མངའ་མཛད་གནོད་སྦྱིན་གྱི་རུས་དང་ཡུལ་ངོས་འཛིན་ལ་གཏམ་དུ་གླེང་བ།

མངའ་མཛད་གནོད་སྦྱིན་གྱི་རུས་དང་ཡུལ་ངོས་འཛིན་ལ་གཏམ་དུ་གླེང་བ།

རྩོམ་པ་པོ། དག་སྨྱོན།

 

དེ་ཡང་ཇི་སྐད་དུ། རིགས་རུས་ཆོ་འབྲང་མ་ཤེས་ན། ནགས་ན་གནས་པའི་སྤྲེའུ་འདྲ། ཡབ་མེས་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་བ་འདྲ།’ཞེས་པ་ལྟར་སྔོན་གྱི་ལོ་རྒྱུས་གླེང་ལུགས་ལ། སྟོད་ལྷ་རབས་ཀྱི་སྡེ། བར་མི་མ་ཡིན་པའི་སྡེ། སྨད་མི་རབས་ཀྱི་སྡེ།

Image

མངའ་མཛད་གནོད་སྦྱིན་ཡུལ་གྱི་རྟ་སྒོ་གངས།

ཞེས་གསུམ་དུ་དབྱེ་སྲོལ་ཡོད་ཅིང་། བར་མི་མ་ཡིན་པའི་སྡེ་ཆད་ལུགས་ལས། བོད་ཀྱི་ལོ་རྒྱུས་རྣམས་སུ་གྲགས་པའི་དབང་མཛད་བཅུ་ཡི་ཐོག་མ་གནོད་སྦྱིན་གྱི་སྐོར་དཔེ་ཀློག་དང་འབྲེལ་ཏེ་རེག་ཟིག་ཏུ་འགོད་པ་ལ། གནོད་སྦྱིན་རུས་ཚན་གྱི་གནས་བབ་དང་། གནོད་སྦྱིན་གྱིས་དབང་སྒྱུར་བའི་ཡུལ་གང་ཡིན་པ། གནོད་སྦྱིན་དང་འབྲེལ་བའི་མདའ་གཞུ་མཚོན་ཆའི་སྐོར་བཅས་གསུམ་དུ་གོ་རིམ་བཞིན་བཤད་པར་བྱའོ། །

Image

མངའ་མཛད་གནོད་སྦྱིན་ཡུལ་གྱི་རྟ་སྒོ་གངས།

 

དང་པོ། གནོད་སྦྱིན་རུས་ཚན་གྱི་གནས་བབ་བཤད་པ།

དེ་ཡང་བོད་ཀྱི་ཡིག་ཚང་རྙིང་པ་དག་ཏུ། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆར་མདའ་གཞུ་དེ་ཡི་དུས་སུ་བྱུང་། །

ཞེས་གསུངས་ཤིང་གདོད་མའི་མངའ་མཛད་དྲུག་དང་། དགུ། བཅུ། བཅུ་བཞི་སོགས་གསུང་ཚུལ་མི་འདྲ་བ་འགའ་ཡོད་ཀྱང་མངའ་མཛད་ཀྱི་ཐོག་མར་གནོད་སྦྱིན་ནག་པོ་བཤད་པ་ནི་ཕལ་ཆེ་བ་མཐུན་པར་སྣང་།

བོད་མིའི་གནའ་དུས་རུས་ཚན་སྐོར་ལས། གནོད་སྦྱིན་གྱི་རུས་འདི་གནས་བབ་མཐོ་བ་དང་མཆེད་ཁུངས་རྒྱ་ཆེ་ཙམ་བསྟན་ཅིང་། སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཡང་གནོད་སྦྱིན་གྱི་རུས་ལས་བྱུང་ཚུལ་ཏུན་ཧོང་གནའ་ཡིག་ཏུ་གསལ་བ་སྟེ། ནམ་གཉྀས་སུ་ནྀ། གདོལ་པར་ཤ་ཟའྀ་རྀགས། རྒྱལ་པོ་གདོང་དམར་གྱྀ་རྀགས། གངས་རྀ་བྱུན་ཀོར་གྱྀ་བདག་པོ། གནོད་སྦྱྀན་ཛ་ཞེས་བགྱྀ་བའྀ་རྀགས་ལགས་ཤེས་ཀྱང་མཆྀ། ཞེས་པ་སོགས་ལས་གཉའ་ཁྲི་བཙན་པོའི་རུས་ཁུངས་ལ་གཅིག་ཏུ་ཕྱྭ་ཡི་གཡང་ཕྱྭ་སྟེ། ཕྱྭ་ཡི་རུས་རྒྱུད་ལས་བྱོན་པར་བཤད་པ་དང་། གནའ་དུས་ཕྱྭ་ཞེས་པ་ལྷ་དང་བླ་གཉིས་དང་དོན་གཅིག་པར་གོ་ཚུལ་ཡོད་པས། ཕྱྭ་རྗེའི་ཡབ་བླ་བདག་དྲུག་གི་སྲས་བར་གྱི་བདུན་ཚིགས། ཁྲི་སད་འབར་བའི་བུ་ཡིན་པར་གྲགས་ཤིང་། ཡབ་མེས་ནི་ཕྱྭ་དམུ་གཙུག་གསུམ་གྱི་ཡ་གྱལ་ཕྱྭ་ཡི་རུས་ཡིན་པར་བསྟན་ཡོད། གཉིས་སུ་ན། ཤ་ཟ་གདོང་དམར་གྱི་རིགས་གནོད་སྦྱིན་ཛཱ་ཞེས་པའི་རིགས་འདི་ལས་ཀྱང་བྱོན་པར་བཤད། བོད་དུ་ཡ་ཐོག་རུས་རྒྱུད་ཚོ་པའི་སྤྱི་ཚོགས་ཀྱི་སྐབས་སུ་གནོད་སྦྱིན་གྱི་རུས་དང་། ཚོ་པའི་ཁྱབ་ཁོངས། དབང་སྒྱུར་བཅས་སྐབས་འགར་གནས་བབ་མཐོ་བར་ཡོད་ལུགས་དཔེ་རྙིང་ཁག་གི་ཟུར་མང་པོ་ནས་ཐོན་འོངས་ལ། གནའ་ནས་ད་ལྟ་ལ་མ་ཐུག་གི་བར་དུ་བོད་མིའི་དད་མོས་ཀྱི་འདུ་ཤེས་འཛིན་པའི་མེ་ལོང་ནང་དུ་གནོད་སྦྱིན་དང་འབྲེལ་བའི་ཕ་མེས་མཚུན་གྱི་ལྷ་དང་ཡུལ་ལྷ་འགའ་ཞིག་ཟུབ་ཐབས་མེད་པར་འཆར་བཞིན་པ་ལགས་སོ། །

དེ་ཡང་གནོད་སྦྱིན་ཞེས་པའི་རུས་ནི་རང་རེའི་ཡུལ་དུ་གནའ་བོའི་རུས་རྒྱུད་ཚོ་པའི་སྐབས་ནས་ཀྱང་ཡོད་ཅིང་། དེ་ཡང་ལ་དྭགས་རྒྱལ་རབས་ལས། མི་ཁུངས་ཆེན་པོ་གསུམ་དུ་འདུས་སྐད་དེ། ལྷ་ལས་ཆད་པའི་སྡེ་དང་། ཀླུ་ལས་ཆད་པའི་སྡེ་དང་། ཐུག་ཁྲུམ་གནོད་སྦྱིན་ལས་ཆད་པའི་སྡེ་དང་གསུམ། ཞེས་གསལ་ཞིང་ལྷ་ལས་ཆད་པ་ནི་ཕྱྭ་ཡི་རུས་དང་། ཀླུ་ལས་ཆད་ཅེས་པ་ནི་གཙུག་གི་རུས་ཚན་དང་། གཞན་ཡང་གནོད་སྦྱིན་གྱི་རུས་ཚན་སྡེ་ཞེས་པའང་ཡོད་པར་གོ་དགོས་ལ། གནོད་སྦྱིན་གང་དབང་བཟང་པོ་དང་དེའི་སྲས་གནོད་སྦྱིན་ནོར་བུ་བཟང་པོ། གནོད་སྦྱིན་ཙིའུ་དམར་པོ་སོགས་ནི་ད་ལྟ་ཡང་བོད་མིའི་སེམས་ངོས་སུ་དད་མོས་ཀྱི་འདུ་ཤེས་ཉམས་པ་མེད་པར་གནས་ཡོད་པས། ཡུལ་གྱི་ལྷ་དེ་སོགས་ནི་གནོད་སྦྱིན་གྱི་རུས་ཚན་ལས་མཆེད་པའི་རང་རེའི་མེས་པོ་ཡིན་ལ། ཁྱད་པར་གནོད་སྦྱིན་ཙིའུ་དམར་པོའི་ཆ་ལུགས་ནི། བོད་ཀྱི་གནའ་བོའི་ཆས་སུ་ཞུགས་པ་ལྟ་བུ་དང་། ལ་ཐོད་དམར་པོ་ཅན། ཞལ་རས་ཀྱང་ཁྲག་གི་མདོག་ལྟར་དམར་བ་ནི་གནོད་སྦྱིན་ཤ་ཟ་གདོང་དམར་གྱི་རིགས་ཡིན་པ་མཐོང་ལ། དེང་རླུང་ལྟར་གྲགས་པའི་གདོང་དམར་བོད་ཀྱི་མེས་པོ་ཡིན་པ་གོར་མ་ཆག། དེ་བཞིན་སྐབས་འགར་བཙན་ཞེས་པ་ཡང་གནོད་སྦྱིན་གྱི་རུས་ཚན་འཁོར་དུ་བསྡུ་སྲོལ་ཡོད་པའང་སྙམ་སྟེ། བོན་དཔེ་འགའ་ལས། དེ་རྗེས་གནོད་སྦྱིན་བཙན་གྱིས་མངའ་དབང་མཛད། །ཐོག་མར་བཙན་དང་གནོད་སྦྱིན་བོད་དུ་གྲོལ། །རྫ་བྲག་ནགས་ཁྲོད་ཤིང་ལ་གནས་བཅས་ཏེ། །འགྲོ་བ་མི་ལ་ཕན་དང་གནོད་པ་བྱེད། །བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་བྱུང་། །ཡུལ་ལྷ་མཆོད་པས་མི་དང་གཏམ་ཡང་སྨྲ། །ཡུལ་མིང་གདོང་མར་བཙན་གྱི་ཡུལ་ཞེས་བྱ། །སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་། །ཞེས་གསལ་བ་ལྟར་གནོད་སྦྱིན་དང་བཙན་གྱི་མཁར་གང་ཡོད་སར་བཙག་དམར་པོ་བྱུགས་ཏེ་དབང་ཐང་དང་། དྲག་པོ་མཚོན་ཐབས་བྱེད་པའི་གོམས་སྲོལ་མ་ཉམས་པར་མཐོང་རྒྱུ་ཡོད་ཅིང་། གནའ་དུས་བཙན་པོ་དང་རྗེ་བོ་ཕལ་མོ་ཆེས་ལ་ཐོད་དམར་པོ་འཆིང་སྲོལ་ཡོད་པ་དང་། དཔའ་བོ་དམག་ལ་ཆས་སྐབས་ངོ་གདོང་ལ་ཁྲག་དང་བཙག་དམར་པོ་བསྐུ་སྲོལ་ཡོད་པ། གནོད་སྦྱིན་དང་བཙན་གྱི་མཆོད་གཏོར་དང་ཕྲུ་དར་སོགས་ཀྱང་དམར་ཟེང་ཟེང་དུ་སྤྱོད་སྲོལ་ཡོད་པ། ནམ་རྒྱུན་པར་བོད་ཡུལ་གང་སར་ཕོ་གཞོན་ནུ་དང་དར་མ་མི་ཉུང་བ་ཞིག་གིས་རྟེན་འབྲེལ་དགའ་སྟོན་དང་། ཁྲོམ་ཚོགས་དབུས་སུ་ཁ་རྗེ་དབང་ཐང་མཐོ་བའི་རྟགས་སུ་སྐྲ་ལོར་ཕོད་འཛར་དམང་ཟེང་ངེ་བར་འཆིང་སྲོལ་ཡོད་པ་སོགས་ནི། ཡ་ཐོག་ཧི་མ་ལ་ཡའི་ཁ་དོག་རིག་གནས་ལས་གོ་བབ་དམིགས་བསལ་ཅན་ཞིག་དང་། མེས་པོ་གནོད་སྦྱིན་གདོང་དམར་བའི་རུས་ཚན་ལས་མཆེད་པའི་རྟགས་གསུབ་ཏུ་མེད་པ་ཞིག་ཡིན་ནོ། །

གཞན་ཡང་ལ་དྭགས་རྒྱལ་རབས་སུ་འདི་ལྟར་གསལ་བ་སྟེ། གངས་ཏི་སེའི་མགུལ། མཚོ་མ་ཕམ་གྱི་ཀླུང་། ཆུ་བོ་བཞི་འདུས་ཀྱི་མགོ་བོ། བ་ཟལ་མོའི་སྒང་འདྲ་བ་འདི་ན། སྤུ་རྒྱལ་བོད་ཀྱི་མི་ནི། གནོད་སྦྱིན་གྱི་རྒྱལ་པོ་སྤྲེ་གདོང་ཅན་དང་སྲིན་མོ་རྒྱལ་མོ་གདོང་དམར་དང་ཚོགས་པའི་བུ། གནོད་སྦྱིན་གང་བ་བཟང་པོ་ཤ་ཟན་གདོང་དམར་གྱི་རིགས། ཞེས་ཀྱང་གསུངས་པས། ཕྱིས་སུ་གླེང་བའི་ཡུལ་ཡར་མོ་ལུང་གི་ཁོག་ཐང་ན། སྤྲ་སྤྲེལ་རིགས་རྒྱུད་འདུས་པ་ལས་བོད་ཀྱི་མི་རྒྱུད་འབྱུང་ངོ་ཞེས་པ་དང་མཐུན་ཤས་ཆེ་ཙམ་བྱུང་ཞིང་། སྤྲེལ་དང་བྲག་སྲིན་འདུས་པ་ལས་བོད་ཀྱི་མི་རྒྱུད་ཐོག་མར་འབྱུང་ཡུལ་ནི་ཡར་ཀླུང་དང་སྟོད་མངའ་རིས་གཉིས་གང་ཡིན་ལ་མི་མཐུན་པ་བྱུང་ཡང་། མི་རྒྱུད་ཀྱི་མཆེད་ཁུངས་གཅིག་ཏུ་མཐུན་པ་བྱུང་ལ། ཁྱད་པར་བོད་མིའུ་རིགས་བཞི་འམ་ཡང་ན་མིའུ་གདུང་དྲུག་གི་གོང་རོལ་ནས་གནོད་སྦྱིན་གྱི་རུས་ཚན་ཡོད་པ་གསལ་ཁ་བྱུང་ཡོད། འདི་ལྟ་བུ་ལས་ཀྱང་རྟག་ཏུ་རི་དྭགས་རྔོན་པ་དང་འབྲོག་ལས་ཀྱི་ཐོན་སྐྱེད་གཙོ་བོར་བརྟེན་ཅིང་། ཡུལ་གྱི་གནམ་གཤིས་དང་ས་བབ་ཆགས་ཚུལ་སོགས་ལས་ཤ་ཁྲག་ཟས་སུ་རོལ་བའི་ཡ་ཐོག་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་། རང་རེའི་མི་རིགས་དེར་ལོ་ངོ་ཁྲི་ཕྲག་དང་སྟོང་ཕྲག་་ཡར་སྔོན་གྱི་རྡོ་ཆས་གསར་རྙིང་གི་གདོད་མའི་རིག་གནས་དང་། མི་རིགས་མཆེད་ཁུངས་ཀྱི་ལོ་རྒྱུས་རིང་པོ་འཇོག་རྒྱུ་ཡོད་པ། ཁྱད་པར་བོད་ཤ་ཟ་གདོང་དམར་གྱི་རིགས་དང་། གནོད་སྦྱིན་གདོང་དམར། སྲིན་པོ་གདོང་དམར་གྱི་རིགས་ཞེས་པ་ནི། དེང་སྐབས་སྲང་ལམ་བར་གྱི་གཏམ་གསར་པ་མ་ཡིན་པར། བོད་མིའི་བྱུང་རབས་ལོ་རྒྱུས་དང་གདོད་མའི་འཚོ་བ་སྐྱེལ་ཚུལ་མཚོན་པའི་ལོ་རྒྱུས་ལ་གྲགས་པའི་གཏམ་རྙིང་པ་གཙིགས་སུ་འཛིན་འོས་པ་ཞིག་ཡིན་ནོ། །

དེ་ཡང་གནའ་དུས་གནོད་སྦྱིན་གྱི་རུས་ཚན་སྟོབས་དང་དབང་སྒྱུར་མངའ་ཁོངས་སོགས་རྒྱ་ཆེ་བར་བྱུང་ནས་ཁ་འབབ་ཆུ་བོ་བཞི་ལས། གླང་ཆེན་ཁ་འབབ་རྒྱུད་དུ་དབང་བསྒྱུར་དང་རུས་ཚན་མཆེད་ཅིང་། ཁྱད་པར་གནའ་བོའི་རྒྱ་གར་གྱི་ནུབ་བྱང་རྒྱུད་དུ་འཚོ་སྡོད་བྱེད་པའི་ཨརྱ་ནའི་རིགས་རྒྱུད་ཀྱང་བོད་ཀྱི་གདོད་མའི་གནོད་སྦྱིན་རུས་ཚན་དང་འབྲེལ་བ་དམ་ཟབ་ཡོད་ལ། ནུབ་ཕྱོགས་སོགས་ཞིབ་འཇུག་པ་མི་ཉུང་བ་ཞིག་གིས་ཀྱང་ཡ་གླིང་གི་གནའ་བོའི་ཤེས་རིག་ལོ་རྒྱུས་ཐོག་བྱས་རྗེས་ཆེ་བའི་ཨརྱ་ནའི་མི་རིགས་ཀྱི་རྒྱུད་པ་ཡང་བོད་ལས་མཆེད་ཚུལ་གླེང་བཞིན་འདུག་ལ། ཨརྱ་ན་(雅利安人)ཞེས་པའི་ཐ་སྙད་ཀྱང་ལེགས་སྦྱར་དང་ཞང་ཞུང་གཉིས་ཀའི་བརྡ་རུ་འདོད་ཅིང་། ཕྱི་རྒྱལ་བ་དེ་དག་གིས་བོད་ཀྱི་གནའ་རྫས་ལ་དགའ་ཞེན་བྱེད་པ་ནི་རྒྱུ་དངོས་ཀྱི་རིན་ཐང་ཙམ་མ་ཡིན་པར། བཟོ་རྩལ་དང་བརྐོས་རིས་ཀྱི་མཚོན་དོན་གཏིང་ཟབ་ཅིང་། གདོད་མའི་ཁྱད་རྟགས་མངོན་པས་ཡིན་ཞེས་མཁས་པ་འགས་གསུངས་ལ། དེའི་རྒྱབ་ངོས་བག་ཆགས་གཏིང་ཟབ་པའི་གདོད་མའི་རིག་གནས་ཀྱི་འབྲེལ་འདྲིས་ཀྱང་རྟོགས་ཐུབ་པ་ཡིན། གཞན་ཡང་གནོད་སྦྱིན་གྱི་རུས་ཚན་དེས་དབང་བསྒྱུར་བའི་སྐབས་བོད་ཀྱི་མི་རྣམས་ལོངས་སྤྱོད་ཆེན་པོ་བྱུང་བར་སྙམ་ཞིང་། གནོད་སྦྱིན་གྱི་རིགས་ལ་སྐབས་འགར་ནོར་སྦྱིན་ཞེས་ནོར་གྱི་ལྷ་མཆོག་ལ་བཀུར་བའི་དད་མོས་ཀྱང་དར་བ་མངོན། གཞན་ཡང་ཏ་ཟིག་པ་རྣམས་ནོར་ལོངས་སྤྱོད་འཛོམས་ཤིང་དབང་ཐང་མཐོ་བས། ཏ་ཟིག་ནོར་གྱི་རྒྱལ་པོ་ཟེར་བའི་སྐད་བྱུང་ལ། ཡི་གེ་རྙིང་པ་དག་ཏུ་ཏ་ཟིག་པ་ཡང་གནོད་སྦྱིན་གྱི་རུས་ཡིན་ཚུལ་གསལ་རྒྱུ་འདུག་གོ །

 

གཉིས་པ། གནོད་སྦྱིན་གྱིས་དབང་སྒྱུར་བའི་ཡུལ་གང་ཡིན་པ།

མངའ་མཛད་བཅུ་ཡི་ཐོག་མར་གནོད་སྦྱིན་གྱི་དབང་བསྒྱུར་བའི་སྐབས། ཡུལ་གྱི་མིང་ལ་བཟང་ཡུལ་རྒྱན་་མེད་ཅེས་ཟེར་བ་ནི་བོད་ཀྱི་ལོ་རྒྱུས་རྙིང་པ་དག་ཏུ་ཞལ་མཐུན་པར་བྱུང་ཞིང་བཟང་ཡུལ་རྒྱན་མེད་ཅེས་པ་དེང་གི་དབང་དུ་བྱས་ན་མཁས་པ་སོ་སོའི་བཞེད་ཕྱོགས་མི་འདྲ་བ་ཡོད་པ་ལས། པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ལྷོ་ཁ་ས་ཁུལ་གྲ་ནང་ཁུལ་དུ་བཟང་ཡུལ་ཞེས་པ་ཡོད་པས་དེ་ལའང་འདོད་པ་དང་། ཡང་འགའ་ཞིག་གིས་ནི་ལྷོ་ཁ་མཚོ་སྣ་ཁུལ་དུ་བཟང་ཡུལ་ཞེས་པར་འདོད་པ། དེ་སྔོན་བདག་གིས་བྲིས་པའི་ཞང་བོད་ཤེས་རིག་ལོ་རྒྱུས་སུ་གཞན་གྱི་འདོད་པ་ལྟར་ལྷོ་ཁ་ཟངས་རིའི་ཁུལ་དུ་ཡིན་པར་བཤད་ཅེས་བྲིས་ཡོད། ཡང་ཞུ་འོད་ཟེར་ཐར་རྒྱས་ལགས་ཀྱི་རུས་མཛོད་དེབ་ཐེར་ནག་པོ་ལས་ནི་ལ་དྭགས་ཕྱོགས་ཀྱི་ཟངས་དཀར་སྒོ་གསུམ་དུ་ངོས་འཛིན་དགོས་པར་དགོངས་ཚུལ་བསྟན།

བདག་གི་བསམ་པར་དབང་མཛད་གནོད་སྦྱིན་ནག་པོའི་སྐབས། བཟང་ཡུལ་རྒྱན་མེད་ཅེས་པ་ནི་གཙང་ལ་སྟོད་བྱང་ངམ་རིམ་དང་དེའི་རྒྱབ་ངོས་ནག་ཆུ་ས་ཁུལ་ཉི་མ་རྫོང་གི་སའི་ཆར་གཏོགས་པ་དག་ལ་ཡིན་ནམ་སྙམ་མོ། །རྒྱུ་མཚན་ནི། བོན་དཔེ་སྤྱི་སྤུངས་ཁྲོ་བོའི་གཞུང་ལས། གནོད་སྦྱིན་ཕོ་མོ་དམ་ལ་ཐོག་པར་བྱ་བའི་ཕྱིར། གངས་ཉན་རྟ་སྒོ་དང་མཚོ་སྙན་མ་སྤོང་ལ་བསྒྲུབས་སོ་ཞེས་དང་།

ཡང་བོན་དཔེ་གཞན་ལས། གནོད་སྦྱིན་དབང་དུ་བསྡུ་བའི་ཕྱིར། །གེ་ཁོད་གཉན་ལུང་རྟ་སྒོའི་གངས། །བྲག་ཕུག་གནོད་སྦྱིན་ཕུག་ཏུ་བཞུགས། །གསང་འདུས་ཏིང་འཛིན་འཕྲོ་འདུ་མཛད། །འཁོར་གྱིས་མཆོད་པ་སྣ་ཚོགས་ཕུལ། །དེ་ཙམ་དེའི་དུས་ཤེད་ན། །གནོད་སྦྱིན་དམར་པོ་པགས་གྱོན་དང་། །གནོད་སྦྱིན་གང་མ་མི་གཟན་དང་། །གནོད་སྦྱིན་རྙོབ་པ་ལག་རིང་དང་། །གནོད་སྦྱིན་རྣོ་བ་སྲོག་ལེན་དང་། །གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་དང་། །རྗེ་དང་འབངས་དང་ཁོལ་པོ་དང་། །དམག་མི་ཕྱག་བརྙན་དཔུངས་དང་བཅས། །གནོད་སྦྱིན་སྡེ་ཚོགས་ཐམས་ཅད་ལ། །གནོད་སྦྱིན་རྒྱལ་པོས་བཀའ་བསྩལ་པ། །གནོད་སྦྱིན་སྡེ་ཚོགས་ང་ལ་ཉོན། །རྟ་སྒོ་གང་གིས་གནོད་སྦྱིན་ཕུག །སྔ་ན་མེད་པའི་མི་གཅིག་གིས། །མི་རྫུ་དགུ་རྫུ་སྤྲུལ་པ་སྟོན། །

ཞེས་སོགས་གསལ་ཞིང་། གནོད་སྦྱིན་རྣམས་ཀྱི་གནས་རྟ་སྒོ་གངས་ཡིན་པ་གོ་ཐུབ་ཅིང་། གནའ་དུས་ཡུལ་སོ་སོར་གནས་བཅས་པའི་མེས་པོ་རྣམས་ཀྱིས་ཡུལ་དེའི་གངས་རི་བརྗིད་ཆགས་པ་རེ་བླ་རུ་བཀུར་བ་དང་། གནས་བདག་ལྟ་བུར་བརྩི་སྲོལ་ཡོད་པས། ད་ལྟའང་ངམ་རིང་ཕུ་དང་ནག་ཆུ་ཉི་མ་ཁུལ་གྱི་ཡུལ་མི་རྒན་གྲས་དག་གིས་རྟ་སྒོ་གངས་ལ་དད་མོས་བྱེད་བཞིན་པ་ལས་རྟོགས་ཐུབ། དེ་དང་འབྲེལ་བཟང་ཡུལ་རྒྱན་མེད་ཀྱང་རྟ་སྒོ་གངས་ཀྱི་ཉེ་འཁོར་ན། ངམ་རིང་བཟང་བཟང་ཡུལ་ཞེས་པ་དང་། བཟང་བཟང་ལྷ་བྲག་དཀར་པོ་སོགས་ཀྱི་ས་མིང་རྙེད་འོངས་ཤིང་། སྤྱིར་ན་བཟང་ཡུལ་དང་། ཟངས་ཡུལ། སྐབས་འགར་བཟང་ཞེས་པ་རུས་དང་འབྲེལ་བ་ཡང་ཡོད་པར་སྣང་སྟེ། བཟང་བཟའ་འཕྱོ་མ་དང་། བཟང་བཟའ་ལྷ་མོ། བཟང་བཟའ་རིང་བཙུན་ཟེར་བ་སོགས་ཀྱང་དཔེ་རྙིང་འགའ་ནས་མཇལ་རྒྱུ་འདུག་གོ །

གསུམ་པ། མངའ་མཛད་གནོད་སྦྱིན་གྱི་རུས་ཚན་དང་འབྲེལ་ནས་མདའ་གཞུའི་སྐོར་མདོ་ཙམ་བཤད་ན།

སྤྱིར་མཚོན་ཆ་ནི་འགྲོ་བ་མིའི་རིགས་ཀྱིས་རང་ལུས་སྲུང་བ་དང་གཞན་ལ་འགོག་རྒོལ་བྱེད་པ། བཟའ་བཏུང་རྩོལ་སྒྲུབ་བྱེད་པའི་འཚོ་བའི་ཡོ་བྱད་ཐོག་མ་ལྟ་བུ་ལགས་ཤིང་། གདོད་མའི་མེས་པོ་རྣམས་ཀྱིས་རྡོ་དང་དབྱུག་པ་མཚོན་ཆར་བརྟེན་ནས་རང་བྱུང་ཁམས་ཆེན་མོའི་ནང་གཅན་གཟན་གཏུམ་པོའི་རིགས་ལ་རྒོལ་བ་དང་། ཉམ་ཆུང་བའི་རི་དྭགས་གཞན་བརྔོན་ནས་ཟས་སུ་རོལ་ཏེ་འཚོ་གནས་ཐུབ་པར་ཡོད། ཐོག་མར་འཚོ་གནས་ཆེད་ལག་ཆ་བཟོ་ཤེས་པ་དང་། རྐང་ལག་གཉིས་ཀྱི་འགུལ་སྐྱོད་དམ་བྱ་བ་ཁ་བྲལ་བ། ཕན་ཚུན་བརྡ་སྤྲོད་རེས་བྱེད་ཐུབ་པ་སོགས་ལས་བློ་རིག་གི་རྩལ་ཁ་རིམ་བཞིན་རྒྱས་ཏེ་འཚོ་སྡོད་ཀྱི་ཉམས་མྱོང་དང་། ཐབས་ཤེས་གསར་པ་ཡང་དུ་མ་འཚོལ་རྙེད་ཐུབ། ཁྱད་པར་མངའ་མཛད་གནོད་སྦྱིན་ནག་པཔས་དབང་སྒྱུར་བའི་སྐབས་མདའ་གཞུ་བཟོ་ཤེས་པའི་ལག་རྩལ་དར་ཏེ་དགྲ་དང་གཅན་གཟན་གཏུམ་པོའི་རིགས་ལ་འགོག་རྒོལ་ལ་ཕན་འབྲས་ཆེན་པོ་ཐོན་ཡོད་ཅིང་། རང་རེས་མདའ་གཞུ་བཟོ་ཤེས་པའི་ལག་རྩལ་ཡང་ལོ་ངོ་སྟོང་ཕྲག་དྲུག་བདུན་ཡན་རིགས་འདེད་ཐུབ་པ་སྟེ། རྡོ་ཆས་གསར་མའི་དུས་རབས་ཀྱི་རྗེས་ཤུལ་ཉང་བྲན་ཆུ་གོང་གནའ་ཤུལ་ལས། ཟངས་ཀྱི་མདའ་རྩེ་སོགས་རྙེད་སོན་ཐུབ་ཡོད་ཅིང་། གནའ་ཤུལ་དེར་ལོ་ངོ་བཞི་སྟོང་ཡས་མས་ཀྱི་ལོ་གྲངས་སོང་ཟིན་པར་དཔྱད་འབྲས་ལས་བཤད་ལ། དེའི་ཡར་སྔོན་དུའང་སྨྱུག་མ་དང་ཤིང་མཁྲེགས་པོས་མདའ་གཞུ་བཟོ་ཤེས་ཡོད་པ་ནི་རྟོགས་ཐུབ་པས། གནའ་སྲིད་པའི་དུས་སུ་རང་རེའི་ཨ་མེས་ཚོས་མདའ་གཞུ་ལ་གཙིགས་ཆེར་འཛིན་ཅིང་། གང་འགྲོའི་སར་འབྲལ་མེད་དུ་ལུས་ལ་འཆང་བ་དང་། ཁྱད་པར་སྐྱེས་ཕོ་རྣམས་ཀྱིས་མདའ་ལ་དགའ་ཞེན་དང་། སྲོག་ལྟར་གཅེས་པས། ཕོ་སྲོག་མདའ་ལ་བརྟེན་པ། ཞེས་པའི་གནའ་གཏམ་འདི་བྱུང་ལ། ཡུལ་ལྷ་གནོད་སྦྱིན་བཙན་གྱི་རིགས་ཕལ་མོ་ཆེས་མདའ་གཞུ་ཕྱག་མཚན་དུ་བཞེས་པའང་གནའ་བོའི་མེས་པོའི་གཟུགས་བརྙན་མཚོན་ཐུབ་པ་ཡིན། རི་དྭགས་རྔོན་པ་སོགས་སྐབས་འགར་གཞུ་སྐུད་སོར་མོས་དཀྲོལ་ནས་སྦྲེང་སྦྲེང་་་་་ཞེས་པའི་སྒྲ་གྲག་པས། རྒྱུ་སྐུད་ཐོག་མར་དཀྲོལ་བའི་རོལ་མོའི་རིགས་པའང་རྙེད་ཡོད་ཅིང་། དེང་ཡང་པི་ཝང་གི་རོལ་མོར་མདའ་གཞུ་གཉིས་ཀྱི་རྣམ་པ་མ་ཉམས་པར་མཐོང་རྒྱུ་ཡོད། དེའི་ཕྱིར་མངའ་མཛད་བཅུ་ལས་གནོད་སྦྱིན་ནག་པོས་དབང་སྒྱུར་བའི་དུས་ནི་ལྷ་སྒྲུང་ཙམ་མ་ཡིན་པར། ཧི་མ་ལ་ཡའི་རི་རྒྱུད་དེར་འཚོ་སྡོད་བྱེད་པའི་བོད་མི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་སྣང་ཚུལ་ཡིན་པ་དང་། དེས་གདོད་མའི་སྤྱི་ཚོགས་དང་རུས་རྒྱུད་ཚོ་པའི་དུས་རབས། རྡོ་ཆས་གསར་རྙིང་གི་རིག་གནས་མཚོན་པ། རང་རེའི་བོད་ལའང་མིའི་རིགས་ཀྱི་འབྱུང་འཕེལ་དང་། དེ་དང་འབྲེལ་བའི་འཚོ་གནས་ཐོན་སྐྱེད་རིག་གནས་ཀྱི་ལོ་རྒྱུས་ཧ་ཅང་དུས་ཡུན་རིང་པོ་འཇོག་རྒྱུ་ཡོད་པ་རྟོགས་ཐུབ་པ་དང་དེ་བཞིན་དུ་རྟོགས་དགོས་པ་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཡིན་ནོ། །

བརྒྱུད་སྐུལ།

མཆན་སྤེལ།