རྗེ་རིན་པོ་ཆེས་གྲྭ་སྐོར་གནང་ས་ངམ་རིང་དགའ་རོང་ཆོས་སྡེ་གང་དུ་ཡོད་དམ།

རྗེ་རིན་པོ་ཆེས་གྲྭ་སྐོར་གནང་ས་ངམ་རིང་དགའ་རོང་ཆོས་སྡེ་གང་དུ་ཡོད་དམ།

རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།

 

དགའ་རོང་ངམ་མགར་རོང་གྷ་རུང་འགའ་རོང་འགག་རོང་ཞེས་ཆོས་སྡེ་འདིར་མཚན་བྲིས་སྲོལ་ལྔ་ཙམ་འདུག

ImageImageImageImageImageImage

དགོན་འདི་ནི་ཀུན་སྤངས་ཆོས་གྲགས་དཔལ (1283-1363) གྱིས་ཕྱག་བཏབ་པ་ནི་ཇོ་ནང་ཀུན་དགའ་གྲོལ་མཆོག་གི་ཐུགས་སྲས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས(1523-1594)མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་གསལ།

ཕྱིས་སུ་གྷ་རུང་བ་ལྷའི་རྒྱལ་མཚན་གྱི་གདན་ས་མཛད་པ་ནི་ཁོང་གི་རྣམ་ཐར་ལས། གྷ་རུང་ཆོས་སྡེར་བྱོན་ནས་སློབ་དཔོན་ཆོས་གྲགས་ཀྱི་གདན་ས་གཏད་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཕྱག་དཔེ་ལྷ་རྟེན་ཐམས་ཅད་ཕུལ་ནས། དེར་ལོ་དུ་མར་འཆད་ཉན་དར་རྒྱས་སུ་མཛད་དེ། ཅེས་གསལ་མོད་ཀུན་མཁྱེན་ཇོ་ནང་པའི(1292-1361)རྣམ་ཐར་ལས། ཇོ་ནང་སྐུ་འབུམ་གྱི་རབ་གནས་རབ་བྱུང་དྲུག་པའི་ཆུ་བྱ་སྤྱི་ལོ 1333 ལོའི་ཟླ་བ་དྲུག་པའི་ཚེས་བཅུའི་ཉིན་མཛད་སྐབས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་སངས་རྒྱས་ཀྱི་དབུས་ཐུགས་སྲས་གྷ་རུང་བ་ཡང་ལྷན་དུ་ཡོད་པ་དང་ཀུན་མཁྱེན་གཤེགས་པའི་སྐབས་ལའང་ཆོས་རྗེ་གྷ་རུང་བ་ཡོད་པ་གསལ་བས་ཀུན་མཁྱེན་གཤེགས་རྗེས་གྷ་རུང་ཆོས་སྡེའི་སློབ་དཔོན་གནང་བ་ཡིན་ནམ་དཔྱོད་པར་ཞུའོ། གྷ་རུང་ནི་ཆོས་སྡེའི་མིང་སློབ་དཔོན་ལ་ཐོགས་པ་ཞིག་ཡིན། མ་གཞི་དགོན་འདི་ནི་ཀུན་སྤངས་ཆོས་གྲགས་དཔལ་གྱིས་ཕྱག་བཏབ་མོད་ཕྱིས་སུ་ཆོས་རྗེ་དགའ་རོང་བ་གནས་འདིར་མཛད་པ་ཤིན་ཏུ་རྒྱས་པས་དགའ་རོང་ཆོས་སྡེའི་གཙུག་གི་རྒྱན་དུ་འགྱུར་པ་རེད། དེས་ན་ཆོས་རྗེ་གྷ་རུང་བའི་རྣམ་ཐར་མདོ་ཙམ་བརྗོད་ན། ཁོང་ནི་ཀུན་མཁྱེན་དོལ་པོ་བའི་སློབ་ཆེན་བཅུ་བཞིའི་ནང་ཚན་ཞིག་ཡིན། འཁྲུངས་ཡུལ་ནི་དབུས་གཙང་གཉིས་ལས་དབུས་ཕྱོགས་ཡུལ་གྲུའི་བྱེ་བྲག །སྡེ་ཐང་༼ཚལ་གུང་ཐང་གི་ཉེ་འགྲམ་དུ་མིན་ནམ་སྙམ།༽དུ་ཡབ་ཡེ་ཤེས་བཟང་དང་ཡུམ་དཔལ་བཙུན་མའི་སྲས་སུ་རབ་བྱུང་ལྔ་པའི་ས་མོ་ལུག་གི་ལོ་སྤྱི་ལོ 1319 སྐུ་འཁྲུངས། གྲུབ་ཐོབ་ཨ་ཙ་ལ་ན་ཐས་སྡེ་ཐང་དུ་ཨརྱ་དེ་ཝ་བྱོན་ཡོད་གསུངས། དགུང་ལོ་ལྔ་པར་སྐུ་འབུམ་ཐང་དུ་བླ་མ་དོན་གྲུབ་དཔལ་ལས་རབ་བྱུང་ཞུས།  མཚན་ལྷའི་རྒྱལ་མཚན་དཔལ་བཟང་པོར་གསོལ། ཀ་རི་ཀ་སོགས་གསན། གསང་ཕུའི་གླིང་སྟོད་སྨད་དང་ཚལ་ཡང་དགོན་གུང་ཐང་ལ་སོགས་དབུས་ཀྱི་དགོན་གནས་རྣམས་སུ་བྱོན་ནས་ཕར་ཚད་མངོན་འདུལ་སོགས་ལ་སྦྱང་། མཚུར་ཕུར་བྱོན་ནས་རྟོགས་ལྡན་གྲགས་སེང་མདུན་དུ་ཕེབས། ཁོང་གིས་ཨརྱ་དེ་ཝར་ལུང་བསྟན། དགུང་ལོ་ཉི་ཤུར་གཙང་ལ་ཕེབས། ཞ་ལུ་ཆོས་སྡེ་དང་རྟ་ནག  བྲག་རམ་སོགས་སུ་སློབ་དཔོན་ཀུན་བཟང་ལ་ཕར་ཚད་མངོན་འདུལ་གྱི་འགྲེལ་པ་དང་བཅས་པ་གསན། འདིར་ཚད་མ་རིག་པའི་བཤད་སྦྱར་ཚར་གཅིག་གསུངས། དེ་ནས་རྩེ་ཆེན་ཆོས་སྡེ་དང་ནུབ་ཆོས་ལུང་། ས་སྐྱ་སོགས་སུ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སོགས་མཁས་གྲུབ་དུ་མར་ཆོས་གསན་མཐར་ཀུན་མཁྱེན་ཆེན་པོའི་སྙན་གྲགས་གསན་པས་རབ་བྱུང་དྲུག་པའི་ལྕགས་ཡོས་སྤྱི་ལོ 1351 ལོར་དགུང་གྲངས་སོ་གཉིས་ལ་རི་ཁྲོད་ཆེན་པོ་ཇོ་མོ་ནང་དུ་ཕེབས་དེར་གུས་པས་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་པོ་ཞུས་ཉམས་རྟོགས་དཔག་མེད་འཁྲུངས། འདིར་བཞུགས་སློབ་དཔོན་ཆོས་གྲགས་དཔལ་དང་ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང༌མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་རྒྱལ་བ། ཉ་དབོན་པ་རྣམས་ལས་ཆོས་མང་དུ་གསན། གྷ་རུང་ཆོས་སྡེར་སློབ་དཔོན་ཆོས་གྲགས་དཔལ་གྱིས་གདན་ས་གཏད་དེར་ལོ་མང་འཆད་ཉན་མཛད། དེ་ནས་མཁན་བྱང་ཆུབ་བཟང་པོས་གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་ཕུལ་ནས་དེར་བཞུགས་ཏེ་རྟེན་གསུམ་བཞེངས། རྒྱུད་འགྲེལ་སོགས་ཆོས་མང་དུ་གསུངས། ༼གནས་ཆེན་ནམ་མཁའ་མཛོད་ཟེར་བ་གང་དུ་ཡོད་མེད་ཤེས་མ་སོང་།༽མཐར་དགུང་ལོ་གྱ་གཅིག་མེ་སྦྲུལ་ལ་གཤེགས་ཞེས་ཇོ་ནང་ཆོས་འབྱུང་དུ་གསུངས་ཀྱང་། ས་ལུག་ནས་མེ་སྦྲུལ་བར་ལོ་ངོ་ང་བརྒྱད་ལས་མེད་པས། དགུང་ལོ་གྱ་གཅིག་ཡིན་ཐབས་མེད་ལ། དགུང་ལོ་གྱ་གཅིག་བོད་ལུགས་ལྟར་བརྩིས་ན་རང་བྱུང་དྲུག་པའི་ས་ཡོས་སྤྱི་ལོ 1399 ཡིན་པ་ལས་འོས་མེད་པས་དཔྱོད་འཚལ།  རིགས་ལྡན་རྒྱལ་བ་ཇོ་བཟང་དཔལ་བཟང་པོས་མཛད་པའི་རྣམ་ཐར་ལས་དགུང་གྲངས་གྱ་གསུམ་མེ་མོ་ལུག་གི་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ཞི་བར་གཤེགས་སོ་ཞེས་གསལ་མོད་འདི་ནི་རབ་བྱུང་བདུན་པའི་ཆུ་མོ་ལུག་གི་ལོ་སྤྱི་ལོ 1403 ལོར་ཡིན། ཁོ་བོས་ནི་དགུང་ལོ་གྱ་གསུམ་དུ་བཞུགས་པ་འདོད་དོ། །གཤེགས་རྫོངས་རྫོགས་པར་གྲུབ་ནས་རྒྱལ་ཚབ་ཏུ་བསྟན་པའི་རྒྱལ་མཚན་བསྐོས་པའོ། གསུང་རྩོམ་ལ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་རྣམ་ཐར་དང་རྒྱུད་བླའི་འགྲེལ་པ་སོགས་ཡོད།

དེའི་བར་ལ་རྗེ་བདག་ཉིད་ཆེན་པོ་ཆོས་རྗེ་ཙོང་ཁ་པ(1357-1419)ཡང་གྷ་རུང་ངམ་འགའ་རོང་ཆོས་སྡེར་བྱོན་ནས་གྲྭ་སྐོར་མཛད་པ་ནི་རྗེའི་རྣམ་ཐར་མཁས་གྲུབ་རིན་པོ་ཆེས་མཛད་པ་ལས། ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད། དེ་གའི་འཕྲོ་འཐུད་པ་ལ། ལ་སྟོད་བྱང་ལ་བྱོན། འདར་བཟང་ལྡན། ངམ་རིང་འགའ་རོང་ཆོས་སྡེ་རྣམས་སུའང་གྲྭ་སྐོར་མཛད་ནས་ཇོ་མོ་ནང་དུ་ཕེབས། ཞེས་གསལ་བས་སྐབས་དེ་དུས་ཆོས་རྗེ་དགའ་རོང་ཞལ་བཞུགས་ཡོད་མོད་མཇལ་བའི་སྐོར་རྣམ་ཐར་གཉིས་ཀར་གསལ་མེད་པས་དེ་དུས་ཆོས་རྗེ་དགའ་རོང་བ་ཆོས་སྡེ་འདིར་བཞུགས་མེད་པ་འདྲ། དགའ་རོང་ཆོས་སྡེ་འདི་ཇོ་ནང་པའི་ཆོས་སྡེ་གྲགས་ཆེ་བ་ཞིག་ཡིན་ལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྐབས་ལའང་ཆོས་སྡེ་འདི་ཡོད་འདུག་ཁོང་གི་སློབ་མའི་གཙོ་བོ་ཡང་ཆོས་རྗེ་དགའ་རོང་པ་ཞེས་གསལ།    ཇོ་ནང་ཀུན་དགའ་གྲོལ་མཆོག(1507-1566)གི་རྩ་བའི་བླ་མ་བྱང་པ་ལོ་ཆེན་ནམ་དཔལ་ཇོ་ནང་གདན་སའི་རྩ་བའི་བླ་མ་ལོ་ཆེན་རཏྣ་བྷ་དྲའི་རྣམ་ཐར་ལས་དགའ་རོང་ཆོས་སྡེར་མང་ཇ་ཞེས་གསལ་ཡོད། འོན་ཏེ་རྗེ་བཙུན་ཏཱ་ར་ནཱ་ཐའི་གོང་ཙམ་ནས་ཉམས་ཆགས་ཤུགས་ཆེན་བྱུང་བ་འདྲ་ཕྱིས་སུ་དེའི་རྟེན་རྣམས་སྤྱི་ལོ 1615 ལོར་ཕྱག་བཏབ་པའི་རྟག་བརྟན་ཆོས་སྡེར་གདན་འདྲེན་པའི་སྐོར་རྟག་བརྟན་དམ་ཆོས་གླིང་ངམ་ཕུན་ཚོགས་གླིང་གི་གདན་རབས་རྣམ་ཐར་དུ་གསལ་ལ་རྟག་བརྟན་ཆོས་སྡེའི་དགོན་ལག་ཀྱི་ཁོངས་སུ་ཡང་ཡོད། ཇོ་ནང་ཀུན་མཁྱེན་གྱི་ཐུགས་སྲས་ས་བཟང་མ་ཏིའི་གདན་ས་ངམ་རིང་བཟང་ལྡན་དགོན་པའི་ལོ་རྒྱུས་ལས་དགའ་རོང་ཆོས་སྡེ་ནི་བཟང་ལྡན་དགོན་གྱི་དགོན་ལག་ཡིན་གསུང་སྲོལ་ཡོད་མོད་བཟང་ལྡན་དགོན་པའི་དགོན་ལག་ལ་ནམ་ཞིག་བསྒྱུར་བ་མི་ཤེས། བཟང་ལྡན་དང་འགའ་རོང་ཆུ་དགའ་ཆོས་སྡེ་གསུམ་དུས་མཉམ་དུ་ཀུན་སྤངས་ཆོས་གྲགས་དཔལ་གྱིས་ཕྱག་བཏབ་པས་རྐྱེན་ཡིན་ནམ་ཅི།  ཕུན་ཚོགས་གླིང་གི་དགོན་ལག་ཡིན་གསུང་སྲོལ་དེ་ནི་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐབས་ནས་ཡིན་འདུག   སླར་ཡང་བསྟན་པ་ཡང་དར་གྱི་སྐབས་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་ཀུན་དགའ་ཡེ་ཤེས་ཞབས་ཀྱི་ཞལ་བཀོད་ལྟར་རང་སློབ་བཙུན་མ་ཀུན་དགའ་ཆོས་རྣམ་སོགས་ཀྱི་སྔོན་གྱི་གནའ་ཤུལ་སྟེང་དགོན་པ་བསྐྱར་བཞེངས་ཀྱིས་ཇོ་ནང་པའི་ལུགས་འཛིན་སྐྱོང་གནང་གི་ཡོད། དེང་བཙུན་མ་བཅུ་ཙམ་བཞུགས།  ས་གནས་ལྷ་རྩེ་རྫོང་ཕུན་ཚོགས་གླིང་ཡུལ་ཤོག་ས་སྒྲོལ་གྲོང་ཚོ་འམ་ས་གྲོང་ཚོའི་ཁོངས་སུ་ཡོད། དེང་སང་ཡང་དགའ་རོང་ཆོས་སྡེར་རྗེ་རིན་པོ་ཆེས་གྲྭ་སྐོར་གནང་དུས་ཀྱི་ས་ཁྲི་རྩ་ཆེན་འདི་མཇལ་རྒྱུ་ཡོད་ཏོ། །དེ་ལྟར་ངོ་སྤྲོད་ཞུ་དོན་ནི་ལོ་ཤས་གོང་ཁོ་བོ་དགའ་རོང་ཆོས་སྡེར་ཆེད་དུ་བཅར་མྱོང་བ་མ་ཟད་དེ་རྗེས་མཁས་དབང་ར་སེ་མཆོག་དང་ལྷན་དུ་གནས་རྙིང་ཆོས་སྡེར་མཆོད་མཇལ་དུ་འགྲོ་སྐབས་དེ་གའི་དབུ་འཛིན་རིག་བཟང་ལགས་ནས་རྟ་མགྲིན་ལྷ་ཁང་གི་ལྡེབས་རིས་ལ་རྗེ་རིན་པོ་ཆེའི་རྣམ་ཐར་བྲིས་དུས་ངམ་རིང་དགའ་རོང་ཆོས་སྡེ་རྩད་གཅོད་བྱས་ཀྱང་རྙེད་མ་བྱུང་གསུང་པས་ཕྱིས་སུ་རྗེ་རིན་པོ་ཆེའི་རྣམ་ཐར་ལ་ཞིབ་འཇུག་བྱེད་མཁན་དག་ལ་ཕན་པ་ཡོང་སྲིད་སྙམ་པའི་སེམས་བསྐྱེད་དེ་བྲིས་པའོ། །རྗེའི་རྣམ་ཐར་ལས། ངམ་རིང་འགའ་རོང་ཆོས་སྡེ་ཞེས་གསལ་བ་ཡང་སྐབས་དེར་ལ་སྟོད་བྱང་ངམ་རིང་གི་ཁོངས་སུ་ཡོད་མོད་དེང་ལྷ་རྩེ་རྫོང་གི་ཁོངས་སུ་ཡོད། །༢༠༢༢/༩/༡༣/

བརྒྱུད་སྐུལ།

མཆན་སྤེལ།