༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།

༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།

༄༅། །སྙིང་འདབ་བརྒྱད་མ་བཞུགས་སོ།།

 

༈ སྙིང་འདབ་བརྒྱད་ཨ་བ་དྷཱུ་ཏཱིའི་དབུས། །གཞི་འགྱུར་མེད་སེམས་ཀྱི་རྡོ་རྗེའི་གར། །ལྷ་སངས་རྒྱས་ཀུན་འདུས་བློ་བཟང་གྲགས། །ཕ་བླ་མའི་ངོ་བོར་ཕྱག་འཚལ་ལོ། །གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོཿ

སྟོན་མཁའ་ལ་ཆུ་འཛིན་དེངས་པ་བཞིན། །དབྱིངས་རང་སེམས་དབྱེར་མེད་སྣང་ངོ་རུ། །མྱོང་སྣང་གི་སྤྲོས་པ་མ་ལུས་ནུབ། །ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ། །གཤིས་ཅིར་ཡང་མ་གྲུབ་རྫུན་པོ་ཆེ། །སྣང་གྲག་ཀུན་སྒྱུ་མའི་ལྟད་མོར་མཐོང་། །ཉམས་དགའ་བ་སྣང་སྟོང་ཟུང་འཇུག་འདིས། །སླུ་མེད་ཀྱི་རྟེན་འབྲེལ་ངེས་པ་རྙེད། །རྗེ་མཁྱེན་པའི་གཏེར་དང་དབྱེར་མེད་པའི། །ཕ་བློ་བཟང་གྲགས་པའི་ལེགས་བཤད་དང་། །རྗེ་མཚན་ལྡན་བླ་མའི་བཀའ་དྲིན་ལས། །ངས་ངེས་དོན་གླུ་རུ་བླངས་པ་ཡིན། །
ཞེས་པ་འདི་ནི་ཕ་བླ་མའི་སྒྲུབ་གནས་ཁྱད་པར་ཅན། འོལ་ཁ་ཆོས་ལུང་དུ་འབྲི་ལུང་ནས་རྒྱུ་སྦྱར་ཏེ། དཔལ་འཁོར་ལོ་སྡོམ་པའི་ཚོགས་ཀྱི་མཆོད་པ་བགྱིས་སྐབས་སྲིད་སྐྱོང་སྡེ་པ་ནས་མགུར་སྙན་པ་ཞིག་འཐེན་ཞེས་བསྐུལ་མ་བྱུང་བའི་ཚེ། ངེས་དོན་གྱི་ལྟ་བ་ལ་བག་ཆགས་འཇོག་པའི་ཕྱིར་གང་ཤར་ཐོལ་བྱུང་དུ་ལྟ་བའི་གླུ་བྱེད་པ་པོ་ནི་བློ་བཟང་བསྐལ་བཟང་རྒྱ་མཚོའོ།།  །།

 

བརྒྱུད་སྐུལ།

མཆན་སྤེལ།