དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟོད་ལུང་གི་ཁྲལ་འུ་ཁྲིམས་འགོ་སོགས། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟོད་ལུང་གི་ཁྲལ་འུ་ཁྲིམས་འགོ་སོགས། ༢༽

གཉིས་པ། ཁྲལ་འུ་ཁྲིམས་འགོ།

གོང་གསལ་རྫོང་གཞིས་ཁག་གསུམ་གྱི་གྲོང་ཚོ་དེ་རྣམས་ཀྱི་དཔོན་ཁུངས་བསྡོམས་གཞུང་རྒྱུག་པ་ཁག་དགུ་དང་། སྒེར་པ་ཁག་ཉི་ཤུ་རྩ་ལྔ་། ཆོས་གཞིས་ཁག་བརྒྱ་དང་དྲུག་ཅུ་བཅས་ཡོད། གཞུང་རྒྱུག་ཕུད་པའི་སྒེར་གཞིས་དང་།

ཆོས་གཞིས་ཚོས་ཞོལ་པ་ལས་ཁུངས་སུ་ཞོལ་བོགས་ཞེས་ལོ་ལྟར་གཏན་འཁེལ་གྱི་འབྲུ་བོགས་འཇལ་དགོས་ཀྱི་ཡོད་པ་དེ་ནི་ཞོལ་ལས་ཁུངས་ཀྱི་འབྲུ་འབབ་གཙོ་བོའི་གྲས་ཤིག་ཡིན། གཞན་ཡང་སྨོན་བརྔོད་ཅེས་རྩམ་པ་བརྔོད་འཐག་རྒྱག་དགོས་པའི་ཐོག་ཁུངས་སོ་སོས་ལྷ་སར་ཞོལ་ལས་ཁུངས་སོགས་སུ་སྐྱེལ་དགོས་པ། དེ་བཞིན་དཔོན་རིགས་དང་། དམག་དཔུང་སོགས་གཞུང་དོན་འགྲུལ་བཞུད་བྱེད་མིར་ལམ་ཡིག་གཞིར་བཟུང་རྟ་འུལ་དང་། ཁལ་མ། སྡོད་སྒྲིག རྟ་གཡོག ཐབ་གཡོག་སོགས་ཁྲལ་འུལ་རྒྱུག་དགོས་པར་ཕྱི་ཁྲལ་ཞེས་ཟེར་བ་དང་། རང་ཁོངས་སོ་སོའི་དཔོན་ཁུངས་ཀྱི་ས་ཞིང་འདེབས་གཡོག་དང་། རྐང་འཕྲོ་བྱ་རྒྱུར་ནང་ཁྲལ་ཞེས་བརྗེད་སྲོལ་ཡོད།

གཞུང་དོན་དུ་འགྲོ་བསྐྱོད་བྱེད་མཁན་དཔོན་རིགས་རྣམས་ལྷ་ས་ནས་རྡོག་ཐོན་བྱས་ཏེ་སྣང་རྩེ་དང་། དེ་ནས་ཚལ་བདེར་ཞག་སྡོད་དགོས་པ་ལས་གང་བྱུང་དུ་སྡོད་མི་ཆོག་ཅིང་། གཏན་སྡོད་བྱ་ཡུལ་གྱི་ས་ཆ་དེར་རྒྱ་ཚུགས་ཞེས་འབོད་ཀྱི་ཡོད་པ་དེར་སྒྲིག་ཁང་ཟེར་བ་གོ་གནས་མཐོ་དམན་གཞིར་བཟུང་སྡོད་ཤག་དང་། གདན་ལྕོག་སོགས་གྲ་སྒྲིག་བྱེད་དགོས་པ་མ་ཟད། ས་གནས་སོ་སོའི་རྒན་པོས་ཁ་བཏགས་འཁྱེར་ནས་གྲོང་ཚོའི་ཉེ་འགྲམ་དུ་འཚམས་ཞུར་ཡོང་དགོས་པ་ཡིན། གཞུང་ཡིག་སྐྱེལ་མཁན་ཨ་དྲུང་ཡིན་ན་ས་ཚིགས་ཏེ་དཔེར་ན་གདོང་དཀར་ནས་སྣང་རྩེ་དང་དེ་ནས་དམར། བདེ་ཆེན་སོགས་སུ་རྟ་འུལ་བརྗེ་སྲོལ་ཡོད། འོན་ཀྱང་དཔོན་རིགས་སྒེར་དོན་དུ་འགྲོ་མཁན་ཚོར་ལམ་ཡིག་འཁྱེར་རྒྱུ་མེད་སྟབས་རྟ་ཁལ་སྡོད་སྒྲིག་སོགས་བྱེད་དགོས་ཀྱི་མེད། ཁྲལ་འུལ་རྒྱུག་ཕྱོགས་ཐད་གཞུང་སྒེར་ཆོས་གསུམ་གྱི་ནང་ནས་ཆག་ཆེན་བཞི་(དམག་ཆག་དང་། ཞབས་སྡོད་ངོ་ཆགས ལྕགས་ཡོས་ཞིབ་མཆན་གྱི་ཆག བཀྲུས་ཆག་སྟེ་གསེར་སྐུ་བཀྲུས་པའི་ཆུ་འཐུང་ནས་མནའ་སྐྱལ་བ་)དང་། ཆེ་བཙན་བདུན་(སེར་འབྲས་དགའ་གསུམ་དང་། རྒྱུད་གྲྭ་སྟོད་སྨད། རྣམ་རྒྱལ་གྲྭ་ཚང་། གནས་ཆུང་གྲྭ་ཚང་)གི་གཞིས་ཁོངས་ལ་དམིགས་བསལ་གནས་ཚུལ་ཕུད་ཕྱི་ཁྲལ་ཏེ་གཞུང་ཁྲལ་རྒྱུག་དགོས་པ་རྣམས་སྒེར་ཆོས་གཞན་ལྟར་ཁྲལ་འུལ་མི་འཁྲི་ཡང་། ནང་ཁྲལ་ཏེ་དཔོན་ཁུངས་སོ་སོའི་ཁྲལ་འུལ་རྒྱུག་དགོས་པ་དེ་ཡིན།

༄༅། །ཉི་འོག་ཏུ་འཁོད་པའི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཞོལ་གཉེར་སྡོད་དང་། ཤུན་རྫོང་སྡོད། བསྐུལ་བརྡའི་སྣེ་སླེབ་(སླེབས་)སེར་སྐྱ་དྲ་གཞན་(དྲག་ཞན་)རྒན་(འགན་)དམངས་དང་བཅས་པ་མཐའ་དག་ལ་སྤྲིངས་པ། ཞོལ་དུ་ཞིབ་གཅོད་དུས་ཕྲུག་སམ་ཆེ་པའི་དག་ཁྲར་དམག་དུས་རྐང་བཅུ་གཅིག་དང་། ཁྲལ་དུས་རྐང་ལྔའི་སྒྲུབ་ལང་བྱུང་ཕྱིན་མཐུས་(འཐུས་)པའི་དག་ཁྲ་སེལ་མ་བཀྲུས་རྒྱབ་འབྱར་བ་ཡོད་འདུག་ཀྱང་། དུ་གཏོང་ལ་བསྙད་པའི་ཁྲལ་རིགས་འགེལ་གཙེར་རྒྱུན་འབྱམས་བྱུང་འདུག་པ་བབས་འབྲེལ་མ་ཕྱེ་(ཆེ་)བས། ད་ཆ་འདི་ལམ་ནས་བཟུང་ཁྲི་ཟམ་སོགས་ཀྱིས་མཚོན་པའི་དུ་གཏོང་གི་ཁྲལ་རིགས་ཚང་མ་བསྐུལ་གཙེར་མེད་པར་བདེ་བར་ཡི་གེ་འཛིན་འཇུག་པ་གྱིས། ཆུ་རྟ་ཟླ་ཚེས་ལ་བྲིས། རྐང་ལྔའི་འཁྲི་སྒྲུབ་ཞ་ཆག་མེད་པ་བྱུང་ཕྱིན་གོང་བཞིན་གྱིས། རྟགས་ཐམ། ༸གོང་ས་ལྔ་པ་ཆེན་པོའི་རྒྱ་ཐམ་རྩི་རྩི་ཕོའུ། འདི་ནི་གོང་ས་ལྔ་པས་མ་གཏོགས་རྒྱལ་བ་གཞན་གྱིས་བསྩལ་མི་འདུག མཆན་དོན་བཞིན་རྒྱབ་གནོན་བྱས་པ་ཡིན། རྟགས་ཐམ།

 

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

         སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་ཐད། ཕྱི་ལོ་ ༡༨༣༠ ལོར་གཏན་འབེབས་བྱས་པའི་《ལྕགས་སྟག་ཞིབ་གཞུང་》ཞེས་ཐམ་འབྱར་མ་དེའི་ནང་། དེ་སྔའི་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་རྐང་འདོན་བསྡོམས་མཆན་ལ་ཆོས་གཞིས་བསྡོམས་འདོན་བརྒྱ་དང་བཅུ་མེད་དྲུག་དང་ལྔ་ཆ་གཅིག སྒེར་ཁག་ལ་འདོན་སུམ་ཅུ་ཐམ་པ་དང་དྲུག་ཆ་ཕྱེད་གསུམ། གཞུང་རྒྱུག་རྐང་དྲུག་ཅུ་ཕྱེད་རེ་གཅིག་དང་གསུམ་ཆ་གཅིག་བཅས་གསལ་འདུག་པ།[1] ད་དུང་པོ་ཏ་ལའི་ཞོལ་འོག་སྣེའུ་གཞིས་འོག་དང་། གདོང་དཀར་རྫོང་འོག་སོགས་ཡོད། གོང་གསལ་རྫོང་གཞིས་དེ་གསུམ་གྱི་ཁོངས་གཞུང་སྒེར་ཆོས་གསུམ་གྱི་གྲོང་ཚོ་ཇི་ཡོད་ཐད། དང་གཞུང་རྒྱུགས་ཁོངས་རྦ་ཆུ་སྒང་དང་། གཡུ་ཐོག་སྒང་། མགར་ཚང་། བདེ་ཆེན། ཤིང་ཀ། སེ་གྲོང་། དཔལ་ནག དཀར་པོ་སྲས། སྤང་ཕུ། གདོང་དཀར། སྟག་ཚལ། ཨ་ཡར་ཀོག ལྷི་ལུ་དང་། སྒེར་པའི་ཁོངས་སྒེར་སྨོན་གྲོང་པའི་བུ་ལྐོག སྒེར་རིན་སྒང་པའི་རིན་ཆེན་སྒང་། སྒེར་དཔོན་ཚང་གི་སྒང་སྐྱིད། སྒེར་ལྡུམ་ར་བའི་སྒང་སྐྱིད་ས་མ་འབྲོག སྒེར་རྒྱལ་སྟག་པའི་རྒྱལ་སྟག སྒེར་བྱང་ངོས་པའི་གྲོང་པ་ཆེ་དང་། ཀླུ་སྦུག ཡབ་གཞིས་གཡུ་ཐོག་གི་ར་ཚག་དང་། ཡབ་མདའ། ཕུག་པོ་ཆེ། མདའ་སྒང་། ཡབ་གཞིས་ཕུན་ཁང་གི་མཛེས་པ་གྲོང་། སྒེར་བར་གཞིས་པའི་ཇ་ལོ་དང་། ཁང་གསར། སྲང་མཁར་ཀོག སྒེར་ནམ་མཁའ་དངོས་གཞིའི་ཞིང་གསར་ཀོག སྒེར་གསར་བྱུང་བའི་དཔལ་སྡིངས། ཡབ་གཞིས་སྟག་རྩེ་བའི་རྣམ་རྒྱལ་སེར་ཁང་དང་། ཡོག་མོ་གྲོང་། ནོར་བུ་གྲོང་། ལ་ཕུག་སྣེའུ། སྒེར་ཚང་རོང་གི་རིན་ཆེན་སྒང་། སྒེར་བཀྲས་ཁང་གི་ཁ་བཏགས། སྒེར་ལྷ་ཀླུའི་ཡབ་མདའ་བཅས་སོ།

ཆོས་གཞིས་གྲོང་ཚོའི་ཐད་ཀུན་བདེ་གླིང་བླ་བྲང་གི་མཆོད་གཞིས་མོང་སྟོད་དང་། མོན་ཆུང་། རྔུལ་ནང་། མཁའ་རེག་མདོ། ས་མཚམས། ལྷ་པ་སྒང་། རྒྱ་སྟོད། འབྲོག་ཏུ་ཐེམ་གྲངས་ཉི་ཤུ་རྩ་གཉིས། ཉང་རྩེ། ཡ་རི་སྒང་། ལྕགས་རྡོ། དངོས་གཞི་ཁང་གསར། གསང་མདའ། ས་མ་འབྲོག ཚ་གུར། རྭ་སྒྲེང་བླ་བྲང་གི་ཀོང་མདོ། ཟངས་དཀར། བཀྲ་ཤིས་སྒང་། རིན་ཆེན་སྒང་། རྒྱ་ཡག འབྲས་སྒོ་མང་གྲྭ་ཚང་གི་དགོན་གཤམ་པ། དཔལ་སྡིངས། སྙན། གད་པོ། གྲོང་སྨད། གྲོང་སྟོད་འབྲོག་རུ། གླ་གྲོང་། ཁ་འོག དམག་སྒར། ས་མ་འབྲོག གྲོང་གསེབ། མོ་ཡན་ཀོག སྐྱར་པོ། ཞང་སྟོན། འབྲས་བློ་གླིང་གི་འབྲོག་རུ་ཁག་ལྔ་དང་། བྲག་ཕུག གླང་གྲོང་། ཆུ་རིས་ཅན། རྒྱ་རི་ཚལ། ཁང་དཀྱིལ། དངོས་གྲུབ་ལྡིང་། སྤྱི་རི་ཁང་གསར། ལྷི་ལུ། རྐྱང་མོ། ཟམ་གདོང་སྨད། རྐ་འགོ་གཞིས་ཀའི་འཁོར་བཅས། སྨན་ཆུང་། ཞེང་གྲོང་། ནུབ་འགག རྒྱུད་སྨད་ཀྱི་བཀྲ་ཤིས་ཁང་གསར་དང་། ཞོ་ཐང་། ཕྱིར་མིག་ལུང་། སྲོང་རབ། ངང་དཀར། བརྩོན་བྲོ། ལམ་པ། ལྟ་སྐོག ཞིང་ཆེན་མ་ས་མ་འབྲོག རིན་ཆེན་སྒང་། འབྲས་ཧར་གདོང་ཁང་ཚན་གྱི་ནོར་རྒྱས་ཁང་གསར་དང་། ལུག་པ་སྒང་། སྦྱར་རགས་གཞི། རྒྱང་དཀར། གཞོང་པ་ལྷ་ཆུ། འབྲས་སྤྱི་བསོའི་དོས་པོ་དང་། ཚལ་པོ། འོག་མ། མཚོ་སྨད། མཚོ་སྟོད་འབྲོག་རུ། བཟང་མོ། སྟང་སྡོང་། ཁང་གསར་བྱང་། ཟམ་གདོང་སྨད། མདའ་གཞུང་གཞིས། གྲོག་ཕུག སྒང་ཁང་གསར། རྩེ་རྣམ་རྒྱལ་གྲྭ་ཚང་གི་སྨོན་མཁར་དང་། གྲྭ་ཚང་སྒང་། པད་དཀར་སྒང་མ་ས་འབྲོག འཆི་མེད་ཀོག གདན་གྲོང་གཞིས། སེར་མ། ར་མོ་ཆེ། ཆ་དཀར། སྒང་བདེ་གླིང་། གནས་ནང་དགོན་གྱི་གྲུ་གུ་དང་། རྒུ་རུམ། མཁར་སྟོད། ཅོང་པ། མཚུར་ཕུ་སྒར་པའི་བདེ་ཆེན་དགོན། རི་སྲུང་། ཁང་གསར་རྒྱུད། མི་སེར་སྒང་། བ་ཚིགས་རྒྱུད། ལྕང་རིའི་རྒྱུད། མདའ་ཁུལ། ལྷ་ལུང་། ང་རིང་། རྒྱལ། ལ་སྟེང་། ཆུ་ལུང་། གསུམ་མདོ་འོག བཀྲ་ཤིས་སྒང་། མཚུར་ཕུ་དགོན་གྱི་ཁང་སེར་མ། དེ་མོ་བླ་བྲང་གི་རྒྱ་འུ་དང་། རུམ་བུ། སྤ་ར། གནམ་སྟོད། འབྲས་སྔགས་པ་གྲྭ་ཚང་གི་གྲོང་སྟོད་དང་། དགོན་པ་གསར་བླ་བྲང་གི་གྲུ་སྨད། ཤངས་སྟག་སྣ་དགོན་གྱི་དགའ་གྲོང་། སྡེ་དྲུག་བླ་བྲང་གི་སྣང་རྩེ། གནས་ཆུང་གྲྭ་ཚང་གི་ལྕགས་རུ་དང་། ཤར་ཕྱོགས། འབྲས་སྤུངས་ཀོང་པོ་ཁང་ཚན་གྱི་ཆ་མ་ཤར། འབྲས་སྤུངས་སྤོམ་པོ་ར་ཁང་ཚན་གྱི་འཕྲང་གདོང་། འབྲས་སྤུངས་དར་མདོ་བླ་བྲང་གི་མཐོང་དགའ། འབྲས་སྤུངས་བདེ་ཡངས་ཀྱི་རྟ་རྐྱང་དང་། དབྱར་གནས། རྒྱ་དམག རླལ། རླའི་སྨད། སེ་གཤོང་། གྲོ་གཤོང་། རྒད་རྡིབ། བདེ་ཡངས་གཞིས་ཀ། གད་ལོག རགས་གོང་། ས་མ་འབྲོག སྟག་བྲག་དགོན་པའི་རྒྱ་གླིང་ཀོག་དང་། འབྲི་མ་ཀོག དགའ་གདོང་དགོན་གྱི་དགའ་གདོང་། རྒྱུད་སྟོད་ཀྱི་ཆོས་ཁང་དམར་པོ་དང་། རྒྱུད་པ་གཞིས། རྒྱ་ལེ་གཞིས་ཀའི་འཁོར་བཅས། སེར་སྨད་གྲྭ་ཚང་དང་ཧར་གདོང་ཁང་ཚན་གྱི་སེ་རི་མ། གནས་ཆུང་དགོན་གྱི་འབྲོག་མོ་དང་། མ་ར་གཞིས། བྱིངས་མ་གཞིས་ཀ། རྒྱ་མོ་གཞིས་ཀ ས་མ་འབྲོག ཀ་དྲུག་གཞིས། ཤ་ཁོག་ཀོག བྱ་ཀོག གྲོང་སྟོད། བཟང་གྲོང་ཀོག དུས་རོ་ར། སྟག་གདོང། བླ་བྲང་། སྦེ་སེར། ས་མ་འབྲོག སེར་བྱེས་ཀྱི་སེར་བྱེས་གཞིས། དགོན་པ་སག སེར་སྨད་ཀྱི་སེར་སྨད་གཞིས། མངའ་རིས་བླ་བྲང་གི་མངའ་རིས་བླ་བྲང་གཞིས་ཀ སྐྱོར་ལུང་གྲྭ་ཚང་གི་ལྷེབ་ཞོག་དང་། ཆང་མ། གྲོང་ཆུང་། གདན་བག་གཟིམ་ཁང་གི་མདོ་ཚལ་ཀོག འབྲས་སྤུངས་བླ་མ་རི་སྤྱིའི་སྒང་རི་བྲག་གཞིས་ཀ།ཚེ་སྨོན་གླིང་བླ་བྲང་ས་མ་འབྲོག་བཅས་སོ།

གོང་གསལ་གྲོང་ཚོ་དེ་རྣམས་ཀྱི་དཔོན་ཁུངས་བསྡོམས་གཞུང་རྒྱུག་པ་ཁག་དགུ་དང་། སྒེར་པ་ཁག་ཉི་ཤུ་རྩ་ལྔ། ཆོས་གཞིས་ཁག་བརྒྱ་དང་དྲུག་ཅུ་བཅས་ཡོད། གཞུང་རྒྱུག་ཕུད་སྒེར་གཞིས་དང་ཆོས་གཞིས་ཚོས་ཞོལ་པ་ལས་ཁུངས་སུ་ཞོལ་བོགས་ཞེས་ལོ་ལྟར་གཏན་འཁེལ་གྱི་འབྲུ་བོགས་འཇལ་དགོས་ཀྱི་ཡོད་པ་དེ་ནི་ཞོལ་ལས་ཁུངས་ཀྱི་འབྲུ་འབབ་གཙོ་བོའི་གྲས་ཤིག་ཡིན། གཞན་ཡང་སྨོན་བརྔོད་ཅེས་རྩམ་པ་བརྔོད་འཐག་རྒྱག་དགོས་པའི་ཐོག་ཁུངས་སོ་སོས་ལྷ་སར་ཞོལ་ལས་ཁུངས་སོགས་སུ་སྐྱེལ་དགོས། དེ་བཞིན་དཔོན་རིགས་དང་། དམག་དཔུང་སོགས་གཞུང་དོན་འགྲུལ་བཞུད་བྱེད་མིར་ལམ་ཡིག་གཞིར་བཟུང་རྟ་འུལ་དང་། ཁལ་མ། སྡོད་སྒྲིག རྟ་གཡོག ཐབ་གཡོག་སོགས་ཁྲལ་འུལ་རྒྱུག་དགོས་པར་ཕྱི་ཁྲལ་དང་། རང་ཁོངས་སོ་སོའི་དཔོན་ཁུངས་ཀྱི་ས་ཞིང་འདེབས་གཡོག་དང་། རྐང་འགྲོ་བྱ་རྒྱུར་ནང་ཁྲལ་ཞེས་བརྗོད་སྲོལ་ཡོད།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས།

 

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག།

         སྟོད་ལུང་བདེ་ཆེན། གདོང་དཀར། ཡབ་མདའ། ནམ་མཁའ། མཐོང་དགའ། ཤང་ཡང་། བཟང་མོ། རྒུ་རུམ། ལྕགས་རུ། སྣ་མཁར། རྣམ་པ། དགའ་གྲོང་། གྲོང་སྟོད། རྨང་། གྲ། ལམ་པ། ཟས་ཞིམ། མཚོ་སྨད། སྒང་སྐྱིད། གནས་ཆུང་། རྒྱ་མོ། འབྲོག་མ། སྦྱར་རགས། སེར་མ། སྒང་བདེ་གླིང་། སྣེའུ། གསང་མདའ། སྟག་མདོང་། བདེ་ཡངས། སངས་རྒྱས་དགོན་པ། ངང་དཀར། སྡིངས་ཁ། ས་མཚམས། བང་། ཆུ་བཟང་། རྒྱ་སྟོད། མོང་སྟོད། དངོས་གྲུབ། མཚུར་ཕུ་དགོན་པ། སྐྱོར་མོ་ལུང་། ཁྲི་ཟམ། བདེ་ཡངས་ཆུ་མཛོད། བྲག་ནག་ལ། ཉན་ལ། མཚུར་ཕུ་ལ། སྟོད་ལུང་ཆུ། ཆུ་བཟང་ཆུ། མཚུར་ཕུ་ཕུ་ཆུ། ཆུ་བཟང་ཆུ་ཚན།[2]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

སྟོད་ལུང་རྫོང་ཁུལ་བྲག་ནག་ལ་དང་། ཉན་ལ། མཚུར་ཕུ་ལ། སྤང་མཚོ། སྟོད་ལུང་ཆུ་དང་། ཆུ་བཟང་ཆུ། མཚུར་ཕུ་ཕུ་ཆུ།[3] གཞོང་པ་ལྷ་ཆུའི་ཆུ་མིག ཚ་རགས་སྨན་ཆུ། ཆུ་བཟང་ཆུ་ཚན་སོགས་ཡོད། དེ་དག་ལས་བྲག་ནག་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཚིག་དོན་བྲག་ནག་པོའི་ལ་ཞེས་དང་། གཞོགས་གཉིས་ནི་རང་བྱུང་འབྲོག་ས་རེད། མཚུར་ཕུ་ལ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ལའི་གཞོགས་གཉིས་ལ་རང་བྱུང་འབྲོག་ས་ཡོད།[4] སྤང་མཚོ་ནི་བདེ་ཆེེན་ཤང་ཁོངས་སྦང་གྲོང་ཚོའི་ཁོངས་ར་སྐོར་དགོན་པ་ཞེས་དབོན་སྟོན་སྐྱེར་སྒང་པའི་གདན་ས་ཞིག་ཡོད་པ་དེའི་ལྷོ་ངོས་ཀྱི་མདུན་དེར་བཀྲ་ཤིས་རྟགས་བརྒྱད་ཀྱི་རང་བྱོན་གསལ་བར་ཡོད་པ་དང་། དེའི་ཤར་ལྷོའི་མཚམས་ཀྱི་རི་སྟེང་དུ་མཚོ་དེ་ཡོད། མཚོ་དེ་ལྷ་མོའི་བླ་མཚོ་ཡིན་སྐད་དང་དེ་ནས་མཚོ་མཇལ་ཡང་བསྟན་ལུགས་ལ་བརྟེན་མཚོ་མཇལ་ཞུ་མཁན་ཡང་མང་པོ་ཡོད་།[5]

ཁྲི་ཟམ་ནི་རྫོང་ཆགས་ཡུལ་གྱི་ཉེ་འཁྲིས་སུ་གནས་ཤིང་ཚིག་དོན་ཟམ་པ་ཁྲི་ཞེས་དང་། བཤད་རྒྱུན་དུ་དེ་ནི་སྲོང་བཙན་སྒམ་པོའི་སྐབས་ཀྱི་སྲོག་ཁྲིམས་གཏོང་ས་ཡིན་ཞིང་། མི་ཁྲི་ཡན་བསད་པ་བརྟེན་མིང་དེ་ལྟར་ཐོགས་ཟེར། སྟོད་ལུང་ཆུ་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་ཡོད་ཅིང་ཚིག་དོན་སྟོད་ཀྱི་ལུང་པའི་ཆུ་ཞེས་དང་། ཆུ་འགོ་གཉན་ཆེན་ཐང་ལྷའི་ལྷོ་ཤར་རི་འདབས་ལ་ཐུག་པ་དང་སྟོད་ལུང་བདེ་ཆེན་རྫོང་གི་ལྷོ་ཤར་དུ་སླེབ་སྐབས་ལྷ་ས་གཙང་པོའི་རྒྱུག་ཁོངས་ལ་འདུ། ཆུ་བོའི་སྟོད་ཕྱོགས་ནི་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་རང་བྱུང་འབྲོག་ས་ཡིན་པ་དང་བར་སྨད་ནི་ས་གཞི་གཤིན་པོའི་ཞིང་ས་བཟང་པོ་རེད། ཆུ་བཟང་ཆུ་ཚན་ནི་རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཤིང་ཚིག་དོན་དྭངས་ཤིང་གཙང་བའི་ཆུ་ཚན་ཞེས་དང་། མཐའ་འཁོར་དུ་འབྲོག་ས་ཡོད།[6] གཞོང་པ་ལྷ་ཆུ་ནི་སེ་རེ་ཤང་སེ་མ་གྲོང་ཚོར་གནས་ཡོད་ཅིང་། ཆུ་ནང་གི་ཉ་རིགས་ངོ་མཚར་ཆེ་ལ་ཁྲ་རིས་མཛེས་སྡུག་ལྡན། ལྷ་ཆུའི་མཐའ་འཁོར་སྔོ་ལྗང་ཤིང་སྣས་སྐོར་ཞིང་ཡུལ་ལྗོངས་མཛེས་བས།

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

སྟོད་ལུང་བདེ་ཆེན་རྫོང་ནི་ཞིང་ལས་གཙོ་བོའི་ཐོག་ཞིང་འབྲོག་མཉམ་གཉེར་གྱི་རྫོང་ཞིག་ཡིན་ཞིང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༩.༦ ཡོད་པའི་ནང་། ལོ་ཏོག་གཙོ་བོ་ནས་དང་། གྲོ། སྲན་མ། རྒྱ་སྲན། པད་ཀ་སོགས་འདེབས་ལས་དང་། གསོ་ཚགས་གཙོ་བོ་བ་མོ་དང་། ལུག ར། ཁྱིམ་བྱ་སོགས་བྱེད།

 

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

ཡུལ་འདིའི་ལས་རིགས་གཙོ་བོ་ཞིང་ལས་ཡིན་པ་མ་ཟད། ས་ཆ་ཕལ་ཆེ་བར་འབྲུ་རིགས་ཐོན་འབོར་ཆེ་ཙམ་ཡོད། ལྷག་པར་སྟོད་ལུང་སྐྱར་པོ་སོགས་སུ་ཕལ་ཆེར་ལོ་ལྟར་ལོ་ལེགས་ཡོང་བའི་ས་ཆར་བརྩི་སྲོལ་འདུག[7]

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

         རྫོང་ཁུལ་དུ་སྲོག་ཆགས་ཀྱི་རིགས་ལ་ཁྲུང་ཁྲུང་མགོ་དམར་སྐེ་ནག་དང་། ཆུ་སྲམ། དྲེད་མོང་། གཟིག བྱང་ངང། གོང་མོ། ངང་པ་སེར་པོ། ངང་པ་དཀར་པོ། གླ་བ། ཤ་བ། གནའ་གཡག།དགོ་བ། རི་བོང་། གཟིག སྤྱང་ཀི། གཡི། གྲུམ་པ། ཝ་མོ་སོགས་དང་། རྩི་ཤིང་གི་རིགས་ལ་ཀུ་ཤུ་དང་། སྟར་ཁ། ཁམ་བུ། སིའུ་སོགས་འབྲས་ལྡན་དང་། སྤ་མ། བ་ལུ། སུ་ལུ། མ་གཞོག་གྲུ་བཞི། གླང་མ། སེ་བ། སྐྱེར་བ་སོགས་འཚེར་མའི་རིགས་བཅས་རི་ཀླུང་གི་སྐྱེ་ཤིང་དང་། སྦྱར་ལྕང་གི་རིགས། ཤུག་པ། ཡོམ་འབོག་སོགས་བཙུགས་ཤིང་གི་རིགས་ཡོད། སྨན་རྫས་ཀྱི་རིགས་ལ་སོ་ལོ་སྨུག་པོ་སོགས་སྨན་གྱི་བུ་མོ་སྤུན་བདུན་དང་། ལ་སྨན་གྱི་རིགས། རྩ་བ་ལྔ། དབང་ལག  ཏིག་ཏའི་རིགས། སྤང་རྒྱན་རིགས། སྒོག་རིགས། པྲིང་ཀུ། ཏང་ཀུན་དཀར་ནག། སྤྲུ་དཀར་ནག  དབྱར་རྩ་དགུན་འབུ། སྙི་བ། གངས་ལྷ་མེ་ཏོག གཡའ་སྐྱ་རིལ་སོགས་སྣེ་ཁ་བཞི་བརྒྱ་སྐོར་རྫོང་ཁོངས་ཕལ་ཆེར་ནས་ཐོན་པ་དང་། མཚུར་ཕུ་ནས་བ་ས་ཀ་དང། རམ་པ་ནང་རྡོ་ནག  རྡོ་རྒྱུད། ཆུ་བཟུང་ནས་ཅོང་ཞི། རམ་པ་ནང་དང་ཡབ་ཕུ་ནས་སྤུས་ཀ་ཧ་ཅང་ལེགས་པའི་ཨཏྤལ་སྔོན་པོ་བཅས་ཐོན་གྱི་ཡོད།[8]

གཏེར་ཁའི་རིགས་ལ་མེ་སོལ། ལྕགས། ས་ཚི་ཅན། ཞ་ཉེ། ཏི་ཚ་སོགས་ཡོད། དེ་བཞིན་རྒུ་རམ་ཁུལ་དགོན་པ་དང་། རྫིའུ་ན་ག།བཀྲ་ཤིས་སྒང་སོགས་ནས་སྤུད་ཚད་ཅུང་ལེགས་པའི་འབར་རྫས་ཀྱི་འདམ་སོལ་དང་། གདོང་དཀར་གྲོང་རྡལ་ཁོངས་ནས་རྡོ་སོལ། དམར་ཁུལ་ཟས་ཞིམ་ཁུལ་ནས་ས་དམར་ཚི་ཅན། ས་འོག་ཏུ་རླངས་ཤུགས་ཀྱི་ནུས་པའི་འབྱུང་ཁུངས་དང་། ཞ་སྟེ། ས་མཚུར། རྡོ་ཞོ་སོགས་གཏེར་དངོས་དང་འཛུགས་སྐྲུན་རྒྱུ་ཆ་སྣ་ཚོགས་ཐོན་ཞེས་གསལ།[9] སྟོད་ལུང་ཆུ་ཚན་ནམ་ཆུ་བཟང་ཆུ་ཚན་ནི་ཁུལ་དེར་གྲགས་ཆེ་ཙམ་ཡིན་ཞིང། སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཆུས་ཀྱི་བྱང་ངོས་སྤྱི་ལེ་དྲུག་གི་ས་ཆུ་བཟང་གྲོང་ཚོར་ཡོད། ཆུ་ཚན་དེའི་ཆུ་རྒྱུན་དྭངས་ཤིང་གཙང་ལ་དྲོང་ཚད་ ༤༩ ̊C ཡིན། དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པས་སྨན་ཆབ་ཀྱི་འཕྲོད་བཞེས་གནང་མྱོང་བ་དང་། ཆུ་ཚན་བྲག་ལྡེབས་སུ་ཙོང་ཁ་པའི་དབུ་དང་ཕྱག་རྗེས་ཡོད། ཆུ་ཚན་འདིས་འབམ་གྲུམ་དང་། པགས་ནད། དབང་རྩ་ཉམས་པ། ཁྲག་ཤེད་མཐོ་བ་སོགས་ཕན་པ་གསུངས།[10] ཆུ་ཚན་དེའི་ཉེ་འདབས་སུ་རྗེ་ཙོང་ཁ་པའི་སྒྲུབ་ཕུག་དང་། རྡོ་ཐབ། དྲུག་ཅུ་མའི་དབྱུག་གུའི་རྗེས། ཨ་རང་བྱོན་བཅས་ཡོད། གཞན་བརྒྱ་སྣ་ཆུ་ཚན་ནི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་ཅིང་། ཆུ་ཚན་དེའི་ཆུ་རྒྱུན་དྭངས་ཤིང་གཙང་ལ་དྲི་མ་དང་རྙོག་མ་མེད་ལ་ཆུའི་དྲོད་ཚད་ ༡༥. ༥ ̊C ནས་ ༡༣ ̊C[11] ཡིན།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༨༡།

[2] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༥།

[3] བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༧། ཤོག ༧།

[4] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༥།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༥༧།

[6] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༥།

[7] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༡༡༦།

[8] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༡༠༡།

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༡༠༡།

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་གསུམ་པ། སྟོད་ལུང་བདེ་ཆེན་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༥། ཤོག ༥༦།

[11] ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་ལྷ་ས་ཞེས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག ༡༢།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།