཅིག་ཀྱང་མེད། །བསམ་ཡས་དབུ་རྩེ་རིགས་གསུམ་དུ། །རྒྱལ་པོ་ཐམས་ཅད་དམ་ལ་བཏགས། །སྤ་གྲོ་ཅལ་གྱི་བྲག་དམར་དུ། །ཀྱི་མཐིང་གཡུ་སྒྲོན་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་ལོང་ལ། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་ཟ་ཧོར་ལང་ཀའི་ཡུལ། །སིང་ང་ས་ལ་ཨུ་རྒྱན་ཡུལ། །ཁ་ཆེ་བལ་པོ་ལི་ཡི་ཡུལ། །དུར་ཁྲོད་བརྒྱད་ཀྱི་ལྷ་སྲིན་རྣམས། །དམ་ལ་མ་བཏགས་གཅིག་ཀྱང་མེད། །གོང་གོང་ཆུམ་ཆུམ་དམ་ལ་འདུ། །དམ་ཚིག་གཏོར་མ་འདི་ལོང་ལ། །སློབ་དཔོན་པདྨའི་ཆོས་རྒྱུད་སྐྱོངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །སློབ་དཔོན་པདྨ་འབྱུང་གནས་དེ། །ཁྲོ་བོ་ཡཀྴ་མེ་དབལ་ཡིན། །ཁྱོད་ཀྱི་སྙིང་ཁྲག་བརྟུབས་ནས་ཀྱང་། །རི་རབ་འོག་ཏུ་གནོན་པར་འགྱུར། །དེ་བས་དམ་ལས་མ་འདའ་བར། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །ཨ་ཡ་མ་དུ་རུཙ་ཤ་ལ་ན། །སརྦ་ག་ཕུད། །རཀྨོ་ཡཀྨོ། །ས་མ་ཡ་ན་ར་ཁ་ན། །བ་ལིཾ་ཏ་ཁཱ་ཧི། །རཀྟ་ཁཱ་ཧི། ཨ་མྲྀ་ཏ་ཁཱ་ཧི།
ཞེས་བསྟན་མ་གཏོར་མའི་བཤལ་ཆུས་བསྐྱང་སྟེ་ཆད་བདོ་བསྟན་སྐྱོང་ལྷན་ཅིག་ཏུ་གཏང་། ཆད་བདོ་བསྟན་སྐྱོང་ནི། རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུཾ། ཧཱུཾ། ཨ་སུ་ར་ཡི་དྲག་ཕུག་ཏུ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །སྤྱན་སྔར་མཁས་བླངས་དམ་བཅས་པའི། །བོད་ཡུལ་བསྟན་མ་བཅུ་གཉིས་དང་། །ཕྱི་གཏོར་དབང་བ་ཁས་བླངས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ། །དལ་ཁ་འཆིང་ལ་འབྲུ་བཅུད་སྤེལ། །དམག་དཔུང་འཆོམ་ལ་མཚོན་རྩེ་བརྟུལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མ་མ། །ཁ་ཁ། ལ་ལ། ཏ་ཏ། ཏེ་ཏེ། མཾ་ས། རཀྟ་ཨ་མྲྀ་ཏ་ཁཱ་ཧི།
དངོས་གྲུབ་ལེན་པ་ནི། ཧཱུཾ། ཤར་གྱི་ཕྱོགས་ནས་དངོས་གྲུབ་སྐུལ་པའི་ལྷ། །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེར། །ན་བཟའ་དཀར་པོ་ཤིན་ཏུ་མཛེས་པ་གསོལ། །ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་ཌ་མ་རུ། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ནད་གདོན་བགེགས་དང་བར་ཆད་ཞི་བར་མཛོད། །ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །
ཧཱུཾ། ལྷོ་ཡི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ། །རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལ། །རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་འཚེར། །ན་བཟའ་སེར་པོ་ཤིན་ཏུ་མཛེས་པ་གསོལ། །ཕྱག་གཉིས་རིན་ཆེན་ཞགས་པ་ཌ་མ་རུ། །རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཚེ་དང་བསོད་ནམས་རྒྱས་པའི་འཕྲིན་ལས་མཛོད། །ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །
ཧཱུཾ། ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ། །དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ། །དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེར། །ན་བཟའ་དམར་པོ་ཤིན་ཏུ་མཛེས་པ་གསོལ། །ཕྱག་གཉིས་པདྨ་ལྕགས་སྒྲོག་ཌ་མ་རུ། །པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཁམས་གསུམ་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །
ཧཱུཾ། བྱང་གི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ། །དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ། །དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེར། །ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པ་གསོལ། །ཕྱག་གཉིས་རྒྱ་གྲམ་དྲིལ་བུ་ཌ་མ་རུ། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །དགྲ་བགེགས་བར་ཆད་ཐམས་ཅད་ཚར་གཅོད་མཛོད། །ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །
ཧཱུཾ། དབུས་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ། །སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ། །སྐུ་ལྔའི་རང་བཞིན་སྐུ་མདོག་སྨུག་ལ་འཚེར། །ན་བཟའ་སྨུག་ལ་ཤིན་ཏུ་མཛེས་པ་གསོལ། །ཕྱག་མཚན་འཁོར་ལོ་རྒྱ་གྲམ་ཌ་མ་རུ། །སངས་རྒྱས་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་ཨཱ་ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། །མི་ལ་ཚེ་ཡི་དངོས་གྲུབ་སྩོལ། །ནོར་ལ་གཡང་གི་དངོས་གྲུབ་སྩོལ། །ཟས་ལ་བཅུད་ཀྱི་དངོས་གྲུབ་སྩོལ། །
གཏང་རག་གི་མཆོད་བསྟོད་ནི། ཧཱུཾ། ལྷུན་གྱི་གྲུབ་པའི་རིག་འཛིན་ནི། །སངས་རྒྱས་ཀུན་གྱི་ཐོག་མ་ཡིན། །དེ་ལ་མཆོད་པ་འབུལ་བ་ནི། །རིག་པ་རང་བྱུང་དངས་པ་ལ། །ཡེ་ཤེས་ལྔ་ཡི་བཀྲག་མདངས་འཚེར། །འཛིན་མེད་མཆོད་པ་ཆེན་པོར་འབུལ། །ཀུན་བཟང་མཆོད་སྤྲིན་སྣ་ཚོགས་ཀྱིས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །བཞུགས་པའི་སངས་རྒྱས་མཉེས་གྱུར་ཅིག །ཨོཾ་ན་མཿ ས་རྦ་ཏ་ཐཱ་ག་ཏེ་བྷྱོཿ བི་ཤྭ་མུ་ཥེ་བྷྱཿ སརྦ་ཏ་ཁཾ། །ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཿ ཧཱུཾ། །རང་བཞིན་དག་པའི་ཞིང་ཁམས་ན། །བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས། །འགྲོ་དོན་མཛད་པ་ཐམས་ཅད་ལ། །ཟུང་འཇུག་བདེ་ཆེན་མཆོད་པ་འབུལ། །མཧཱ་བོ་དྷི་ཙི་ཏྟ་པཱུ་ཛ་ཧོ། །
དེ་ནས་གཏོར་མ་འབུལ་བ་ནི། ཧཱུཾ། གདོད་ནས་དག་པའི་དམ་ཚིག་རྫས། །ཡེ་ཤེས་ལྔ་ཡི་བདུད་རྩི་དང་། །འབྲུ་བཅུད་ཛ་གད་དཔའ་བོ་དང་། །བ་ལིཾ་ཏ་ཡི་གཏོར་མ་དང་། །དམར་དྭངས་སྐྱེད་བྱེད་རཀྟ་དང་། །དངོས་གྲུབ་ཞལ་ཟས་སྣ་ཚོགས་ཀྱིས། །བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཡི་ཐུགས་དམ་བསྐང་། །མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དཔའ་བོ་རྣལ་འབྱོར་ཐམས་ཅད་ཀྱི། །ཐུགས་དམ་གཏོར་མས་བསྐངས་གྱུར་ཅིག །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཧཱ་བ་ལིཾ་ཏ་ཁཱ་ཧི། །མཧཱ་རཀྟ་ཁཱ་ཧི། །མཧཱ་སརྦ་པཱུ་ཛ་ཁཱ་ཧི། །
བསྟོད་པ་ནི། ཧཱུཾ། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །
༈ ཨོཾ། བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། །བཛྲ་སཏྭ། །ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་ཝ། །སུ་ཏོཥྱོ་མེ་བྷཱ་ཝ། །སུ་པོཥྱོ་མེ་བྷཱ་ཝ། །ཨ་ནུ་རཀྟོ་མེ་བྷཱ་ཝ། །སརྦ་སིདྡྷི་མྨེ་པྲ་ཡཙྪ། །སརྦ་ཀརྨ་སུ་ཙ་མེ། །ཙིཏྟཾ༌ཤྲཱི་ཡཾ་ཀུ་རུ། ཧཱུཾ། ཧ་ཧ་ཧ་ཧ། ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷཱ་ཝ། མ་ཧཱ་ས་མ་ཡ་ས་ཏྭ། ཨཱཿ ། ། ཧཱུཾ་ཕཊ། །ཅེས་ཡིག་བརྒྱས་ལྷག་ཆད་སྐོང་།
མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདི་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གི་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །འདིར་ནི་གཟུཊ་དང་ལྷན་གཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏི་ཥྵ་བཛྲེ་སྭཱཧཱ། །
དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུཾ། ད་ནི་དཀྱིལ་འཁོར་གསལ་བཏབ་ལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཡི་གེ་ཧཱུཾ་ལ་ཧྲིལ་གྱི་བསྡུ། །ཧཱུཾ་ཡང་མི་འཇིགས་འཇའ་ལྟར་ཡལ། །ཞེས་པ་སྟེ་རྟག་མཐའ་གསལ་བའོ།།
སླར་ཡང་དེ་ཉིད་ལྷ་རུ་གསལ། །ཞེས་ཆད་མཐའ་གསལ་བའོ། ཞེས་དཀྱིལ་འཁོར་བསྡུ། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ།།
སྨོན་ལམ་ནི། བླ་མ་ཡི་དམ་མཁའ་འགྲོ་མཆེད་ལ་སོགས། །སྤྱད་དང་བསྐུལ་དང་ཡི་རང་ལས་བྱུང་བའི། །བསོད་ནམས་དགེ་ཚོགས་དཔག་མེད་དེ་དག་གིས ༎ཚེ་འདིར་བླ་མེད་བྱང་ཆུབ་འབྲས་ཐོབ་ནས། །སྐུ་གསུམ་བདེ་ཆེན་ཞིང་དུ་སྤྱོད་བྱེད་ཅིང་། །གཟུགས་སྐུས་འགྲོ་དོན་རླབས་ཆེན་སྤྱོད་པར་ཤོག
ཧཱུཾ། ཕྱི་ཡི་བླ་མ་སྣ་ཚོགས་སྤྲུལ་པའི་སྐུ། །ནང་གི་བླ་མ་ཀུན་བཟང་ཧེ་རུ་ཀ། །གསང་བའི་བླ་མ་རང་རིག་གཉུག་མའི་གཤིས། །ཚེ་འདིར་མངོན་དུ་མཇལ་བར་བྱིན་གྱིས་རློབས། །རིག་པའི་ངོ་བོ་གསལ་སྟོང་འཛིན་པ་མེད། །རྗེན་པར་མཐོང་བ་ཡེ་སྟོང་ཀ་ནས་དག །སྒྲོན་དྲུག་ལམ་ལ་བརྟེན་ནས་ཟག་བཅས་ཀྱི། །ཕུང་པོ་འཇའ་ལུས་རྡོ་རྗེར་འགྲུབ་པར་ཤོག །སྐལ་བ་དམན་ན་བར་དོའི་གནས་སྐབས་དང་། །སྐྱེ་བའི་སྲིད་པ་འཛིན་ཚེ་པདྨ་འབྱུང་། །བྱོན་ནས་མངོན་པར་མཐོ་དང་ངེས་ལེགས་ཀྱི། །ཡང་དག་ལམ་དུ་འཁྲིད་པར་བྱིན་གྱི་རློབས། །ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་དང་། །མཐའ་ཀླས་སྐྱེ་དགུའི་བདེ་སྐྱིད་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་རབ་རྒྱས་ཤིང་། །མི་མཐུན་ཉེས་པའི་ཚོགས་ཀུན་ཞི་གྱུར་ཅིག །ཁྱད་པར་གངས་རི་རྭ་བས་ཡོངས་བསྐོར་བའི། །བོད་ལྗོངས་མཐའ་དབུས་རྒྱལ་ཁམས་འདི་ཉིད་དུ། །ནད་རིམས་མུ་གེ་སད་སེར་ཐན་པ་དང་། །འཁྲུག་རྩོད་མཐའ་དམག་གནོད་པ་ཞི་བར་ཤོག །ཐུགས་རྗེས་འགྲོ་ཀུན་ཡོལ་མེད་རྗེས་འཛིན་ཀྱང་། །བོད་འབངས་ལྷག་པར་སྐྱོང་བའི་ཞལ་བཞེས་བཀའ། །ཁྲི་སྲོང་རྒྱལ་པོར་སྩལ་བའི་སྙིང་པོའི་དོན། །རེ་བ་ཇི་བཞིན་སྐོང་བའི་དུས་ལ་བབ། །དེ་ཕྱིར་སྡེ་བཞིའི་དཔག་བསམ་ཡོངས་འདུའི་ལྗོན། །མཚོ་སྐྱེས་བྱིན་རླབས་དཔྱིད་ཀྱི་མ་མ་ཡིས། །ཉེ་བར་བསྐྱངས་ལས་གྲུབ་པའི་དོན་གཉིས་འབྲས། །ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་རྒྱུར་ཅིག །
བཀྲ་ཤིས་ནི། དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅན། །དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོག །ཐབས་ཤེས་དབྱེར་མེད་ཟུང་འཇུག་ཡི་དམ་ལྷ། །དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག །འཁོར་འདས་ཆོས་ལ་དབང་སྒྱུར་མཁའ་འགྲོའི་ཚོགས། །ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོག །
ཨེ་མ་ཧོཿ གདོད་ནས་མ་སྐྱེས་སྤྲོས་དང་བྲལ་བའི་སྐུ། །སྲིད་ཞི་མཉམ་ཉིད་འཁོར་འདས་ཀུན་གྱི་དཔལ། །ཀ་དག་སྙིང་པོ་ཆོས་སྐུའི་བཀྲ་ཤིས་ཤོག །བུདྡྷ་ཐོད་ཕྲེང་སངས་རྒྱས་འདུས་པའི་སྐུ། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། །ཐམས་ཅད་ཡོངས་རྫོགས་གྲུབ་པའི་བཀྲ་ཤིས་ཤོག །པདྨ་ཐོད་ཕྲེང་སངས་རྒྱས་འདུས་པའི་གསུང་། །འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངང་། །སྣང་སྲིད་དབང་དུ་བསྡུ་བའི་བཀྲ་ཤིས་ཤོག །རྡོ་རྗེ་ཐོད་ཕྲེང་སངས་རྒྱས་འདུས་པའི་ཐུགས། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང་། །མི་མཐུན་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོག །རཏྣ་ཐོད་ཕྲེང་སངས་རྒྱས་ཡོན་ཏན་བདག །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་། །ཚེ་དབང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག །ཀརྨ་ཐོད་ཕྲེང་སངས་རྒྱས་ཕྲིན་ལས་བདག །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་། །དགྲ་བགེགས་ཚར་གཅོད་དྲག་པོའི་བཀྲ་ཤིས་ཤོག །རྡོ་རྗེ་སློབ་དཔོན་རྡོ་རྗེ་རྒྱས་འདེབས་དང་། །མཆེད་དང་ལྕམ་དྲལ་སྔགས་དང་ཕྱག་རྒྱའི་མཐུས། །སྤྲུལ་སྐུ་འགྲོ་འདུལ་ཡོངས་རྫོགས་བཀྲ་ཤིས་ཤོག །༎
༈ རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རྡོ་རྗེ་གདན་དུ་རིག་འཛིན་རྣམས་ཀྱི་བཀའ་འགྲོས་ནས་མཛད་པ་བོད་ཡུལ་དུ་སློབ་དཔོན་པདྨས་རྒྱལ་པོ་རྗེ་འབངས་བདུན་ལ་གཏད་པ་མ་འོངས་པའི་དོན་དུ་བྱང་ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོ། ས་མ་ཡ། རྒྱ་རྒྱ་རྒྱ། བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གི་ཁྲིད་རིམ་འཐོར་བ་དང་གབ་པ་དང་མི་བསལ་བ་རྣམས་བསྡེབས་ནས་བརྒྱུད་འདེབས་ཀྱི་མཇུག་དང་སྨོན་ལམ་གྱི་རིམ་པས་ཁ་བཀང་སྟེ་བཀླགས་ཆོག་མཐོང་བས་དོན་ལྡན་འདི་ནི་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཆེད་དང་། ཁྱད་པར་བོད་ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་ཕན་བདེའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་གྱི་ཚེས་བཅུའི་མཆོད་པ་སྔར་སྲོལ་ཡོད་པ་རྣམས་དར་རྒྱས་དང་། མེད་པ་གསར་དུ་བསྐྲུན་པ། དེ་མཐུན་རྫོང་འགོ་སོ་སོར་ཡང་ཚེས་བཅུའི་མཆོད་པ་འཛིན་པ་ཞིག་གྲུབ་ན་ལེགས་ཚུལ་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་ལ་བྱས་སྐབས་ཚུལ་དེ་སྒྲུབ་པར་བཞེད་པས་ཡུལ་གྲུ་ཁ་ཡར་དུ་རང་གང་མོས་ཀྱི་གཏེར་ཁའི་ཚེས་བཅུ་གང་དར་བྱེད་དགོས་པའི་བརྡ་བརྒྱག་དང་མཐུན་རྐྱེན་སོགས་མཛད་ཅིང་། རྫོང་གཞིས་རྣམས་སུ་འདོན་རྒྱུ་བདེ་བ་ཅིག་དགོས་གསུངས་པར་བརྟེན་འདིའི་དབུ་བཙུགས་གྲུབ་འཚམས་ལ་ར་ཏྣ་གླིང་པའི་གཙང་ལ་ཕན་པའི་ཞལ་ཆེམས་ཀྱི་ལུང་བསྟན་ཐོག་ཏུ་བབས་པའི་བརྗོད་བྱ་རྣ་ཚོགས་ཤིག་བྱུང་བའི་འགལ་རྐྱེན་གློ་བུར་བ་ཞིག་ལ་བརྟེན་ད་ཆ་བྱེད་མི་བདེ་བ་འདུག་གསུང་ཡང་ཆོག་བསྒྲིགས་འདི་ཉིད་སླད་ནས་རིག་འཛིན་པདྨའི་ཐུགས་རྗེའི་གཟི་བྱིན་གྱིས་བསིལ་ལྡན་གྱི་ཡུལ་ཀུན་སྐལ་བ་བཟང་པོར་འགྱུར་བའི་དགའ་སྟོན་ཀྱི་རྟེན་འབྲེལ་དུ་ལྕགས་སྟག་དབྱུག་གུ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་དགའ་ལྡན་ཕོ་བྲང་དུ་བཀོད་པའི་དགེ་བས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ་ཞིང་། བདེ་བའི་ཐབས་ཚུལ་སྒྲུབ་པ་ན་མཛད་པ་པོ་རྣམས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག །མངྒ་ལཾ། །
༈ རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་བཀླགས་ཆོག་མཐོང་བ་དོན་ལྡན་གྱི་ཆོག་གཞུང་སྔར་ལམ་ཡར་མར་དཀྲུག་འདོན་མ་དགོས་པར་ཚེས་བཅུའི་སྐབས་སྐལ་ལྡན་སྐྱེ་བོ་དག་ནས་ཞལ་འདོན་ཤར་མར་གནང་ཆོག་པའི་ནག་འགྲོས་ཕྱོགས་བསྒྲེཌ་ཞུ་དགོས་ཞེས་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རིན་པོ་ཆེ་སྤྱི་ཕེབས་ལྟར་ཕྱི་ལོ་ ༡༩༨༢ ལོར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་དབུ་སློབ་དང་གོ་བསྟུར་ཞུས་ཏེ་ཆོས་རིག་ལས་ཁུངས་ནས་ཕྱོགས་བསྒྲིཌ་ཀྱི་དེབ་གྲངས་ ༢༠༠༠ པར་བསྐྲུན་ཞུས་པ་འདིས་ཀྱང་རྒྱལ་བསྟན་དར་ཞིང་། འགྲོ་ཀུན་བདེ་དགས་འཚོ་བ་སོགས་ལེགས་ཚོགས་ཡར་ཟླའི་དཔལ་ལ་འགྲན་པར་གྱུར་ཅིག། །།